Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ཐེག་མཆོག་འཇུག་ངོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ཐེག་མཆོག་འཇུག་ངོགས།next

བྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ཐེག་མཆོག་འཇུག་ངོགས།


GTD003_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ཐེག་པ་མཆོག་གི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


GTD003_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བདག་པོ་ཐུབ་དབང་རྡོ་རྗེ་འཆང། །ཟབ་རྒྱས་གདམས་པའི་བཀའ་བབས་བྱམས་འཇམ་དབྱངས། །ཀུན་གྱི་ཞལ་སྐྱིན་བླ་མའི་ཞབས་པད་ལ། །བཏུད་ནས་ཐེག་པ་མཆོག་ལ་འཇུག་པ་སྤྲོ། །དེའང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཀའ་བ་དུ་མས་བྱང་ཆུབ་མངོན་དུ་མཛད་དེ་འཇིག་རྟེན་དུ་བྱོན་པ་ནི་རང་ཅག་རྗེས་སུ་གཟུང་བ་ཁོ་ནའི་ཕྱིར་ཡིན། རང་ཅག་ཀྱང་སྲིད་པའི་རྒྱ་མཚོ་གཏིང་དང་མཐའ་མེད་པར་འཁྱམས་པ་ལས་ད་རེས་སྟབས་ལེགས་ཀྱིས་དལ་འབྱོར་ལན་གཅིག་ཐོབ་སྟེ་བསྟན་པ་དང་མཇལ་བ་འདི་དོན་ལྡན་དུ་བྱེད་ན་སྟོན་པའི་རྗེས་སུ་སློབ་དགོས། དེ་ལ་སྟོན་པ་རང་ཉིད་གང་ནས་གཤེགས་པའི་ལམ་ཐབས་ཤེས་ཀྱི་སྤྱོད་པ་ཟུང་དུ་འཇུག་པ་དེ་ཉིད་ནས་ཞུགས་ཏེ་སངས་རྒྱས་ཀྱི་སར་བགྲོད་དགོས། ཉན་རང་རྣམས་ཀྱང་སངས་རྒྱས་ཀྱི་རྗེས་འཇུག་ཏུ་བཞག་པ་ནི། འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པའི་ཐར་པར་རིགས་མཚུངས་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་རྗེས་དངོས་ལ་འཇུག་ན་དེའི་ལམ་མམ་ཐེག་པར་བགྲོད་དགོས་ལ། དམན་པའི་བྱང་ཆུབ་ཐོབ་ཟིན་པའི་རྗེས་སུ་གཟོད། སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་དེའི་ལམ་ལ་འཇུག་པར་བསྐུལ་དགོས་སོ། །དེ་དག་གིས་དང་པོ་ནས་དོན་དུ་མ་གཉེར་བས་གཞན་དོན་ཕུན་སུམ་ཚོགས་པའི་གནས་མེད་ལ། རང་དོན་ཡང་མཐར་མ་ཕྱིན་ཏེ། མོའུ་འགལ་གྱི་བུ་ཆེན་པོ་ལྟ་བུའང་ལས་ཀྱིས་


GTD003_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ནོན་པས་ཀུན་ཏུ་རྒྱུ་རྣམས་ཀྱིས་ཕྱག་ཞབས་འདམ་བུ་ལྟར་བཅོམ་སྟེ་འདས་པ་དང། ལེགས་འོང་མུ་གེས་གྲོངས་པ་ལྟ་བུ་གནས་ངན་ལེན་གྱི་ལྷག་མས་མནར་བའི་ལོ་རྒྱུས་མང་ངོ་། །དེའི་ཕྱིར་རྒྱན་ལས། ལམ་གྱི་རྣམ་པ་མ་ཚང་ཞིང་ཆེད་དུ་བྱ་བ་ལོག་པར་གསུངས་པས། སྐྱེ་བོ་བློ་གྲོས་དང་ལྡན་པ་འཁོར་བ་ཕྲ་རགས་ཀྱི་ཕ་རོལ་ཏུ་བརྒལ་བར་འདོད་པ་དག་གིས་སྐུ་གཉིས་འགྲུབ་བྱེད་ཀྱི་སྒྲུབ་པའི་ངོ་བོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང། དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་གཤོག་ཡངས་དཀར་པོ་རྒྱས་པ་ལ་བརྟེན་ནས་རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཀློང་དུ་ཕྱིན་པར་བྱེད་དགོས་སོ། །དེས་ན་འདི་ལ་གསུམ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ། དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ། དེ་གཉིས་ཟུང་དུ་འཇུག་པའི་ཚུལ་ལོ། །དང་པོ་ནི། དེའང་སངས་རྒྱས་ཐོབ་པར་འདོད་པ་ཙམ་གྱིས་ཐེག་པ་ཆེན་པོའི་སེམས་བསྐྱེད་དུ་མི་འགྱུར་ཏེ། རང་དོན་དུ་དེ་འདོད་ན་རང་སངས་རྒྱས་ཀྱི་སེམས་བསྐྱེད་དུ་འགྱུར་བས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དགོས་པའི་གཙོ་བོ་སྐོམ་པ་སེལ་བའི་ཆུ་ལྟ་བུ་ནི་གཞན་དོན་ཡིན་ལ། དེ་འཐུང་བའི་ཐབས་སུ་ཕོར་པ་ཚོལ་བ་བཞིན་སངས་རྒྱས་སྒྲུབ་པ་དེའི་ཡན་ལག་ཏུ་དགོས་པ་ཡིན་ནོ། །གཞན་དོན་ཡང་ཕྱོགས་རེ་བ་ཙམ་གྱིས་མི་ཆོག་པས། དམྱལ་བ་བཙོ་བསྲེག་གིས་སྡུག་བསྔལ་བ་ནས་བཟུང་། ས་བཅུ་པར་ཤེས་


GTD003_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྒྲིབ་པ་ཕྲ་མོ་ལས་མ་གྲོལ་བའི་བར་ཐམས་ཅད་ཀྱི་དོན་ལ་ཚང་བར་དམིགས་པ་ཡུམ་ལས་གསུངས་པ་ལྟ་བུ་དང། ནང་གསེས་ཀྱིས་དགྲ་གཉེན་བར་མ་ལྟ་བུའི་ཁྱད་མ་དོད་པས་ཉེ་རིང་སྙོམས་པ་ཞིག་གལ་ཆེའོ། །ད་ལྟ་སེམས་ལ་ཉེ་རིང་གི་ཁྱད་འབྱུང་བ་ནི་ད་ལྟའི་དགྲ་གཉེན་འདི་ལ་གཏན་དུ་བར་བཟུང་བའི་སྟོབས་ཡིན་ཞིང། དེ་ནི་འཁོར་བ་གཏིང་མཐའ་མེད་པར་འཁྱམས་ཚུལ་མ་བསམས་པས་ལན་པ་ཡིན་ཏེ། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལྟར་ད་ལྟ་གཉེན་དུ་སྣང་བ་འདི་དག་གིས་དགྲ་བྱས་ཏེ་མགོ་བཅད་པའང་སྟོང་གསུམ་དུ་མི་ཤོང། ད་ལྟ་དགྲར་སྣང་བ་འདི་དག་གིས་མ་བྱས་ཏེ་ནུ་ཞོ་འཐུངས་པའང་རྒྱ་མཚོའི་ཆུ་ལས་ལྷག། །ད་དུང་ཡང་འདི་སྣང་ཡུད་ཀྱིས་འགགས་ནས་དགྲ་གཉེན་གོ་ལོག་པ་ཇི་ལྟར་འགྲོ་མི་ཤེས། དེས་ན་གང་ལ་ནི་ཆགས་པར་བྱ། གང་ལ་ནི་སྡང་བར་བྱ། དེ་འདྲ་བྱེད་དོན་མེད་པར་མ་ཟད། ཆགས་སྡང་འདིས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་བྱས། སེམས་བསྐྱེད་བསྒོམ་པའི་ཐོག་མ་སེམས་སྙོམས་པ་ཙམ་སྐྱེ་བའི་གོ་སྐབས་མི་སྟེར་བས། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་སྒོ་འགག་བྱེད་དུ་ཤེས་པར་བྱས་ལ་དམིགས་ཡུལ་སྤུ་རིས་ཕྱེ་སྟེ་སྒོམ་རིམ་མཁས་པས་མཐར་སེམས་ཅན་ཐམས་ཅད་ཀྱི་བར་དུ་བསྒོམ། དེ་གོམས་པ་ན་རིགས་པའི་ཡ་མཐའ་ཐུག་པ་མེད་པས་སྐྱེ་བའི་ཡ་མཐའ་ཐུག་པ་མེད་པ་དང། དེའི་རྟགས་ཀྱིས་སེམས་ཅན་ཐམས་ཅད་ལ་མར་མ་གྱུར་པ་མེད་ཅིང། གྱུར་པའང་གྲངས་ཀྱིས་མི་ཆོད་ཚུལ་རིགས་པའི་འཕྲུལ་གྱིས་བསྒོམས་ཏེ། མཚན་མོ་རྒྱང་རིང་པོར་ཁྱི་ངུ་བ་ལྟ་བུའི་ཚེའང་མ་རྒན་གྱིས་བོས་བྱུང་སྙམ་


GTD003_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་ཚུན་ཆད་བྱེད། མ་ནམ་བྱས་པ་ན་མངལ་དང་བཙས་པའི་གནས་སྐབས་ཀུན་ཏུ་ནོར་བུ་རིན་པོ་ཆེ་རྙེད་པ་ལྟ་བུའི་དགའ་ཚོར་གྱིས་རང་སྲོག་ལས་ཀྱང་གཅེས་པར་བསྐྱངས་ཏེ་འཁོས་ཀ་གང་ཡོད་ཀྱིས་ཕན་པ་ཐམས་ཅད་ལ་སྦྱར། གནོད་པ་ཐམས་ཅད་ལས་བསྐྱབས། ཁྱད་པར་ཚེ་འདིའི་མ་ལྟ་བུར་མཚོན་ན་བྱིས་པ་རློན་པ་ན་བུན་གྱི་འབུ་ལྟ་བུ་ཞིག་དལ་འབྱོར་ཚང་བའི་མི་གྲལ་དུ་བཙུད་པའི་དྲིན་བསམ་གྱིས་མི་ཁྱབ། འོན་ཀྱང་དེ་དག་ནི་དངོས་སུ་དྲིན་གྱིས་བསྐྱང་ཚུལ་ཙམ་ཡིན། བརྒྱུད་ནས་ཞིབ་ཏུ་བསམ་ན་ལེགས་ཚོགས་ཐམས་ཅད་མ་རྒན་སེམས་ཅན་གྱི་བཀའ་དྲིན་ཁོ་ན་ཡིན་ཏེ། དལ་འབྱོར་གྱི་རྟེན་ཐོབ་པ་འདིའང་རྒྱུ་ཚུལ་ཁྲིམས་ཀྱི་འབྲས་བུ་ཡིན་ཞིང། དེ་ནི། སྡོམ་པ་སེམས་ཅན་ཐམས་ཅད་ལས། །ཞེས་པ་ལྟར། ཞིང་ས་སེམས་ཅན་གཞིར་བྱས་ཏེ་དེ་ལ་གནོད་པ་གཞི་བཅས་སྤོང་བ་ལས་སྐྱེ་བ་ཡིན། ཟས་ཁམ་གཅིག་ཡན་ཆད་ཀྱི་ལོངས་སྤྱོད་ཐམས་ཅད་སྦྱིན་འབྲས་ཡིན་པས་སྦྱིན་ཡུལ་གྱི་སེམས་ཅན་ལ་བརྟེན་ནས་འབྱུང་དགོས། ལུས་དང་སྤྱོད་པ་གཞན་གྱི་ཡིད་དུ་འོང་བས་རང་ལ་དགའ་བ་སོགས་བཟོད་པའི་སྟོབས་ཡིན་ལ། དེ་བཟོད་པའི་ཡུལ་ལ་ལྟོས་པ་སོགས་སེམས་ཅན་ལ་མ་བརྟེན་པར་བྱུང་བ་གཅིག་ཀྱང་མེད། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའང། དེའི་གཞུང་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཚོགས་གཉིས་རྫོགས་པ་སེམས་ཅན་ལ་ལྟོས་ཏེ། སངས་རྒྱས་ཀྱི་ཆོས་འགྲུབ་པའི་རྒྱུར་འགྲོ་བ་རྒྱལ་བ་རྣམས་དང་སེམས་ཅན་ཁྱད་མེད་པར་གསུངས་སོ། །དྲིན་ཆེ་བར་


GTD003_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱང་དྲིན་གཟོ་མི་བྱེད་པ་ཤིན་ཏུ་སྨད་པའི་གནས་ཁྲེལ་མེད་ཀྱི་སྤྱོད་པ་ཡིན། རང་ཅག་དང་ཐུབ་པའི་དབང་པོ་གཉིས་མ་རྒན་འདི་དག་གིས་སྔོན་ཚད་མེད་པའི་དྲིན་གྱིས་བསྐྱངས་པར་འདྲ་བ་ལ། ཐུབ་པས་དཀའ་བ་བརྒྱ་ཕྲག་གིས་དྲིན་གཟོ་ཇི་ཙམ་ཞིག་མཛད་འདུག །རང་ནི་དེ་ཐམས་ཅད་ཡལ་བར་དོར་ནས་བསྡད་པའི་ལ་ཡོག་གིས་ད་ལྟ་ཐུབ་པ་སངས་རྒྱས་ལ། རང་ཅག་སྡུག་བསྔལ་གྱི་རྒྱ་མཚོར་ལུས་པ་འདི་བྱུང་བར་སྣང། ད་ནི་ཡ་རབས་ཀྱི་སྤྱོད་པས་ཁྲེལ་ངོ་ཚ་བསྲུང་སྟེ་དྲིན་གཟོ་ཞིག་བྱེད་དགོས། དེའང་ཟག་བཅས་ཀྱི་བདེ་བ་ཕྲན་ཚེགས་རེ་ལ་སྦྱར་ཡང་སྐོམ་པ་ལ་ཚྭ་ཆུ་བླུད་པ་བཞིན་ཕན་ཆུང་ལ་གནོད་པའི་རྒྱུར་འགྲོ་ཉེན་ཆེ། མ་རྒན་འདིས་རང་གནོད་པ་ཀུན་དང་བྲལ་བ། བདེ་བ་ཀུན་དང་ལྡན་པ་ཞིག་བྱེད་འདོད་ནས་ཤེས་ཚོད་དང་ནུས་ཚོད་ཀྱིས་འབད་པ་ཡིན་མོད་ཀྱང། ཕུགས་ཀྱི་ཕན་གནོད་མོ་རང་གིས་མ་ཤེས་པར་སྣང། བདག་གིས་ཀུན་བྱང་གི་སྐྱོན་ཡོན་མཐོང་བ་ཡིན་པས་གནས་སྐབས་ཀྱི་བསླུ་བྲིད་བྱིས་པའི་མགོ་སྐོར་ལྟ་བུ་མ་ཡིན་པར་གཏན་དུ་ཕན་ཐོགས་ངེས་པའི་དྲིན་གཟོ་ཞིག་བྱེད་དགོས་སྙམ་དུ་བསམ་སྟེ། གཞན་དོན་དོན་དུ་གཉེར་བའི་གོལ་ས་འགོག་བྱེད་བཏང་སྙོམས་དང། སྐུལ་མ་འདེབས་བྱེད་ཡིད་འོང་གི་རྣམ་པར་སྒྲུབ་པ་གཉིས་ཀྱིས་གཞི་བརྟན་པར་བྱ། དེ་ནས་དོན་དུ་གཉེར་བྱའི་ངོ་བོ་གཞན་དོན་ནི་བདེ་བ་ལ་འགོད་པ་དང་སྡུག་བསྔལ་སེལ་བ་གཉིས་ལས་མ་འདས་ཏེ། རང་ཉམས་ལ་དཔག་ན་རྨི་ལམ་ཚུན་ཆད་དུ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་ངང་ཚུལ་འདི་སེམས་ཅན་ཐམས་ཅད་ལའང་མཚུངས་སོ། །འོན་ཀྱང་འདི་དག་བདེ་བ་མཚན་ཉིད་པས་ཤིན་ཏུ་ཕོངས་ཏེ། ཟག་མེད་ཀྱི་བདེ་བ་ཅུང་ཟད་ཀྱང་མེད། ད་ལྟ་ཁོང་


GTD003_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་ལ་ཡོད་པའི་བདེ་བར་རློམ་པ་འདི་དག་ནི་ཡུན་བསྲིངས་ཏེ་འཕེལ་ན་སྡུག་བསྔལ་གྱི་རང་མཚང་སྟོན་པའི་འགྱུར་བའི་སྡུག་བསྔལ་ལམ། སྡུག་བསྔལ་གྱི་ཚང་འཆའ་བའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནར་སྣང། དེས་ན་འདི་དག་ཐམས་ཅད་ཟག་མེད་ཀྱི་བདེ་བ་དང་ལྡན་ན་ཅི་མ་རུང། ལྡན་པར་གྱུར་ཅིག །རང་གི་བདེ་དགེ་ཐམས་ཅད་འདི་དག་ལ་བཏང་ནས་ཀྱང་འདི་དག་བདེ་བ་དང་ལྡན་པར་བྱའོ་སྙམ་དུ་བསམ། རང་གི་དགེ་བ་རང་ལ་དགོས་མོད་སྙམ་ན། སྔོན་ཡང་རང་གཅེས་པར་བཟུང་ལེགས་པ་ཐམས་ཅད་རང་ལ་དགོས་སྙམ་པ་བྱས་པས་རྒུད་པ་ཐམས་ཅད་བྱུང། སྟོན་པས་རང་ཡལ་བར་དོར་ཏེ་གཞན་གཅེས་པར་བཟུང་བས་དོན་གཉིས་ཕུན་སུམ་ཚོགས་པ་བྱུང། འདམ་ག་མ་ནོར་བ་ཁོང་གི་དེ་ཡིན་པར་སྣང་བས། བློ་ངན་བདག་འཛིན་འགོང་པོ་འདིའི་དབང་དུ་མི་གཏོང་བར་ལུས་སྲོག་ཡལ་བར་དོར་ནས་སེམས་ཅན་ལ་ཕན་བདེ་བསྒྲུབ་པར་བྱའོ་ཞེས་བྱམས་པ་བསྒོམ། དེ་ལྟ་ནའང་ནད་དྲག་པོས་གཟེར་བཞིན་པ་དང། ཡན་ལག་མེས་བསྲེག་བཞིན་པས་ཟས་ཀྱི་ཞིམ་མངར་མི་མྱོང་བ་བཞིན། ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་བརྒྱ་ཕྲག་དུ་མས་ནོན་པ་འདི་དང་མ་བྲལ་བར་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་ག་ལ་ཡོད། སྒོ་གསུམ་ཉོན་མོངས་ཀྱི་དབང་དུ་ཤོར་བས་ཅི་བྱས་ཐམས་ཅད་ངན་སོང་དུ་ལྟུང་བའི་རྒྱུ་ལས་མ་འདས། ངན་སོང་གསུམ་གྱི་གཡང་ས་གཏིང་ཟབ། དེར་ལྷུང་ན་སྡུག་བསྔལ་དྲག་པོ་སྐད་ཅིག་མ་གཅིག་ལའང་བཟོད་གླགས་མེད་རུང་མི་བཟོད་བཞིན་དུ་ཐ་ན་བརྒྱལ་བ་དང་འཆི་བའི་དབང་ཡང་མེད་པར་བསྐལ་པ་


GTD003_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སའི་རྡུལ་གྲངས་དང་མཉམ་པའི་བར་དུ་ལས་མ་ཟད་ན་ངན་སྐད་ཙིར་རེ་ཉམ་ཐག་བཞིན་དུ་སྡོད་དགོས། མ་རྒན་དྲིན་མོ་ཆེ་དམྱལ་བའི་མེ་ནང་དུ་བསྐྱུར་ནས། བདག་སོས་བདེར་སྡོད་ཐབས་ཇི་ལྟར་ཡོད། མ་རྒན་གྱི་ལུས་སེམས་ལ་སྡུག་བསྔལ་གང་ཡོད་རང་གི་ཐོག་ཏུ་སྤོས་ཏེ། མ་རྒན་སྡུག་བསྔལ་མེད་པར་ལྷོད་ཆམ་གྱིས་འགྲོ་བ་ཞིག་བྱུང་ན་ཅི་མ་རུང། སྡུག་བསྔལ་ཕྲ་རགས་ཐམས་ཅད་དང་བྲལ་བར་གྱུར་ཅིག། །སྡུག་བསྔལ་གྱི་ཁུར་བདག་གི་ཕྲག་པར་བླངས་ནས་མ་རྒན་སྡུག་བསྔལ་དང་བྲལ་བར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཐུབ་པའི་དབང་པོའི་ཐུགས་ཀའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྡུག་མཐའ་དག་ལྷག་མེད་དུ་ཕྲལ་ནས་མདུན་གྱི་ནམ་མཁར་བཀུག་ལ་རང་གི་དབུགས་ཚུར་རྔུབ་པས་དྲངས་ཏེ་གཅེས་འཛིན་གྱི་ཐོག་ཏུ་ཕབ། དབུགས་ཕྱིར་གཏོང་བ་ན་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་སྣ་དྲངས་ཏེ་རང་གི་བདེ་དགེ་ཐམས་ཅད་རྒྱལ་བའི་བྱིན་རླབས་ཟད་མི་ཤེས་པ་དང་རོ་མཉམ་དུ་འདྲེས་པས་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་བདེ་བ་མ་ཚང་བ་མེད་པ་ལ་བཀོད་པའི་དམིགས་པ་སོགས་གཏོང་ལེན་སྤེལ་མར་བྱ། དེ་ལྟར་བྱམས་སྙིང་རྗེ་ཡུན་དུ་བསྒོམས་པས་ཤུགས་རྫོགས་ཏེ་སེམས་ཅན་གྱི་དོན་མཐའ་དག་རང་གཅིག་པུའི་སྟེང་དུ་ལྷུང་བ་ལྟ་བུར་སོང་བ་ན། སྟོབས་བཅུ་མངའ་བ་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་པར་མ་བྱས་པའི་ཐབས་རང་མི་འདུག་སྙམ་དུ་སངས་རྒྱས་ཐོབ་འདོད་ནི་གཞན་དོན་དོན་གཉེར་དེའི་ཤུགས་ཀྱིས་དྲངས་ནས་འོང་བ་ཞིག་དགོས་ཀྱི། བྱང་ཆུབ་དོན་གཉེར་དེ་ལས་ལོགས་སུ་དམིགས་ཀྱིས་བཀར་ནས་བསྒོམ་དགོས་པ་བྱུང་ན་སེམས་བསྐྱེད་སྒོམ་ཚུལ་མ་མཁས་པ་ཡིན་ནོ། །སྐུ་


GTD003_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་ཡོན་ཏན་ཤེས་པར་བྱས་ནས་བསྒོམ་དགོས་མོད་ཀྱང། གཞན་དོན་བདེ་བླག་ཏུ་སྒྲུབ་པ་ལ་ཀུན་ཏུ་བཟང་པོའི་འོད་ཟེར་དེ་ལྟ་བུ་ཞིག་དགོས་པར་མཐོང་ནས་དེའི་ཡན་ལག་ཏུ་བཙལ་བ་ཡིན་གྱི། ངོ་མཚར་ཆེ་བ་གཙོ་བོར་བཟུང་སྟེ་རང་ལ་དེ་འདྲ་ཞིག་བྱུང་ན་སྙམ་དུ་བསམ་པ་མིན་ནོ། །སེམས་བསྐྱེད་པ་ཙམ་ལའང་སྡིག་པ་སྦྱོང་བ་དང་བསོད་ནམས་འཕེལ་བའི་ནུས་པ་མཐའ་ཡས་པ་རྡོ་རྗེ་རིན་པོ་ཆེའི་དཔེ་ལྟར་ཉན་རང་གི་དགེ་ཚོགས་ཟིལ་གྱིས་གནོན་ནུས་པ་ནི། དམིགས་ཡུལ་བྱང་ཆུབ་དང་སེམས་ཅན་གཉི་ག་ཟད་མི་ཤེས་པའི་དབང་ཡིན་ལ། དེའི་སྡོམ་པ་བཟུང་སྟེ་འཇུག་སེམས་བསྐྱེད་ན་དུས་དང་སྤྱོད་པའང་མི་ཟད་པ་ལ་དམིགས་པས་དཔག་ཏུ་མེད་པ་བཞི་ཚང་སྟེ་ཕན་ཡོན་ལྷག་པར་ཆེའོ། །དེའི་རྒྱུ་མཚན་གྱིས་སྨོན་སེམས་འཕེལ་བའི་ཐབས་ལ་འཇུག་སེམས་ལས་ལྷག་པ་མེད་པར་གསུང་སྟེ། འཕེན་པའི་དབང་གིས་དུས་ནམ་གྱི་ཚེའང་བསོད་ནམས་རྒྱུན་ཆད་མེད་པར་འཕེལ་ལ། དེ་ནས་བཟུང་མགྲོན་པོ་ལམ་དུ་ཆས་པ་དང་འདྲ་བས་གྲངས་མེད་གསུམ་གྱི་མགོ་བརྩམས་པ་ཡིན་ནོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ནི། སངས་རྒྱས་སྒྲུབ་པ་ལ་ཐུན་མོང་མ་ཡིན་པའི་ས་བོན་ལྟ་བུ་སེམས་བསྐྱེད་ཡིན་མོད་ཀྱང། བློ་སྔོན་དུ་གཏོང་བ་རྣམས་ནི་དེ་ལ་སངས་རྒྱས་ཐོབ་དགོས་པ་དང། ཐོབ་ནུས་པ་གཉིས་ངེས་དགོས་སོ། །དང་པོ་ནི། རང་མ་གྲོལ་བར་གཞན་དགྲོལ་མི་ནུས་ཤིང། རང་ཉིད་གྲོལ་བ་ལ་འཆིང་བྱེད་རྩ་བ་མཐར་ཐུག་དེ་ཆོད་དགོས། གྲུབ་མཐའ་ཐམས་ཅད་ཀྱང་རྩ་བ་འདི་ངོས་འཛིན་པ་ལ་ཐག་ཉེ་རིང་གིས་མཆོག་དམན་བྱུང་སྟེ། ཤེར་ཕྱིན་གྱི་དགོངས་པ་ཇི་


GTD003_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཞི་སྒོ་གཉིས་པ་མེད་པར་བཀྲལ་བ་འདི་ཡིན་པས། རྒུད་པ་ཀུན་གྱི་རྩ་བ་བདེན་པར་འཛིན་པ་ཡིན། དེ་དྲུངས་འབྱིན་པ་ལ་དངོས་ཀྱི་འགལ་ཟླ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྣང་བ་འདི་ཁོ་ན་དགོས། ཉེས་པའི་ཚོགས་ཀྱིས་མི་བརྫི་ཞིང་ཕར་ཟིལ་གྱིས་གནོན་པ་ལ་དགེ་བ་གཞན་ལས་འདིའི་ཆར་གཏོགས་ཙམ་ཡང་སྟོབས་ཆེ་བ་ནི་གསེར་སོགས་ཀྱི་འོད་དང་མེ་འོད་ལྟར་གྲོགས་སྟོབས་དང་རང་སྟོབས་ཀྱི་ཁྱད་པར་ཡིན། ཐེག་པ་གསུམ་གའི་ཐུན་མོང་ཡིན་ཀྱང་བག་ཆགས་ཀྱི་དྲི་མ་ཕྲ་མོ་ལྟ་བའི་དཔྱད་པ་མཐའ་ཡས་པས་གོས་ཀྱི་དྲི་མ་ཕྲ་མོ་སྦྱོང་བ་ལྟ་བུ་ཡིན་པས། ཐེག་ཆེན་ལས་དེ་ལྷག་པར་ཚང་ཞིང་རྒྱས་པར་བསྟན་ལ་བསྟན་པ་བཞིན་བསྒོམ་དགོས། གཉིས་པ་འཐོབ་ནུས་པ་ནི་ལམ་ཤེས་ཀྱི་ཡན་ལག་གསུངས་པས་ཀྱང་ཤེས་ཏེ། རྐྱེན་སེམས་བསྐྱེད་ཀྱི་ཆུས་བྲན་པ་མེད་མི་རུང་དུ་དགོས་ལ། དེ་བྱས་ན་རྒྱུ་རིགས་ཀྱིས་ཁྱབ་ཡོད་པས་འབྲས་བུ་སངས་རྒྱས་ངེས་པར་འཐོབ་པ་རྣམ་འགྲེལ་ལས་རྟག་པ་མ་ཡིན་པ་སོགས་ཀྱི་གཏན་ཚིགས་ཀྱིས་ཐེག་པ་གཅིག་ཏུ་བསྒྲུབས་པའང་མཐར་གཏུགས་ན་སེམས་བདེན་པར་མེད་པ་ལ་ཐུག་སྟེ། རང་བཞིན་ལ་སླད་པ་མ་ཞུགས་པས་བཅོས་སུ་རུང་བ་འདི་ལ་དགོངས་ནས། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་སོ། །དེ་ལྟར་གསུངས་པའི་ཆོས་ཀྱི་ནང་ན་ཀུན་ཉོན་ཕྱོགས་ཀྱང་ཡོད་རུང་དེ་རྣམ་དག་གི་ཆོས་སུ་འགྱུར་མི་དགོས་ཏེ། གསེར་གྱི་གཡའ་བཞིན་སྦྱངས་པ་ན་མེད་འགྲོ་བ་གློ་བུར་བའི་དྲི་མ་ཡིན་པ་དེ་ཉིད་དེ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དོན་ཡིན་ནོ། །དེ་ལྟར་དགོས་ནུས་གཉི་ག་མཐོང་བ་ན་ཀུན་རྫོབ་སེམས་བསྐྱེད་ལ་སྤྲོ་བ་འཕེལ་


GTD003_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། དོན་དམ་སེམས་བསྐྱེད་བསྒོམ་པ་ལ་འབད་པས་འཇུག་པར་འགྱུར་རོ། །དོན་དམ་སེམས་བསྐྱེད་མཚན་ཉིད་པ་ཁྱད་པར་གསུམ་དང་ལྡན་པ་ནི་ས་རབ་ཏུ་དགའ་བ་ནས་འོངས་ཀྱང། དེའི་རིགས་འདྲ་ལས་དང་པོ་བའི་སྐབས་ནས་བཙལ་ཏེ་སྐྱོང་དགོས་སོ། །སྐྱོང་ཚུལ་ལ་འགལ་ཟླ་དམིགས་པ་དང་འབྲེལ་ཟླ་མ་དམིགས་པའི་སྒྲུབ་ཚུལ་མང་ཡང། གོང་མ་རྣམས་གཅིག་དུ་བྲལ་གྱི་སྒྲུབ་ཚུལ་འདི་འཆར་སླ་བས་གཙོ་བོར་མཛད་པ་བཞིན་བྱེད་ན། སྒྲུབ་བྱེད་ལ་གནད་བཞི་སྟེ། དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད། གཅིག་བྲལ་ངེས་པའི་གནད། དུ་བྲལ་ངེས་པའི་གནད་དོ། །མདའ་བརྡེག་པ་ལ་འབེན་མཐོང་དགོས་པ་བཞིན། ཐོག་མར་དགག་བྱ་ངོས་ཟིན་པ་ཤིན་ཏུ་གལ་ཆེ་སྟེ། དགག་བྱ་རགས་པའམ་ཕྱོགས་རེ་ཙམ་ལས་མ་ཟིན་ན། དེ་འབད་པས་ཁེགས་ཀྱང་དགག་བྱའི་ལྷག་མ་ལུས་པས་བདེན་འཛིན་དྲུངས་འབྱིན་མི་ནུས། དགག་བྱ་ཐལ་ཆེས་ཏེ་ཐ་སྙད་པའི་དོན་རྣམས་ཀྱང་དགག་བྱར་བཟུང་ན་དེ་བཀག་པ་ཆད་ལྟར་འགྲོ་བས་ཉེན་ཤིན་ཏུ་ཆེའོ། །ཕུང་པོ་ལས་དོན་གཞན་དང། ཕུང་པོའི་དབྱིབས་ཚོགས་པ་སོགས་ངར་འཛིན་པ་གྲུབ་མཐའི་སྒྲོ་བཏགས་ཁོ་ན་ལས་ལྷན་སྐྱེས་སུ་མི་འབྱུང་ལ། ལུས་ཀྱི་ཁོང་ན་གནས་པ་སོགས་ཀྱང་ཉམས་ཀྱི་འཆར་སྒོ་ཙམ་ཡིན་ནོ། །རེས་འགའ་རྐྱེན་དབང་གིས་ལུས་སེམས་རེ་རེ་བ་བདག་ཏུ་སྣང་བ་ལྟ་བུ་འབྱུང་ཡང། རྒྱུན་ཆགས་སུ་ཡོད་པའི་ལྷན་སྐྱེས་ཀྱི་ངའི་སྣང་ཚུལ་མཚན་ཉིད་པ་ནི་ལུས་སེམས་ཚོགས་ཙམ་གྱི་སྟེང་འདི་ན་མིང་གིས་ཕར་བཏགས་ཙམ་མ་ཡིན་པའི་ང་ཞིག་ཚུགས་ཐུབ་ཏུ་ཡོད་


GTD003_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་བ་ཡིན་ཏེ། དཔེར་ན་རང་ལ་གཞན་གྱིས་བསྟོད་པ་དང། གཞི་མེད་པའི་སྐྱོན་བཀལ་བ་ལྟ་བུའི་ཚེ་མཐོ་དམན་དུ་བྱེད་རྒྱུའི་ང་ཞིག་ལིང་ངེ་ཡོད་ཡོད་ལྟ་བུར་འཆར་བ་ངོས་ཟིན་སླའོ། །དེའི་སྣང་ཚུལ་དེ་ཤུགས་མ་ཡལ་བའི་ངང་ནས་བློའི་ཟུར་གཅིག་གིས་དེས་ང་ཇི་ལྟར་བཟུང་འདུག་པ་བལྟ་དགོས། སེམས་ཅན་རྣམས་ནི་རྣམ་པར་ཤེས་པ་རྒྱུད་རེ་རེ་བར་གསུངས་ཀྱང་འཛིན་སྟངས་མི་མཐུན་པའི་བློ་སྟོབས་མཚུངས་ལ་དགོངས་ཀྱི། ལམ་དུ་འགྲོ་བ་ལྟ་བུའི་ཚེའང་ལམ་དང་འགྲོ་བའི་བྱ་བ། གཞན་ལ་བྱ་ར་བྱེད་པ་གཏམ་སྨྲ་བ་སོགས་ཀྱི་རྣམ་རིག་དུ་མ་ལྷན་ཅིག་འབྱུང་བར་མི་འགལ་བར་མྱོང་བས་གྲུབ་བོ། །མང་པོ་ཞིག་འདི་ལ་སེམས་ངོ་མཐོང་བ་ཞེས་ཟེར་བ་ཡིན་དུ་ཆུག་ཀྱང། སེམས་དང་ཆོས་ཉིད་གཉིས་དོན་གཅིག་ཏུ་བྱས་ཏེ་བདེན་པ་མཐོང་བ་དང་ཆོས་སྐུའི་རང་ཞལ་མཐོང་བ་ཞེས་ཟེར་ཞིང་དེ་ཙམ་གྱིས་ཆོག་ཤེས་བྱས་ཏེ། གནད་ཕྱི་མའི་དཔྱད་པ་རྣམས་ཆེད་དུ་དོར་ནས་ཙོམ་འཇོག་བྱས་པས་འདུ་ཤེས་རགས་པའི་རྣམ་རྟོག་ཅུང་ཟད་ཁེགས་ཏེ་མི་རྟོག་པར་སོང་བ་ལ་སྒོམ་གྱི་ཡང་རྩེ་བྱེད་ཀྱང་དེ་ཙམ་གྱིས་གར་ཡང་མི་ཕྱིན་ནོ། །དེ་ལྟར་དགག་བྱ་ངོས་བཟུང་སྟེ་དེ་ཉིད་གཅིག་དུ་བྲལ་གྱི་རིགས་པས་འགོག་པ་ལ། བདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན་བདེན་པར་གྲུབ་ལུགས་མེད་པའི་ཁྱབ་མཐའ་ཟིན་པ་དགོས་ཀྱི། དེ་གང་རུང་མ་ཡིན་པའི་གྲུབ་ལུགས་ཤིག་ཡོད་ན་དེ་གཉིས་ཙམ་བཀག་པས་མཐའ་མི་ཆོད་པས་དོན་མེད་པའི་ཕྱིར་རོ། །དེས་ན་ཁྱབ་པ་ངེས་པའི་གནད་འདི་བསམ་དགོས་ལ། དེའང་སྤྱིར་ཆོས་དེ་ཡོད་ན་གཅིག་དང་དུ་མ་གང་


GTD003_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རུང་དུ་ཡོད་དགོས་ཏེ། སོ་སོ་བ་ཡིན་ན་ཐ་དད་དང་མིན་ན་གཅིག་ཏུ་འགྱུར་བས་ཡིན་མིན་གཉིས་ཁ་ཚོན་ཆོད་པའི་ཕྱིར། སྤྱི་ལ་དེ་ལྟར་ཁྱབ་པ་གྲུབ་ན་བྱེ་བྲག་བདེན་པར་ཡོད་ནའང་བདེན་པའི་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པའི་ཁྱབ་པ་འགྲུབ་བོ། །དེ་ལྟར་ཁྱབ་པ་ངེས་པ་ན་བདག་ཕུང་པོའི་སྟེང་དུ་བདེན་པར་ཡོད་ཡོད་འདྲ་བ་འདི་ཕུང་པོ་དང་བདེན་པའི་གཅིག་ཏུ་ཡོད་དམ། དེ་དང་བདེན་པའི་ཐ་དད་དུ་ཡོད་ཅེས་དཔྱད་དགོས་སོ། །དེ་ལ་དང་པོ་གཅིག་བྲལ་དུ་སྒྲུབ་པ་ནི། བདག་ཕུང་གཉིས་བདེན་པའི་གཅིག་ཡིན་ན་བདག་གཅིག་ཡིན་པས་ཕུང་པོ་ལྔའང་གཅིག་ཏུ་འགྱུར་བའམ། ཡང་ན་ཕུང་པོ་ལྔ་སོ་སོར་ཡོད་པས་བདག་ཀྱང་ལྔར་འགྱུར་བ་དང། ཕུང་པོ་འདོར་བ་ན་བདག་ཀྱང་ཆད་དེ་སྐྱེ་བ་ཕྱི་མ་མེད་པའམ། ཡང་ན་ཕུང་པོའང་ཕྱི་མར་འགྲོ་བར་འགྱུར་བ་དང། ཕུང་པོ་བླང་བྱ་ཡིན་པས་བདག་ཀྱང་བླང་བྱར་འགྱུར་བའམ། བདག་ལེན་པ་པོ་ཡིན་པས་ཕུང་པོའང་ལེན་པ་པོར་འགྱུར་བ་དང། དེ་ལྟར་ན་ལུས་ལེན་པ་པོ་དང་རྣམ་སྨིན་མྱོང་བ་པོ་ཞིག་ལས་འབྲས་ཀྱི་རྟེན་གཞིར་དགོས་པར་བསམས་ནས་བདག་ཁས་བླངས་པ་དོན་མེད་པར་འགྱུར་བ་དང། བདག་གི་བདག་གམ་ཕུང་པོའི་ཕུང་པོ་ཞེས་པ་དང་ཁྱད་མེད་པའི་བདག་གི་ཕུང་པོ་ཞེས་པའི་ཐ་སྙད་ཀྱང་འབྲེལ་མེད་དུ་འགྱུར་རོ། །བདག་ཕུང་བདེན་པར་ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པས་སྐྱོན་དེ་དག་མེད་དོ་སྙམ་ན། རྫུན་པའི་རྣམ་གཞག་ལ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་རྣམ་གཞག་བྱས་ཆོག་ཀྱང། བདེན་གྲུབ་ཀྱི་གཅིག་ནི་དཔྱད་བཟོད་ཀྱི་གཅིག་ཡིན་པས་བུམ་པ་དང་བུམ་པ་


GTD003_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྒོ་གང་ནས་ཚུལ་ཇི་ལྟར་དཔྱད་ཀྱང་གཅིག་མ་གཏོགས་སོ་སོར་འབྱེད་རྒྱུ་མེད་པ་བཞིན། བདེན་གྲུབ་ལ་ངོ་བོ་གཅིག་ན་ལྡོག་པའང་གཅིག །རྫས་དང་ནུས་པ་མིང་དོན་ཐམས་ཅད་གཅིག་དགོས་ཏེ། ངོ་བོ་གཅིག་ཏུ་སྣང་ལ་ལྡོག་པ་ཐ་དད་དུ་གནས་པ་ནི་སྣང་ཚུལ་དང་གནས་ཚུལ་མ་མཐུན་པ་ཡིན་ཞིང། དེ་རྫུན་པའི་རྫུན་ཚུལ་ཡིན་པའི་ཕྱིར་རོ། །རིགས་པའི་འཕུལ་འདི་དབུ་མའི་རིགས་པས་སྒྲུབ་ཚུལ་གྱི་སྐབས་ཀུན་ཏུ་ཤེས་དགོས། གཉིས་པ་བདེན་པའི་དུ་བྲལ་སྒྲུབ་པ་ནི། དེ་ལ་གཅིག་ནི་མེད་པས་ཀྱང། །ཞེས་སོགས་གཅིག་མེད་པའི་རྟགས་ཀྱིས་དུ་མ་མེད་པར་སྒྲུབ་པ་ཡ་གྱལ་བཀག་པས་ཚོགས་པ་ཁེགས་ལུགས་ནི་དགག་བྱ་ཐམས་ཅད་ལ་འདྲ་བས། དེས་འདིའི་གཏིང་མི་དཔོག་ཅིང་སྐབས་འདིར་སྒྲུབ་ལུགས་དང་མི་མཚུངས་ཏེ། འདིར་དུ་བྲལ་སྒྲུབ་པ་ནི་གང་ཟག་ཕུང་པོ་དང་བདེན་པའི་ཐ་དད་དུ་གྲུབ་པ་བཀག་པ་ཡིན་ལ། གང་ཟག་ཆོས་ཅན། ཕུང་པོ་དང་བདེན་པའི་ཐ་དད་དུ་མེད་དེ། བདེན་པའི་གཅིག་ཏུ་མེད་པའི་ཕྱིར་བྱས་ན་ཁྱབ་པ་འགལ་བར་འགྲོའོ། །དེས་ན་བདེན་པའི་ཐ་དད་དུ་མེད་ཚུལ་ནི། བདེན་པའི་ཐ་དད་ཡིན་ན་དཔྱད་བཟོད་ཀྱི་ཐ་དད་ཡིན་དགོས་ལ། དེ་ལྟ་ན་ངོ་བོ་དང་རྫས་དང་བྱེད་ལས་སོགས་སྒོ་ཐམས་ཅད་ནས་ཐ་དད་པའི་འབྲེལ་མེད་དོན་གཞན་དུ་འགྱུར་ཏེ། སྒོ་གཅིག་ནས་ཐ་དད་ཀྱང་གཅིག་ནས་ཐ་མི་དད་པ་ནི་སྣ་ཚོགས་སུ་སྨྲ་བའི་མི་བཞིན་རྫུན་པའི་རྣམ་གཞག་ཡིན་པའི་ཕྱིར་རོ། །དེ་ལྟར་འབྲེལ་མེད་ཀྱི་ཐ་དད་ཡིན་ན་ཕུང་པོ་ན་རྒས་དོར་བ་སོགས་ཀྱིས་བདག་ན་བ་སོགས་སུ་མི་འགྱུར་བས་བདག་ལ་ཕུང་པོའི་མཚན་ཉིད་སྐྱེ་འཆི་སོགས་མེད་པར་


GTD003_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བ་དང། དེ་འདོད་ན་གཞན་གྱི་ཕུང་པོ་དང་འདྲ་བས་ཕན་གནོད་ཀྱིས་བདེ་སྡུག་ཏུ་མི་འགྱུར་བར་ཐལ་བ་དང། རྟ་གླང་ལུག་གསུམ་ཚོགས་ནས་རྟ་གླང་གཉིས་སོང་ཡང་ལུག་ཤུལ་དུ་ཡོད་པ་བཞིན་ཕུང་པོ་ལྔ་སོ་སོར་བསལ་བའི་ཤུལ་ན་བདག་སྟོན་རྒྱུ་ཡོད་དགོས། གཞན་དང་གཞན་མིན་གྱི་ལྡན་ཚུལ་སོགས་ཀྱང་གཅིག་ཐ་དད་ཀྱི་རིགས་པ་འདིས་ཁེགས་སོ། །ཚོགས་པའི་སྟེང་ནས་དཔྱད་ཚུལ་འདི་རྒྱུན་ལ་སྦྱར་ནའང་ཚེ་སྔ་ཕྱི་རྒན་གཞོན་སོགས་བདེན་པའི་གཅིག་ཏུ་གྲུབ་ན་གཅིག་གི་ཚེ་ཀུན་ཡོད་པ་གྲངས་ཅན་བཞིན་རྩྭ་རྩེར་གླང་ཆེན་བརྒྱ་གནས་པའི་སྐྱོན་སོགས་སུ་འགྱུར། ཐ་དད་ན་བྱམས་པ་དང་ཉེ་སྦས་བཞིན་འབྲེལ་མེད་པས་ལས་ཆུད་ཟ་བའམ། མ་བྱས་པ་དང་ཕྲད་པའི་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ་ལུས་ཡན་ལག་ལྔ་ཀ་དང་གཅིག་གམ་ཐ་དད། ཤེས་པ་སྐད་ཅིག་སྔ་ཕྱི། ལྡན་མིན་ལོ་ལྟ་བུ་ཟླ་བ་བཅུ་གཉིས། ནམ་མཁའ་ཤར་ནུབ་ཀྱི་ཆ་ལྟ་བུ་ལ་སྦྱར་ཏེ་ཆ་ཅན་གང་ཡིན་དེ་ཆ་མང་པོར་ཐལ་བའམ། ཆ་ཤས་རེ་རེ་བཞིན་ཆ་ཅན་ཚང་བ་རེར་ཐལ་བ་དང། ཡང་ན་ཆ་ཆ་ཅན་འབྲེལ་མེད་པར་ཐལ་བ་སོགས་སྔ་མ་དང་འདྲ་སྟེ། སྟོང་ཉིད་ནི་ཟབ་ཆེས་པ་ལས་ཆོས་ཐམས་ཅད་ཀྱི་སྟེང་དུ་དགག་བྱས་སྟོང་ཚུལ་མི་འདྲ་བ་ཅི་ཡང་མེད་པར་རོ་གཅིག་པས། ལྟ་བའི་དཔྱད་ལུགས་ཀྱང་དམིགས་ཡུལ་ཁ་སྤོ་བ་ཙམ་ལས་གཞན་མི་འདྲ་བ་མེད་དོ། །དེ་ལྟར་བདེན་པའི་གཅིག་དང་དུ་མ་གང་དུའང་མ་གྲུབ་པར་རྟོགས་པ་དེ་བདག་མེད་རྟོགས་པ་ཡིན་པར་འདོད་པ་མི་འཐད་དེ། དེ་གཏན་ཚིགས་རྟོགས་པའི་བློ་ཡིན་


GTD003_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཁ་ཅིག་དེ་གང་དུའང་མ་གྲུབ་པར་རྟོགས་པ་ནི་དེ་རྒྱུ་མཚན་དུ་བཀོད་དེ་གཟོད་དགག་བྱའི་སྣང་ཚུལ་གསལ་བཏབ་ནས་འདི་མ་གྲུབ་བོ་སྙམ་དུ་རྟོགས་ཟེར་བ་མི་འཐད་དེ། དེ་བྱས་ན་ཀུན་རྫོབ་ཀྱི་སྣང་བ་དང་འདྲེས་ཏེ་དགག་བྱ་བཅད་ཙམ་དུ་མི་འཆར་བའི་ཕྱིར། དཔེར་ན་འགྲོ་ས་ལུང་པ་གཉིས་ལས་མེད་ས་ཞིག་ཏུ་བ་ལང་བོར་བ་བཙལ་ཏེ། ལུང་པ་སྔ་མར་མེད་རྗེས་མར་ཡང་མེད་པ་མཐོང་ཙམ་ནས་བཙལ་རྒྱུའི་བ་ཡིད་ལ་བཞག་ཡོད་པ་དེ་མི་འདུག་གོ་སྙམ་པ་ལྷང་གིས་སྐྱེ་བ་བཞིན། དགག་བྱའི་སྣང་ཚུལ་སྔར་ནས་ཞེ་ལ་བཞག་བཞིན་པར་གཅིག་དུ་བྲལ་གྱིས་དཔྱད་པ་ཡིན་པས་དུ་བྲལ་རྟོགས་མ་ཐག་ཞེ་ལ་བཞག་པའི་དགག་བྱ་དེ་གཞིར་བྱས། དེ་མི་འདུག་སྙམ་སྟོང་ཆམ་གྱིས་འགྲོ་བ་བྱུང་ན་ལྟ་བ་རྙེད་པ་ཡིན་ནོ། །དེའི་ཚེ་དབང་རྣོན་གོམས་པ་ཆེ་བ་ལ་གཅེས་ནོར་རྙེད་པ་ལྟ་བུ་དང། རྟུལ་པོ་ལ་གཅེས་ནོར་སྟོར་བ་ལྟ་བུའི་འཇིགས་སྐྲག་འབྱུང་ཡང་སྐྱོན་མིན་ནོ། །མཉམ་གཞག་དེ་ལས་ལངས་པ་ན་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྣང་བ་འཆར་ཏེ། ད་ལྟ་ཡུལ་གང་སྣང་ཡང་ཁོ་རང་གི་ངོས་ནས་ཚུར་གྲུབ་པའི་ཉམས་ངེས་ཅན་དུ་འཆར་བ་བཞིན་དེའི་ཚེ་ཕྱིའི་ཡུལ་སྣང་ཙམ་ནས་མིང་དང་རྟོག་པས་ཕར་བཏགས་པའི་ཐ་སྙད་ཙམ་དུ་འཆར་རོ། །ལྷག་མར་ལུས་རྒྱུ་མིང་ཙམ་ལས་མེད་ཀྱང་དེ་ལ་བྱ་བྱེད་སོགས་བསྙོན་མེད་དུ་འགྲུབ་པའི་རྟེན་འབྱུང་གི་སྣང་བ་ཆེས་ངོ་མཚར་བར་མཐོང་ནས་བླང་དོར་ལ་ལྷག་པར་བརྩོན་པ་བྱུང་ན་སྟོང་པ་རྟེན་འབྱུང་གི་དོན་དུ་མཐོང་བས་ཆེས་རྨད་དུ་བྱུང་བ་ཡིན་ནོ། །རྟེན་འབྱུང་གི་རྣམ་གཞག་འབྲས་བུ་རྒྱུ་ལ་ལྟོས་པ་ཙམ་ཞིག་ནི་དངོས་སྨྲ་རྣམས་ཀྱང་ཤེས་


GTD003_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པས། འདིར་སྣམ་བུའི་སྣལ་མ་ཞེས་པ་ལྟ་བུ་རྒྱུའང་འབྲས་བུ་ལ་ལྟོས་པ་བརྟེན་ནས་བཏགས་པའི་ཐ་སྙད་ཕྲ་མོ་རྟོགས་དགོས་སོ། །དང་པོར་ལྟ་ཐོག་ཏུ་འཇོག་ཡུན་རིང་ན་མ་ཡིན་དགག་ཏུ་འཆོར་ཉེན་ཆེ་བས། བསྐྱར་ནས་གནད་བཞིས་བསྒོམས་པས་ལང་ལ་མ་ཤོར་བ་བྱ། དབང་རྣོན་གྱིས་ལྟ་བ་རིགས་པས་གཏན་ལ་ཕབ་སྟེ་ངེས་པ་བརྟན་པ་ན་དྲན་ཤེས་ཀྱིས་བྱིང་རྒོད་བཀག་ནས་ཞི་གནས་སྒྲུབ་པ་ལྟ་ཐོག་ནས་སྒོམ་ཚོལ་ལུགས་ཡིན་ལ། རྟུལ་བོ་དང་རྣམ་རྟོག་ཁུག་དཀའ་བ་རྣམས་ཀྱིས་དང་པོར་རིགས་པའི་དཔྱད་པ་མང་པོ་མི་དགོས་པར་ནང་དུ་ཕྱོགས་པ་སེམས་ལྟ་བུ་ལ་དམིགས་པའི་ཞི་གནས་བསྒྲུབས་ཏེ་གྲུབ་པ་ན་ལྟ་བ་ཚོལ་བ་ཕྱག་ཆེན་གྱི་ཁྲིད་སོགས་ནི་སྒོམ་ཐོག་ནས་ལྟ་བ་ཚོལ་ལུགས་ཡིན་ནོ། །གང་ལྟར་ཡང་དཔྱད་འཇོག་སྟོབས་མཚུངས་སུ་སོང་སྟེ་དཔྱད་སྟོབས་ཀྱིས་གཡོ་བ་མེད་པའི་ཏིང་ངེ་འཛིན་ལྷག་པར་བརྟན་པ་འགྲུབ་པ་ན་ཞི་ལྷག་ཟུང་འབྲེལ་དུ་འགྱུར་ཞིང་སྦྱོར་ལམ་དྲོད་དུ་སླེབས་པ་ཡིན་ཏེ། འོན་ཀྱང་དོན་སྤྱིའི་གཉིས་སྣང་མི་ཁེགས་པས་ཡུན་དུ་གོམས་པར་བྱས་ཏེ་གཟུང་འཛིན་གྱི་རྣམ་རྟོག་རིམ་པར་ཉམས་སྨད་པས་གཉིས་སྣང་ཇེ་ཕྲ་ཇེ་ཕྲར་སོང། མཐར་གཉིས་སྣང་མ་ལུས་པར་འགག་སྟེ་ཆུ་ལ་ཆུ་བཞག་པ་བཞིན་རོ་གཅིག་ཏུ་ཞུགས་པའི་སྒོ་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྙིང་རྗེའི་སྙིང་པོ་ཅན་ནི་དོན་དམ་བྱང་ཆུབ་ཀྱི་སེམས་དངོས་ཡིན་ལ། དེ་ནམ་སྐྱེས་པ་ནས་དོན་དམ་པའི་ས་ལ་སླེབ་ཅིང། གྲུ་བོ་ཆེ་རྒྱ་མཚོར་ཞུགས་པ་བཞིན་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཀྱི་སྒོ་ནས་ས་གོང་མ་གོང་མ་བདེ་བླག་ཏུ་གནོན་པར་


GTD003_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གསུམ་པ་དེ་གཉིས་ཟུང་དུ་འཇུག་པའི་ཚུལ་ནི། ཐོབ་བྱའི་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་སུ་ངེས་ལ། དེ་གཉིས་འགྲུབ་བྱེད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་མ་འདས་ཤིང། ཚོགས་གཉི་གའང་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ལག་ལེན་དུ་འདུའོ། །དེ་ཉམས་སུ་ལེན་པའི་ཚེ་སོ་སོ་བར་སོང་ན་བོགས་མི་ཕྱིན་པས་ཕན་ཚུན་གཅིག་གིས་གཅིག་ཟིན་པར་བྱས་པས་སྲིད་ཞི་གཉི་གའི་མཐའ་འགོག་ཅིང་ཤིན་ཏུ་ནུས་ལྡན་དུ་འགྱུར་བའི་ཕྱིར། སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི། །ཤེས་རབ་མགོན་བཅས་ལྷག་པར་མཐུ་ལྡན་འགྱུར། །ཞེས་དཔའ་བོས་གསུངས་ཏེ། ཕར་ཕྱིན་གང་ལ་སློབ་ཀྱང་དེ་སྒྲུབ་ཚུལ་དང་ཕན་ཡོན་དང་ཉེས་དམིགས་མཐའ་དག་ལ་མཁས་པས་དེའི་ཉམས་ལེན་གནད་ཚང་ཞིང་མཐར་ཕྱིན་པ་ཞིག་འབྱུང། ཚད་མེད་བཞིའང་ཤེས་རབ་ཀྱིས་ཟིན་པས་འདོད་ཆགས་དང་སྒྱིད་ལུག་གཡེང་བ་སོགས་ཀྱི་སྐྱོན་དང་མ་འདྲེས་པའི་རྣམ་དག་ཏུ་འགྱུར་ལ། ཐབས་ཀྱི་སྤྱོད་པ་དེ་དག་ཉོན་མོངས་པའི་ཕྱོགས་ཀྱིས་བརྫི་མི་ནུས་པའང་ཤེས་རབ་ཀྱི་མཐུ་ཁོ་ན་ཡིན་པས། རྒྱན་ལས་སྦྱིན་པ་ནས་བསམ་གཏན་གྱི་བར་ལྔ་པོ་རེ་རེའི་མཐར། ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག། །ཅེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་གཉིས་གཅིག་གིས་གཅིག་ཟིན་པའི་ཟུང་དུ་འཇུག་ཚུལ་འདི་ལྟར་དོན་ལས་ཡོངས་སུ་སྨིན་པ་ན་མར་མེ་དང་དེའི་འོད་བཞིན་བློ་གཅིག་གི་ངོ་བོ་ལ་དེ་གཉིས་དབྱེར་མི་ཕྱེད་པར་སྒྲུབ་ཚུལ་རྡོ་རྗེ་ཐེག་པའི་ལམ་གྱི་རྟོགས་པ་སྐྱེ་བས། དེས་རིང་པོར་མི་ཐོགས་པར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བ་ཟུང་འཇུག་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །རྟག་


GTD003_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མཐའ་བྲལ་བདེན་པ་གཉིས་ཀྱི་གཞིར། །བྱང་ཆུབ་སེམས་གཉིས་ཟུང་དུ་འཇུག་པའི་ལམ། །ཡོངས་སུ་གོམས་པས་སྐུ་ཐུགས་ཟུང་འཇུག་འབྲས། །ལྷུན་གྲུབ་མཁའ་མཉམ་འགྲོ་བའི་དཔལ་གྱུར་ཅིག །ཅེས་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པའི་ཚུལ་ཐེག་པ་མཆོག་གི་འཇུག་ངོགས་ཞེས་བྱ་བ་འདི་ནི། ཨོར་དུ་སུ་ཨོ་ཐོག་ཤོག་ནས་མང་དུ་ཐོས་ཤིང་སྒྲུབ་པ་ལྷུར་བྱེད་པ་སྨན་པ་བླ་ཟུར་བཀའ་འགྱུར་བ་དཀོན་མཆོག་རབ་རྒྱས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།ལམ་གཙོའི་ཟིན་བྲིས་གསང་བའི་ལྡེ་མིག་ནི། མཆོད་བརྗོད་ཀྱིས་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་སྦྱོར་བའི་ཆོས་དྲུག་བསྟན། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །ཞེས་སོགས་ལམ་གྱི་གཙོ་བོ་གསུམ་ལ་སོ་སོར་སྦྱོར་ཚུལ་དང་ཐུན་མོང་དུ་སྦྱོར་ཚུལ་གཉིས། བཤད་ཚེ་གོ་རིམ་ཡོད་ཀྱང་བསྒོམ་ཚེ་གཅིག་གིས་གཅིག་ཟིན་དགོས་པ་རྗེས་མ་གཉི་གའི་མཚམས་སྦྱར་གྱིས་ཤེས་ཏེ། དེ་མ་བྱས་ན་དང་པོའི་ངེས་འབྱུང་དེ་ཐེག་ཆེན་གྱི་ལམ་དུ་མི་འགྲོ། ཆོས་སྒྲུབ་འདོད་ཙམ་རེ་ཀུན་ལ་ཡོད་ཀྱང་ཕྱི་བཤོལ་གྱིས་བསླུས་པས་དལ་འབྱོར་དང་མི་རྟག་པ་སྦྲེལ་ནས་གསུངས། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་མི་དགེ་བ་ལས་བྱུང་བའི་འཁོར་བའི་ཉེས་དམིགས་དང་ལམ་འབྲས་སྦྲེལ་ནས་གསུངས། ཇོ་བོའི་ལུགས་དང་ཞི་ལྷའི་ལུགས་བསྲེས་པའི་སེམས་སྒོམ་ཚུལ་གསུངས་ཏེ། མ་རྣམས་ཞེས་པའི་རྣམས་ཀྱི་སྒྲས་སེམས་སྙོམས་པ་དང། མ་ཞེས་པས་མར་ཤེས་ཚིག་སྔ་མའི་སྙིང་རྗེ་དང་།


GTD003_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ཚུལ་ལ་སྔར་ཕན་བཏགས་པའི་ངང་ཚུལ་མར་ཤེས་ཀྱི་དྲིན་བསམ་ལུགས་དང། སླར་ཕན་འདོགས་པ་མཉམ་བརྗེ་དྲིན་དྲན་ལུགས་གཉིས་ཀྱི་ཕྱི་མ་འཁྲུལ་ཆེ་སྟེ། ཞིང་བཟང་པོ་ལ་ནས་བཏབ་མ་ཐུབ་ཀྱི་སེམས་ཁྲལ་མ་གཏོགས་འདི་ལ་མང་པོ་བཏབ་ཅེས་དྲིན་དུ་རྩི་བ་མེད་པ་ལྟར་སེམས་ཅན་གྱི་དོན་བསྒྲུབ་ཀྱང་ཡུས་མི་འབྱུང་བ་ཡིན། རྒྱུ་ལས་བྱུང་བའི་རྟེན་འབྲེལ་ལས་ཀྱང། ལུགས་འདིར་མདུང་ཁྱིམ་གྱི་ཚུལ་དུ་རྒྱུ་མང་འབྲས་བུ་ལ་བརྟེན་པས་ལྟོས་ནས་བཏགས་པའི་རྟེན་འབྲེལ་གཙོ་བོར་མཛད་དེ་བཏགས་པའི་ཚུལ་ཡང། སྔར་བཀྲ་ཤིས་མི་ཟེར་བའི་མི་གཅིག་ལ་རང་གིས་བཀྲ་ཤིས་ཞེས་བཏགས་ནས་ཞག་ཤས་སོང་བ་ན་དེ་ལ་ཕར་བཏགས་པའི་བློ་མེད་པར་དེའི་ངོས་ནས་བཀྲ་ཤིས་གྲུབ་པ་འདྲ་ཞིག་སྐྱེ་བའི་ངང་ཚུལ་ཕྲ་མོ་འདི་རྟོགས་དཀའ་སྟེ། གླེགས་བམ་ལས་ངེས་ངེས་འདྲ་བ་ན་གྲུབ་མཐའ་འོག་མ་ཚོའི་བདག་མེད་བཤད་པའི་དོན་བློ་ངོར་ཨེ་འདུག་མས་ནས་བལྟས་ཏེ་མི་འདུག་ན་ལྟ་བའི་ཕྱོགས་ན་མེད་དོ། །དོན་དམ་རྟོགས་པའི་ཤེས་རབ་མེད་ན་གཞན་གཉིས་ཀྱིས་མི་ཐར་པ་བཤད་ནས་དངོས་ལ་རྟེན་འབྲེལ་གསུངས་པ་འདི་གོ་ན་གོ་ལ། མིན་ན་གནས་ལུགས་རྟོགས་པའི་སྐབས་མེད་པ་ལ་དགོངས་ཤིང་སྣང་བས་ཡོད་མཐའ་སེལ་བས་ཀྱང་ཡིན་ཏེ། དེས་མེད་མཐའ་སེལ་བ་མཐོང་བ་ལ་མི་སྐུར་བའི་རྒྱང་འཕེན་ཡང་འདོད་ན་འདི་ནི་ཐུན་མོང་མ་ཡིན་ནོ། །ཚིག་ཉུང་ཡང་ཡོངས་འཛིན་རིན་པོ་ཆེའི་གསུང་གི་ཉིང་ཁུ་བསྡུས་པ་ཡིན་པས་གཅེས་པར་ཟུངས་ཤིག། །། །


previousབྱང་ཆུབ་ཀྱི་སེམས་གཉིས་སྒོམ་ཚུལ་ཐེག་མཆོག་འཇུག་ངོགས།next