Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ལམ་གཙོ་རྣམ་གསུམ་ཉམས་སུ་ལེན་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་གཙོ་རྣམ་གསུམ་ཉམས་སུ་ལེན་ཚུལ།next

ལམ་གཙོ་རྣམ་གསུམ་ཉམས་སུ་ལེན་ཚུལ།


GTD003_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེ་ཉམས་སུ་ལེན་ཚུལ་བཞུགས་སོ། །


GTD003_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་རང་འོད་ངུར་སྨྲིག་གོས་ཀྱིས་བཀླུབས། །བྲག་ཆ་བཞིན་དུ་རང་སྒྲས་རང་ལ་འདོམས། །སྒྱུ་འཕྲུལ་མཐའ་ཡས་འགྲོ་བའི་མགོན་མཛད་པ། །འཇམ་དབྱངས་བླ་མ་དེ་ཡིས་རྟག་སྐྱོངས་ཤིག །དེའང་ལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེ་ཉམས་ལེན་སྙིང་པོར་བྱེད་པར་འདོད་པའི་གང་ཟག་གིས་རྗེ་བླ་མ་གཙོ་བོར་གྱུར་པའི་སྐྱབས་ཡུལ་གསལ་བཏབ་སྟེ་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་བྱས་ནས་སྐྱབས་ཡུལ་རྣམས་རང་ལ་བསྟིམ། སླར་ཡང། བཀའ་དྲིན་གསུམ་ལྡན་འཇམ་དབྱངས་བླ་མ་ལ། །བྱིན་རླབས་ཉེ་བརྒྱུད་རྣམས་དང་མཐའ་སྐོར་དུ། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཀྱིས། །བསྐོར་བའི་རབ་འབྱམས་སྐྱབས་ཡུལ་བཞུགས་པར་གྱུར། །ཅེས་རྩ་བའི་བླ་མ་ནས་འཇམ་དབྱངས་ཉིད་ཀྱི་བར་བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པ་ཐམས་ཅད་འཇམ་དབྱངས་དམར་སེར་གྱི་རྣམ་པ་ཅན། སྟེང་དུ་རྡོ་རྗེ་འཆང། གཡས་གཡོན་དུ་རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད་སོགས་ཀྱི་བླ་མ། གཞན་ཡང་རྒྱུད་སྡེ་བཞིའི་ཡི་དམ། སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་དང་བཅས་པའི་སྐྱབས་ཡུལ་མ་ཚང་བ་མེད་པ་ཚོགས་ཀྱི་ཞིང་དུ་གསལ་བཏབ་ལ། རྒྱས་པར་ན་མཁྱེན་སྲིད་མ་ཡོངས་རྫོགས་དང་ཇི་སྙེད་སུ་དག་མ་


GTD003_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བྱ། བསྡུ་ན། རབ་འབྱམས་ཞིང་གི་རྡུལ་སྙེད་ལས་འདས་པའི། །གྲངས་མེད་རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྐུ། །མཐའ་ལས་གཅིག་བསྡུས་འཇམ་མགོན་ངོ་བོ་ཉིད། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ་ཞིང་རྐང་པ་ཐ་མ་གཅིག་པུས་ཀྱང་ཆོག །དེ་ནས། དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ས་གཞི་སྤོས་ཀྱིས་ནས། ཞིང་ལ་སྤྱོད་པར་ཤོག། །བདག་སོགས་སྲིད་པའི་བཙོན་ར་ལས་ཐར་ཏེ། །ཡང་དག་ལམ་བཟང་བདེ་བླག་བགྲོད་པའི་ཕྱིར། །ཕྱིན་ཅི་ལོག་གི་རྟོག་པའི་འཆིང་བ་ཀུན། །ཟབ་རྒྱས་གདམས་པའི་རལ་གྲིས་བཅད་དུ་གསོལ། །ཞེས་གསོལ་བ་བཏབ་པ་ན་ཚོགས་ཞིང་ཐམས་ཅད་དང་གཙོ་བོ་རྩ་བའི་བླ་མ་འཇམ་པའི་དབྱངས་དེ་ཉིད་ཞལ་འཛུམ་པ་དང་བཅས་གསུང་ཚངས་པའི་དབྱངས་ཀྱིས། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་བཟང་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །


GTD003_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །ཞེས་སྟོན་པར་ཞལ་གྱིས་བཞེས་ཤིང་མཉན་པར་བསྐུལ་བྱུང་སྙམ་པ་བྱས་ལ་རྗེས་སུ་ཟློས་པའི་ཚུལ་གྱིས་རང་གིས་གདོན། འདི་འོག་མ་རྣམས་ཀྱི་སྐབས་སུའང་འདྲ། དེ་ནས་ཐོག་མར་སྲིད་པའི་འཆིང་བ་ཇི་ལྟར་གཅོད་ཞུས་པ་ལ། སྲིད་པ་འདིར་གཞན་ཞིག་གིས་དབང་མེད་དུ་བཅིང་བ་མིན། རང་སྲིད་པའི་ཕུན་ཚོགས་ལ་ཞེན་པ་འདིས་བསླུས་ཏེ། དཔེར་ན་ཕྱེ་མ་ལེབ་ཀྱིས་མར་མེའི་ནང་ན་བདེ་བ་ཞིག་ཡོད་སྙམ་ནས་གཞན་གྱིས་བཀག་ཀྱང་མི་ཁེགས་པར་དེར་མཆོངས་ཏེ་སྡུག་བསྔལ་བ་དང་འདྲ་བས་ངེས་འབྱུང་སྐྱེད་དགོས་སོ་ཞེས་གདམས་པར་མོས་ལ། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཞེས་གདོན། འོ་ན་ངེས་འབྱུང་བསྐྱེད་ལུགས་གང་ཡིན་ཞུས་པ་ལ། དལ་འབྱོར་དང་མི་རྟག་པ་སྦྲེལ་ནས་ཚེ་འདིའི་སྣང་ཤས་བཟློག །ལས་འབྲས་ནམ་ཡང་མི་བསླུ་བ་དང་འཁོར་བ་མཐའ་ངན་ཚུལ་སྦྲགས་ཏེ་ཕྱི་མའི་སྣང་ཤས་བཟློག་ནས་འཁོར་བའི་ཕུན་ཚོགས་གང་ལའང་མ་ཆགས་པའི་ངེས་འབྱུང་སྐྱེད་དགོས་ལ། དེའང་ལན་རེ་སྐྱེ་སྐྱེ་འདྲ་བས་མི་ཆོག་གི །ཡུན་དུ་སེམས་ལ་གོམས་ནས་རྨི་ལམ་ཚུན་ཆད་དུ་དྲན་པ་ཞིག་དགོས་སོ་ཞེས་གདམས་པར་མོས་ཤིང། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡང་ཡང་གོམས་པས་ཚེ་འདིའི་སྣང་ཤས་


GTD003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་གོམས་པས་ཕྱི་མའི་སྣང་ཤས་བཟློག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གདོན། ངེས་འབྱུང་དེ་ཙམ་གཙོ་བོར་བསྒོམ་པས་ཆོག་གམ་ཞུས་པ་ལ། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་སྐྱེད། །ཅེས་སེམས་བསྐྱེད་དགོས་པར་གདམས་བྱུང་སྙམ་པ་བྱེད། བླ་མེད་བྱང་ཆུབ་ཐོབ་བྱེད་སེམས་བསྐྱེད་དགོས་ན་དེ་ཇི་ལྟར་བསྐྱེད་ཞུས་པ་ལ། སངས་རྒྱས་ཐོབ་འདོད་ཙམ་གྱིས་མི་ཆོག །གཙོ་བོ་སེམས་ཅན་ལ་སྙིང་རྗེ་བསྒོམ་ན་དེའི་ཡན་ལག་ཏུ་སངས་རྒྱས་ཐོབ་འདོད་དེ་སྙིང་རྗེའི་རང་སྟོབས་ཀྱིས་དྲངས་འོང་དུས་སེམས་བསྐྱེད་སྐྱེས་པ་ཡིན་ཞེས་བསྟན་བྱུང་སྙམ་པ་དང་བཅས། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །


GTD003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གདོན། དེ་གཉིས་ཀྱི་སྟེང་དུ་ལམ་གྱི་སྣོན་པ་གཞན་ཅི་འདྲ་དགོས་ཞུས་པ་ལ། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་ཡང་དག་པའི་ལྟ་བ་དགོས་པ་དང། ལྟ་བ་དེ་ཇི་ལྟར་སྐྱོང་ཞུས་པ་ལ། སྣང་སྟོང་གཉིས་ཉེ་རིང་མི་བྱ་བར་འགལ་མེད་ཟུང་དུ་འཇུག་ཚུལ་ལ་ངེས་པ་གཏིང་ཚུགས་པ་ཞིག་དགོས། དེ་བྱུང་ན་རྒྱལ་བ་དགྱེས་པའི་ལམ་བཟང་རྙེད་པ་ཡིན་ནོ་ཞེས་དབུགས་དབྱུང་བར་བསམ་ཞིང། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོ་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་དལ་བུས་གདོན། དེ་ནས་ཡང་དག་པའི་ལམ་ལ་ངེས་པ་ཁྱད་པར་ཅན་རྙེད་


GTD003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྙམ་པའི་དགའ་བ་དང། དེ་རྗེ་བླ་མའི་བཀའ་དྲིན་དུ་ཤེས་པའི་དད་པ་དང། སླན་ཆད་ཀྱང་ལམ་འདི་ལ་ཉམས་ལེན་སྙིང་པོར་བྱའོ་སྙམ་པའི་སྤྲོ་བ་རྣམས་ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བ་ན་རྗེ་བླ་མས་ཀྱང། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ནས་བརྩོན་འགྲུས་སྟོབས་བསྐྱེད་དེ། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་ཤིན་ཏུ་དགྱེས་པའི་ཉམས་དང་བཅས་སྒྲུབ་པ་ལ་བསྐུལ་བར་མོས་ཤིང། སླར་ཡང་རྗེ་བླ་མའི་ཞབས་ལ་འཇུས་ཏེ་བླ་མ་ཐུགས་རྗེ་ཅན་ཁྱེད་ཀྱི་བཀའ་བཞིན་དུ་བསྒྲུབ་པར་བགྱིའོ། །བདག་གི་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་ཀྱང་ཁྱོད་ཀྱིས་བཀའ་སྩལ་པ་འདི་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །ནམ་ཡང་འབྲལ་བ་མེད་པར་རྗེས་སུ་བཟུང་སྟེ་སྒྲུབ་པ་མཐར་ཐོན་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་དྲག་ཏུ་བཏབ་པ་ན། ཚོགས་ཞིང་རྣམས་མཐའ་ནས་བསྡུས་ཏེ་རྩ་བའི་བླ་མ་ལ་ཐིམ། དེ་རང་ལ་ཐིམ་པས་བྱིན་གྱིས་བརླབ་པར་བསམ་ཞིང། དགེ་བ་འདི་ཡིས་སྐྱེ་བ་ཐམས་ཅད་དུ། །འདྲེན་མཆོག་བླ་མ་ཁྱོད་དང་མི་འབྲལ་ཞིང། །མགོན་པོ་ཁྱོད་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི། །ལེགས་བཤད་བདུད་རྩིའི་རོ་ཡིས་འཚོ་བར་ཤོག །གཞན་ཡང་བདག་གིས་བགྱིས་དང་བགྱིད་འགྱུར་བའི། །ལེགས་པར་སྤྱད་པ་ཇི་སྙེད་མཆིས་པ་ཀུན། །ཁྱོད་ཀྱིས་དགྱེས་བཞིན་རྗེས་སུ་འཛིན་པ་དང། བཀའ་བཞིན་སྒྲུབ་པ་ཁོ་ནའི་རྒྱུར་གྱུར་


GTD003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་སོགས་བསྔོ་བས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་ཨུ་ཅུ་མུ་ཆིན་ཤོག་ནས་དཔྱོད་ལྡན་རབ་འབྱམས་པ་དཀོན་མཆོག་སྐལ་ལྡན་གྱིས་བསྐུལ་བའི་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ སྒྲིབ་བྲལ་བདེ་གཤེགས་ཐུགས་ཀྱི་མེ་ལོང་ངོས། །དྷཱིཿ ཧཱུཾ་ཡི་གེའི་རྣམ་རོལ་ཡེ་ཤེས་ལྷ། །རྒྱལ་ཀུན་མེས་པོར་གྱུར་ཀྱང་གཞོན་ནུའི་ཚུལ། །མགོན་པོ་མཁྱེན་པའི་གཏེར་གྱིས་རིང་དུ་སྐྱོངས། །ཕྱི་མའི་ཚེ་རབས་མི་ལྟུང་ཕྲེང་བ་ཀུན། །འཇམ་མགོན་བདུད་རྩིའི་འོད་དང་འགྲོགས་པ་ལས། །བྱིན་རླབས་སྣང་བའི་དཔལ་ཡོན་གྱིས་བསྐྱངས་ཏེ། །ཡང་དག་ལམ་གྱི་མཁའ་དབྱིངས་བགྲོད་གྱུར་ཅིག །ཀུན་བྱང་བླང་དོར་མཐའ་ཀླས་འཛིན་མའི་ཁྱོན། །བློ་གྲོས་ནམ་མཁའི་ཁམས་ཀྱིས་ཀུན་ཁྱབ་ཅིང། །གཏིང་ཟབ་ཆོས་ཀྱི་དེ་ཉིད་འབྱེད་པ་ཡི། །གཏུགས་པ་མེད་པའི་ཤེས་རབ་ཐོབ་གྱུར་ཅིག །མ་རྟོགས་ལོག་པར་རྟོག་པའི་དྲ་བ་ཀུན། །གཅོད་པའི་ཤེས་རབ་རལ་གྲིའི་རྣོ་རྒྱུན་གྱིས། །དངོས་པོར་འཛིན་པའི་འཆིང་བ་དྲུངས་ཕྱུང་སྟེ། །རྣམ་པར་གྲོལ་བའི་གླིང་དུ་འཇུག་གྱུར་ཅིག །གསུང་རབ་ཀུན་གྱི་དེ་ཉིད་ལེགས་རྟོགས་ནས། །འཇིགས་བྲལ་འཆད་རྩོད་རྩོམ་པའི་རྣམ་དཔྱོད་ཀྱིས། །མི་ནུབ་བསྟན་པའི་རྒྱལ་མཚན་ལེགས་བསྒྲེངས་ནས། །འགྲོ་ལ་ཕན་བདེའི་དགའ་སྟོན་འགྱེད་གྱུར་ཅིག །འཁྲུལ་བྲལ་བློ་བཟང་རྒྱལ་བའི་བསྟན་པ་ལ། །ངོམས་པ་མེད་པའི་ཐོས་པ་མཐར་ཕྱིན་ཏེ། །


GTD003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་སྒྲུབ་པ་སྙིང་པོར་བྱེད་པ་ཡིས། །ཐོས་བསམ་སྒོམ་པའི་ཤེས་རབ་འཕེལ་གྱུར་ཅིག །མདོར་ན་བླང་དོར་ལྟ་བའི་མིག་གཅིག་པུ། །རྣམ་པར་འབྱེད་པའི་ཤེས་རབ་མཆོག་ཐོབ་ནས། །མ་ནོར་ཐེག་མཆོག་ལམ་བཟང་རིམ་བགྲོད་དེ། །རྣམ་ཀུན་མཁྱེན་པའི་གླིང་དུ་འཇུག་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་ལྷག་བསམ་དགེ་བ་རབ་འབྱམས་པ་བློ་བཟང་རབ་བརྟན་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།


previousལམ་གཙོ་རྣམ་གསུམ་ཉམས་སུ་ལེན་ཚུལ།next