Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཀྱི་ཟིན་བྲིས།next

བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཀྱི་ཟིན་བྲིས།


GTD003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱའི་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །


GTD003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་བྱམས་པ་མགོན་པོས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་ལྟར། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་རབ་དང་ཕུལ་དུ་གྱུར་པ་བཅོམ་ལྡན་འདས་ཀྱི་དགོངས་པའི་གཏད་སོ་མཐར་ཐུག་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཉིད་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་འབེབས་པ་ལ་བཀའ་གདམས་གླེགས་བམ་ཆེན་མོར་རྗེ་བཙུན་འཇམ་པའི་དབྱངས་དང་རྗེ་བླ་མས་དྲིས་ལན་གྱི་སྒོ་ནས་གསུངས་པ་ལྟར་བླ་མའང་གང་བྱུང་གིས་མི་རུང་བས་དཔེར་ན་རྒྱ་མཚོའི་གླིང་དུ་འགྲོ་བའི་ཚེ་དེད་དཔོན་ལམ་རྒྱུས་མཁས་པ། སྙིང་སྟོབས་དང་ལྡན་པ། སྙིང་རྗེ་དང་ལྡན་པ། ཕྱིར་མི་ལྡོག་པ་དེ་ལྟ་བུ་ཞིག་བསྟེན་དགོས་པ་ལྟར། འདིར་ཡང་མ་གི་ཐར་པ་ཆ་མཐུན་ནས་བཟུང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་མཁས་ཤིང་གཞན་ལ་འདོམས་པའི་ཐུགས་རྗེ་དང་ལྡན་པ་ཞིག་དགོས། ཡི་དམ་ཡང་བདེ་གསང་འཇིགས་གསུམ་ཡ་མ་བྲལ་བ་ཞིག་དང། ཆོས་སྐྱོང་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་འགྲོས་དང་མཐུན་པ་ཞིག་དགོས། དེའི་ནང་ནས་ཀྱང་རྗེ་བླ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ནི་ཐམས་ཅད་ལས་ཁྱད་པར་འཕགས་པ་ཡིན་པས་དོན་གང་ཞིག་སྒྲུབ་ཀྱང་འདི་ལས་ལྷག་པ་མེད་དེ།


GTD003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་རྗེ་ཤེས་རབ་སེང་གེའི་སློབ་མ་འདུལ་ནག་པ་དཔལ་ལྡན་བཟང་པོ་དང་འདུལ་འཛིན་བློ་གྲོས་སྦས་པ་གཉིས་ལ་འདུལ་དཀར་ནག་ཏུ་གྲགས་པའི་ནང་ཚན་འདུལ་ནག་པ་དེ་སྲད་ཀྱི་ལུང་པའི་ཕུར་བཞུགས་པའི་མདའ་ན་མི་ཚང་སྟོབས་ཆེ་ཞིག་ཡོད་པའི་བུ་རྒྱལ་འགོང་གིས་ཟིན་ཏེ་གང་གིས་ཀྱང་གླགས་མ་ཁེལ་བ་ན། ཕྱུགས་རྫི་དེས་ང་ཚོའི་ལུང་པའི་ཕུ་འདིར་རེས་འགའ་གཡག་ཆེན་པོ་ཞིག་འདུག །རེས་དགེ་སློང་ཞིག་འདུག །དེ་རང་བཞིན་པ་ཞིག་མིན་པ་འདྲ་བས་ཁོང་ལ་ཞུས་ན་ཐབས་རེ་ཡོད་དམ་ཞེས་གྲོས་བཏབ་པ་ལ་བརྟེན་ནས་དེ་དག་གིས་གསོལ་བ་བཏབ་པ་ན། དང་པོར་ཞལ་གྱིས་མ་བཞེས། ནན་གྱིས་ཞུས་པས་སྲད་རྒྱུད་འདེབ་པའི་དུས་ལ་བབ་པའི་སྔ་ལྟས་སུ་གཟིགས་ནས། འོ་ན་ངས་ཕན་མི་ཕན་བལྟས་ཏེ་ཕན་ན་ཡོང་བས་ཆོག། །དང་པོར་ངའི་ལྷམ་དང་འཕྲེང་རྡོག་འདི་རྣམས་ཁྱེར་ལ་རྒྱལ་འགོང་ཞུགས་ས་ལྷམ་སྟེང་དུ་ཞོག །འཕྲེང་རྡོག་རྣམས་སྐར་ཁུང་དུ་ཞོག་ལ་ཅི་ཟེར་ལྟོས་ཤིག་གསུང་བ་ལྟར་བྱས་པས། རྒྱལ་འགོང་དེས་སྐད་ངན་བཏོན་ཏེ་སྟེང་ནས་རི་རབ་ལྷུན་པོས་མནན་བྱུང། སྒོ་ཐམས་ཅད་ཁྲོ་བོ་འཇིགས་སུ་རུང་བས་བཀག་འདུག །ད་གང་དུ་འགྲོ་ཞེས་སྡུག་སྐད་བཏོན་པའི་ཚུལ་ཞུས་ཏེ་སྤྱན་དྲངས་ནས་བླ་མས་དམ་ལ་བཏགས་ཏེ་དམིགས་བརྩེ་མས་གར་


GTD003_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཀྱི་ཕྱོགས་སུ་མི་སྡོད་པའི་དམ་བཅའ་གྱིས། གལ་ཏེ་མི་བྱེད་ན་ཐལ་བའི་རྡུལ་དུ་བརླག་གོ་ཞེས་གསུངས་པས། རྒྱལ་འགོང་དེས་ཁྱེད་བྱང་ཆུབ་སེམས་དཔའ་ཡིན་པས་རྒྱལ་འགོང་ལའང་ཐུགས་རྗེས་གཟིགས་དགོས། སྟོད་ཛ་ཏིའི་མེ་ཏོག་སྐྱེ་བའི་ས་ནས། ཤར་རྒྱ་མཚོའི་མཐའི་བར་དུ་དམིགས་བརྩེ་མས་མ་ཁྱབ་ས་མི་འདུག་པས་བདག་གང་དུ་འགྲོ་ཞེས་གསོལ་བ་བཏབ་པ་ན། དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་དམིགས་བརྩེ་མ་བགྲང་མཁན་གར་ཡོད་ལ་གནོད་པ་མི་བྱེད་པའི་དམ་བཅའ་གྱིས་གསུངས་ཏེ་དམ་ལ་བཏགས་པས། རང་རེ་རི་བོ་དགེ་ལུགས་པ་རྣམས་སྐུ་རིམ་བྱེད་ཀྱང་འདི་ལས་ལྷག་པ་མེད། ཁྲི་ཆེན་ནམ་མཁའ་བཟང་ཞིང་གཤེགས་ཚེ་གསེར་ཁྲིའི་སྟེང་ནས་ཕྱག་ཁྲི་ལ་བརྡབ་སྟེ། ངའི་བྱ་བ་ཐམས་ཅད་ལ་དམ་ཅན་ཆོས་རྒྱལ་ཁྱོད་དཔང་པོ་ཡིན། ད་རེས་ཀྱང་ངས་བཟློག་པ་བྱས་ན་སེ་གོལ་གཅིག་གཏོགས་པའི་ཡུན་ལ་ཁོང་ཚོ་ཐམས་ཅད་བརླག་ཐུབ་སྟེ། དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་དགེ་སློང་བྱས་འགྲོ་བ་མ་གཏོགས་འབའ་རང་བྱས་ནས་མི་འགྲོ་གསུངས་ནས་དེ་འཕྲལ་ཐེ་བོ་ཁང་དུ་ཕེབས་ཏེ་ང་ལ་ཆོ་ག་མང་པོ་མི་དགོས། ཞག་ཞེ་དགུའི་རིང་ལ་དམིགས་བརྩེ་མ་བགྲོངས་གསུངས་ནས་སྐུ་འདས་པ་ཡིན། དེར་མ་ཟད་ཐ་ན་སད་སེར་བསྲུང་བ། ཆར་འབེབས་ཆར་གཅོད་ཚུན་ཆད་ཀྱང་འདིའི་ལས་ཚོགས་ཀྱིས་མི་ཐུབ་པ་མི་སྲིད་པས་འདི་ལ་ནན་ཏན་སྙིང་པོ་མཛད་དགོས། དེ་ལའང་ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་གཉིས། དང་པོ་ལ་སྔོན་འགྲོ་


GTD003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལ་ཇི་ལྟར་བྱ་བ་དང། དངོས་གཞི་ལ་ཇི་ལྟར་བྱ་བ་དང། མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་གསུམ། དང་པོའང་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་དང། ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་སེམས་བསྐྱེད་གཉིས། དང་པོ་ནི་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང་སྟེ། རང་གི་མདུན་གྱི་ནམ་མཁར་པདྨའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་ལ་དབུས་སུ་རྗེ་བླ་མ། མཐའ་སྐོར་སངས་རྒྱས་བྱང་སེམས་ནམ་མཁའི་ཁམས་གང་བ་ལྟ་བུའི་ཚོགས་ཞིང་གསལ་བཏབ་སྟེ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་སོགས་བརྗོད། དེ་ནས་སེམས་བསྐྱེད་ཐུན་མོང་བའི་མཇུག་ཏུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བ་ཉིད་དུ་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བྱའོ། །ཞེས་ལམ་ལ་དམིགས་པའི་སེམས་བསྐྱེད་དམ། ཁྱད་པར་སེམས་བསྐྱེད་དེ་བྱ། དེ་ནས་སངས་རྒྱས་ཀྱི་མཛོད་སྤུའི་གནས་སྨིན་མཚམས་ནི་བྱིན་


GTD003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་འཇུག་པའི་སྒོ་ཡིན་པས་ཚོགས་ཞིང་རྣམས་དེར་བསྡུའོ། །གཉིས་པ་དངོས་གཞི་ལ་དགའ་ལྡན་གྱི་གནས་གསལ་བཏབ་སྟེ་དགའ་ལྡན་ནས་རྗེ་བླ་མ་ཡབ་སྲས་གསུམ་སྤྱན་འདྲེན་པ། ཡན་ལག་བདུན་པ་མཎྜལ་དང་བཅས་པ་དབུལ་བ། རྣམ་ཐར་གསོལ་འདེབས་ཀྱི་སྒོ་ནས་ཡོན་ཏན་དྲན་ཏེ་གསོལ་བ་གདབ་པ། མཚན་སྔགས་བགྲངས་ནས་འདོད་བྱའི་དོན་ལ་སྨོན་ལམ་གདབ་པ་བཞི། དང་པོ་ལ་དགའ་ལྡན་གསལ་འདེབས་པ་དང། སྤྱན་འདྲེན་ཚུལ་གཉིས། དང་པོ་ནི། བ་ཚྭ་ཅན་གྱི་རྒྱ་མཚོའི་ནང་ནས་དབང་ཆེན་གསེར་གྱི་ས་གཞིའི་བོག་ཙམ་རེ་སྟེང་དུ་ཐོན་པའི་ལྷོ་ཕྱོགས་འདི་ཤིང་རྟའི་དབྱིབས་ལྟ་བུ། ནུབ་ཕྱོགས་ཟླུམ་པོ་སྒོ་ང་ལྟ་བུ། བྱང་གྲུ་བཞི་ཤོ་ལྟ་བུ། ཤར་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུ་ཞིག་ཡོད་ལ། ལྷུན་པོའི་མདངས་ཕོག་ལུགས་ཀྱིས་མངོན་པར་སྐབས་ཡོད་ཀྱི་གཟུགས་བར་སྣང་སྐྱ་སེང་ལ་ནམ་མཁར་གྲགས་པ་འདིའང་མདོག་མི་འདྲ་བས་གླིང་སོ་སོའི་ཆུ་མདོག་ཀྱང་མི་འདྲ་ལ། དེ་ཐམས་ཅད་ཀྱི་བྱང་ཕྱོགས་གསེར་རི་བདུན་དང་རོལ་མཚོ་བདུན་བརྒལ་བའི་དབུས་ན་རི་རབ་ཡོད་ཅིང། དེའི་བང་རིམ་རྣམས་ལ་རྒྱལ་ཆེན་རིས་བཞི་དང། རྩེ་མོར་སུམ་ཅུ་རྩ་གསུམ། དེའི་སྟེང་དུ་འཐབ་བྲལ། དེའི་སྟེང་དུ་དགའ་ལྡན་ཡོད་ལ། དེའི་ཕྱོགས་གཅིག་ན་བྱམས་མགོན་གྱི་ཕོ་བྲང་རྒྱལ་མཚན་མཐོན་པོ་གྲོང་ལས་དགོན་པའི་ཚུལ་དུ་གནས་པའི་མདུན་ན་ཆོས་སྟོན་པའི་ཀུན་དགའ་ར་བ་ཡིད་དགའ་ཆོས་འཛིན་བྱ་བ་མཐའ་སྐོར་དུ་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ལྗོན་པ་དང་གསེར་


GTD003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱེ་མ་བརྡལ་བའི་ཁྲུས་ཀྱི་རྫིང་བུ་དུ་མས་བསྐོར་བའི་དབུས་ན་ཁྲི་ཆེན་པོའི་སྟེང་དུ་ཁྲི་ཆུང་ལ་རྒྱལ་བ་བྱམས་པ་མགོན་པོ་འཁོར་ལོས་བསྒྱུར་བའི་འདུག་སྟངས་སམ་བཟང་པོའི་བཞུགས་སྟངས་མཛད་པའི་ཐུགས་ཀ་གསེར་གྱི་རི་བོ་ཉི་མ་འབུམ་གྱིས་བྱུགས་པ་ལྟ་བུ། འཇིག་རྟེན་ཐམས་ཅད་འོད་ཀྱིས་འགེངས་ནུས་པ་དཔལ་གྱི་བེའུ་དང་བཀྲ་ཤིས་ཀྱི་རི་མོ་ཡོད་པའི་ནང་ན་མེ་ལོང་ངོས་ཀྱི་གཟུགས་བརྙན་ལྟར་རྗེ་ཡབ་སྲས་གསུམ་བཞུགས་པ། གཡས་ན་དཔལ་ལྷ་གཅིག་དཱི་པཾ་ཀཱ་ར་ལྷའི་བུའི་རྣམ་པ་བཟུང་བ་ལྷའི་བུ་ནམ་མཁའ་དྲི་མ་མེད་པ་དང། གཡོན་ན་རང་ཅག་གི་རྗེ་བླ་མའི་རྣམ་རོལ་ལྷའི་བུ་འཇམ་དཔལ་སྙིང་པོ་དང། མཐའ་སྐོར་དུ་འཕགས་པ་ཐོགས་མེད་སྐུ་མཆེད་སོགས་དགའ་ལྡན་དུ་བྱོན་པའི་རྒྱལ་སྲས་གྲངས་མེད་པ་རྣམས་བཞུགས་པའི་རྣམ་པ་གསལ་འདེབས་པ་ནི་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་སྔོན་འགྲོ་རྫོགས་སྨིན་སྦྱངས་གསུམ་གྱི་ཡ་གྱལ་ཞིང་སྦྱོང་བ་ལ་འགྲོ་བ་ཤོ་ལོ་ཀ་དང་པོ་འདིའི་ཐུན་མོང་མ་ཡིན་པའི་མན་ངག་ཡིན་ཞིང། འོག་མ་རྣམས་ལའང་ཐུན་མོང་མ་ཡིན་པའི་མན་ངག་རེ་རེ་ཡོད་དོ། །དེ་ནས་སྤྱན་འདྲེན་ཚུལ་ནི་རང་ཉིད་གནས་དེར་ཕྱིན་པའི་ཉམས་བཏོན་ཏེ་ཀྱེ་མ་བདག་ལ་ཚེ་འདིར་ནི་ཞིང་འདིར་འོངས་ཏེ་ཁྱེད་རྣམས་དངོས་སུ་མཇལ་བའི་སྐལ་བ་མི་འདུག་པས་ངའི་མགོན་སྐྱབས་དང་དཔུང་གཉེན་དམ་པར་འཛམ་བུའི་གླིང་དུ་འབྱོན་དགོས་ཞེས་གདུང་ཤུགས་དྲག་པོའི་སྒོ་ནས། དགའ་ལྡན་ལྷ་བརྒྱའི་ཞེས་སོགས་


GTD003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུར་གདངས་སྙན་པོས་བསྒྲགས་ན་དགའ་ལྡན་ནས་གསན་ཏེ་ལག་ངར་བསྐུམ་པ་ལས་བརྐྱང་པ་བཞིན་དུ་སྐད་ཅིག་དེ་ཉིད་ལ་ཕེབས་མི་ཕེབས་དོགས་པ་ཙམ་ཡང་ཅི་ལ་དགོས་ཏེ། ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་སྟེ། ཤའི་མིག་གིས་དཔག་ཚད་བརྒྱ་སོགས་མཐོང་ཞིང། ལྷའི་རྣ་བས་དེ་སྙེད་ཀྱི་སྒྲ་ཐོས་ན། རྗེ་བླ་མས་ཡེ་ཤེས་ཀྱིས་མ་གཟིགས་པ་ག་ལ་སྲིད། དེ་ནས་གཉིས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་དབུལ་བ་ལ། སྤྱིར་གཞུང་ཐམས་ཅད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་རྗེས་སུ་འབྱུང་ཡང། འདིར་སྔོན་དུ་བཀོད་པ་མན་ངག་ཡིན་ཏེ། དཔེར་ན་ནད་པ་ཉམ་ཐག་པ་སྨན་པ་དུ་མས་བོར་ནས་འཆི་བར་ཐག་ཆོད་ཀྱང་རང་ཉིད་ལ་གསོན་པའི་རེ་བ་ཡོད་པ་ཞིག་ཡུལ་མི་ཐམས་ཅད་ཀྱིས་སྨན་པའི་རྒྱལ་པོ་ལྟ་བུར་བསྔགས་ཤིང་ཐམས་ཅད་ལ་ཕན་པ་རླབས་ཆེ་བའི་སྨན་པ་མཁས་པ་འགྲན་ཟླ་མེད་པ་གཅིག་དང་ཕྲད་བྱུང་ན་དང་པོ་རང། ང་ནད་འདི་ལས་མ་གྲོལ་གྱི་བར་དུ་ཁྱེད་བཞུགས་ནས་ནད་འདི་སེལ་གྲོགས་མཛད་དགོས་ཞེས་ཞུས་པ་ལྟར། རང་རེ་སྙིགས་མ་ལྔ་བདོ་བའི་དུས་ཀྱི་གདུལ་བྱ་དམུ་རྒོད་འདུལ་དཀའ་བ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་ཡལ་བར་དོར་བ་མགོན་མེད་པ་སྐྱབས་མེད་པ་ངེད་རྣམས་ལ་རེ་ས་ཁྱེད་མིན་པ་མེད་པས། ངེད་ཅག་གི་མགོན་དུ་བྱང་ཆུབ་མ་ཐོབ་བར་དུ་བཞུགས་དགོས་ཞེས་གསོལ་བ་འདེབས་པ་ཡིན་ལ། གསལ་འདེབས་ཚུལ་ཡང་མདུན་དུ་སྨིན་མཚམས་ཀྱི་ཐད་ཀྱི་ནམ་མཁར་སེང་ཁྲི་ཆེ་ཆུང་གསུམ་གསལ་


GTD003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་དབུས་མ་ལ་རྗེ་བླ་མ་དབུ་ཞྭ་གསེར་གྱི་མདོག་ཅན་རྩེ་མོ་ནམ་མཁའ་ལ་རེག་པའི་ཚོད་ཅིག་གསལ་འདེབས་དགོས། དེའི་རྒྱུ་མཚན་ཡང་བོད་འདིར་མཁས་གྲུབ་མང་པོ་ཞིག་བྱོན་ཀྱང་ལྟ་བ་རྗེ་ལས་མཐོ་བ་མེད་པའི་གནད་ཀྱིས་ཡིན་ཞིང། དེ་བཞིན་དུ་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱང་སྐུའི་རྣམ་པ་གསལ་འདེབས་ལུགས་ལ་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བས། རྒྱལ་ཚབ་རྗེ་སྐུ་ན་ཡ་ཟད་བགྲེས་པའི་རྣམ་པ་ཅན་སྐུ་མདོག་སྔོ་བསངས། སྤྱན་གཞུ་སྤྱན་ཚུལ་གྱིས་བཞུགས་པ་ཞིག་གསལ་བཏབ་ན་གསུང་རབ་ཐམས་ཅད་ལམ་གྱི་རིམ་པར་འཁྱེར་བ་ལ་ནང་བྱན་ཚུད་པ་སོགས་ཀྱི་དགོས་པ་ཆེ་ཞིང། མཁས་གྲུབ་རྗེ་ནི་ལང་ཚོ་དར་ལ་བབ་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང་སྤྱན་འབུར་ཚུགས་སུ་གཟིགས་ཏེ། ཅུང་ཟད་འགྱིང་བའི་ཚུལ་གྱིས་བཞུགས་པ་ཞིག་གསལ་བཏབ་ན་མཁས་གྲུབ་རྗེ་སྤྱིར་བླ་མའི་གསུང་ཐམས་ཅད་དང། ཁྱད་པར་ཟབ་མོ་དབུ་མའི་ལྟ་བ་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཕྱོགས་ལ་ཕས་རྒོལ་གྱི་ཀླན་ཀ་གང་བྱུང་ཡང་རྩོད་ངག་སེང་གེའི་ང་རོ་རེ་རེས་ཀྱང་ཟློག་པར་བྱེད་པ་ལ་ས་ཆེན་པོ་འདིའི་སྟེང་ན་འགྲན་པའི་ཟླ་དང་བྲལ་བ་ཡིན་པས་གནད་ཤིན་ཏུ་ཆེ་སྟེ། ཁྲི་ཆེན་རྡོ་རྗེ་འཆང་གི་གསུང་ལས་སྔོན་རྗེ་ཐམས་ཅད་མཁྱེན་པས་དགའ་ལྡན་འདེབས་པའི་ཚེ་འདུལ་འཛིན་པ་ལག་གི་བླར་བསྐོས་ཏེ། རྡོ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་བྱིན་རླབས་སོགས་མཛད་ཅིང། གཙུག་ལག་ཁང་གི་གཞི་བཏིང་དབུས་མ་གཏོགས་པའི་ལོགས་རིས་སོགས་ཀྱི་ཞལ་བཀོད་


GTD003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནས། རྗེ་རང་ཉིད་ལྷ་ལྡན་སྨོན་ལམ་འཛུགས་པ་དང། རིམ་ལྔ་གསལ་སྒྲོན་རྩོམ་པ་སྟེ་མཛད་ཆེན་གཞན་གཉིས་ཀྱི་སྟ་གོན་ལ་འོལ་ཁར་གཤེགས་པའི་ཤུལ་དུ་ལོགས་རིས་ཕལ་ཆེར་གྲུབ་ནས། དབུས་ལ་གང་འབྲི་མ་ཤེས་པ་དང་བུ་ཆེན་རྣམས་བཀའ་བགྲོས་ཐོག་ནས་བསྟན་པའི་བདག་པོ་ཡིན་པས་ཐུབ་དབང་གི་སྐུ་འབྲི་བར་མཛད། རྗེས་སླར་གཟིགས་ཏེ་ཁྱེད་ཅག་ལ་ཆོས་སྟོན་པའི་བླ་མ་འདྲ་མེད་དམ་གསུངས་ནས་དགྱེས་པར་མ་གྱུར་པའི་གནད་ཀྱིས་དགའ་ལྡན་མ་དགོན་ཡིན་ཀྱང་སེར་འབྲས་ལྟ་བུའི་འཕེལ་རྒྱས་མ་བྱུང་བ་ཡིན་པས་འདི་ཙམ་ལའང་རྟེན་འབྲེལ་མ་ལོག་པ་གལ་ཆེའོ། །གཉིས་པ་ཕྱག་འཚལ་བ་ནི། ཤེས་བྱའི་ཁྱོན་ཀུན་འཇལ་བའི་ཞེས་སོགས་འདི་ཚད་ལས་འདས་པའི་བསྟོད་པ་ཡིན་ཏེ། འདིར་ཁྱོན་ཀུན་ཞེས་པ་ཆེས་མང་ཞིང་འབྱམས་ཀླས་པའི་དོན་མ་ཡིན་པར། སློབ་དཔོན་དཔའ་བོས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་པ་ལྟར་གཞི་བུམ་པ་ལྟ་བུ་ཀུན་རྫོབ་པའི་ཆོས་ལ་གཟིགས་པའི་ཚེ་ནའང་དེའི་ཆོས་ཉིད་རྗེན་པར་གཟིགས་ཤིང། གནས་ལུགས་དེ་བཞིན་ཉིད་གཟིགས་པའི་ཚེ་ནའང་སྟོང་གཞི་ཀུན་རྫོབ་པའི་སྣང་བ་མི་འགོག་པར་མཉམ་རྗེས་ངོ་བོ་གཅིག་ཏུ་སོང་བ་སངས་རྒྱས་ཁོ་ན་མ་གཏོགས་པ་ལ་མི་སྲིད་པས། ད་ལྟའི་སྙན་ངག་མཁན་གཞན་རྣམས་ངལ་བ་བརྒྱ་ཕྲག་མང་པོ་བྱས་ཀྱང་བསྟོད་པ་འདི་འདྲ་འོང་བའི་རེ་བ་མེད་དོ། །སྐལ་བཟང་རྣ་བའི་རྒྱན་གྱུར་ཅེས་པའི་སྐལ་བཟང་ནི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དབང་བསྐུར་བའི་ཚེ་


GTD003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་བའི་ཕྱི་འཇུག་གི་རིགས་དང་མོས་པ་དྲི་བའི་སྐབས་སུ། ཁྱོད་སུ་ཡིན་ཅི་ལ་དགའ་ཞེས་ཁྱོད་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བའི་གང་ཟག་ཡིན་ནམ། ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ནས་ལྷ་ལུས་མི་ལུས་ཙམ་འདོད་མཁན་ཞིག་ཡིན་ནམ། འཁོར་བ་མཐའ་དག་ལ་ཞེན་པ་ལོག་ནས་རང་ཉིད་ཐར་པ་ཙམ་འདོད་མཁན་ཞིག་ཡིན་ནམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྒྲོལ་བར་འདོད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་ཡིན་ཞེས་དྲིས་པའི་ལན་དུ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་བྱང་ཆུབ་སེམས་དཔའ་སྐལ་བ་བཟང་པོ་བདེ་བ་ཆེན་པོའི་ཡེ་ཤེས་དོན་དུ་གཉེར་མཁན་ཞིག་ཡིན་ཞེས་ལན་བཏབ་པས་ཤེས་སོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ས་བཅུ་པ་མན་ཆད་ཐམས་ཅད་ཀྱི་རྣ་བའི་རྒྱན་དུ་གྱུར་པ་ནི་རྗེ་བླ་མའི་གསུང་རྣམས་ཡིན་ཏེ། སྔ་རབས་པ་འགའ་ཞིག་གི་གསུང་རྣམས་སྤྱོད་པའི་ཆ་ནས་དགའ་རབ་ཡོད་ཀྱང་ལྟ་བའི་སྐོར་གནད་དུ་མ་སོང་བའི་དབང་གིས་བདག་ཉིད་ཆེན་པོ་རྣམས་ཀྱིས་གཟིགས་ན་ལྟ་བའི་ཆ་ནས་མི་དགྱེས་པས་རྣ་བའི་རྒྱན་དུ་མི་འགྱུར་ལ། ཁ་ཅིག་ལྟ་བའི་སྐོར་དགའ་རབ་ཡོད་ཀྱང་མངོན་པ་གོང་འོག་གི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་དང་འདུལ་བའི་ལག་ལེན་སོགས་ལ་མ་སྦྱངས་པའི་ཆ་ནས་རྣ་བའི་རྒྱན་དུ་མི་འགྱུར། དཔེར་ན་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་དེ་ཉིད་སྐུ་ན་ཕྲ་མོའི་ཚེ་མཚན་ཉིད་ཞབས་ཕྱི་དགེ་བཤེས་འཇམ་དབྱངས་ཆོས་འཕེལ་ཟེར་བ་དེས་མཛོད་ཀྱི་བགྲོ་གླེང་


GTD003_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ཏེ་ཁས་ལེན་ཤོར་བ་ན་པཎ་ཆེན་རིན་པོ་ཆེའི་ཕྱག་མཛོད་དེ་ན་མ་ཁང་བར་འདུག་ཟེར་བའི་དཔེ་ལྟ་བུ་ཡོད་མོད། རྗེ་བླ་མའི་གསུང་རབ་རྣམས་ལ་མདོ་སྔགས་གང་གི་ཐད་ནས་སུ་འདྲ་ཞིག་གིས་དཔྱད་ཀྱང་མི་འཐད་པའི་ཆ་ཕྲ་མོ་ཙམ་ཡང་མེད་པས་རྒྱལ་བའི་སྲས་པོ་ཐམས་ཅད་ཀྱི་ཐུགས་འཕྲོག་པར་འགྱུར་རོ། །གྲགས་པའི་དཔལ་གྱིས་ཞེས་པ་འདིའི་གྲགས་པ་ནི། སྙན་པའི་བ་དན་འཇིག་རྟེན་གསུམ་ན་གྲགས། །ཞེས་པ་ལྟར་མི་སྙན་པ་མཐའ་དག་ཟད་པའི་སྙན་གྲགས་ལ་བྱེད་དགོས་ལ། མོའུ་མགལ་གྱི་བུ་ལྟ་བུའི་བདག་ཉིད་ཆེན་པོའང་གནས་ངན་ལེན་གྱི་དྲི་མ་མ་ཟད་ཅིང། ས་བཅུ་པའི་བྱང་ཆུབ་སེམས་དཔའ་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་རྣམས་ཀྱང་གཉིས་སྣང་འཁྲུལ་བའི་བག་ཆགས་མ་ཟད་པའི་ཆ་ནས་མི་སྙན་པ་བརྗོད་དུ་ཡོད་པས་འདི་ནི་རྒྱལ་བ་ཉག་གཅིག་གི་ཡོན་ཏན་ཡིན་ནོ། །དེ་དག་གི་གོ་རིམ་ཡང་སྐུའི་ཡོན་ཏན་སྔར་བརྗོད་པ་སྤྱིའི་ལམ་སྲོལ་ཡིན་མོད་ཀྱང། འདིར་ཐུགས་ལ་ཐོག་མར་བསྟོད་པ་མན་ངག་ཡིན་ཏེ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་རང་གཟུགས་ནི་རྗེ་བཙུན་འཇམ་པའི་དབྱངས་ཡིན་ཞིང། རྗེ་བླ་མ་འཇམ་དབྱངས་དངོས་ཡིན་པའི་གནད་ཀྱིས་བྱིན་རླབས་འཇུག་པའི་ཚེའང་ཐོག་མར་ཐུགས་ཀྱི་བྱིན་རླབས་ཞུགས་ཏེ་ཤེས་རབ་སྐྱེ་བ་ཆོས་ཉིད་ཡིན་ཞིང། དེ་ནས་ངག་ལ་ཞུགས་ཏེ་ཚིག་དོན་དང་ངེས་ཚིག་སོགས་ལ་ཐོགས་པ་མེད་པའི་སྤོབས་པ་སྐྱེ། དེ་ནས་ལུས་ལ་ཞུགས་ཏེ་མཁས་མང་


GTD003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ལྟ་བུའི་དབུས་སུ་ལེགས་བཤད་ཀྱི་ང་རོ་སྒྲོགས་པ་ལ་བག་ཚ་བ་མེད་པའི་གཟི་བརྗིད་སྐྱེའོ། །འདིའི་གནད་ཀྱིས་ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་དྲི་ཆབ་འབུལ་བའི་ཚེ་གཞན་དང་མི་མཐུན་པར་སྔར་བླང་བ་ཡིན་ཏེ། དེ་ནི་ཐུགས་ཀྱི་མཆོད་པ་ཡིན་པས་ཐུགས་ཀྱི་བྱིན་རླབས་དང་པོར་འཇུག་པའི་རྟེན་འབྲེལ་ཡིན་ནོ། །མཆོད་པ་དཀྱུས་ན་གསལ་ཞིང། བཤགས་པ་སྡོམ་པ་གསུམ་གྱི་བཅས་མཚམས་ལས་བརྩམས་ཏེ་བྱེད་པ་འདིའང་རང་རེ་རི་བོ་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཏེ། རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་འཕྲིན་ལས་ཐམས་ཅད་ཀྱི་ནང་ནས་ཀྱང་སྡོམ་པ་གསུམ་གྱི་བཅས་མཚམས་ལ་དག་ཐེར་མཛད་པ་འདི་ཉིད་གཙོ་བོ་ཡིན་ནོ། །རྗེས་སུ་ཡི་རང་ནི། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཞེས་སོགས་ཏེ། ད་ལྟ་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་འདིར་གསུང་རབ་རབ་འབྱམས་ལ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་ཐོས་པའི་དོན་ལ་སྒྲུབ་པ་སྙིང་པོར་མཛད་པ་ནི་ཐ་སྙད་རིག་པའི་གཞུང་ལས་ཕུལ་བྱུང་གི་རྒྱན་དུ་གྲགས་པ་ལྟར་བླ་ན་མེད་པའི་ཡོན་ཏན་ཡིན་ཞིང། ཆོས་བརྒྱད་སྤངས་པའི་ཚུལ་ལ་སྔོན་སྟོད་ལུང་དུ་སྡེ་སྣོད་འཛིན་པ་བརྒྱད་བརྒྱ་ཙམ་ལ་ཆོས་ཀྱི་དགའ་སྟོན་སྩོལ་བའི་ཚེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དཔའ་བོ་རྡོ་རྗེ་ལ་ལན་བསྐུར་ཏེ་གསུངས་པ་རྣམས་བསྐྱར་ནས་ཡང་དཔའ་བོ་རྡོ་རྗེས་ཐུགས་དོགས་ཟོས་ཏེ་འཇམ་དབྱངས་ལ་ཞུས་པ་ཆོས་རྗེ་བློ་བཟང་པས་


GTD003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བྱ་བ་རླབས་ཆེན་པོ་འདི་འདྲ་གནང་བའི་ཚེ་ངས་བཤོལ་ན་ང་ལ་མིས་ཁ་བཏང་ཡོང་བས་དེ་མི་གསུང་བ་ཞུ་ཞུས་ཙ་ན། བསྟན་པ་ལ་ཕན་མི་ཕན་ཁྱོད་ཀྱིས་མི་ཤེས། ད་ལྟའི་ཁ་བཤད་ཡམ་ཡམ་འདིས་གར་ཡང་མི་ཕན། འདིའི་མུ་བྱས་ན་ཁོ་རང་འདས་པའི་འོག་ཏུ་བསྟན་ལ་ཕན་རྒྱུ་མེད་པས་འདི་ཙམ་གྱིས་མི་ཡོང་མཁའ་ཁྱབ་ཀྱི་སེམས་ཅན་གྱི་རྩིས་གཏོང་དགོས། ཁྱོད་རང་ལ་མིས་ཁ་གཏོང་ཤས་ཆེ་སྟེ་བཟོད་པ་བསྒོམས་གསུང། དེ་ནས་རྗེ་རིན་པོ་ཆེས་ཀྱང་སྡེ་སྣོད་འཛིན་པ་དེ་སྙེད་ཅིག་མིག་མཆི་མ་ཙ་རེ་ཤུལ་དུ་བཞག་ནས་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ་ནི་ཚེ་རབས་མང་པོར་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་འཇམ་པའི་དབྱངས་ལ་མི་དང་མི་ལབ་པ་ལྟར་བྱ་བ་ཐམས་ཅད་ཞུས་ནས་བྱེད་པའི་སྐུ་ཐང་ཞིག་འབྲལ་མེད་དུ་ཡོད་ལ། གཞན་ཐམས་ཅད་འབྲལ་སྤང་ཐུབ་དབང་གི་སྐུ་མ་གཏོགས་པ་སྐུ་གསུང་ཐུགས་རྟེན་རྣམས་ཀྱང་བཞག་སྟེ་འོལ་ཁར་གཤེགས་པའི་ཚེ་ཡབ་སྲས་ཐམས་ཅད་ཀྱི་སྐུ་ཆས་བསྡོམས་ཀྱང་གསེར་ཞོ་གང་དུ་མི་ལོང་ལ། དེའི་ཚེ་ལྟུང་བཤགས་སོ་ལྔ་རེ་ལ་ཐུན་རེ་མཛད་དེ་བཤགས་སྦྱང་དང། ཕྱག་ངར་རྡོལ་རྡོལ་དུ་མཎྜལ་ཕུལ་བས་སྐུ་ཚེ་གང་ཕྱག་རྨ་རོར་སོང་བ་དེ་ལྟ་བུའི་དཀའ་སྤྱད་དྲག་པོ་མཛད་པའི་ཚེ། དང་པོར་ཀླུ་དབང་རྒྱལ་པོ་དང་ལྟུང་བཤགས་ཀྱི་ལྷ་སོ་ལྔ་དང་པཎ་གྲུབ་ཞལ་གཟིགས། འོན་ཀྱང་ད་ལྟའི་རང་ཚོ་ལྟ་བུའི་རྨི་ལམ་དུ་བུད་མེད་ནག་ཧྲིང་ཧྲིང་ཞིག་རྨིས་ན་དཔལ་ལྡན་ལྷ་མོ་ཞལ་གཟིགས་བྱུང་ཟེར་


GTD003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ལྟ་བུ་མ་ཡིན་པར། རྒྱུད་སྡེ་ནས་དང་པོར་ཟིལ་གྱིས་གནོན་པའི་ལྟ་སྟངས་སོགས་དང་དཀའ་གནད་ལ་དྲི་བ་སོགས་ཀྱིས་བརྟག་དགོས་པར་གསུངས་པས། དང་པོར་འཇམ་དཔལ་རྒྱ་མཚོ་བ་ལ་ཉམས་སྣང་དེ་དག་དངོས་ཡིན་མིན་འཇམ་དབྱངས་ལ་དྲིར་བཅུག་པའི་ཚེ། འཇམ་དབྱངས་ཀྱིས་དེ་ཉམས་སྣང་ཡིན་ཀྱང་རྟེན་འབྲེལ་གྱི་གནད་ཆེ་བས་གསོལ་བ་ཐོབས་གསུངས་པ་བཞིན་མཛད་པའི་མཐར་བུདྡྷ་པཱ་ལི་ཏ་རབ་བྱེད་བཅོ་བརྒྱད་པའི་དུས་ཐ་སྙད་ཙམ་དུ་ཡོད་པར་གསུང་བའི་ཐད་དུ་ལྟ་བའི་ངེས་པ་རྙེད་དེ་མདོ་སྔགས་གཉི་གའི་ལམ་ལ་སྒྲོ་འདོགས་ལྷག་མ་མ་ལུས་པར་ཆོད་དོ། །ཆོས་འཁོར་བསྐུལ་བ་དཀྱུས་ལྟར་ལ། བསྔོ་བ་འདིའང་རྗེའི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཡིན་ཏེ། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །གསུངས་པ་ལྟར་རྒྱལ་སྲས་ཀྱི་སྨོན་ལམ་རླབས་པོ་ཆེ་ཐམས་ཅད་སྡུད་པའི་ཤིན་ཏུ་འགངས་ཆེ་བ་ནི་བསྟན་པའི་སྙིང་པོ་འདི་ཉིད་རྒྱས་པའི་ཕྱིར་དུ་བསྔོ་བ་འདི་ཡིན་ནོ། །གསུམ་པ་རྣམ་ཐར་གསོལ་འདེབས་ཀྱི་སྒོ་ནས་གསོལ་བ་འདེབས་པ་ནི། དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་པུ། །ཞེས་པ་ནས། མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། །ཞེས་པའི་བར་གྱི་དོན་བསྡུ་ན། རྗེ་བླ་མ་ནི། བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང། །ཟེར་བ་ལྟ་བུ་ས་


GTD003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་ཐོན་པའི་ཆོས་དེ་འདྲ་ལ་རེ་མ་དགོས་པར་འཇམ་དཔལ་རྩ་རྒྱུད་སོགས་ནས་ལན་བརྒྱ་ཕྲག་ཏུ་ལུང་བསྟན་ཅིང། མདོ་སྡེ་རྒྱན་ལས་ཀྱང། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་དེ། །བཤད་པའི་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་མཚན་སྒྲ་གསལ་བར་ལུང་བསྟན་པའི་དོན་བཞིན་མདོ་སྨད་དུ་བལྟམས་པའི་ལྟེ་བ་བཅད་པའི་ཁྲག་ལས་ཙན་དན་གྱི་སྡོང་པོ་ཡལ་གའི་སྟེང་ན་སེང་གེའི་ང་རོའི་སྐུ་འབུམ་ཕྲག་བཞུགས་པ་སྐྱེ་བའི་རྫུ་འཕྲུལ་གྱི་བཀོད་པ་གཅིག་པུ་བོད་ཀྱི་མཁས་གྲུབ་གསེར་གྱི་རི་བོ་འདྲ་བ་ཇི་སྙེད་བྱོན་པའི་ཁྲོད་ན་མ་བྱུང་སྟེ། རྗེ་བླ་མ་ལས་ལྷག་པ་ལྟ་ཞོག །རྗེ་བླ་མ་འདྲ་བ་ཞིག་ཀྱང་བྱོན་ཡོད་ན་བསྟན་དགོས་པ་ལ་མེད་པའི་ཕྱིར་ཏེ། མར་པ་མི་ལ་སོགས་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་ཀྱང་འདུལ་བའི་སྐོར་སོགས་གསལ་བར་མཛད་པའི་གཏམ་མི་སྣང་ཞིང། འདི་ལྷོ་བྲག་མར་པའི་ཕར་ཕྱིན་ཡིན་ཟེར་བའང་མ་མཐོང་ངོ་། །དེ་བཞིན་དུ་ཁ་ཅིག་སྤྱོད་ཕྱོགས་མ་ཚང། ལ་ལར་ལྟ་བའི་སྐོར་མ་ཚང། ལ་ལར་མདོ་ཕྱོགས་དགའ་འང་སྔགས་ཕྱོགས་མ་ཚང་མོད། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནི་མདོ་ཕྱོགས་ཀྱི་གཞུང་ཆེན་མོ་མཐའ་དག་དང། གསང་སྔགས་རྒྱུད་སྡེ་བཞིའི་གནད་མ་ལུས་པ་ལ་ནང་བྱན་ཚུད་པའི་གསུང་རབ་ལམ་རིམ་ཆེ་ཆུང། རྩ་འཇུག་གི་རྣམ་བཤད་གཉིས། ལེགས་བཤད་སྙིང་པོ། ལེགས་བཤད་


GTD003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འཕྲེང་། སྔགས་རིམ་ཆེན་མོ། རིམ་ལྔ་གསལ་སྒྲོན། སྦས་དོན་ཀུན་གསལ་སོགས་འགྲན་ཟླ་མེད་པའི་ལེགས་བཤད་རྣམས་ད་ལྟའང་བཞུགས་ཡོད་པས། འདི་འདྲ་ཚོར་དཔགས་ནས་འབྲས་བུའི་རྟགས་ཀྱིས་རྗེ་བླ་མ་ལ་དད་པ་གཏིང་ཚུགས་པ་ཞིག་བྱུང་ན་སུས་ཀྱང་གཞན་དུ་དྲངས་མི་ནུས་པའི་ཁྱད་པར་ཤིན་ཏུ་ཆེ་སྟེ། ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་གསུང་ལས་རྗེ་བླ་མ་ལ་ཤེས་ནས་དད་པ་ཐོབ་པ་གསུངས་པ་དེ་གནད་ཤིན་ཏུ་ཆེའོ། །བཞི་པ་མཚན་སྔགས་ཀྱི་སྒོ་ནས་གསོལ་བ་བཏབ་སྟེ་འདོད་དོན་ལ་སྨོན་ལམ་གདབ་པ་ནི། དམིགས་མེད་བརྩེ་བའི་ཞེས་སོགས་སོ། །འདིའི་དོན་ལ་ཕྱི་མཚུངས་པ་གསལ་བྱེད། ནང་ཡོན་ཏན་དེ་ལྡན། གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་བསམས་ནས་གསོལ་བ་འདེབས་ཚུལ་གསུམ་དང། ཁྱད་པར་མཁས་གྲུབ་ཤེས་རབ་སེང་གེ་ནས་བརྒྱུད་པའི་ཤེས་རབ་བློ་འཕེལ་མན་ངག་གཉིས་ཡོད་ལ། དེའང་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་རང་གཟུགས་མཚུངས་པ་མེད་པ་ནི་མགོན་པོ་སྤྱན་རས་གཟིགས་ཡིན་ཞིང། མཁྱེན་པའི་ངོ་བོ་མཚུངས་ཟླ་མེད་པ་འཇམ་དབྱངས་ཡིན་པ་ལྟར། རྗེ་བླ་མའང་གངས་ཅན་གྱི་མཁས་གྲུབ་ཐམས་ཅད་ཀྱི་གཙུག་རྒྱན་ཟླ་མེད་པ་ཡིན་ལ། ཡང་རྣམ་པ་གཅིག་ཏུ་ན་རྗེ་བླ་མ་ལ་བརྩེ་བ་དང་མཁྱེན་པའི་བདག་ཉིད་དེ་གཉིས་ཀྱི་ཡོན་ཏན་ཇི་ཙམ་པ་རྫོགས་པར་མངའ་བ་དང། ཡང་རིགས་གསུམ་མགོན་པོའི་ངོ་བོ་ཡིན་


GTD003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངེས་དོན་ཏེ། བཀའ་གདམས་གླེགས་བམ་ལས་རིགས་གསུམ་མགོན་པོ་ཐུགས་རྒྱུད་གཅིག་པར་ལན་གྲངས་དུ་མར་གསུངས་ཤིང། དེར་མ་ཟད། སྤྲུལ་པ་གཅིག་ནི་རྒྱ་གར་གནས་ཆེན་འགྲིམ། །སྤྲུལ་པ་གཅིག་ནི་ལྷ་སྲིན་འདུལ་དུ་འགྲོ། །སྤྲུལ་བ་གཅིག་ནི་མདོ་སྨད་ཁམས་སུ་འགྲོ། །ཞེས་ཇོ་བོ་རྗེ། པདྨ་སམྦྷ་ཝ། རང་ཅག་གི་རྗེ་བླ་མ་གསུམ་ཐུགས་རྒྱུད་གཅིག་པར་གསུངས་པ་དང། ཀླུ་སྒྲུབ་ཀྱང་རྗེ་བླ་མ་དང་ཐུགས་རྒྱུད་གཅིག་པར་བཤད་པ་ཡོད་དོ། །གཉིས་པ་ཤེས་རབ་བློ་འཕེལ་གྱི་གདམས་པ་ཉམས་སུ་ལེན་ཚུལ་ནི། མ་དག་འཁྲུད་ཅིང་མི་ཤེས་བསལ། །ཞེས་འཇམ་དབྱངས་ཆོས་སྐོར་ལས་བྱུང་བ་ལྟར། མདུན་གྱི་རྗེ་བླ་མ་ཡབ་སྲས་གསུམ་གའི་ཐུགས་ཀ་ནས་འོད་ཟེར་གསུམ་འཕྲོ་བ་སྤྱི་བོར་གཅིག་ཏུ་འདྲེས་ནས་ཟུག་པ་ནང་སྦུ་གུ་ཁོང་སྟོང་དུ་ཡོད་པ་ལས་བདུད་རྩིའི་རྒྱུན་བབ་པའི་མོས་པ་བྱེད། བདུད་རྩིའི་མདོག་ཀྱང་བད་ཀན་ཅན་གྱིས་སྔོན་པོ་དང། རླུང་ནད་ཅན་གྱིས་མར་ཁུའི་མདོག་ལྟ་བུར་གསལ་གདབ། དེ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་བྱས་ཏེ་སྡིག་སྒྲིབ་དག་པའི་མཚན་མ་ནམ་བྱུང་གི་བར་བསྒོམ་མོ། །གཉིས་པ་མི་ཤེས་པ་བསལ་བ་ལ། སྐུའི་སྒོ་ནས་ཤེས་རབ་ཆེ་བ། གསུང་གི་སྒོ་ནས་ཤེས་རབ་གསལ་བ། ས་བོན་གྱི་སྒོ་ནས་མྱུར་བ། ཕྱག་མཚན་གྱི་སྒོས་ཟབ་པ། གླེགས་བམ་གྱི་སྒོས་འཆད་པ། རལ་གྲིའི་སྒོ་ནས་རྩོད་པ། གླེགས་རལ་གཉི་གའི་སྒོ་ནས་རྩོམ་པའི་ཤེས་རབ་སྒྲུབ་ཚུལ་སོགས་དུ་མ་ཡོད། འདི་


GTD003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་སྒོ་མང་གྲྭ་ཁང་དུ་མངོན་རྟོགས་རྒྱན་གྱི་བཤད་ལུང་གནང་སྐབས་ཡོངས་འཛིན་གྱི་ཐད་དུ་དགའ་ལྡན་ལྷ་བརྒྱ་མ་དང་སྦྱར་ནས་བཤད་པ་གང་གནང་བའི་རིམ་པ་ཁོལ་བུར་བཏོན་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཟིན་བྲིས་སུ་བགྱིས་པའོ། །དགེ་ལེགས་འཕེལ།། །།


previousབླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཀྱི་ཟིན་བྲིས།next