Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་གནད་ཐོ་ཙམ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་གནད་ཐོ་ཙམ་བཀོད་པ།next

བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་གནད་ཐོ་ཙམ་བཀོད་པ།


GTD003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་གནད་ཡོངས་སུ་རྫོགས་པ་ཐོ་ཙམ་དུ་བཀོད་པ་བཞུགས་སོ། །


GTD003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་གནས་སུ་ཕྱི་བཞིན་བཀྲི་བའི་ཕྱིར། །འཇུག་ངོགས་སྟོན་མཛད་འཇམ་དཔལ་སྙིང་པོ་ལ། །བཏུད་ནས་ཚུལ་དེ་རྒྱ་ཆེར་གནས་པ་ལས། །གསང་བའི་སྙིང་པོ་མདོ་རུ་བྲི་བར་བྱ། །དེའང་ཡོན་ཏན་ཀུན་གྱི་གཞི་རྟེན་ཟབ་ལམ་བླ་མའི་རྣལ་འབྱོར་ཇི་སྙེད་ཅིག་ཡོད་པ་ལས། རྒྱལ་མཚན་གྱི་ཏོག་ལྟར་མཐོ་བ་དགའ་ལྡན་ལྷ་བརྒྱ་མར་གྲགས་པ་ནི། རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །ཞེས་དམིགས་བརྩེ་མ་ལ་གསུངས་པ་དང་འདྲ་བར་མཁྱེན་གཏེར་གཞོན་ནུའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་སྔགས་སུ་ཤར་བ་སྤྲུལ་བའི་གླེགས་བམ་ལས་བྱུང་བའི་མན་ངག་འདུལ་ནག་པ་སོགས་ཀྱི་དུས་སྦས་ཆོས་སུ་མཛད་ཀྱང། རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་ཁྱབ་བརྡལ་དུ་སྤེལ་བ་ཡིན་ལ། དེའང་རྗེ་བླ་མ་ནི་ལྷོ་བྲག་གྲུབ་ཆེན་གྱིས་བྱམས་མགོན་དུ་གཟིགས་ཤིང་ཕྱག་ན་རྡོ་རྗེས་དེ་ལྟར་ལུང་བསྟན་པ་དང། རྗེས་འཇུག་སྔགས་དང་དབུ་མའི་ལྟ་བ་ལ་ཟུང་འབྲེལ་དུ་སློབ་པའི་དབང་པོ་རྣོ་ཤོས་རྣམས་རྨད་བྱུང་བཀོད་པ་སོགས་སུ་སྨོན་པ་གཙོ་བོར་བྱེད་ཀྱང། གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང་བྱམས་སྙིང་རྗེ་སོགས་ལ་རྩལ་དུ་འདོན་པའི་བཀའ་གདམས་ཀྱི་རྣམ་ཐར་འཛིན་པ་བྱིངས་ཀྱིས་རྒྱུ་དེ་དང་མཐུན་པར་དགའ་ལྡན་དུ་སྐྱེ་བ་གཙོ་བོར་བྱེད་དགོས་པའི་རྟེན་འབྲེལ་གྱིས་དགོན་པའི་མིང་དགའ་ལྡན་དུ་བཏགས་ཤིང། དེ་གྲུབ་མཐའ་སྤྱི་ལའང་ཐོགས་པ་


GTD003_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མདོའི་ལུང་བསྟན་དང་མཐུན་ནོ། །བཀའ་གདམས་གོང་མ་རྣམས་ཀྱང་ཇོ་བོ་ཡབ་སྲས་དགའ་ལྡན་དུ་བཞུགས་ཡོད་པས་དེར་སྨོན་པ་མཛད་ཚུལ་གྱི་ལོ་རྒྱུས་མང་བ་ལྟར་ན་དེ་དག་ལའང་དགའ་ལྡན་པ་ཟེར་དགོས་པའི་ཚོད་དུ་ཡོད་པས། བཀའ་གདམས་གླེགས་བམ་དུ་ཡན་ལག་གི་མིང་དེ་མ་མོ་ལ་བཏགས་ན་ལེགས་གསུངས་ཏེ། ཡན་ལག་ནི་བཀའ་གདམས་ཕྱི་མ་དང། མ་མོ་བཀའ་གདམས་སྔ་མ་ལ་བྱེད་དགོས་སོ། །དེས་ན་འདི་ཉིད་ཉམས་སུ་ལེན་པར་འདོད་པས་འདིའི་གཞུང་ལྟར་གྱི་ཞིང་བཀོད་དམ། རྗེ་བླ་མའི་སྐུ་བརྙན་བྲིས་འབུར་ཅི་རིགས་སོགས་བཀྲམ་པའི་མདུན་དུ་མཆོད་པ་གཙང་མར་བཤམ། སྤྱོད་ལམ་ཚུལ་མཐུན་གྱིས་འཁོད། རང་རྒྱུད་ལ་ལེགས་པར་བརྟགས་ཏེ་ཀུན་སློང་རྣམ་པར་དག་པ་གལ་ཆེ་ལ། དེའང་བཱ་ལ་ཧའི་རྟོགས་བརྗོད་ལྟར་ཚེ་འདིའི་ལུས་ལོངས་སྤྱོད་ལ་ཆགས་པ་ནི་དག་པའི་ཞིང་དུ་བགྲོད་པའི་གེགས་ཀྱི་གཙོ་བོ་བྱ་འཕུར་བའི་གཤོག་པར་རྡོ་བཏགས་པ་ལྟ་བུ་ཡིན་པས་མནོག་ཆུང་ཞིང་སྡིག་པ་དུ་མའི་རྒྱུར་འགྱུར་བ་དང་མི་རིང་བར་འདོར་དགོས་པའི་ཚུལ་བསམས་ཏེ་ཞེན་པ་བཅད། ཞིང་གི་ཡོན་ཏན་མཐོང་སྟེ་དེར་སྐྱེ་འདོད་ཀྱི་འདུན་པ་སྦྱོང་བ་ནི་ཞིང་སྦྱོང་བའི་རྒྱལ་སྲས་ཀྱི་སྤྱོད་པ་ཁྱད་པར་ཅན་ཡིན་ལ། ཁྱད་པར་དུ་ཞིང་དེར་སྐྱེ་བའི་རྒྱུ་མེད་མི་རུང་ཡིན་པས་ཡིད་འཁུལ་བ་དགོས་སོ། །དེའང་ཞིང་གི་སྤྱི་མ་ཤར་བར་མི་འབྱུང་བས་འཇིག་


GTD003_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྤྱིའི་ཆགས་ཚུལ་མངོན་པ་གོང་འོག་ལྟར་དང། ཁྱད་པར་ས་བླའི་གནས་འཐབ་བྲལ་གྱི་སྟེང་དུ་དགའ་ལྡན་ཡོད་ཚུལ། དེའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་བྱམས་མགོན་གྱི་ཞིང་ཁམས། དབུས་སུ་ཕོ་བྲང་རྒྱལ་མཚན་མཐོན་པོ། མདུན་ན་ཆོས་སྟོན་པའི་གནས་ཡིད་དགའ་ཆོས་འཛིན། དེར་སེང་གེའི་ཁྲི་ལ་རྗེ་བཙུན་བྱམས་མགོན་བཟང་པོའི་བཞུགས་སྟངས་མཛད་ཅིང་ནམ་མཁའ་དྲི་མ་མེད་པ་དང་སྲས་འཇམ་དཔལ་སྙིང་པོ་སོགས་འཁོར་ཚོགས་གྲངས་མེད་པ་ལ་ཆོས་སྟོན་བཞིན་པར་བཞུགས་པ་སོགས་དག་པའི་ཞིང་གི་སྣོད་བཅུད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་སྤྱི་འགྲོའི་བཀོད་པ་མདོ་སྡེ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་བསམས་ཏེ་མ་བརྗེད་པའི་དྲན་པས་གང་དུ་འགྲོའང་གནས་དེར་འགྲོ་བ་ཡིན་སྙམ་པ་དང། གནས་ལུས་ལོངས་སྤྱོད་ཀུན་ཀྱང་ཞིང་དེའི་ཁྱད་པར་དུ་བལྟ་བ། མཚན་མོ་མགོ་བྱང་དུ་བལྟས་ཏེ་ཉལ་བའི་ཚེའང་བྱམས་མགོན་གྱི་ཞབས་ལ་མགོ་གཏད་དེ་རང་སེམས་དེའི་ཐུགས་དང་དབྱེར་མེད་དུ་བསྲེས་པའི་ངང་ནས་གཉིད་དུ་འགྲོ་བ་སོགས་བྱས་ན་དགོས་པ་སྔ་མའི་སྟེང་སྔགས་ཀྱི་ཐེག་པའི་སྨིན་བྱེད་དང་འཕོ་བའི་སྦྱོང་ཐབས་སུའང་འགྱུར་རོ། །དེ་ལྟར་ཡུན་དུ་གོམས་པས་བློ་དེའི་ངོར་ཧྲིལ་གྱིས་འགྲོ་བ་ཞིག་བྱས་ན་ཐུན་ལ་འཇུག་ཁར་གསལ་ཐེབས་སླ་ཞིང་དགེ་རྩ་ཀུན་དེས་ཟིན་པ་འབྱུང་ངོ་། །ཐུན་ལ་འཇུག་ཁར་མདུན་དུ་པད་སྡོང་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་རང་གི་རྩ་བའི་བླ་མ་དང་དབྱེར་མེད་ཀྱི་རྗེ་ཡབ་སྲས་གསུམ་ལ་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་དང། རང་གི་མཐར་ཕ་མ་རིགས་དྲུག་གི་འགྲོ་བ་ཀུན་ཚོགས་


GTD003_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ། འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་བསམས་ནས་འཇིགས་ཤིང་སྐྲག་པ་དང། དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་ཚུལ་གྱི་ཡོན་ཏན་བསམས་ཏེ་སྐྱབས་འགྲོ་གང་མང་དང། རང་གིས་བླ་མ་ལྷའི་གོ་འཕང་མངོན་དུ་བྱས་ཏེ་མ་རྒན་རྣམས་སྒྲོལ་བར་འདོད་པའི་སེམས་བསྐྱེད་ཤུགས་དྲག་པོ་ཚད་མེད་བཞིའི་ཚུལ་གྱིས་བསྒོམ། དངོས་གཞི་ལ་སྤྱན་འདྲེན་པ། ཚོགས་གསོག་པ། གསོལ་བ་འདེབས་པ་གསུམ་ལས། དང་པོ་ནི་དགའ་ལྡན་ལྷ་བརྒྱའི་ཞེས་སོགས་ཚིགས་བཅད་བརྗོད་པ་ན་བྱམས་མགོན་གྱི་ཐུགས་མཚན་དཔལ་གྱི་བེའུ་ཁྲ་སེང་ངེ་བའི་ནང་ནས་རྗེ་ཡབ་སྲས་གསུམ་ཀ་སྤྲིན་དཀར་པོ་ཞིག་ཐོལ་གྱིས་བྱུང་བའི་སྟེང་དུ་བཞུགས་ཏེ་ཡུད་ཀྱིས་བྱོན་པར་མོས། སྤྱིར་ཆོས་གཟུགས་ཀྱི་སྐུས་ཀུན་ཏུ་ཁྱབ་པས་མོས་པའི་རྐྱེན་ཙམ་ལས་འགྲོ་འོང་ལ་མ་ལྟོས་པ་དུས་ཀྱི་ཁམས་ལྟ་བུ་དང། མེ་ལོང་དྭངས་པ་ཟླ་བར་བསྟན་པས་སྐད་ཅིག་དེ་ཉིད་ལ་ནང་དུ་འཆར་བ་ཐེ་ཚོམ་མེད་པ་ལྟར་རང་གིས་མོས་པ་བྱས་ཙམ་ན་བྱོན་ཡོད་པ་ཐེ་ཚོམ་མེད་སྙམ་དུ་ཐག་ཆོད་པ་ཞིག་བློ་འཁུལ་བ་ལ་མེད་མི་རུང་ཡིན་ནོ། །འོན་ཀྱང་འདི་ལྟར་སྤྱན་འདྲེན་པའང་ལོངས་སྐུ་ལས་གཟུགས་སྐུར་བཞེངས་པ་དང། སྟོང་པ་བདེ་བར་ཤར་བའི་ཆུ་འཛིན་དང་རླུང་གི་ཉེར་ལེན་ལས་ལྷའི་སྐུར་ལྡང་ཞིང་འགྲོ་བའི་དོན་དུ་འབྱོན་པའི་རྟེན་འབྲེལ་དུ་འགྱུར་ལ་དེའི་སྨིན་བྱེད་ཀྱི་རྒྱུར་ཡང་གཞོལ་བ་ཡིན་ནོ། །གཉིས་པ་ཚོགས་གསོག་པ་ནི་ཡན་ལག་བདུན་ལས། དང་པོར་ནད་པ་ཉམ་ཐག་སྨན་པ་ལ་གདུང་བ་ལྟར་ལེགས་ཚོགས་ཀུན་གྱི་རྩ་བ་བླ་མ་ཁོ་ནར་ཐུག་པ་ཤེས་ནས་དེ་དང་མི་


GTD003_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བ་ཁོ་ན་གལ་ཆེ་བར་མཐོང་བའི་ཤུགས་ཀྱིས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་སྔོན་དུ་བྱས་ཏེ། མདུན་གྱི་ནམ་མཁར་ཞེས་སོགས་བརྗོད་ཅིང། སྨིན་མཚམས་མདའ་གང་གི་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླ་དང་བཅས་པ་ཆེ་ཆུང་གསུམ་གྱི་དབུས་མར་རྗེ་བླ་མ་སྐུ་མདོག་ཐབས་ཤེས་ཟུང་དུ་འཇུག་པའི་རང་འོད་ཀྱིས་དཀར་ལ་དམར་བའི་མདངས་ཆགས་པ། རྒྱུ་དང་འབྲས་བུའི་ཐེག་པ་དང་སྟོང་པ་དང་རྟེན་འབྱུང་གི་ཆོས་ཚུལ་ཕྱོགས་རེ་བ་མ་ཡིན་པར་ལུ་གུ་རྒྱུད་དུ་འབྲེལ་བར་སྟོན་པའི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། འགྲོ་བ་རྣམས་ལ་མཉེས་གཤིན་པའི་བྱམས་པ་དང་སྙིང་རྗེ་ཨུཏྤལ་ལ་བརྟེན་ཏེ་ཡེ་ཤེས་ཀྱི་རལ་གྲིས་མི་ཤེས་པའི་འཆིང་བ་གཅོད་ལ། གླེགས་བམ་གྱིས་ཡང་དག་པའི་ལམ་བགྲོད་ཚུལ་མ་ནོར་བར་སྟོན་པ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་མཚོན་པའི་ཆོས་གོས་རྣམ་གསུམ་གསོལ་ཞིང། རྒྱལ་བའི་དགོངས་པ་མཐའ་དག་བསྲེགས་བཅད་བརྡར་བ་བཞིན་དཔྱད་པ་གསུམ་གྱིས་གཏན་ལ་འབེབས་པར་མཚོན་པའི་གསེར་མདོག་ཅན་གྱི་པཎ་ཞྭ་གོང་ན་མེད་པའི་ལྟ་བའི་དབྱིངས་སུ་བསྙེགས་པས་རྩེ་མོ་རྣོ་ཞིང་མཐོ་བ། སྐྱིལ་ཀྲུང་རྣམ་པ་བཞིའི་ཚུལ་གྱིས་ཟུང་འཇུག་མངོན་དུ་མཛད་པས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། གདུལ་བྱའི་སྐལ་བ་ཇི་ལྟ་བར་སྤྲོ་ཞིང་སྡུད་པའི་འོད་ཀྱི་དཀྱིལ་འཁོར་ཅན། དམིགས་པ་མེད་པའི་སྙིང་རྗེས་འཛུམ་པའི་ཉམས་དང་ལྡན་པ། གཡས་སུ་རྒྱལ་ཚབ་རྗེ་ཡར་བགྲེས་ཞི་དུལ་གྱི་རྣམ་པ། གཡོན་དུ་མཁས་གྲུབ་རྗེ་དར་ལ་བབ་ཅིང་མཁས་པའི་འགྱིང་བག་ཅན། གཉི་ག་ཆོས་འཆད་གླེགས་བམ། གླེགས་བམ་རྣམས་གསུང་


GTD003_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀུན་གྱི་རྩེ་མོ་ཤེར་མདོའམ། གནས་སྐབས་གང་ལ་ཉམས་ལེན་ལྷུར་བྱ་བ་དེར་མོས་ན་རྟེན་འབྲེལ་གྱི་ཁྱད་ཆེའོ། །ཕྱག་འཚལ་བ་ནི། ཤེས་བྱའི་ཁྱོན་ཀུན་སོགས་ཏེ། རྣམ་གྲངས་མང་པོ་ཞིག་མཁྱེན་པ་ལས་སངས་རྒྱས་སུ་བཞག་པ་མིན་གྱི། གཞི་གཅིག་ལའང་ཇི་ལྟ་ཇི་སྙེད་ཀྱི་རང་བཞིན་གཉིས་འབྱུང་བ་དེ་ཉིད་མངོན་པར་བྱང་ཆུབ་པའི་དོན་དུ་མདོ་ལས་གསུངས་པས། སངས་རྒྱས་ཉག་ཅིག་གི་མ་འདྲེས་པའི་ཆོས་ཡིན་ནོ། །སྟོན་པ་པོ་ཆོས་ཀྱི་མངའ་བདག་ཏུ་གྱུར་ཀྱང་གདུལ་བྱའི་སྐལ་བ་གཙོ་ཆེ་བས། མདོ་སྔགས་ཟུང་དུ་འཇུག་པ་རྒྱལ་བའི་དགོངས་པ་ཡོངས་སུ་རྫོགས་པ་ལ་སྤྱོད་པའི་གདུལ་བྱ་བློ་མཆོག་རྣམས་དང་སྣོད་བཅུད་འཚམ་པས་རྣ་བའི་རྒྱན་དུ་གྱུར་པ་གསུང་གི་ཡོན་ཏན། སྒོ་གང་ནས་ཀྱང་ཞུམ་པར་མི་འགྱུར་བ་གྲགས་པའི་གཟི་བྱིན་གྱིས་ཀུན་ལས་མངོན་པར་འཕགས་པ་སྐུའི་ཡོན་ཏན་ཏེ། འདིའི་གོ་རིམ་ནི་མགོན་པོ་འཇམ་དབྱངས་རྒྱལ་བ་ཀུན་གྱི་ཐུགས་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཆ་ནས་དེ་གཅོ་བོར་བྱས་ཏེ། འཇམ་དཔལ་གཤིན་རྗེའི་གཤེད་ལའང་ཐུགས་ཀྱི་མཆོད་པ་སྔོན་དུ་བྱས་པ་དང་ཐུགས་རྡོ་རྗེའི་ལྷ་ཚོགས་སྔར་བསྟིམ་པ་བཞིན་ཏེ། བྱིན་རླབས་འཇུག་པའང་ཆོས་དོན་རྟོགས་ཤིང་དེའི་འཆད་པ་སོགས་ལ་དབང་འབྱོར་བ་དང་དེ་ལས་གཟི་བྱིན་རྒྱས་པར་འགྱུར་རོ། །དེ་གསུམ་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་མས་རིམ་བཞིན་མཐོང་ཐོས་དྲན་པ་དོན་ལྡན་དུ་འགྱུར་ཏེ། དེ་ལྟར་སེམས་པ་དང་སྒོ་གསུམ་གྱི་ཕྱག་གིས་རྡོ་རྗེ་གསུམ་ཡང་འགྲུབ་པར་འགྱུར་རོ། །ཡིད་འོང་མཆོད་ཡོན་སོགས་ཀྱིས་མཆོད་པ་དངོས་སུ་


GTD003_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ཤིང་ཡིད་ཀྱིས་སྤྲུལ་པ་བླ་ན་མེད་པ་ནམ་མཁའི་མཐས་གཏུགས་པ་དང། ཀུན་ཏུ་བཟང་པོར་སྤྲུལ་ཞིང་དེའི་སྨོན་པའི་མཐུ་ལས་བྱུང་བ། ཀུན་ཏུ་བཟང་པོའི་སེམས་ཀྱིས་ཟིན་པའི་མཆོད་པའི་སྤྲིན་འཁོར་གསུམ་ཡོངས་སུ་དག་པ་དབུལ་ཞིང་། འདིའི་མན་ངག་ཐུན་མོང་མ་ཡིན་པ་ནི་བླ་མ་ཐུབ་དབང་རྡོ་རྗེ་འཆང་ཞེས་སེམས་དཔའ་སུམ་བརྩེགས་སུ་བསམས་པ་ལ་མཆོད་པའང་ཀུན་ཏུ་བཟང་པོ་བདེ་སྟོང་དབྱེར་མི་ཕྱེད་པའི་བདག་ཉིད་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞི་ཆར་གྱི་མཆོད་པ་ཕུལ་ནས་དབང་ལམ་འབྲས་བུའི་རྟེན་འབྲེལ་ཀུན་འགྲིགས་ཤིང་དམ་ཚིག་མཆོག་ཏུ་འགྱུར་རོ། །གང་ཞིག་ཐོག་མེད་སོགས་ཀྱིས་བཤགས་པ་བྱ་སྟེ། མི་བཅུས་དུག་ཟོས་པ་རིམ་པར་ལྡང་བ་ན་འགའ་འང་སྡོད་མི་ཚུགས་པ་བཞིན། མནར་མེད་སོགས་སུ་རང་དང་མཚུངས་པར་སྤྱོད་པ་དུ་མས་གཟིར་བའི་ཚུལ་དང་སྲོག་དབུགས་ཀྱི་འགྱུ་བ་མི་བརྟན་པའི་རང་བཞིན། ཐོག་མེད་ནས་སྡིག་པའི་སྒོ་མཐའ་ཡས་པས་སྣ་རེ་རེ་ལའང་རྒྱལ་པོའི་མཛོད་དུ་བལྟས་པ་བཞིན་བསྐལ་པ་ཀུན་ཏུ་དེ་ཁོ་ན་བསགས་པ་ལྟར་ཡོད་ཚུལ། དེའི་ཀློང་ནས་བདེ་འགྲོར་སླེབ་ཚུལ་མེད་པ་ལ་ཇི་ལྟར་ཕྱིན་སྙམ་དགྲ་མི་ཤ་བོས་བདས་པ་ལྟར་འཇིགས་སྐྲག་དང་འགྱོད་པ་དྲག་པོས་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྒོ་ནས་ཞིང་ཁྱད་པར་ཅན་མདུན་ན་བཞུགས་པའི་མཐུ་ཁོ་ནས་སྦྱོང་དགོས་པར་འདུག་སྙམ་སྟེ་བཤགས་ཤིང། ཁྱད་པར་དུ་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་ནི་སྡིག་པ་དང་ལྟུང་བའི་སྒོ་གཉིས་ནས་རྣམ་སྨིན་མི་བཟད་ཅིང་ལམ་གྱི་རྟོགས་པ་ཕྱིར་བསྲིང་བར་བྱེད་པས་ཉེས་པའི་གཏིང་རྡོར་བསམས་ཏེ་བཤགས་


GTD003_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང། གཉེན་པོར་ཡིད་མི་ཆེས་པའང་ལོག་པར་ལྟ་བ་ཡིན་པས་ཞིང་གི་མཐུས་ལྷག་མེད་དུ་དག་སོང་སྙམ་དུ་ཡིད་ཆེས་དང་དགའ་བ་སྐྱེད་ལ། སྡིག་ལྟུང་མི་དམིགས་པར་ལྟ་བའང་སྦྱོང་བའི་ཐབས་ཀྱི་མཆོག་ཏུ་མདོ་ལས་གསུངས་སོ། །ཐུགས་ཀའི་རྡོ་རྗེ་འཆང་དེ་ཉིད་ཞི་བ་རྡོ་རྗེ་སེམས་དཔའ་འགྲོ་བ་སྙེད་དུ་བསྒྱུར་ཏེ་སྤྱི་བོར་བྱོན་པའི་སྦྱོར་མཚམས་ནས་བབས་པའི་བདུད་རྩིའི་རྒྱུན་གྱིས་རིམ་པས་སྒྲིབ་བཞི་དག་ཅིང་ལམ་གྱི་ནུས་པ་འཇོག་པ་དང། སྒྲིབ་པ་མ་ལུས་པར་བྱང་བ་དང་ཡོན་ཏན་རྫོགས་པ་སྲང་མདའི་མཐོ་དམན་བཞིན་ལྷན་ཅིག་པས་སྐུ་བཞི་ཐོབ་པར་མོས་ཏེ་སྔགས་སྡོམ་གསོ་བའི་ཐབས་མཆོག་ཏུ་འགྱུར་རོ། །འདིར་སྔགས་སྡོམ་གསོ་བ་གསུངས་པ་འདིས་སྐབས་གཞན་རྣམས་ཀྱང་སྔགས་དང་འབྲེལ་བ་མཚོན་དགོས་སོ། །རྗེས་སུ་ཡི་རང་བ་ནི། སྙིགས་མའི་དུས་འདིར་ཞེས་སོགས་ཏེ། མི་དགེ་བའི་རྩ་བ་ཅན་གྱི་ཆོས་བརྒྱད་ནི་ལྟ་ཅི་སྨོས་ལ། རང་གཅེས་འཛིན་དང་བཅས་པའི་ཆོས་བརྒྱད་ཁྲ་བོའང་མེད་ཅིང། དངོས་པོར་ཞེན་པའི་བག་ཆགས་ཀྱི་གནས་མེད་པས་ཐ་ན་ཆོས་བརྒྱད་དཀར་པོའང་སྤངས་ཏེ་མཐུན་སྣང་དུའང་ཐོས་བསམ་སྒོམ་གསུམ་གཅིག་ཏུ་དྲིལ་བ་དང། དེ་ཐམས་ཅད་ཀ་རཱི་ཀ་ནས་འདུས་པའི་བར་ལུང་རྟོགས་ཀྱི་བསྟན་པ་མཐའ་དག་ལ་ཕན་པ་མ་ཚང་བ་མེད་པར་འགྱུར་བས་རླབས་ཆེ་བ། གང་ལ་ལྟོས་ན་གཞན་མཐའ་དག་ཕྱོགས་རེ་བ་ཁོ་ནར་འགྲོ་བ་དེ་ལྟ་བུའི་ཚུལ་ལ་རྣམ་པར་ཐར་པ་ཐུན་མོང་མ་ཡིན་པར་ཤེས་པར་རྗེས་སུ་ཡི་རང་བ་སྟེ། འགྲོ་བའང་ལྗོངས་འདི་ཙམ་མ་ཡིན་པར་


GTD003_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཤམྦྷ་ལ་དང་འགྲོ་ལྡིང་བ་སོགས་སུ་སྤྱོད་པ་མཐའ་ཡས་པར་སྟོན་ལ། ནམ་མཁའི་མཐས་གཏུགས་པར་འགྲོ་བའི་དོན་སྤྱོད་པའི་ཚུལ་ཡང་གསུང་ལས་འབྱུང་བ་ལྟར་རོ། །ཆོས་འཁོར་བསྐོར་བར་བསྐུལ་བ་ནི། རྗེ་བཙུན་བླ་མ་སོགས་ཏེ། ཆོས་སྐུའི་ནམ་མཁར་བདག་པོའི་རྐྱེན་མཁྱེན་བརྩེའི་ཆུ་འཛིན་འཁྲིགས་པ་ལས་སོ་སོའི་སྐལ་བ་བཞིན་ཆོས་ཆར་ཕབ་སྟེ་རིང་ནས་དམ་བཅས་པའི་དགོས་པ་སྒྲུབ་པར་གསོལ་ཞིང། ཡང་སྒྲིབ་པ་མ་ལུས་པར་དག་པ་ཆོས་ཀྱི་སྐུའི་དབྱིངས་སུ་མཁྱེན་པ་སྟོང་པའི་ཡེ་ཤེས་དང་བརྩེ་བ་བདེ་ཆེན་གྱི་ཐབས་དབྱེར་མི་ཕྱེད་པ་ཆུ་འཛིན་གྱི་ཕུང་པོ་བཞིན་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་ཡས་པར་དཀྲིགས་པའི་ཀློང་དུ་གདུལ་བྱ་དབང་གིས་སྨིན་པར་བྱེད་ཅིང། ཟབ་པ་མཚན་མ་མེད་པ་དང་རྒྱ་ཆེ་བ་ལྷའི་འཁོར་ལོར་གསལ་བའམ། ཟག་པ་བཅོས་མིན་གྱི་རྫོགས་པའི་རིམ་པ་དང། ཐབས་རྒྱ་ཆེ་བ་སྟོན་པའི་གཟུགས་ཅན་བསྐྱེད་པའི་རིམ་པ། ཡང་ན་ཟབ་པ་འོད་གསལ་གྱི་ཡེ་ཤེས་དང། རྒྱ་ཆེ་བ་སྒྱུ་མའི་སྐུ་ཟུང་དུ་འཇུག་པ་དང་བཅས་པའི་གདམས་པའི་ཆར་གྱིས་སྲིད་པའི་རྩ་བ་གཉིས་ཀྱི་ཚ་གདུང་དང་དབུལ་བ་སེལ་བར་གསོལ་བ་གདབ་བོ། །གསེར་གྱི་འཁོར་ལོ་རྩིབས་སྟོང་སོགས་ཕུལ་ཏེ་གསོལ་བ་བཏབ་པར་མོས་ལ་ཚངས་པའི་གཟུགས་སུ་མོས་ཀྱང་རུང་སྟེ། སྐུལ་བ་པོ་དང་སྡུད་པ་པོར་སྟོན་པའི་རྐྱེན་འབྲེལ་དུའང་འགྱུར་རོ། །བསྔོ་བ་ནི། བདག་གིས་ཇི་སྙེད་སོགས་ཏེ། དགེ་ཚོགས་ཆུད་མི་ཟ་ཞིང་ཁྱད་པར་བྱང་ཆུབ་མཆོག་གི་ཡན་ལག་ཏུ་སྒྱུར་བྱེད་བསྔོ་བ་ཡིན་པས་ནང་པའི་བསྟན་པ་དང་ཐེག་ཆེན་གྱི་ཁྱད་ཆོས་སུའང་གསུངས་སོ། །བསྔོ་བའི་སྡོམས་ཆེན་


GTD003_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དམ་ཆོས་འཛིན་པར་བསྔོ་བ་ཡིན་ལ། འདིར་དེའི་ནང་ནས་ཀྱང་བསྐལ་པ་དཔག་མེད་དུ་དམ་བཅས་པ་བཞིན་རྒྱུ་འབྲས་ཀྱི་ཐེག་པ་ཟུང་དུ་འཇུག་པའི་ཆོས་ཚུལ་སྙིང་པོའི་དོན་ཆ་ཚང་བ་འདི་ཉིད་རྒྱས་པར་སྨོན་པ་ཡིན་ཏེ། ད་ལྟ་ཉིད་ནས་ཀྱང་བཀོད་པ་མཐའ་ཡས་པས་ཞིང་རབ་འབྱམས་སུ་འཕེལ་བར་མཛད་པ་དང། དགེ་བའི་དངོས་པོ་དེ་ལྟ་བུའི་སྒྱུ་འཕྲུལ་སྣ་ཚོགས་སུ་སྣང་བར་མོས་པའང་ཐབས་མཁས་ཀྱི་སྒོ་བླ་ན་མེད་པའོ། །གསོལ་བ་གདབ་པ་ནི། ཕྱི་ནང་གསང་བའི་རྣམ་ཐར་གདོན་ཞིང་གསོལ་བ་གདབ་པ་དང། མཚན་སྔགས་བཟླས་ཏེ་གསོལ་བ་གདབ་པ་སོགས་ལས། འདིར་དམིགས་བརྩེ་མའི་སྒོ་ནས་གཙོ་བོར་བྱེད་ན། མཁྱེན་བརྩེ་ནུས་གསུམ་ལ་འཕགས་པ་རིགས་གསུམ་ཆེས་ལྷག་པ་བཞིན། གངས་ཅན་མཁས་པ་ཀུན་ལས་ཆེས་ལྷག་པར་མཚུངས་ཆོས་སྦྱར་བ་ཕྱི་དང་། དེ་གསུམ་གྱི་མཁྱེན་བརྩེ་ནུས་གསུམ་ཇི་ལྟ་བ་ཐུགས་ལ་ལྡན་པར་བལྟ་བ་ནང་དང། དེ་གསུམ་ངོ་བོ་གཅིག་པར་སྒྲུབ་པའི་གླེགས་བམ་གྱི་ལུང་དང་གསང་རྣམ་གྱི་ལོ་རྒྱུས། འགྲོ་བའི་སྐྱབས་སུ་གྱུར་པའི་རྒྱུའི་གཙོ་བོ་གསུམ་ཡ་མི་འབྲལ་བའི་རིགས་པས་ཀྱང་དེ་གསུམ་དང་ངོ་བོ་དབྱེར་མི་ཕྱེད་པར་བལྟ་བ་གསང་བ་སྟེ། དེ་ལའང་རྒྱུད་སོ་སོ་རིགས་གསུམ་གྱི་དབྱེ་བས་ནང་གསེས་ཀྱི་ཕྱི་ནང་གསང་བའི་སྒྲུབ་ཚུལ་གྱི་རིམ་པ་མཐའ་ཡས་པར་འབྱུང་ངོ་། །དེ་ལ་བརྟེན་པའི་ལས་སྦྱོར་ཡང་ཆེས་མང་བ་སྔར་སྙན་བརྒྱུད་དུ་འབྱུང་ལ། ད་ལྟའང་ལས་ཚོགས་ཐོར་བུ་འགའ་ཙམ་ཡོད་ཀྱང་འདིར་བཀའ་བབ་ཀྱི་འཕྲིན་ལས་ཆོས་རབ་


GTD003_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྒྲུབ་པ་གཙོ་བོའི་དབང་དུ་བྱས་ཏེ། མ་དག་འཁྲུད་ཅིང་མི་ཤེས་བསལ། །སྐུ་ཡིས་ཆེ་ཞིང་གསུང་གིས་གསལ། །ས་བོན་མྱུར་བ་ཕྱག་མཚན་ཟབ། །གླེགས་བམ་རལ་གྲི་གླེགས་རལ་གྱིས། །འཆད་དང་རྩོད་དང་རྩོམ་པ་འོ། །ཞེས་པ་ལྟར་ལ། འགའ་ཞིག་ཏུ་མ་དག་པ་འཁྲུད་པ་སྦྱོར་བ་དང། མི་ཤེས་པ་བསལ་བ་དངོས་གཞིར་བྱས་ཏེ་ཕྱི་མ་བདུན་དེའི་དབྱེ་བ་མཛད་པ་དང། ལ་ལར་བདུད་རྩི་འོད་ཟེར་དང་བཅས་པས་མ་དག་པ་བཀྲུས་ཏེ་གསལ་སང་ངེར་གྱུར་པར་བསྒོམས་པས་དང་པོ་གཉིས་དམིགས་སྐོར་གཅིག་ཏུ་མཛད་ཀྱང། དགོངས་པའི་མཐིལ་ནི་ལས་དང་པོ་བས་མ་དག་པ་བཀྲུས་ཏེ་ཕྱིར་འདོན་པའི་དམིགས་པ་གཙོ་བོ་དང། རྟོགས་པ་གོང་མར་གཞོལ་བ་རྣམས་སྒྲོན་མེས་མུན་པ་བསལ་བ་བཞིན་རང་སར་དག་པ་གཙོ་བོར་བྱ་ལ། ལོག་རྟོག་གི་དྲ་བ་སྐྲ་ཤད་ལྟ་བུ་རྣམས་ཕྱེ་མར་འཐག་སྟེ་མ་རིག་པ་གཅོད་པ་ཞེས་གསུམ་དུ་མཛད་དོ། །སྒོམ་ཚུལ་དངོས་ནི་ཡབ་སྲས་གསུམ་ཀའི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་སྦ་ལྕག་ཙམ་པ་གསུམ་ཐོན་པ་མཚམས་ཤིག་ནས་གཅིག་ཏུ་འདྲེས་ཏེ་རང་གི་སྤྱི་བོར་ཞུགས། དེ་བརྒྱུད་དེ་བདུད་རྩི་འོད་ཟེར་དང་བཅས་པའི་རྒྱུན་བྱུང་བས་དངོས་གཞིའི་རྟོགས་པ་དེ་དང་དེའི་གེགས་བྱེད་ཀྱི་བློ་ངན་རྣམས་གཙོ་བོར་སྦྱངས་པའི་དམིགས་པ་བྱ། ཞི་བ་དཀར་པོ་པད་དཀར་འཛིན། །མཆོག་སྦྱིན་སྐྱབས་སྦྱིན་ཕྱག་རྒྱ་ཅན། །བུམ་ཆུ་མེ་ལོང་ལ་སོགས་ཏེ། །ཞེས་སོགས་རྡོ་རྗེའི་ཚིག་སྦྲམ་བཞིན་ཁ་དོག་སོགས་ཀྱི་དབྱེ་བས་ལས་བཞི་སྒྲུབ་ཚུལ་དང། མར་ཁུའི་མདོག་དང་དཀར་སྔོན་བསིལ་དྲོད་སོགས་ཀྱི་མོས་པས་རླུང་མཁྲིས་


GTD003_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བད་ཀན་གྱི་ནད་སེལ་བ་སོགས་དགོས་པ་དུ་མ་ཞར་བྱུང་དུ་སྒྲུབ་ནུས་སོ། །དངོས་གཞིའི་ཚེ་བདུད་རྩིའི་ཚོགས་པའི་རྡུལ་ཕྲ་རབ་ཚུན་ཆད་འཇམ་དབྱངས་ཞི་ཁྲོ་དང་རྗེ་བླ་མའི་སྐུ། དེ་དག་གི་སྔགས་དང་གསོལ་འདེབས་ཀྱི་སྙིང་པོ། དྷཱིཿ ཧཱུཾ་སོགས་ས་བོན་དང། ཁྱད་པར་དུ་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་བཞིན་གྱི་མ་ལ་ཐིག་ལེས་བརྒྱན་ཏེ་ཧཱུཾ་གི་ཀླད་ཀོར་དུ་འགོད་པ་ཐུན་མོང་མ་ཡིན་པའི་མན་ངག་གི་ས་བོན་ཡིན་ལ། དེའི་མཐར་དམིགས་བརྩེ་མ་སོགས་ཀྱིས་བསྐོར་བ་ལས་འོད་ཀྱི་སྤྲོ་བསྡུས་སྣོད་བཅུད་སྒྱུར་སྦྱང་སོགས་སྔགས་ཀྱི་བཟླས་པ་ཇི་ལྟ་བ་བཞིན་བྱས་ན་ལེགས། ཕྱག་མཚན་ནི་གླེགས་རལ་གྲི་གུག་སོགས་དང། འཆད་པའི་དུས་ཀྱི་གླེགས་བམ་ནི་གང་བཤད་བྱ་དེ་ཉིད་ཀྱི་རྩ་འགྲེལ་སོགས་གཙོ་བོར་བྱ། རལ་གྲི་ཆིག་རྐྱང་ངམ་གྱེན་འགྲེང་གི་ཡུ་བའི་སྒོ་ངར་རལ་གྲི་དྲུག་སོགས་ཀྱི་རྩ་བ་ཟུག་པའི་འཁོར་ལོ་མུ་ཁྱུད་མེད་པ་བྱ། ཕྱིར་སྤྲོས་ཏེ་ཕྱིར་རྒོལ་གྱི་ལོག་རྟོག་གཅོད་པའམ་སྤོབས་པ་གཞོམ་པའི་དམིགས་པ་ཞི་དྲག་དགོས་པ་དང་སྦྱོར་ཚུལ་ཤེས་དགོས། བརྩམ་བྱའི་དོན་ལ་རྨོངས་པ་རལ་གྲིས་བཅད་དེ། ཚིག་དོན་ཕུན་སུམ་ཚོགས་པའི་སྤོབས་པ་གླེགས་བམ་གྱིས་བསྐྱེད་པར་མོས་པ་སྟེ། སྐབས་ཐོབ་ཀྱིས་རེ་རེ་གཙོ་བོར་བྱས་པས་ཆོག་གི །བདུན་ཀ་མཐར་ཆགས་སུ་དགོས་པའི་ངེས་པ་མེད་དོ། །འོད་ཀྱི་སྤྲོ་བསྡུ་ཙམ་ཞིག་ཤེར་ཕྱིན་གྱི་གླེང་གཞིར་ཡང་འབྱུང་བས་བདུད་རྩི་འབེབས་སྦྱང་ནི་སྔགས་ཀྱི་ལུགས་ཡིན་ལ། འདིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྙིང་རྗེ་མཚོན་ཞིང་འགྲུབ་པ་དང་འོད་ཟེར་གྱིས་


GTD003_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་འགྲུབ་ལ། གཞི་ལམ་འབྲས་བུའི་སྐབས་ཀུན་ཏུ་འབྱུང་བ་ལྔའི་ཁམས་དང་དུག་ལྔ་སྦྱོང་ཞིང། ལྡོག་པས་ཕྱེ་བའི་ཡེ་ཤེས་ལྔ་དང་རིགས་ལྔ་འགྲུབ་པ་སོགས་ཀྱི་དོན་དུ་འོད་དང་བདུད་རྩི་ཐམས་ཅད་སྣ་ལྔ་བར་བྱས་པ་ཡིན་ནོ། །རིགས་སོ་སོའི་རྣམ་པ་སྒོམ་པར་འདོད་པས་ཀྱང་གནས་གསུམ་དུ་བསམས་ལ་རང་རང་གི་ས་བོན་སྔགས་འཕྲེང་དང་བཅས་པའི་དམིགས་པ་སྐྱོང་ཞིང། རང་རང་གི་རིགས་ཞི་ཁྲོ་སྣ་ཚོགས་སུ་བསྒྱུར་བས་ལས་སྦྱོར་ཇི་སྙེད་པའང་བྱར་རུང་ངོ་། །དེ་ནས་སྲས་ཀྱི་ཐུ་བོ་གཉིས་གཙོ་བོ་ལ་བསྡུས་པ་རང་གི་སྤྱི་བོར་སྤྱན་འདྲེན། འཕོ་བ་སྦྱོང་བར་འདོད་པས་ཐུགས་ཀའི་ས་བོན་ལ་བལྟས་ཏེ་མོས་འདུན་དྲག་པོ་དང་བཅས་འོད་ཀྱི་ལྕགས་ཀྱུ་དང་རླུང་གི་མདའ་གཞུའི་སྦྱོར་བས་རང་ཉིད་གྱེན་དུ་སྦར་བ་དང་གནས་སུ་འབེབས་པ་སོགས་ཀྱི་དམིགས་པ་མཚམས་འདིར་བྱ། བྱམས་མགོན་དང་རྗེ་བླ་མ་དབྱེར་མི་ཕྱེད་པའི་ངེས་ཤེས་ཀྱིས་དེའི་ཞིང་དུ་འཕོ་འདུན་དྲག་པོས་ཐུགས་རྗེ་བསྐུལ་ཕྱིར་བྱམས་པས་དམ་བཅའི་གཟུངས་བཟླས་ན་ལེགས། དེ་ནས་དེའི་གདན་གྱི་པདྨ་སྙིང་གའི་རྩ་འདབ་དང། ཟླ་ཉིའམ་མངོན་བྱང་བཞིན་དུ་ཟླ་བ་གཅིག་པུར་ཡང་ཚང་དུ་རུང་བས་དེ་མི་ཤིགས་པའི་ཐིག་ལེ་དཀར་དམར་ལ་ཐིམ་པའི་རྒྱུ་དང་རྐྱེན་ལས་གདན་རྫོགས་པར་བསམས། དེར་དབུ་མའི་ལམ་ནས་སྤྱན་འདྲེན་པའང་སྙིང་དབུ་མའི་ཕྱི་རོལ་ཏུ་བསམས་ན་མཐར་རླུང་ཐིམ་པ་ལ་མི་ཕན་པས། དབུ་མ་ཕྲའང་ཁབ་མིག་ཏུ་རི་མཐོང་བ་ལྟར་སྙིང་དེའི་ནང་དུ་ཆུད་པ་བསྒོམ་པར་གསུང། སྙིང་གར་བྱོན་པ་རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་དང་དབྱེར་མེད་དུ་འདྲེས་པ་སྲོག་འཛིན་གྱི་


GTD003_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅན་དུ་བལྟ་ལ། ཕྱག་རྒྱ་ཆེན་པོ་བསྒོམ་པར་འདོད་ན་བླ་མ་སྙིང་གར་ཐིམ་པའི་ཚེ་མོས་གུས་གདུང་སེམས་ཀྱི་མཐུས་སྐོམ་པས་བདུད་རྩི་མྱང་བ་བཞིན་ངོམས་ཤིང་བདེ་ཆམ་གྱིས་འགྲོ་བ་དེའི་ངང་ལས་ཕྲ་མོའི་ཤེས་པས་སེམས་ཀྱི་རང་བཞིན་ལ་བལྟ་བ་སོགས་གཞུང་བཞིན་དུ་བྱེད། གནས་དང་དམིགས་རྟེན་གྱི་ནུས་པས་ཇི་ཙམ་བསྒོམ་པ་བཞིན་རླུང་ཐིམ་ཕུལ་ཆེ་ཞིང། དེའི་མཐུས་དགའ་བཞི་དང་སྟོང་བཞི་རིམ་པར་འཆར་བས་འོད་གསལ་མངོན་དུ་འགྱུར་ཞིང། དེ་ལས་སྒྱུ་མའི་སྐུར་ལྡང་བ་སོགས་རྫོགས་རིམ་ཟབ་མོའི་གནད་ཐམས་ཅད་ཀྱང་སྒྱུ་འཕྲུལ་འདིས་བདེ་བླག་ཏུ་འགྲུབ་ནུས་ལ། འདི་ལ་ཟབ་གནད་འདི་ལྟར་ཡོད་པ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །ཞེས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐད་དང་བསྲེས་ནས་ཡོད་པ་འདི་ཉིད་ཡིན་པས་བློ་གྲོས་ཅན་རྣམས་ཀྱིས་ཞིབ་མོར་དཔྱད་ན་རྟོགས་པར་འགྱུར་རོ། །མཐར་སྙིང་གའི་པདྨ་ཟུམ་པའི་ཕྱི་རོལ་ནས་འོད་ཟེར་འཕྲེང་ཐག་དང། སྐད་གཉིས་ཅི་རིགས་པའི་དམིགས་བརྩེ་མ། འཇམ་དཔལ་ཞི་ཁྲོའི་སྔགས་སོགས་འཕྲེང་རྡོག་གི་རྣམ་པར་གནས་པས་བསྡམས་པར་བསམས། ནམ་ཡང་གཤེགས་གསོལ་མི་བྱ་བར་ཉིན་རྗེས་མ་རྣམས་སུའང་སྤྱན་འདྲེན་པ་སོགས་ཚང་བར་བྱས་པའི་མཇུག་ཏུ་སྔར་ཡོད་ལ་བསྟིམ་པས་བྱིན་རླབས་བརྟན་པར་འགྱུར་ཞིང་སྲུང་བ་ཆེན་པོར་འགྲོ་བ་དང། ལྷ་རྗེས་སུ་དྲན་པ་དང་མི་འབྲལ་བས་བག་ཡོད་པར་འགྱུར་ཞིང། ཟས་གོས་གནས་མལ་


GTD003_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གང་སྤྱད་མཆོད་པར་བསྒྱུར་བས་དཀོར་སྒྲིབ་བྱང་ཞིང་ཚོགས་རྫོགས་པ་དང། དགེ་བའི་བྱ་བ་གང་ལའང་དེས་བོགས་འབྱིན་ཞིང། མདོར་ན་ཚེ་རབས་ཀུན་ཏུ་མི་འབྲལ་བར་རྗེས་སུ་འཛིན་པས་མྱུར་བ་ལས་ཀྱང་ཆེས་མྱུར་བར་བྱང་ཆུབ་འཐོབ་ནུས་སོ། །ཀུན་ཏུ་ཁྱབ་ཅིང་གྲགས་ན་ཡང། །བལྟར་དཀའ་སེམས་ཀྱི་རྡོ་རྗེ་བཞིན། །གྱུར་པའི་ཟབ་གནད་འདི་དཀྲོལ་བ། །བསྟན་དང་འགྲོ་བའི་དཔལ་གྱུར་ཅིག །ཅེས་ཟབ་ལམ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་གནད་ཡོངས་སུ་རྫོགས་པ་ཐོ་ཙམ་དུ་བཀོད་པ་འདི་ནི་རྣམ་དཔྱོད་ཡངས་པ་ཨུ་ཅུ་མུ་ཆིན་གུ་ཤྲི་དགེ་སློང་དཀོན་མཆོག་མཁས་གྲུབ་ཀྱིས་ནན་ཆེར་བསྐུལ་ཞིང། སྔ་སོར་བསྟན་པའི་གསལ་བྱེད་ཐུ་མེད་ལོ་ཙཱ་བ་ཞབས་དྲུང་དཀོན་མཆོག་དགེ་ལེགས་རྒྱ་མཚོ་དང། མཁས་པའི་དབང་པོ་བླ་མ་དབུ་མཛད་ཚུལ་ཁྲིམས་རྒྱ་མཚོ་གཉིས་ནས་ཀྱང་སྔགས་ཀྱི་ཟབ་གནད་དང་འབྲེལ་བ་ཞིག་དགོས་ཞེས་བསྐུལ་མ་བགྱིས་ཡོད་པ་བཞིན། ༸ བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousབླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་གནད་ཐོ་ཙམ་བཀོད་པ།next