Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགའ་ལྡན་ལྷ་བརྒྱ་མའི་གཞུང་བསྲངས་ཏེ་མདོ་སྔགས་ཉམས་སུ་ལེན་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousདགའ་ལྡན་ལྷ་བརྒྱ་མའི་གཞུང་བསྲངས་ཏེ་མདོ་སྔགས་ཉམས་སུ་ལེན་ཚུལ།next

དགའ་ལྡན་ལྷ་བརྒྱ་མའི་གཞུང་བསྲངས་ཏེ་མདོ་སྔགས་ཉམས་སུ་ལེན་ཚུལ།


GTD003_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ལྷ་བརྒྱ་མའི་གཞུང་བསྲངས་ཏེ་མདོ་སྔགས་ཆ་ཚང་བར་ཉམས་སུ་ལེན་ཚུལ་དགའ་ལྡན་ཞིང་དུ་བགྲོད་པའི་ནོར་བུའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །


GTD003_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་དེ་ཉིད་འབྱེད་པའི་བློ༷་གྲོས་ཉིན་བྱེད་འོད་ཀྱིས་གདུངས་པ་ལས། །འགྲོ་ལ་རྗེས་ཆགས་ཀུན་བཟ༷ང་ཐུགས་རྗེ་གངས་ཀྱི་རི་བོ་བཞུས་པའི་རྒྱུན། །གཟུགས་སྐུ་དབང་ཕྱུག་ཡན་ལག་བརྒྱད་ལྡན་གྲ༷གས་པ༷འི་རླབས་འཕྲེང་རོལ་བ་ཅན། །སྙིགས་མའི་འགྲོ་བ་དུག་ཅན་ཚོགས་ཀྱི་དག་བྱེད་གཅིག་པུ་དེ་ལ་འདུད། །སྲིད་ཞིའི་འཇིགས་སྒྲོལ་བླ་མ་ལྷག་པའི་ལྷ། །དངོས་གྲུབ་འདོད་པ་འཇོ་བའི་ཡི་དམ་སྟེ། །བར་གཅོད་གཡུལ་ལས་སྐྱོབ་པའི་ཆོས་སྲུང་སོགས། །སྐྱབས་ཀྱི་དམ་པ་མཐའ་དག་གཅིག་གྱུར་པ། །མགོན་པོ་འདི་ཡི་ཐུགས་རྗེ་གྲུ་གཟིངས་ལ། །བརྟེན་ནས་སྲིད་ཞིའི་རྒུད་པའི་རྒྱ་མཚོ་ལས། །བརྒལ་ཏེ་ཟུང་འཇུག་ནོར་བུའི་གྲོང་ཁྱེར་དུ། །འཇུག་པར་རིགས་སོ་བློ་ལྡན་སྐལ་བཟང་ཚོགས། །དེ་ཡང་རང་ཅག་གསེར་མདོག་ཅོད་པན་འཆང་བ་ཀུན་གྱི་ལྷག་པའི་ལྷ་སྐལ་གཅིག་པུར་གྱུར་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་བརྟེན་པའི་ཟབ་ལམ་བླ་མའི་རྣལ་འབྱོར་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་ཟབ་མོ་དགའ་ལྡན་ལྷ་བརྒྱ་མ་ཞེས་རྒྱ་མཚོའི་མཐས་གཏུགས་པར་འཕྲིན་ལས་ཁྱབ་གདལ་དུ་ཆེ་བ་འདི་ཉིད་ཀྱི་གཞུང་བསྲངས་ཏེ་དེའི་ཁོངས་སུ་མདོ་སྔགས་གཉིས་གའི་ཉམས་ལེན་དང་བསག་སྦྱང་གི་གནད་ཆ་ཚང་བར་བྱས་ཏེ་ལག་ཏུ་བླང་བའི་ཚུལ་ནི། བླ་མའི་རྣལ་འབྱོར་འདི་གའི་ལུགས་ལྟར་གྱི་ཞིང་བཀོད་ཐང་ཀའམ། རྗེ་བླ་མའི་སྐུ་བརྙན་བྲིས་འབུར་ཅི་རིགས་


GTD003_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་བཀྲམ། དེའི་མདུན་དུ་གཙང་ཞིང་གྱ་ནོམ་པའི་མཆོད་པ་ཡིད་དུ་འོང་བ་བཤམ། རང་ཉིད་སྟན་བདེ་བ་ལ་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད་དེ་རང་རྒྱུད་ལ་དགེ་བ་དང་མི་དགེ་བའི་ཕྱོགས་གང་ཆེ་བརྟག་ལ། དགེ་བར་སོང་འདུག་ན་རླུང་ནང་དུ་རྔུབ། མི་དགེ་བ་ཤས་ཆེ་ན་རླུང་ཕྱིར་འབུད་པ་དང་མཉམ་དུ་ནག་ཕུང་ངེ་ཕྱིར་ཐོན་པའི་མོས་པ་བྱ། དེ་ནས་སྐྱབས་འགྲོའི་ཡུལ་གྱི་ཚོགས་ཞིང་གསལ་གདབ་པ་ནི། ༈ མདུན་དུ་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་ལས་གྲུབ་ཡངས་པའི་ཁྲི་སྟེང་དུ། །རྒྱབ་ལ་ཉེ་བར་འོད་འབར་ནོར་བུའི་ཁྲི། །སྣ་ཚོགས་པདྨ་ཉི་ཟླའི་གདན་བཅས་སྟེང། །རྩ་བའི་བླ་མ་འཇམ་དཔལ་སྙིང་པོ་དང། །དབྱེར་མེད་ཐུབ་དབང་བཙོ་མའི་གསེར་གྱི་མདོག །གཙུག་ཏོར་མཛེས་ལྡེམ་ས་གནོན་མཉམ་གཞག་མཛད། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །གུར་ཀུམ་མདངས་ལྡན་ཆོས་གོས་རྣམ་གསུམ་གསོལ། །ཉིན་བྱེད་ལས་ལྷག་འོད་ཟེར་ཕྱོགས་བཅུར་འཕྲོ། །མཚན་དང་དཔེ་བྱད་གསལ་ལ་རབ་རྫོགས་པའི། །མཛེས་པའི་སྐུ་ནི་བལྟ་བས་ཆོག་མི་ཤེས། །ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ་ཡི། །སྙན་པའི་གསུང་ནི་ཐོས་པས་ངོམས་པ་མེད། །མཁྱེན་དང་བརྩེ་བའི་གཏེར་དུ་གྱུར་པ་ཡི། །ཟབ་ཡངས་ཐུགས་ནི་གཏིང་མཐའ་གཞལ་ལས་འདས། །ཉེས་


GTD003_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲི་བྲལ་ལེགས་པའི་ཡོན་ཏན་རྫོགས། །དྲན་པ་ཙམ་གྱིས་སྲིད་ཞིའི་གདུང་བ་སེལ། །རབ་འབྱམས་ཞིང་དུ་བཅུ་གཉིས་མཛད་པ་སོགས། །གང་འདུལ་ངོ་མཚར་སྤྲུལ་པ་སྣ་ཚོགས་སྟོན། །དེ་ཡི་གཡས་གཡོན་པདྨ་ཉི་ཟླའི་གདན། །བླ་མ་བརྒྱུད་པའི་གྲངས་སྙེད་ཚར་དུ་དངར། །སྟེང་དུ་གཡས་སུ་རྒྱ་ཆེན་སྤྱོད་རྒྱུད་དང། །གཡོན་དུ་ཟབ་མོ་ལྟ་རྒྱུད་ཚོགས་རྣམས་བཞུགས། །ཐུབ་དབང་མདུན་དུ་གདན་ཁྲི་ཕུན་ཚོགས་སྟེང། །རྩ་བའི་བླ་མ་མཇལ་དུས་རྣམ་པ་ཅན། །ཆོས་འབྲེལ་མནོས་པའི་དངོས་ཀྱི་བླ་མ་རྣམས། །པདྨ་ཉི་ཟླའི་གདན་ལ་བཞུགས་པས་བསྐོར། །ཐུབ་པའི་དབང་པོའི་རྒྱབ་ཀྱི་སྟེང་གི་ཆར། །དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང། །བྱིན་རླབས་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱིས། །བསྐོར་བ་པད་ཉི་ཟླ་བའི་གདན་ལ་བཞུགས། །ཐུབ་དབང་གཙོ་འཁོར་རྣམས་ཀྱི་ཕྱོགས་བཞི་རུ། །གསང་འདུས་འཇིགས་མཛད་དུས་འཁོར་ཧེ་རུ་ཀའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་དང་དེ་དག་མཐར། །ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དང། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །ཞི་ཁྲོ་རབ་འབྱམས་རང་རང་གདན་ལ་བཞུགས། །རྡོ་རྗེ་འཆང་དབང་གཙོ་འཁོར་རྣམས་ཀྱི་མཐར། །འདུལ་མངོན་མདོ་དང་དབང་བཤད་མན་ངག་གི །བརྒྱུད་པའི་བླ་མ་དཔག་ཏུ་མེད་པ་རྣམས། །པད་ཉི་ཟླ་བའི་གདན་ལ་མཛེས་པར་བཞུགས། །དེ་དག་རྣམས་ཀྱི་མདུན་དུ་རང་རང་གིས། །


GTD003_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དམ་ཆོས་འོད་ཀྱི་རང་བཞིན་གྱི། །པོ་ཏིའི་རྣམ་པར་གདན་ཁྲི་བཟང་པོའི་སྟེང། །བཞུགས་པའི་སྐྱབས་ཡུལ་ནམ་མཁའ་གང་བ་རྣམས། །དཔག་ཡས་འོད་ཟེར་སྤྲོ་བསྡུའི་རོལ་པ་ཡིས། །རབ་འབྱམས་ཞིང་དུ་འགྲོ་བའི་དོན་མཛད་ཅིང། །རང་ལ་དགྱེས་པའི་ཉམས་ཀྱིས་བཞུགས་པར་གྱུར། །རང་དང་མཐའ་སྐོར་རིགས་དྲུག་འགྲོ་བ་ཀུན། །ཐོག་མེད་ནས་བཟུང་སྲིད་པའི་རྒྱ་མཚོ་འདིར། །བཟོད་དཀའ་ཡུན་རིང་སྡུག་བསྔལ་གྱིས་མནར་ཡང། །ད་དུང་གཏིང་མཐའ་མངོན་པར་མི་སྣང་བས། །དེ་ཡི་སྐྱབས་ཤིག་ད་ལན་བཙལ་དགོས་ཤིང། །དེ་ཡང་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །བློ་འགེལ་ནུས་ན་ནམ་ཡང་མི་བསླུ་བས། །གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བར་བྱ། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གང་མང་བརྗོད་པའི་མཐར། སྐྱབས་ཡུལ་རྣམས་ལས་བདུད་རྩིའི་རྒྱུན་


GTD003_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ། །བདག་སོགས་ཀུན་གྱི་སྤྱི་བོ་ནས་ཞུགས་པས། །དེ་དག་ལ་བརྟེན་ཉེས་པའི་ཚོགས་བྱང་ཞིང། །བྱིན་རླབས་མ་ལུས་རྒྱུད་ལ་ཞུགས་པར་གྱུར། །ཅེས་ལན་གཅིག །འབྲས་སྐྱབས་སུ་གྱུར་པའི་དཀོན་མཆོག་གསུམ་ལ་གཙོ་བོར་དམིགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་ཐོབ་བྱར་བྱེད་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་དམིགས་རྣམ་གསལ་བཏབ་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ནས། སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གང་མང་བརྗོད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྤྱོད་པ་ཕྱིན་དྲུག་སོགས་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་བསླབ་པར་བྱའོ་སྙམ་པའི་འདུན་པ་ཤུགས་དྲག་པོ་གསལ་གདབ། མདུན་གྱི་བླ་མ་ཐུབ་པའི་དབང་པོ་ལས། །རང་འདྲ་ཆད་དེ་ཐིམ་པས་བདག་ཉིད་ནི། །ཐུབ་དབང་སྐུར་གྱུར་དེ་ཡི་འོད་ཟེར་གྱིས། །འགྲོ་ཀུན་བྱང་ཆུབ་མཆོག་ལ་བཀོད་པར་གྱུར། །ཅེས་སེམས་བསྐྱེད་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམ་པ་ལན་གཅིག་བྱ། ཉེ་རིང་རིས་སུ་མ་ཆད་མ་རྒན་རྣམས། །སྡུག་བསྔལ་རྒྱུ་བཅས་ལས་གྲོལ་བདེ་ཐོབ་ཅིང། །ཟག་མེད་དགའ་བས་རོལ་ན་ཅི་མ་རུང། །དེ་བཞིན་གྱུར་ཅིག་དེ་ལྟར་བདག་གིས་བྱ། །དེ་བསྒྲུབ་ནུས་པར་བླ་མ་ལྷག་པའི་ལྷས། །བྱིན་གྱིས་རློབས་ཞེས་གསོལ་བ་བཏབ་པ་ན། །བྱིན་རླབས་བདུད་རྩིའི་རྒྱུན་གྱི་ཆར་བབས་པས། །འགྲོ་ཀུན་ཚད་མེད་བཞི་ལ་གནས་པར་གྱུར། །ཅེས་ཚད་མེད་བཞི་བསྒོམ་པ་ལན་གསུམ་སོགས་བྱ། ནམ་མཁའི་དབྱིངས་སུ་སྤྲིན་ཕུང་ཞི་བ་བཞིན། །ཚོགས་ཞིང་མཐའ་དག་ཐུབ་པའི་དབང་པོ་ལ། །བསྡུས་ཏེ་དེ་


GTD003_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རང་གི་སྨིན་མཚམས་ནས། །ཐིམ་པར་བྱིན་རླབས་མ་ལུས་ཐོབ་པར་གྱུར། །ཅེས་ཚོགས་ཞིང་བསྡུ། ནམ་མཁའི་མཐས་གཏུགས་སེམས་ཅན་ཀུན་དོན་དུ། །བདེ་ཆེན་དང་པོའི་མགོན་པོ་བླ་མ་ལྷའི། །གོ་འཕང་མྱུར་བ་མྱུར་བར་ཐོབ་བྱའི་ཕྱིར། །ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པར་བྱ། །ཞེས་ཁྱད་པར་གྱི་སེམས་བསྐྱེད་ལན་གང་མང་བྱ། འོག་ནས་འབྱུང་བ་བཞིན་སྔགས་ཀྱི་ཉམས་ལེན་དང་འབྲེལ་བར་བྱེད་པ་ལ་རང་ལྷའི་ང་རྒྱལ་ལ་གནས་ཤིང་དེའི་སྒོ་ནས་མཆོད་པ་སོགས་བྱིན་གྱིས་རློབ་པར་བྱེད་དགོས་པས་འདི་ལྟར། རང་བཞིན་རྣམ་དག་སྤྲོས་བྲལ་ཆོས་དབྱིངས་ལས། །རང་ཉིད་རྡོ་རྗེ་འཇིགས་བྱེད་སྐུར་བཞེངས་པའི། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གི །འོད་ཀྱི་སྣོད་བཅུད་མཆོད་རྫས་དང་བཅས་པའི། །མ་དག་འཁྲུལ་སྣང་ཉེས་པ་ཀུན་སྦྱངས་ནས། །དག་པའི་རྟེན་དང་བརྟེན་པར་ལེགས་འཆར་ཞིང། །མཆོད་རྫས་མཐའ་དག་ཁྱད་པར་གསུམ་ལྡན་གྱི། །ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོར་གྱུར། །ཅེས་མཆོད་པ་བྱིན་གྱིས་བརླབ། དེ་ནས་ཚོགས་ཞིང་གསལ་གདབ་པ་ནི། མདུན་དུ་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་ལས་གྲུབ་ཡངས་པའི་ཁྲི་སྟེང་དུ། །རྒྱབ་ལ་ཉེ་བར་འོད་འབར་ནོར་བུའི་ཁྲི། །སྣ་ཚོགས་པདྨ་ཉི་ཟླའི་གདན་དང་བཅས། །གསུམ་གྱི་དབུས་མ་ཅུང་ཟད་མཐོ་བའི་སྟེང། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །ཕྱག་གཉིས་ཆོས་འཁོར་ཕྱག་རྒྱས་ཨུཏྤ་ལ། །


GTD003_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པའི་གཡས་ན་ཤེས་རབ་རལ་གྲི་དང། །གཡོན་པའི་སྟེང་དུ་ཤེར་ཕྱིན་གླེགས་བམ་བསྣམས། །གུར་ཀུམ་མདངས་ལྡན་ཆོས་གོས་གསུམ་གསོལ་ཞིང། །བཙོ་མའི་གསེར་མདོག་པཎ་ཞྭས་དབུ་ལ་མཛེས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །གཡས་སུ་སྲས་མཆོག་དར་མ་རིན་ཆེན་དང། །གཡོན་ན་སྨྲ་བའི་ཉི་མ་དགེ་ལེགས་དཔལ། །ཆོས་གོས་གསུམ་གསོལ་པཎ་ཞྭས་གཙུག་མཛེས་ཤིང། །ཆོས་འཆད་མཉམ་གཞག་ཕྱག་རྒྱས་གླེགས་བམ་བསྣམས། །ཡབ་སྲས་གསུམ་ཆར་མཚན་དཔེའི་དཔལ་རྫོགས་པས། །མཛེས་པའི་སྐུ་ནི་བལྟ་བས་ཆོག་མི་ཤེས། །ཞེས་པ་ནས། གཞན་རྣམས་གོང་ལྟར་ལ། ཡབ་རྗེའི་མདུན་དུ་གདན་ཁྲི་ཕུན་ཚོགས་སྟེང། །ཞེས་པ་དང། འཇམ་མགོན་བླ་མའི་རྒྱབ་ཀྱི་སྟེང་གི་ཆར། །ཞེས་པ་དང། འཇམ་མགོན་འཁོར་བཅས་རྣམས་ཀྱི་ཕྱོགས་བཞི་རུ། །ཞེས་པ་རྣམས་ཚིག་བསྒྱུར་དགོས། དེ་ནས། རབ་འབྱམས་ཞིང་དུ་འགྲོ་བའི་དོན་མཛད་ཅིང། །རང་ལ་དགྱེས་པའི་ཉམས་ཀྱིས་བཞུགས་པར་གྱུར། །དེ་དག་རྣམས་ཀྱི་གནས་ལྔར་ཡི་གེ་ལྔས། །ལེགས་མཚན་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་དང། །ཁྱད་པར་སྟེང་ཕྱོགས་དགའ་ལྡན་ལྷ་གནས་ལས། །གྲོང་དང་དགོན་པའི་ཚུལ་དུ་བྱས་པ་ཡི། །ཞིང་མཆོག་དམ་པ་ཡིད་དགའ་ཆོས་འཛིན་ཞེས། །མ་ཕམ་མགོན་པོའི་ཐུགས་བསྐྱེད་ལས་གྲུབ་པ། །སྲིད་


GTD003_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡུག་བསྔལ་མིང་ཡང་མི་གྲགས་ཤིང། །དག་པའི་ཞིང་གི་སྣོད་བཅུད་འབྱོར་བའི་དཔལ། །མ་ཚང་མེད་པར་ལྷུན་གྱིས་གྲུབ་པའི་དབུས། །ཉི་མ་སྟོང་ཕྲག་འོད་ཀྱི་གདེངས་ཀ་ཅན། །ཆོས་ཀྱི་ཕོ་བྲང་རྒྱལ་མཚན་མཐོན་པོ་རུ། །རྒྱལ་སྲས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་དབུས། །མི་འཇིགས་གདོང་ལྔས་བཏེག་པའི་ནོར་བུའི་ཁྲིར། །བཟང་པོའི་བཞུགས་སྟངས་ཚུལ་གྱིས་འཁོད་པ་ཡི། །དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང། །ཐུགས་རྗེས་ཚད་མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་འཕྲིན་ལས་རྒྱས་མཛད་པ། །དུས་གསུམ་བླ་མ་འཁོར་བཅས་གནས་འདིར་གཤེགས། །ཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་སོ་སོ་ལ་ཐིམ་པར་གྱུར། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང། །རྗེ་བཙུན་བླ་མ་དགྱེས་པའི་འཛུན་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །རྒྱལ་བའི་དབང་པོ་བློ་བཟང་གྲགས་པའི་དཔལ། །བཀའ་དྲིན་མཉམ་མེད་ཡོངས་འཛིན་རིན་པོ་ཆེ། །དབྱེར་མེད་ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །


GTD003_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ། །ཁྱོད་ཀྱི་ངོ་མཚར་སྤྲུལ་པའི་ཟློས་གར་ལས། །བྱུང་བའི་དངོས་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་ཉན་རང་སྲུང་མར་བཅས། །ཞི་ཁྲོ་རབ་འབྱམས་རྣམས་ལ་ཕྱག་འཚལ་ལོ། །ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །རྣམ་དཀར་བཤད་སྒྲུབ་བསླབ་གསུམ་རིམ་གཉིས་སོགས། །རང་གཞན་ཀུན་གྱི་རྣམ་དཀར་དགེ་ཚོགས་ཀྱང། །ཡིད་འོང་མཆོད་པའི་སྤྲིན་དུ་ལེགས་བསྟར་ན། །བཞེས་ཤིང་ཟད་མི་ཤེས་པར་བྱིན་གྱིས་རློབས། །རིགས་ལྔ་ཡུམ་བཞིའི་རང་བཞིན་དམ་རྫས་རྣམས། །རྡོ་རྗེ་གསུམ་གྱི་འོད་ཟེར་སྤྲོ་བསྡུ་ཡིས། །སྦྱངས་རྟོགས་སྦར་བྱས་བདུད་རྩིའི་རྒྱ་མཚོ་ཆེས། །མཆོག་ཏུ་སིམ་ཞིང་དགྱེས་པ་བསྐྱེད་གྱུར་ཅིག །ཞིང་སྔགས་ལྷན་སྐྱེས་ཕྱག་རྒྱའི་ཚོགས་སྤྲོས་ཏེ། །རྡོ་རྗེ་འཆང་དབང་ཡུམ་ལ་ཐིམ་པ་ན། །དེ་དང་སྙོམས་འཇུག་དགའ་བའི་རོལ་བ་ཡིས། །འཁོར་བཅས་ཟག་མེད་དགའ་བས་ཚིམ་གྱུར་


GTD003_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཆོས་ཀུན་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང། །གཟུགས་སྐུའི་འཇའ་ཚོན་ཅིར་ཡང་འཆར་བཟོད་པ། །སྐུ་ཐུགས་ཟུང་འཇུག་ལྷན་སྐྱེས་བདེ་བ་ཆེ། །བྱང་ཆུབ་རྡོ་རྗེའི་མཆོད་པས་དགྱེས་པར་མཛོད། །མདོར་ན་ཕྱི་ནང་ཉེར་སྤྱོད་འདོད་ཡོན་དང། །དབང་བཞི་དང་འབྲེལ་མཆོད་པའི་མཎྜ་ལ། །བློ་ཡིས་བླངས་ཏེ་གུས་པས་འབུལ་ལགས་ན། །ཐུགས་རྗེ་ཆེ་ལྡན་ཉིད་ཀྱི་མཐུས་བཞེས་ཤིག །རབ་རྨོངས་བདག་སོགས་འགྲོ་དྲུག་སེམས་ཅན་རྣམས། །རིང་ནས་གདུལ་དཀའ་སེམས་ཀྱིས་དབང་བསྒྱུར་ཞིང། །སེམས་ཉིད་རྨོངས་པས་བྲན་དུ་བཟུང་བའི་མཐུས། །དཔག་ཡས་སྒོ་གསུམ་སྡིག་པ་ཅི་བགྱིས་པ། །གནོང་ཞིང་འགྱོད་པ་དྲག་པོས་མཐོལ་བགྱིད་ན། །བཅོམ་ལྡན་ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །བྱིན་རླབས་མི་ཟད་བདུད་རྩིའི་ཆུ་རྒྱུན་གྱིས། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །ཞེས་ཐུགས་རྗེ་བསྐུལ་བའི་དམིགས་པ་དང་བཅས་ལྟུང་བཤགས་དང་བླ་མ་རྡོར་འཛིན་མ། མཇུག་ཏུ། གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། །ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །ཞེས་པ་ལན་གསུམ་སོགས་བྱ། དེ་ནས། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། །རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །ཆོས་


GTD003_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ། །ལྷུན་འགྲུབ་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །ཞིང་ཁམས་འབུལ་བར་ཞུ། ཨོཾ་བཛྲ་བྷུ་མི་ཨཱཿ ཧཱུཾ། ཞེས་པ་ནས། ཞིང་ཁམས་རྣམ་པར་དག་པ་འདི་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཡབ་སྲས་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཉན་རང་ཆོས་སྐྱོང་སྲུང་མ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ས་གཞི་སྤོས་ཀྱིས་སོགས་དང། བདག་གཞན་ལུས་ངག་མ་སོགས་བརྗོད་དེ། རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག །༝༝གསལ་མཛད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །སྒྲུབ་པ་པོ་ལ་བུ་ལྟར་གཟིགས་མཛད་ཅིང། །༝༝ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །རླབས་ཆེན་ཚོགས་གཉིས་སྤྱོད་པ་ཡོངས་རྫོགས་ཤིང། །ཉེས་ཀུན་བག་ཆགས་བཅས་པ་དྲུངས་ཕྱུང་སྟེ། །མཁའ་མཉམ་འགྲོ་བ་ཀུན་གྱི་དོན་མཛད་པ། །རྒྱལ་བ་སྲས་བཅས་ཀུན་ལ་གསོལ་བ་འདེབས། །བཤེས་ལ་མི་གུས་དལ་འབྱོར་ཆུད་གཟོན་ཞིང། །འཆི་བ་མི་དྲན་ཚེ་འདིའི་བདེ་ཐབས་བསྒྲུབ། །ངན་འགྲོར་མི་


GTD003_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་རྣམ་དག་སྐྱབས་མི་འཚོལ། །ལས་འབྲས་མི་སེམས་བླང་དོར་ལོག་པར་བསྒྲུབ། །འཁོར་བ་བདེར་འཛིན་དེ་རྒྱུ་ལས་ཉོན་སྤེལ། །ཐར་པར་མི་སྤྲོ་བསླབ་གསུམ་བསྟེན་མི་བྱེད། །མ་རྣམས་ཡལ་བོར་རང་ཉིད་གཅེས་པར་འཛིན། །བདག་ཏུ་མངོན་ཞེན་སྔགས་ལ་མི་མོས་སོགས། །ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་རྣམས། །མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། །བཤེས་ལ་དད་གུས་དལ་འབྱོར་སྙིང་པོ་ལེན། །འཆི་བ་རྗེས་དྲན་ཚེ་འདིའི་འདུན་མ་བསྐྱུངས། །ངན་འགྲོའི་འཇིགས་དྲན་དཀོན་མཆོག་སྐྱབས་སུ་འཛིན། །ལས་འབྲས་བསམས་ནས་བླང་དོར་ཚུལ་བཞིན་བསྒྲུབ། །འཁོར་བའི་སྐྱོན་མཐོང་ལས་ཉོན་སྤོང་བར་འདོད། །ཐར་པ་དོན་གཉེར་རྣམ་དག་བསླབ་གསུམ་བསྟེན། །མ་རྣམས་གཅེས་འཛིན་རང་ཉིད་ཡལ་བར་དོར། །བདག་མེད་དོན་མཐོང་སྔགས་ལ་མོས་པ་སོགས། །ཕྱིན་ཅི་མ་ལོག་བློ་སྣ་མཐའ་དག་རྣམས། །མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཁྱད་པར་བྱམས་དང་སྙིང་རྗེ་སེམས་བསྐྱེད་དང། །ཕྱིན་དྲུག་ལ་སོགས་རྒྱ་ཆེན་སྤྱོད་པའི་ལམ། །སྙིང་པོ་ལམ་དུས་ཀུན་རྫོབ་སྒྱུ་མའི་ལུས། །ཡང་སྙིང་འབྲས་བུའི་དུས་ཀྱི་རྡོ་རྗེའི་སྐུ། །བདག་མེད་གནས་ལུགས་ཇི་བཞིན་མཐོང་བ་ཡི། །ཞི་ལྷག་གཉིས་སོགས་ཟབ་མོ་ལྟ་བའི་ལམ། །སྙིང་པོ་དཔེ་དང་དོན་གྱི་འོད་གསལ་གཉིས། །ཡང་སྙིང་བདེ་སྟོང་དབྱེར་མེད་ཆོས་སྐུ་སྟེ། །ཟབ་དང་རྒྱ་


GTD003_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་ལམ་བཟང་སྙིང་པོར་བཅས། །མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །འཇམ་དབྱངས་བླ་མའི་ཐུགས་ཀའི་ཧཱུཾ་ཡིག་ལས། །འོད་འཕྲོས་རྒྱབ་ཀྱི་རྡོ་རྗེ་འཆང་ལ་ཕོག །དེ་ཡི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །ཚོགས་ཞིང་གཞན་རྣམས་བསྡུས་ནས་དེར་ཐིམ་ཞིང། །དེ་ཉིད་ཡབ་རྗེའི་སྤྱི་བོ་ནས་ཞུགས་ཏེ། །ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པར་གྱུར། །དེ་ཉིད་ལ་སླར་ཡང། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་འཁོར་མ་ལུས་བསྐོར་དུ་གསོལ། །བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བདུན་པ་མདོར་བསྡུས་དང། ས་གཞི་མས་མཎྜལ་ཕུལ། སྐུ་བཞིའི་བདག་ཉིད་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྒྲིབ་བྲལ་ཆོས་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་༝། །བདེ་ཆེན་ལོངས་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་༝། །སྣ་ཚོགས་སྤྲུལ་སྐུའི་བདག་ཉིད་བླ་མ་ལྷ། །ཐུབ་དབང་༝། །བླ་མ་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་༝། །ཡི་དམ་ཀུན་འདུས་༝། །ཐུབ་དབང་༝། སངས་རྒྱས་ཀུན་འདུས་༝། །ཐུབ་དབང་༝། །དམ་ཆོས་ཀུན་འདུས་༝། །ཐུབ་དབང་༝། །


GTD003_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ཀུན་འདུས་༝། །ཐུབ་དབང་༝། །མཁའ་འགྲོ་ཀུན་འདུས་༝། །ཐུབ་དབང་༝། །ཆོས་སྐྱོང་ཀུན་འདུས་༝། །ཐུབ་དབང་༝། །སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཁྱད་པར་རྒྱལ་སྲས་ཀུན་ལས་རིགས་གསུམ་མགོན། །མཁྱེན་བརྩེ་ནུས་པས་ཁྱད་པར་འཕགས་པ་བཞིན། །གངས་ཅན་མཁས་ཀུན་གཙུག་གི་རྒྱན་གྱུར་པ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁྱེན་བརྩེའི་གཏེར་དང་མཐུ་ཆེན་ཐོབ་བཞིན་དུ། །མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་དང། །སྐྱོབ་པའི་ནུས་མཐུ་མཚུངས་ཟླ་མ་མཆིས་པ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །ངེས་པའི་དོན་དུ་འཕགས་པ་རིགས་གསུམ་མགོན། །ངུར་སྨྲིག་འཆང་བའི་སྐུ་ཡི་རྣམ་རོལ་ཏེ། །རྒྱལ་བའི་བསྟན་པ་ཉི་ལྟར་གསལ་མཛད་པ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །མར་གྱུར་འགྲོ་ལ་རྗེས་ཆགས་སྙིང་རྗེ་དང། །མཐའ་བྲལ་གནས་ལུགས་རྟོགས་པའི་ཤེས་རབ་མཆོག །ཕྱི་ནང་བདུད་སྡེ་འཇོམས་པའི་ནུས་པ་རྣམས། །བདག་སོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ཕྱི་ནང་གསང་བའི་ཡོན་ཏན་དྲན་པར་བྱས་ཏེ་དམིགས་བརྩེ་མ་ཡོངས་གྲགས་ལྟར་རམ། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །འཇམ་དཔལ་ཁྲོས་


GTD003_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟློས་གར་གཤིན་རྗེའི་གཤེད། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་སོགས་ལྟར་གྱི་ལྔ་སྐོར་དྲུག་སྐོར་སོགས་བྱ། འཇམ་མགོན་ཡབ་སྲས་གསུམ་གྱི་ཐུགས་ཀ་ནས། །ཐོན་པའི་འོད་ཀྱི་སྦུ་གུའི་ལམ་བརྒྱུད་དེ། །བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས་པས། །མི་ཤེས་རྨོངས་པའི་དྲི་མ་སྦྱངས་པར་གྱུར། །ཞེས་མ་དག་པ་འཁྲུད་པའི་དམིགས་པ་སྔོན་དུ་བཏང་ལ། བདུད་རྩིའི་རྡུལ་རྣམས་འཇམ་དཔལ་ཞི་ཁྲོ་ཡི། །སྐུ་ཡི་རྣམ་པར་གནས་པས་ལུས་གང་སྟེ། །རབ་འབྱམས་གཞུང་དོན་འབྱེད་ལ་ཐོགས་མེད་པའི། །རླབས་ཆེན་ཤེས་རབ་ཐོབ་པར་བྱིན་གྱིས་རློབས། །བདུད་རྩིའི་རྡུལ་རྣམས་༝། །སྔགས་ཀྱི་རྣམ་པར་གནས་བས་ལུས་གང་སྟེ། །དཀའ་གནད་ཕྲ་ཞིབ་མ་འདྲེས་འབྱེད་པ་ཡི། །ཤེས་རབ་གསལ་བ་ཐོབ་པར་བྱིན་༝། །བདུད་རྩིའི་རྡུལ་རྣམས་༝། །ས་བོན་རྣམ་པར་གནས་པས་ལུས་གང་སྟེ། །ཐེ་ཚོམ་འཆིང་བ་འཕྲལ་དུ་གཅོད་པ་ཡི། །ཤེས་རབ་མྱུར་བ་ཐོབ་པར་༝། །བདུད་རྩིའི་རྡུལ་རྣམས་༝། །ཕྱག་མཚན་རྣམ་པར་གནས་པས་ལུས་གང་སྟེ། །ཟབ་མོའི་དོན་གྱི་གཏིང་མཐའ་དཔོག་པ་ཡི། །ཤེས་རབ་ཟབ་མོ་ཐོབ་པར་༝། །བདུད་རྩིའི་རྡུལ་རྣམས་གང་ཞིག་བཤད་བྱ་ཡི། །གླེགས་བམ་རྣམ་པར་གནས་པས་ལུས་གང་སྟེ། །ཚིག་དོན་ཀུན་ལ་ངེས་པ་མཆོག་སྟེར་བ། །འཆད་པའི་ཤེས་རབ་ཐོབ་པར་༝། །བདུད་རྩིའི་རྡུལ་རྣམས་ཤེས་རབ་རལ་གྲི་ཡི། །


GTD003_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་རྣམ་པར་གནས་པས་ལུས་གང་སྟེ། །སྨྲ་ངན་ཚོགས་ཀྱི་སྤོབས་པ་འཕྲོག་པ་ཡི། །རྩོད་པའི་ཤེས་རབ་༝། །བདུད་རྩིའི་རྡུལ་རྣམས་གཞུང་གི་གླེགས་བམ་དང། །རལ་གྲིའི་རྣམ་པར་གནས་པས་ལུས་གང་སྟེ། །སྒྲ་དོན་ཕུན་ཚོགས་བློ་གསལ་དགའ་སྐྱེད་པའི། །རྩོམ་པའི་ཤེས་རབ་ཐོབ་པར་བྱིན་གྱིས་རློབས། །ཞེས་དམིགས་སྐོར་བདུན་པོ་རེ་རེའི་མཚམས་སུ་དམིགས་བརྩེ་མ་གྲངས་ཇི་ལྟར་འཚམ་པ་རེ་བཟླས་ཏེ། ཡང་མ་དག་པ་འཁྲུད་པའི་དམིགས་པ་དང་སྦྲགས་ནས་རྗེས་མ་རྗེས་མ་བྱེད་པའམ། ཡང་ན་མ་དག་པ་འཁྲུད་པ་ཚར་གཅིག་གི་མཇུག་ཏུ་དམིགས་སྐོར་བདུན་གྱི་ཚིགས་བཅད་རྣམས་དཀྱུས་གཅིག་ལ་བརྗོད་དེ་དམིགས་བརྩེ་མ་བཟླ་བ་གང་མོས་བྱ། དེ་ནས། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཞེས་སོགས་ཀྱིས་ལམ་ཡོངས་རྫོགས་ལ་གཤར་སྒོམ་བྱ་ཞིང། རྐང་པ་ཐ་མ་ལན་གཉིས་གཉིས་སུ་བརྗོད་པས་དང་པོའི་ཚེ་དེ་དང་དེའི་རྟོགས་པ་སྐྱེ་བ་ལ་གེགས་བྱེད་ཀྱི་དྲི་མ་སྦྱངས་པ་དང། གཉིས་པའི་ཚེ་དེ་དང་དེའི་རྟོགས་པ་སྐྱེས་པའི་དམིགས་པ་བྱ། བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །ཞེས་པའི་འཕྲོར། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་ཀྱིས་སྡོམ་པ་བཟུང་ལ། དེ་ནས། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །༝༝༝བར་གཅོད་སྲུངས། །ཞེས་པ་ལན་གསུམ་གྱིས་ཕུར་ཚུགས་སུ་གསོལ་བ་བཏབ་པས། རྗེ་ཡབ་སྲས་གསུམ་ཀ་དང་ཁྱད་པར་དུ་རྗེ་བླ་མའི་ཐུགས་ཀའི་རྡོ་རྗེ་འཆང་གི་གནས་གསུམ་ལས་བདུད་རྩིའི་རྒྱུན་བབས་པ་རང་གི་གནས་རྣམས་སུ་ཐིམ་པས་དབང་བཞིའི་རྟོགས་པ་སྐྱེས་པར་བསམས་ལ། རྗེ་བཙུན་བླ་མ་རྡོ་རྗེ་འཆང་དབང་གི །སྤྱི་


GTD003_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཨོཾ་ལས་བདུད་རྩིའི་རྒྱུན་བབས་པས། །ལུས་ཀྱི་སྒྲིབ་སྦྱངས་བསྐྱེད་རིམ་བསྒོམ་པ་དང། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཐོབ། །མགྲིན་པའི་ཨཱཿ ཡིག་ལས་བྱུང་བདུད་རྩིའི་ཆུས། །ངག་གི་སྒྲིབ་སྦྱངས་སྒྱུ་ལུས་བསྒོམ་པ་དང། །འབྲས་བུ་ལོངས་སྐུ་འགྲུབ་པའི་ནུས་པ་ཐོབ། །ཐུགས་ཀའི་ཧཱུཾ་ཡིག་འོད་དང་བདུད་རྩིའི་ཆུས། །ཡིད་ཀྱི་སྒྲིབ་སྦྱངས་འོད་གསལ་བསྒོམ་པ་དང། །འབྲས་བུ་ཆོས་སྐུ་འགྲུབ་པའི་ནུས་པ་བཞག །སླར་ཡང་གནས་གསུམ་ལས་བྱུང་བདུད་རྩིའི་ཆུས། །སྒོ་གསུམ་སྒྲིབ་སྦྱངས་ཟུང་འཇུག་བསྒོམ་པ་དང། །རྡོ་རྗེ་འཆང་དབང་གོ་འཕང་འགྲུབ་པ་ཡི། །ནུས་པ་བཞག་སྟེ་དབང་བཞི་ཐོབ་པར་གྱུར། །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །ཞེས་པ་ནས། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་གདུང་ཤུགས་དྲག་པོས་རྩེ་གཅིག་ཏུ། །གསོལ་བ་བཏབ་པས་སྲས་ཀྱི་ཐུ་བོ་གཉིས། །རྗེ་ལ་ཐིམ་ཞིང་དེ་ཉིད་ཚུར་བྱོན་ཏེ། །རང་ལུས་དབུས་ཀྱི་དྷཱུ་ཏཱིའི་སྟོད་ཡངས་པའི། །ཡར་སྣ་ཐལ་གྱིས་ཕྱེ་བའི་ནང་ནས་ཞུགས། །སྙིང་གའི་པདྨའི་དབུས་སུ་རང་སེམས་དང། །དབྱེར་མེད་ཚུལ་གྱིས་བརྟན་པར་བཞུགས་པར་གྱུར། །དཔལ་ལྡན་རྩ་བའི་བླ་མ་ཞེས་སོགས་དང། དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སྐད་ཅིག་ཙམ་ཡང་འབྲལ་མེད་རྗེས་བཟུང་སྟེ། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་བཀག་ནས། །ཡང་དག་ལམ་བཟང་སྐྱེ་བར་བྱིན་གྱིས་རློབས། །འདི་སྣང་


GTD003_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

འགག་ཚེ་དགའ་ལྡན་ཞིང་མཆོག་ཏུ། །མ་ཕམ་མགོན་དང་འཇམ་དཔལ་སྙིང་པོ་སོགས། །ཡབ་སྲས་ཀུན་གྱིས་དགྱེས་བཞིན་རྗེས་བཟུང་སྟེ། །ལམ་བཟང་དགའ་སྟོན་མྱོང་བར་བྱིན་གྱིས་རློབས། །མགོན་ཁྱོད་རྨད་བྱུང་བཀོད་པའི་ཞིང་ཁམས་སུ། །སེང་གེའི་ང་རོར་འཚང་རྒྱའི་ཚུལ་བསྟན་ཚེ། །འཁོར་དུ་སྐྱེས་ནས་ཟབ་མོའི་ལྟ་བ་དང། །གསང་ཆེན་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །མདོར་ན་དུས་དང་གནས་སྐབས་གང་དུ་ཡང། །བླ་མ་ཡི་དམ་དཀོན་མཆོག་གསུམ་གྱི་དངོས། །འདྲེན་པ་ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། །འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་དགྱེས་བཞིན་དུ། །སྙིང་དབུས་བཞུགས་ཤིང་དེ་ཡི་འདབ་མ་རྣམས། །ཟུམ་པའི་ཕྱི་ནང་སྔགས་ཀྱིས་བསྡམས་པའི་རྩེར། །མི་ཕྱེད་རྡོ་རྗེའི་རྒྱ་ཡིས་མཚན་པར་གྱུར། །དུས་གསུམ་དགེ་ཚོགས་གཅིག་ཏུ་བསྡོམས་པའི་མཐུས། །སྐྱེ་ཞིང་སྐྱེ་བར་འཇམ་མགོན་བླ་མ་དང། །འབྲལ་མེད་བསམ་དང་སྦྱོར་བས་ལེགས་བསྟེན་ནས། །བདེ་ཆེན་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག། །ཐུན་མཚམས་རྣམས་སུ་ཡང་སྙིང་གར་རྗེ་བླ་མ་བཞུགས་ཡོད་སྙམ་པའི་མོས་པ་བྱས་ཏེ་ཟས་གོས་གནས་མལ་སོགས་ལ་ལོངས་སྤྱོད་པ་ན་སྙིང་གའི་རྗེ་བླ་མ་ལ་ཕུལ་བའི་དམིགས་པ་བྱས་པས་དཀོར་སྒྲིབ་སྦྱོང་ཞིང་ཚོགས་རླབས་པོ་ཆེ་ཞར་བྱུང་དུ་རྫོགས་པར་འགྱུར་བ་དང། སྒོ་གསུམ་གྱི་སྤྱོད་པ་གང་ལའང་དེ་ཉིད་དཔང་པོའི་ཚུལ་དུ་བཞུགས་པར་བསམས་པས་ཉེས་སྤྱོད་ལས་


GTD003_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ཅིང་དགེ་ཚོགས་འཕེལ་བ་དང་ལྷ་རྗེས་སུ་དྲན་པའི་རྣལ་འབྱོར་མཆོག་ཏུ་འགྱུར་ལ། ཚེ་རབས་ཐམས་ཅད་དུ་རྗེ་བླ་མ་དང་མི་འབྲལ་ཞིང་གསང་སྔགས་ཟབ་མོའི་སྨིན་བྱེད་དུ་འགྱུར་བའི་གནད་ཁྱད་པར་ཅན་ཡོད་དོ། །ཐུན་རྗེས་མ་རྣམས་ཀྱི་ཚེའང་དགའ་ལྡན་ནས་སྤྱན་འདྲེན་པ་སོགས་སྔར་དང་འདྲ་ལ། དཔལ་ལྡན་རྩ་བའི་བླ་མ་ཞེས་སོགས་ཀྱི་སྐབས་སྙིང་པདྨ་བུམ་སྐུའི་རྣམ་པ་དེ་ཉིད་ཅུང་ཟད་ཁ་ཕྱེ་བའི་མཚམས་ནས་མར༌ཕབས་ཏེ་སྔར་བཞུགས་པའི་རྗེ་བླ་མ་དེ་ཉིད་ལ་བསྟིམ་པའི་དམིགས་པ་བྱས་ལ། སླར་ཡང་སྔགས་འཕྲེང་གིས་བསྡམས་པ་སོགས་གོང་བཞིན་བྱས་པས་བྱིན་རླབས་བརྟན་པ་སོགས་དགོས་པ་ཤིན་ཏུ་ཆེའོ། །སྨྲས་པ། མིང་ཙམ་ལྷག་མར་གྱུར་པ་ཐུབ་པའི་བསྟན། །ཉི་ལྟར་གསལ་མཛད་འཇམ་དཔལ་སྙིང་པོ་ཞེས། །སྙན་པ་འཇིག་རྟེན་གསུམ་ན་གྲགས་པ་ཡི། །མགོན་དེ་མ་ཕམ་རྒྱལ་བའི་དྲུང་ན་བཞུགས། །དེ་ཡིས་ལེགས་གསུངས་བསྟན་པའི་སྙིང་པོ་ལ། །མོས་པའི་བློ་ཅན་ཡབ་རྗེའི་མདུན་ས་རུ། །བསྙེགས་འདོད་དེ་དག་ནོར་བུའི་ཐེམ་སྐས་འདིར། །དད་བརྩོན་ཟུང་འབྲེལ་གོམ་པ་འདོར་བར་རིགས། །ཚུལ་འདིར་འབད་ལས་ཐོབ་པའི་རྣམ་དཀར་མཐུས། །མ་ནོར་བསྟན་པའི་སྙིང་པོ་དར་བ་དང། །ཟོག་གིས་མ་བསླད་བསྟན་འཛིན་གཙང་མ་ཡིས། །བསྟན་པའི་བྱ་བ་གེགས་མེད་མཐར་ཕྱིན་ཤོག། །ཅེས་དགའ་ལྡན་ལྷ་བརྒྱ་མར་གྲགས་པའི་བླ་མའི་རྣལ་འབྱོར་གྱི་གཞུང་བསྲངས་ཏེ་མདོ་སྔགས་ཆ་ཚང་བར་ཉམས་སུ་ལེན་པའི་ཚུལ་དགའ་ལྡན་ཞིང་དུ་བགྲོད་པའི་ནོར་བུའི་ཐེམ་སྐས་ཞེས་བྱ་བ་འདི་ནི་ཕུལ་དུ་བྱུང་བའི་ལྷག་བསམ་རྣམ་དཔྱོད་དང་ལྡན་པ་ཏཱ་བླ་མ་རབ་འབྱམས་པ་ཀུན་དགའ་རྣམ་རྒྱལ་དང། ཆོས་ཚུལ་འབྱེད་པའི་བློ་མིག་མཆོག་ཏུ་ཡངས་པ་ཀུ་ཤྲཱི་


GTD003_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རབ་བརྟན་གཉིས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་བིཀྵུ་རཏྣ་ཨཱ་ནནྟའོ།། །།


previousདགའ་ལྡན་ལྷ་བརྒྱ་མའི་གཞུང་བསྲངས་ཏེ་མདོ་སྔགས་ཉམས་སུ་ལེན་ཚུལ།next