Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་བྱམས་མགོན་ལ་བརྟེན་པའི་འཕོ་བའི་རྣམ་བཞག
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་བྱམས་མགོན་ལ་བརྟེན་པའི་འཕོ་བའི་རྣམ་བཞགnext

རྗེ་བཙུན་བྱམས་མགོན་ལ་བརྟེན་པའི་འཕོ་བའི་རྣམ་བཞག


GTD003_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བྱམས་པ་མགོན་པོ་ལ་བརྟེན་པའི་འཕོ་བའི་རྣམ་པར་བཞག་པ་དགའ་ལྡན་ཞིང་དུ་བགྲོད་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། །


GTD003_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཻ་ཏྲི་ཡེ། རིང་ནས་གོམས་པའི་ཐུགས་རྗེའི་ཕྱག་བརྐྱང་སྟེ། །སྲིད་མཚོ་ཉམ་ངའི་གཡང་དུ་ལྷུང་བ་རྣམས། །ཕན་བདེ་པདྨའི་དགའ་ཚལ་ལ་འགོད་པ། །མི་ཕམ་མགོན་གྱིས་བདག་སོགས་འགྲོ་འདི་སྐྱོངས། །དེའང་རྗེ་བཙུན་བྱམས་མགོན་ལ་བརྟེན་པའི་འཕོ་བའི་གདམས་པ་འཆད་པ་ལ། སྤྱིར་འཕོ་བའི་མན་ངག་ཉམས་སུ་ལེན་ཚུལ་ཚིག་ཟིན་ལ་གསལ་བར་བཤད་པ་ནི་ཁ་སྦྱོར་སོགས་མ་རྒྱུད་ཀྱི་སྐོར་ཤས་ཆེ་ལ། འོན་ཀྱང་ཕ་རྒྱུད་གསང་བ་འདུས་པའི་བསྲེ་འཕོའི་གནད་རྣམས་ཀྱང་འདི་དག་དང་དོན་མཐུན་ཞིང། ཁྱད་པར་འཕོ་བའི་གདམས་པ་མཐར་ཐུག་པ་སེམས་དབེན་སྒྲུབ་ཚུལ་གྱི་གཞུང་རྣམས་ཡིན་པར་མཁས་གྲུབ་ཐམས་ཅད་མཁྱེན་པས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོར་གསུངས་པ་ལྟར་ཡིན་ནོ། །རྒྱུད་སྡེ་འོག་མ་རྣམས་སུ་དེའི་རྣམ་གཞག་དངོས་སུ་གསུངས་པ་མེད་ཀྱང། བླ་མ་དམ་པ་གོང་མ་རྣམས་ཀྱིས་དེས་རྒྱས་བཀབ་ནས་འོད་དཔག་མེད་དང་བྱམས་མགོན་སོགས་ལ་བརྟེན་པའི་འཕོ་བའི་རྣམ་གཞག་མཛད་པ་ནི་རྒྱུད་དོན་མན་ངག་གིས་ཕྱེ་བའི་སྲོལ་ཕུལ་དུ་ཕྱིན་པར་སྣང་སྟེ། དགག་བྱ་དང་དགོས་པ་ཕྱོགས་མཐུན་པ་རྣམས་ལ་དབང་གི་རྣམ་གཞག་དང་ལས་ཚོགས་ཅི་རིགས་པ་རྣམས་རྒྱུད་སྡེ་དང་ལྷག་པའི་ལྷ་ཐ་དད་པ་སོ་སོ་ལ་ཕན་ཚུན་དུ་རྒྱས་བཀབ་པ་ནི་འཕགས་བོད་ཀྱི་གཞུང་ཚད་ལྡན་རྣམས་ལས་


GTD003_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་འབྱུང་ངོ་། །དེས་ན་འདིར་དམ་པའི་ཕྱག་བཞེས་བཞིན་རྒྱལ་ཚབ་བྱམས་པ་མགོན་པོ་ལ་བརྟེན་པའི་འཕོ་བའི་གདམས་པ་ཉམས་སུ་ལེན་པ་ལ། རང་གིས་སྐྱོང་ཚུལ། གཞན་ལ་ཁྲིད་འདེབས་ཚུལ། གཤིན་པོའི་དོན་དུ་བྱ་ཚུལ་དང་གསུམ། དང་པོ་ལ་སྦྱོར་དངོས་གཉིས་ལས། སྦྱོར་བ་འགལ་རྐྱེན་དང་བྲལ་ཞིང་མཐུན་རྐྱེན་ཚང་བ་ཞིག་དགོས་ལ། དག་པའི་ཞིང་དུ་བགྲོད་པའི་འགལ་རྐྱེན་གྱི་གཙོ་བོ་ནི་མ་དག་འཁོར་བས་བསྡུས་པའི་ལུས་ལོངས་སྤྱོད་གཉེན་བཤེས་སོགས་ལ་ཆགས་པ་འདི་ཉིད་ཡིན་ཏེ། ཁམས་སོ་སོ་ལ་རང་རང་གི་སྲེད་པས་བདག་གིར་བྱས་མ་བྱས་ཁོ་ན་ཁམས་དེ་དང་དེ་ལས་འདས་མ་འདས་ཀྱི་དོན་དུ་གསུངས་སོ། །རང་གི་ངོས་ནས་ཚེ་འདིའི་ཕུན་ཚོགས་ལ་ཞེན་པ་མ་བཏང་ན། སངས་རྒྱས་བྱང་སེམས་རྣམས་ཅི་ཙམ་ཐུགས་རྗེ་ཆེའང་འདྲེན་པར་མི་ནུས་ཏེ། སྲིན་མོའི་གླིང་དུ་ཆུད་པའི་ཚོང་པ་རྣམས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྟ་མཆོག་བཱ་ལ་ཧས་འཛམ་བུའི་གླིང་དུ་སྒྲོལ་བར་བཞེད་ཀྱང། ཚོང་དཔོན་མ་གཏོགས་པ་རྣམས་དེ་དག་གི་བསླུ་བྲིད་ལ་ཆགས་པའི་དབང་གིས་ཕྱིར་ལྟུང་སྟེ་སྲིན་མོའི་ཁ་ཟས་སུ་གྱུར་པ་བཞིན་ནོ། །དེས་ན་དལ་འབྱོར་རྙེད་དཀའ་ཞིང་ཚེ་ལ་ལོང་མེད་པའི་ཚུལ་བསམ་སྟེ། དགྲ་འདུལ་གཉེན་སྐྱོང་སོགས་སྨྱོན་པའི་ཟློས་གར་ལྟ་བུའི་ཚེ་འདིའི་སྣང་ཤས་བཟློག་པ་དང། ལས་ངེས་


GTD003_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འཕེལ་ཆེ་བའི་དབང་གིས་ཕྱི་མར་འགྲོ་ས་ངན་སོང་ལས་འོས་མེད་ཅིང། དེར་སྐྱེས་ན་ཡུན་ཚད་ལས་འདས་པར་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་ལ། གལ་ཏེ་ཕྱི་མར་ངན་སོང་དུ་མ་ལྷུང་ཡང་འཁོར་བ་འདི་ལས་གཏན་དུ་ཐར་པ་ཞིག་མ་བྱུང་ན། ལས་བྱས་པ་ཆུད་མི་ཟ་བའི་དབང་གིས་སྲིད་པའི་རྩེ་མོའི་བར་དུ་སོང་ཡང་ཕྱིར་ངན་སོང་ངན་འགྲོའི་གཡང་ས་བརྒྱུད་མར་ལྟུང་བ་ལས་མ་འདས་པའི་ཚུལ་བསམས་ཏེ་ཕྱི་མའི་སྣང་ཤས་བཟློག་པ་དང་གཉིས་ཀྱི་སྒོ་ནས་ཁམས་གསུམ་འཁོར་བ་མཐའ་དག་ལ་བཙོན་ར་ལྟ་བུའི་འདུ་ཤེས་ཀྱིས་ཞེན་པ་གཏིང་ནས་ལོག་པ་ཞིག་མེད་མི་རུང་དུ་དགོས་སོ། །མཐུན་རྐྱེན་སྒྲུབ་ཚུལ་ཡང། ཐེག་ཆེན་འཕོ་བའི་མན་ངག་ནི། སྟོབས་ལྔ་ཉིད་ཡིན་ཞེས་ཚེ་འདི་ལ་ཞེན་པ་བཅད་དེ་དག་པའི་ཞིང་དུ་སྐྱེ་འདོད་ཀྱི་འཕེན་པ་ཡང་ཡང་གཏོང་ཞིང། འཕོ་བའི་དམིགས་རྣམ་ཡུན་དུ་གོམས་པར་བྱེད་པ་དང། ཁྱད་པར་ཡོ་བྱད་གང་ཡོད་དགེ་འདུན་ལ་བསྙེན་བཀུར་སོགས་རྣམ་དཀར་གྱི་ཕྱོགས་སུ་བཏང་སྟེ། དེའང་འཕོ་བ་འབྱོངས་བའི་རྒྱུར་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བ་ནི་དག་པའི་ཞིང་དུ་སྐྱེ་བ་འཛིན་པའི་ཐབས་ཀྱི་གཙོ་བོར་གསུངས་སོ། །དེར་སྐྱེ་འདོད་ཀྱི་འདུན་པ་རྣལ་མ་སྐྱེ་བ་ལ་ཞིང་གི་བཀོད་པ་ཡིད་ཡུལ་དུ་འཆར་དགོས་ལ། དེའང་མཛོད་ལས། གནས་ནས་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། །ཅེས་པ་ལྟར་གྱི་རིགས་པས་གཞལ་ན་འདི་ནས་སྟེང་དུ་དཔག་ཚད་སུམ་འབུམ་ཉི་ཁྲིའི་མཚམས་སུ་ལྷའི་བུ་རབ་དགའ་ལྡན་གྱིས་བསྐྱངས་པའི་དགའ་ལྡན་སྤྱིའི་གནས་ཡོད་ཅིང། དེའི་ངོས་གཅིག་ན་གྲོང་


GTD003_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དགོན་པའི་ཚུལ་དུ་དག་པའི་ཞིང་མཆོག་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་གནས། སྤྱིར་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱིས་སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ་སྟོན་པའི་གནས་སུ་ཚོགས་གཉིས་ཀྱི་སྤྱོད་པས་བསྒྲུབས་པ་ཡིན་ལ། བྱེ་བྲག་ད་ལྟའི་དུས་ཀྱི་ཁྱད་པར་དུ་བྱས་པ་འདི་ནི་རྗེ་བཙུན་བྱམས་པ་མགོན་པོའི་ཐུགས་བསྐྱེད་ཀྱི་མཐུ་ལས་གྲུབ་པ་ཡིན་ནོ། །དེའི་སྣོད་བཅུད་ཀྱི་འབྱོར་བ་བསམ་གྱིས་མི་ཁྱབ་པའི་ཚུལ་སྒོས་སུ་སྟོན་པའི་མདོ་བོད་དུ་འགྱུར་བ་མི་སྣང་ཡང། དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་དུ་མར་སངས་རྒྱས་ཀྱི་ཞིང་མང་པོའི་བཀོད་པ་གསུངས་པ་དང་ཆ་མཚུངས་པས། དེ་དག་གི་རིགས་པའི་འགྲོས་སྦྱར་ཏེ་བསམ་པ་དང། ལྷག་པར་ཞིང་དེའི་དབུས་ན་རྗེ་བཙུན་བྱམས་མགོན་གྱི་བཞུགས་གནས་ཆོས་ཀྱི་ཕོ་བྲང་རྒྱལ་མཚན་མཐོན་པོ་གསེར་གྱི་རྒྱ་ཕིབས་ཉི་མ་སྟོང་གི་འོད་ལས་ལྷག་ཅིང། ནོར་བུའི་དྲ་བ་དྲ་ཕྱེད་དང་དྲིལ་བུ་གཡེར་ཁའི་ཚོགས་ཀྱིས་སྤྲས་པ། ལྷའི་དབང་པོའི་རྣམ་པར་རྒྱལ་བའི་ཁང་བཟང་ལས་ཀྱང་འབུམ་འགྱུར་གྱིས་ལྷག་པ་དང། དེའི་མདུན་དུ་ཆོས་སྟོན་པའི་ཀུན་དགའ་ར་བ་ཐ་གྲུ་ཡངས་ཤིང་རྒྱ་ཆེ་ལ་ཁོར་ཡུག་ཏུ་རིན་པོ་ཆེའི་ལྗོན་ཤིང་གི་ཕྲེང་བས་བསྐོར་བ། གསེར་གྱི་ས་གཞི་ལ་བཻཌཱུརྱའི་མིག་མང་རིས་སུ་བྲིས་ཤིང་མནན་ན་ནེམ་བྱེད་ཅིང། བཏེག་ན་སྤར་བྱེད་པ། དེའི་གོང་དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་རྗེ་བཙུན་བྱམས་པ་མགོན་པོ་མཚན་དཔེའི་གཟི་འོད་འབར་ཞིང། ཤེར་ཕྱིན་ཟབ་མོའི་གདམས་པ་རྒྱུན་མི་འཆད་པར་འདོམས་པ་


GTD003_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དང། གཡས་སུ་ནམ་མཁའ་དྲི་མ་མེད་པ་དང། གཡོན་དུ་རྒྱལ་སྲས་འཇམ་དཔལ་སྙིང་པོ་སོགས་རྒྱལ་སྲས་རྒྱ་མཚོས་བསྐོར་ནས་བཞུགས་པའི་བཀོད་པ་ཡང་ཡང་ཡིད་ལ་བྱེད་པ་ནི། དེར་སྐྱེ་འདོད་ཀྱི་འདུན་པ་སྐྱེ་བའི་ཐབས་མཆོག་ཏུ་འགྱུར་བར་མ་ཟད་ཞིང་སྦྱོང་གི་མན་ངག་ཀྱང་བླ་ན་མེད་པར་གསུངས་སོ། །དེ་ལྟར་བློ་སྦྱོང་བའི་དམིགས་རྟེན་དུ་ཞིང་བཀོད་ཀྱི་བྲིས་ཐང་སོགས་བྱུང་ན་ཤིན་ཏུ་ལེགས་ལ། དེ་མ་འབྱོར་ཡང་བྱམས་མགོན་གྱི་སྐུ་བྲིས་འབུར་ཅི་རིགས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་བཀྲམ་སྟེ། གཙང་ཞིང་གྱ་ནོམ་པའི་མཆོད་པ་ཕུལ་དུ་ཕྱིན་པ་བཤམ། སྟན་བདེ་བ་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ་སྐྱབས་སེམས་སྔོན་དུ་བཏང་ནས་ཀུན་སློང་རྣམ་པར་དག་པ་ཞིག་གསལ་བཏབ་སྟེ་དངོས་གཞི་ལ་འཇུག་པར་བྱེད་དགོས་སོ། །རང་ཉིད་ལུས་སེམས་བདེ་བ་ཙམ་ཞིག་གི་ཕྱིར་ཞིང་དེར་སྐྱེ་བ་དོན་དུ་གཉེར་བ་ནི་ཀུན་སློང་མ་དག་པ་ཡིན་པས། ཀུན་སློང་འཆོས་ཚུལ་ཡང་བརྟན་པ་མ་ཐོབ་བར་དུ་སྙིགས་མ་བདོ་བའི་གནས་འདི་ལྟ་བུར་སྐྱེ་བ་བླངས་ན། སླར་ཡང་རྐྱེན་དང་གྲོགས་ངན་པ་ཇི་ལྟ་བུ་ཞིག་གི་དབང་དུ་འགྱུར་ངེས་པ་མེད་པས། དེས་ན་སླར་མི་ལྡོག་པའི་དག་ཞིང་ཁྱད་པར་ཅན་ཞིག་ཏུ་སྐྱེ་བ་ལེན་དགོས་པས་དེའི་ནང་ནས་ཀྱང་རང་ཅག་གང་ལ་ལས་འབྲེལ་ཤིན་ཏུ་ཆེ་བ་རྗེ་བཙུན་བྱམས་མགོན་ཡིན་པས། ཞིང་ཁྱད་པར་ཅན་འདི་ཉིད་དུ་སྐྱེ་བ་བླངས་ཏེ་རྒྱལ་བ་མ་ཕམ་མགོན་པོའི་གསུང་གི་བདུད་རྩི་ལ་ལོངས་སྤྱོད་ཅིང། དེས་བསྟན་པའི་དོན་ཟབ་རྒྱས་ཡ་མ་


GTD003_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཉམས་ལེན་མཐའ་དག་དང། ཁྱད་པར་དུ་རྒྱ་ཆེ་བའི་ལམ་རིམ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣམས་ལམ་གྱི་སྲོག་ཏུ་བྱས། དམིགས་མེད་ཀྱི་ལྟ་བས་རྒྱས་བཏབ་ནས་ལམ་གོང་མ་ཐམས་ཅད་རིམ་གྱིས་བགྲོད་དེ། མཐར་ཐུག་སྐུ་བཞིའི་གོ་འཕང་མངོན་དུ་བྱས་ལ། འཕྲིན་ལས་ཉི་ཤུ་རྩ་བདུན་གྱི་སྒོ་ནས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱང་བླ་མེད་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་བཅོས་མ་ཚུན་ཆད་ཀྱི་སྒོ་ནས་གསལ་འདེབས་དགོས་སོ། །ཟབ་རྒྱས་ཀྱི་ལམ་གང་ལ་ཐོག་མར་གཙོ་བོར་སློབ་པའང། དབུ་མ་སྙིང་པོ་ལས། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་འཐིབ་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་སྐྱེད་ནས་སུ། །ཞེས་སོགས་ལྟར་དབང་པོ་ཤིན་ཏུ་རྣོན་པོས་ཐོག་མར་ཡང་དག་པའི་ལྟ་བ་བཙལ་ཏེ། དེའི་སྒོ་ནས་སྙིང་རྗེ་ཆེན་པོ་སོགས་ལ་འཇུག་པར་གསུངས། གདུལ་བྱ་ཐུན་མོང་བ་ཤས་ཆེར་གྱི་དོན་དུ་འགྱུར་བ་ནི། དབུ་མ་འཇུག་པ་ལས། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང། །ཞེས་གསུངས་པ་ལྟར། དང་པོར་ཐབས་ཀྱི་ཆ་ལ་མྱོང་བ་བརྟན་པོར་བྱས་ཏེ། གཟོད་དབུ་མའི་ལྟ་བ་ཚོལ་བ་ཡིན་ནོ། །དེར་སྐྱེ་བའི་རྒྱུ་ཚོགས་ཀུན་གྱི་གཙོ་བོར་གྱུར་པ་ནི། དེར་སྐྱེ་འདོད་ཀྱི་ཀུན་སློང་རྣམ་པར་དག་པ་འདི་ཁོ་ན་ཡིན་པས། ཀུན་སློང་གི་ཁྱད་པར་ལ་དེའི་སྣོད་བཅུད་ཀྱི་ཡོན་ཏན་ལུང་རྟོགས་ཀྱི་བསྟན་པ་གང་ལ་གཙོ་བོར་བྱེད་པ་དེ་དང་སྒོ་མཐུན་པའི་རིགས་འདྲའི་གནད་ཚང་བ་ཞིག་མེད་མི་རུང་དུ་དགོས་སོ། །


GTD003_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་ནི། དགའ་ལྡན་ཞིང་མཆོག་ཡིད་དགའ་ཆོས་འཛིན་ནས། །རྒྱལ་ཚབ་བྱམས་པ་མགོན་པོ་ཐུགས་རྗེའི་གཏེར། །རྒྱལ་སྲས་རྒྱ་མཚོའི་འཁོར་དང་བཅས་པ་ཀུན། །བརྩེ་བས་འདིར་གཤེགས་མདུན་གྱི་ནམ་མཁར་བཞུགས། །ཞེས་བརྗོད་པ་ན་སྐད་ཅིག་གིས་དགའ་ལྡན་ནས་རྗེ་བཙུན་བྱམས་མགོན་འཁོར་དང་བཅས་པ་བྱ་ནམ་མཁའ་ལ་འཕུར་བ་བཞིན་ཐོགས་པ་མེད་པར་བྱོན་ཏེ། སྨིན་མཚམས་མདའ་གང་གི་ཐད་ཀྱི་མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླ་སོགས་ཀྱི་གདན་ལ་དགྱེས་བཞིན་བརྟན་པར་བཞུགས་པར་བསམས། དེ་ནས། ཇི་སྙེད་སུ་དག་ཅེས་པ་ནས། ཆེན་པོར་བསྔོ། །ཞེས་པའི་བར་གྱིས་ཡན་ལག་བདུན་པ་རྒྱས་པའམ། བསྡུ་ན། གུས་པས་ཕྱག་འཚལ་མཆོད་ཚོགས་མ་ལུས་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང། །རྟག་ཏུ་བཞུགས་ཤིང་ཆོས་འཁོར་བསྐོར་བར་བསྐུལ། །དགེ་ཚོགས་ཀུན་ཀྱང་བྱང་ཆུབ་ཆེན་པོར་བསྔོ། །ཞེས་བསག་སྦྱང་མདོར་བསྡུས་པ་བྱ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་བྱམས་པ་མགོན་པོ་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་ཉེར་གཅིག་བརྒྱ་རྩ་སོགས་བརྗོད་ཅིང། སྐབས་འདིར་བྱམས་མགོན་གྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དང། འདི་སྣང་གི་ཞེན་པ་


GTD003_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དག་པའི་ཞིང་དུ་སྐྱེ་བ་དང་འཕོ་བ་འབྱོངས་པ་ལ་གེགས་བྱེད་ཀྱི་དྲི་མ་ཐམས་ཅད་བྱང་ཞིང་དག །དེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་རང་རྒྱུད་ལ་ཞུགས་པའི་མོས་པ་བྱེད། དེ་ནས། རང་ལུས་ཤེལ་གྱི་བུམ་པ་ལྟར་གསལ་བའི། །དབུས་སུ་དབུ་མ་སྨད་ཕྲ་སྟོད་ཡངས་པ། །ཡར་སྣེ་སྤྱི་བོའི་གཙུག་ཏུ་ཁ་ཕྱེ་ཞིང། །མར་སྣེ་ལྟེ་བའི་འོག་ཏུ་སླེབ་པ་ཡི། །སྙིང་གའི་ཐད་ཀྱི་དྷཱུ་ཏིའི་དབུས་ཉིད་དུ། །ཤིན་ཏུ་ཕྲ་བ་གཉུག་མའི་རླུང་སེམས་དང། །དབྱེར་མེད་དཀར་གསལ་འོད་ཀྱི་ཐིག་ལེའི་གཟུགས། །ཡང་ཞིང་འཕར་ལ་ཁད་པའི་རྣམ་པར་གྱུར། །ཅེས་བརྗོད་ཅིང། རང་གི་ལུས་ཤེལ་གྱི་བུམ་པ་བཞིན་ཕྱི་བལྟས་ནང་གསལ་བའི་དབུས་ཅུང་ཟད་རྒྱབ་གཞུང་ལ་ཉེ་བའི་ཆར་དབུ་མ་རག་དུང་ཁ་གྱེན་བསླང་ལྟ་བུ། མར་སྣེ་ཕུགས་རྡུག་ལྟེ་འོག་སོར་གསུམ་གྱི་ཐད་དུ་སླེབ་པ། ཡར་སྣེ་གྲོ་སོག་བཅད་པ་བཞིན་སྤྱི་བོའི་གཙུག་དང་ཁ་ད་ཆད་ཀྱི་ཚུལ་དུ་བུ་ག་ཡངས་ཧ་རེ་ཡོད་པ། སྙིང་གའི་ཐད་ཀྱི་དབུ་མའི་ནང་དེར་ཤིན་ཏུ་ཕྲ་བའི་རླུང་སེམས་དང་དབྱེར་མི་ཕྱེད་པའི་ཐིག་ལེ་དཀར་པོ་ཁ་དོག་དཀར་ལ་ཅུང་ཟད་དམར་བའི་མདངས་ཆགས་པ་འོད་ཀྱི་རང་བཞིན་ཅན་ཤིན་ཏུ་གསལ་ཞིང་འཚེར་བ། རླུང་ཅུང་ཟད་ཕོག་པ་ཙམ་གྱིས་ཀྱང་བསྐྱོད་ནུས་པའི་ཤིང་བལ་ལྟ་བུ། ཤིན་ཏུ་ཡང་ཞིང་འཕར་ལ་ཁད་འཕུར་ལ་ཁད་པ་ཞིག་ཏུ་བསམས། སྐབས་འདིར་སྔགས་བླ་མེད་ལྟ་བུའི་རྩ་གསུམ་དང་འཁོར་ལོ་བཞིའི་སྒོམ་ཚུལ་ལ་སོགས་པ་མེད་པར། ལུས་ཀྱི་དཀྱིལ་དུ་རྩ་དབུ་མ་སྲོག་ཤིང་གི་ཚུལ་དུ་བསྒོམ་པ་ཙམ་ཡིན་པས་


GTD003_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དོན་དེ་ཙམ་གྱིས་འགྲུབ་ཅིང། རྒྱུད་སྡེ་འོག་མ་ལའང་སྦྱར་ཆོག་པར་མངོན། དེའང་ཞལ་ལུང་ལས། ལམ་བཟང་པོ་ཡིས་ཡིད་འོང་གནས། །ལས་ངན་གྱིས་ནི་སྲིད་པར་སྐྱོན། །ཞེས་པ་ལྟར་རྣམ་ཤེས་འཕོ་བའི་སྒོ་ངན་པ་རྣམས་འགོག་པ་གལ་ཆེ་ཞིང། བླ་མེད་ནས་གསུངས་པའི་ལམ་འགོག་བྱེད་ཀྱི་ཡི་གེ་རྣམས་སྐབས་འདིར་མི་འོང་བས། སྒོ་དེ་རྣམས་གོང་དུ་བདུད་རྩི་འབེབས་སྦྱང་བྱས་པའི་མཐར། འོད་དང་བདུད་རྩི་གསེར་ཞུན་མ་ལྟ་བུས་དམ་གྱིས་བཀག་ཅིང། རྣམ་ཤེས་སྒོ་དེ་རྣམས་ནས་འཕོ་མི་ནུས་པར་བྱིན་གྱིས་བརླབས་པའི་མོས་པ་བྱས་པས་འགྲུབ་བོ། །དེ་ནས་བྱམས་མགོན་རང་གི་སྤྱི་བོར་སྤྱན་འདྲེན་པའི་ཕྱིར་གསོལ་བ་འདེབས་པའི་འདུན་པ་དྲག་པོ་དང་བཅས་ཏེ། རྩ་བའི་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི། །ངོ་བོ་བློ་བཟང་རྒྱལ་བའི་དབང་པོ་དང། །དབྱེར་མེད་བྱམས་མགོན་ཐུགས་རྗེའི་གཏེར་ཁྱོད་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་དལ་བུའི་སྒོ་ནས་ལན་གསུམ་མམ་གཅིག་བརྗོད་པས། སྐྱབས་ཡུལ་མཐའ་དག་བསྡུས་ཏེ་བྱམས་མགོན་ལ་ཐིམ་ཞིང། དེ་ཉིད་རང་གི་སྤྱི་བོར་བྱོན་ནས་རིགས་བདག་གི་ཚུལ་དུ་བཞུགས་པའི་དམིགས་པ་བྱས་ལ། དེ་ལྟར་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས། །རིམ་གྱིས་བསྡུས་ཏེ་མ་ཕམ་མགོན་ལ་ཐིམ། །དེ་ཉིད་རང་གི་སྤྱི་བོར་རིགས་བདག་གི །ཚུལ་བཞུགས་དབུ་མ་སྨད་ཡངས་སྟོད་ཕྲ་བའི། །ཐུགས་ཀའི་ཐད་དུ་མཻཾ་ཡིག་གསེར་གྱི་མདོག །ཡེ་ཤེས་ལྔ་ལྡན་བདེ་བའི་རང་བཞིན་ཅན། །འོད་ཟེར་འབར་བ་མཐོང་སྟེ་དེའི་ངོ་བོར། །འཕོ་འདུན་དྲག་པོས་སླར་


GTD003_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསོལ་འདེབས་བྱ། །ཞེས་པའི་ཚིག་རིས་ལྟར་ལ། དེའི་རྩ་དབུ་མའི་མར་སྣེ་དང་རང་གི་རྩ་དབུ་མའི་ཡར་སྣེ་གཉིས་སྲུབ་ཅུང་ཟད་ཀྱང་མེད་པར་འབྱར་ཞིང་དབྱེར་མེད་ལྟ་བུར་གྱུར་པའི་མོས་པ་བྱེད་པ་གལ་ཆེའོ། །དེ་ནས་རང་སེམས་འོད་ཀྱི་ཐིག་ལེ་དེ་ཉིད་ཀྱིས་དབུ་མའི་ལམ་ནས་ཡར་བལྟས་པས་བྱམས་མགོན་གྱི་ཐུགས་ཀ་ན་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་མཻཾ་ཡིག་གསལ་ཞིང་དྭངས་པ་འོད་ལམ་མེ་ཡོད་པ་མཐོང་ནས་དེས་ཡིད་ཕྲོགས་ཏེ། རང་ཉིད་ཀྱང་དེར་སླེབ་ནས་དེ་དང་གཅིག་ཏུ་འདྲེ་བ་ཞིག་བྱུང་ན་སྙམ་པའི་འདུན་པ་དྲག་པོ་དང་བཅས། འགྲོ་སྒྲོལ་ཐབས་ཀྱི་རྣམ་པ་མ་ལུས་གཟིགས། །ཀུན་ལ་ཐུགས་རྗེ་ཉེ་རེིང་མེད་པར་འཇུག །གཞན་ཕན་འཕྲིན་ལས་དུས་ལས་མི་ཡོལ་བ། །སྐྱབས་མཆོག་མཚུངས་མེད་ཁྱོད་ལ་གསོལ་བ་འདེབས། །འདི་སྣང་ཞེན་པའི་འཆིང་བ་བཅད་དུ་གསོལ། །ལས་ངན་སྡིག་སྒྲིབ་མ་ལུས་སྦྱང་དུ་གསོལ། །གནད་གཅོད་གཤིན་རྗེའི་འཇིགས་ལས་བསྐྱབ་ཏུ་གསོལ། །འཁྲུལ་སྣང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །མི་ཁོམ་ངན་སོང་སྐྱེ་སྒོ་བཅད་དུ་གསོལ། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །ལམ་བཟང་བག་ཆགས་མངོན་དུ་གྱུར་པར་མཛོད། །ཡིད་དགའ་ཆོས་འཛིན་གནས་དེར་དྲང་དུ་གསོལ། །ཞེས་ཕུར་ཚུགས་སུ་གསོལ་བ་འདེབས་པ་གསུམ་མམ་བདུན་སོགས་བྱས་པས་སྤྱི་བོའི་བྱམས་མགོན་གྱི་ཐུགས་ཀ་ནས་འོད་ཟེར་སྡོམ་གྱི་བ་ཐག་ལྟ་བུ་ཞིག་དབུ་མའི་ལམ་ནས་མར་འོངས་རང་སེམས་འོད་ཀྱི་ཐིག་ལེ་ལ་རེག་པས། ཁབ་


GTD003_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱིས་ལྕགས་ཕྱེ་ལ་རེག་པའམ། ཉ་ལ་ལྕགས་ཀྱུས་བཏབ་པ་བཞིན་དུ་ཡར་དྲངས། ཐུར་སེལ་དྲག་ཏུ་བསྡམ་པས་འོག་ནས་བཏག་པར་བསམ་ལ་ཧིཀ་ཅེས་བརྗོད་པ་ན་སྙིང་གའི་ཐད་ཙམ་དུ་སླེབ་པའི་དམིགས་པ་དང། ཀ་ཞེས་བརྗོད་དེ་སྔར་གྱི་རང་གནས་སུ་ཕབ། ཡང་ཧིཀ་ཅེས་བརྗོད་པས་མགྲིན་པ་དང་མགོ་བོའི་ནང་ཙམ་ཚངས་བུག་གི་བར་དུ་སླེབ་པའི་དམིགས་པ་སོགས་བྱས་ཏེ། ཧིཀ་གསུམ་བདུན་ཉེར་གཅིག་སོགས་འདེབས་ཤིང། དེ་རེ་རེའི་མཐར་ཡང་ཀ་ཞེས་སྔར་གྱི་རང་གནས་སུ་ཕབ། ཚངས་བུག་ནས་ཕྱིར་ཐོན་པའི་དམིགས་པ་ཡང་ཡང་བྱས་ན་ཚེ་ལ་གནོད་པར་གསུངས་པས། ཉིན་རེ་རེར་ཡང་རང་གི་དབུ་མ་ནས་བྱམས་མགོན་གྱི་དབུ་མར་ཞུགས་ཏེ། དེའི་ཐུགས་ཀའི་མཻཾ་ཡིག་ལ་རེག་ཙམ་པ་ལན་རེ་ཙམ་བྱ། དམ་པ་འགའ་ཞིག་ཧིཀ་དང་ཕཊ་གདམ་ང་ཅན་དུ་གསུངས་ཀྱང། ཕྱིས་ཀྱི་བླ་མ་རྣམས་རླུང་གྱེན་དུ་བཟློག་པ་ལ་ཧིཀ་བཟང་བར་གསུངས་ལ། དེའང་ཁ་ནས་ཧིཀ་ཅེས་བརྗོད་པ་ཙམ་མ་ཡིན་པར། དེ་དང་མཉམ་དུ་རླུང་གྱེན་དུ་འདྲེན་པ་སྐྱིག་བུའི་རྣམ་པ་ལྟ་བུ་ཞིག་དགོས་པ་ཡིན་ནོ། །འདིར་རང་སེམས་འོད་ཀྱི་ཐིག་ལེ་གྱེན་དུ་འཕང་བའི་དམིགས་པ་སྐྱོང་ཚུལ་ཡང། འཕེན་བྱ་ཟུར་དུ་བཞག་ནས་རང་ཉིད་འཕེན་པ་པོ་ལོགས་སུ་ཡོད་པ་ལྟ་བུར་བསམ་སྟེ་ཅི་ཙམ་བསྒོམ་ཡང་སྤྱི་གཙུག་ཟ་བ་དང་ཆུ་སེར་འཛག་པ་སོགས་ཀྱི་རྟགས་བྱུང་ནའང། འཕོ་བ་གནད་དུ་སོང་བ་མིན་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་པས་འདི་གོ་བ་ཤིན་ཏུ་གནད་ཆེ་ལ། དེའང་ང་དང་ངའི་ལུས་ངའི་སེམས་ཞེས་པའི་འཆར་ཚུལ་ཞིབ་ཏུ་བྱས་ན་དབུ་མ་འཇུག་པར། ༈ གང་ཕྱིར་འཇིག་རྟེན་ས་བོན་ཙམ་


GTD003_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ནས། །ཞེས་པའི་རིགས་པ་སྦྱར་ཏེ་རྣམ་བཤད་དགོངས་པ་རབ་གསལ་ལས་བློ་ལྷན་སྐྱེས་ལ་བདག་ཕུང་ཐ་མི་དད་དུ་སྣང་བར་གསུངས་པ་བཞིན་འཆར་བའི་སྐབས་ཀྱང་ཡོད་ལ། རྣམ་འགྲེལ་ལས། མཆོག་གཞན་དོན་དུ་གཉེར་ཕྱིར་དང། །ཞེས་སོགས་ལྟར་ནོར་གྱི་བདག་པོ་བཞིན་བརྗེ་ཚོང་བྱེད་པའི་བདག་པོ་ལྟ་བུ་ཐ་དད་པའི་ཚུལ་དུ་འཆར་བའི་སྐབས་ཀྱང་སྲིད་པས། དབུ་མ་ལུང་རིགས་གཏེར་མཛོད་དུ། རེས་ལུས་ཀྱི་སྟེང་ན་ཡོད་པ་ལྟ་བུ། རེས་སེམས་ཀྱི་སྟེང་ན་ཡོད་པ་ལྟ་བུ་ཞེས་གསུངས་སོ། །དེས་ན་སྐབས་འདིར་ཕྱིའི་ལུས་རྟེན་ནི་རང་དང་ངོ་བོ་ཐ་དད་པའི་གནས་ཁང་ལྟ་བུར་བསམས་ལ། རང་ཉིད་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་དེ་ཉིད་དང་ངོ་བོ་གཅིག་ཏུ་ཡོད་པ། དེ་གྱེན་དུ་འཕང་བའི་ཤུལ་ན་འཕེན་པ་པོའི་ང་ཞིག་ལུས་རྒྱུ་མེད་པ་ལྟ་བུའི་འཆར་ཚུལ་བྱུང་ན་སྐྱོང་ཚུལ་གནད་དུ་སོང་བ་ཡིན་ནོ། །མཇུག་ཏུ་སྤྱི་བོའི་བྱམས་མགོན་འོད་དུ་ཞུ་བ་ཚངས་བུག་ནས་མར་བསྟིམ་པས། དབུ་མའི་ཡར་སྣེའི་ཁ་གསེར་ཞུན་གྱི་ཁུ་བ་ལྟ་བུས་ཡོངས་སུ་བཅད་པར་མོས་ན་བྱིན་རླབས་ཁྱད་པར་ཅན་འཇུག་པ་དང་ཚེ་བསྲིང་བའི་ཐབས་སུའང་འགྱུར་བར་གསུངས་སོ། །ནམ་ཞིག་འཆི་ཁའི་ཚེ་ལག་ལེན་དུ་བྱ་ཚུལ་ནི། ཕྱི་ནང་གི་འཆི་ལྟས་བརྟག་པ་དང། ཟློག་པའི་ཐབས་སོགས་གཞན་ནས་འབྱུང་བ་བཞིན་བྱས་པས། ཟློག་མི་ནུས་པར་ངེས་པ་ན། ཧ་ཅང་ལུས་ཟུངས་མ་ཟད་པའི་མཚམས་སུ་བྱ་དགོས་ཤིང། དེའི་དམིགས་པ་སྐྱོང་ལུགས་གཤིན་པོ་ལ་བྱ་ཚུལ་འོག་ཏུ་འབྱུང་བ་དང་འདྲའོ། །༈ གཉིས་པ་གཞན་ལ་འདེབས་ཚུལ་ནི། ཆོས་ཉན་པའི་ཀུན་སྤྱོད་ཚུལ་དང་མཐུན་པས་


GTD003_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་འཁོད་བཅུག་ལ། སངས་རྒྱས་ཆོས་དང་ཞེས་སོགས་སྐྱབས་སེམས་ལན་གསུམ་བྱ་ཞིང། དེའི་ཚེ་སློབ་མས་ཀྱང་བླ་མའི་གསུང་གི་ཚིག་རིས་དང་བསྟུན་ནས་སྐྱབས་སེམས་ཀྱི་དམིགས་པ་སྐྱོང་དགོས་སོ། །དེ་ནས། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་འཕོ་བའི་གདམས་པ་ཟབ་མོ་འདི་ཉིད་གསན་པར་བྱའོ་སྙམ་པ་དང། ཁྱད་པར་དུས་ཐོག་མ་མེད་པ་ཞིག་ནས་ངན་སོང་གསུམ་དུ་སྡུག་བསྔལ་མཐའ་ཡས་པ་བར་མཚམས་མེད་པར་མྱོང་བ་ལས། ད་རེས་སྟབས་ལེགས་ཀྱིས་ལན་གཅིག་ཐར་ཏེ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་། ཕྱི་ནང་གི་རྟེན་འབྲེལ་ཕུན་སུམ་ཚོགས་པ་འདི་ལྟ་བུ་འགྲིག་པའི་སྐབས་འདིར་མ་མཐའ་འང་ངན་སོང་གི་སྐྱེ་སྒོ་བཅད་དེ། ཕྱིན་ཆད་དེར་མི་ལྟུང་བ་ཞིག་བྱེད་དགོས་ལ། དེའང་མཛོད་ལས། བཟོད་ཐོབ་ངན་སོང་ཡོངས་མི་ལྟུང། །ཞེས་དང། འཕགས་པའི་ཉི་ཁྲི་སྣང་བར། བཟོད་པ་ཐོབ་པ་ནི་ངན་འགྲོ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་མྱང་འདས་བརྒྱད་ཀྱི་གྲངས་སུ་གསུངས་པ་ལྟ་བུ་རྟོགས་པ་གོང་མར་སོན་པའི་སྟོབས་ཀྱིས་ངན་འགྲོའི་སྒོ་ཁེགས་པ་ནི་རང་ཅག་ལྟ་བུར་རེ་ཞིག་འབྱུང་དཀའ་བས། དེས་ན་བཙན་ཐབས་འཚང་རྒྱ་འཕོ་བའི་གདམས་པ་འདི་ལྟ་བུ་ཞིག་གི་སྒོ་ནས་ངན་སོང་ངན་འགྲོའི་སྐྱེ་སྒོ་མཐའ་དག་འགོག་པར་བྱེད་དགོས། དེའང་སངས་རྒྱས་ཐམས་ཅད་ཐུགས་རྗེ་བྱིན་རླབས་ཁྱད་པར་མེད་ཀྱང། མཐུན་པའི་སྨོན་ལམ་མཆོག་ཏུ་རྨད་བྱུང་ཞིང། །སྤྱད་པ་


GTD003_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ཞེས་གསུངས་པ་ལྟར། བསྐལ་པ་བཟང་པོའི་རྣམ་འདྲེན་འདི་དག་ཐུགས་བསྐྱེད་སྨོན་ལམ་ལྷན་ཅིག་པའི་སྟོབས་ཀྱིས་གཅིག་གི་བསྟན་པ་ལ་ཞུགས་ཕྱིན་བསྐལ་བཟང་རྣམ་འདྲེན་གང་ཡང་རུང་བ་ཞིག་གི་བསྟན་པ་ལ་ངེས་ཅན་དུ་སྨིན་ཅིང་གྲོལ་བར་གསུངས། ཁྱད་པར་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དང་རྗེ་བཙུན་བྱམས་མགོན་རྣམ་གཉིས་སློབ་པ་ལམ་གྱི་གནས་སྐབས་སུ་བླ་སློབ། སྐུ་མཆེད། མཛའ་བཤེས་སོགས་ཀྱི་རྣམ་པས་འབྲལ་མེད་ལྟ་བུར་འཁྲུངས་ཚུལ་སྐྱེས་རབས་སོགས་སུ་གསལ་བ་ལྟར་ཡིན་ལ། དེར་མ་ཟད་ད་ལྟའང་བྱམས་མགོན་གྱིས་ཐུབ་པའི་དབང་པོ་མཆོད་རྟེན་གྱི་རྣམ་པར་རྟག་ཏུ་སྤྱི་བོར་བཀུར་བ་ལྟ་བུ་ཐུགས་བསྐྱེད་འབྲེལ་བ་ལྷག་པར་ཆེ་བས། རང་ཅག་ཐུབ་པའི་དབང་པོའི་རྗེས་འཇུག་རྣམས་རྗེ་བཙུན་བྱམས་མགོན་གྱིས་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་སྒོ་ཁྱད་དུ་འཕགས་པ་ཞིག་ཡོད། དེའི་རྒྱུ་མཚན་གྱིས་བྱམས་པས་ཞུས་པའི་མདོ། བྱམས་པ་ལུང་བསྟན་པའི་མདོ། བྱམས་པ་འབྱུང་བའི་མདོ། བྱམས་པ་སེང་གེའི་སྒྲའི་མདོ་རྣམས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ཐོས་བསམ་ཅུང་ཟད་རེ་བགྱིས་པ་དང། སྐུ་གསུང་ཐུགས་ཀྱི་རྟེན་སྐྱུ་རུ་རའི་འབྲུ་ཚད་ཙམ་བཞེངས་པ། ཉིན་ཞག་གཅིག་ལ་བསླབ་པ་སྣ་རེ་ཙམ་བསྲུང་བ་ཚུན་ཆད་ཀྱང་བྱམས་མགོན་གྱིས་རྗེས་སུ་འཛིན་ཅིང་དེའི་བསྟན་པ་དང་མཇལ་བར་གསུངས། ཇོ་བོ་ཡབ་


GTD003_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཀའ་གདམས་གོང་མ་རྣམས་ཀྱང་བྱམས་མགོན་གྱི་ཞིང་དུ་བྱོན་ཅིང། རྗེས་འཇུག་རྣམས་ལའང་དེར་སྨོན་ལམ་འདེབས་དགོས་ཞེས་ནན་ཏན་དུ་གསུངས། རྗེ་བླ་མའང་སྐུ་ཚེ་རྗེས་མར་དགའ་ལྡན་དུ་འབྱོན་པར་ལྷག་པའི་ལྷ་དུ་མས་ལུང་བསྟན་ཅིང། དེའི་རྟེན་འབྲེལ་གྱིས་དགོན་པའི་མིང་ལའང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་བཏགས་པ་ལ་བརྟེན་ནས་གྲུབ་མཐའ་སྤྱི་ལའང་རི་བོ་དགའ་ལྡན་པ་ཞེས་མཚན་དུ་ཆགས་པ་བྱུང། རྗེ་བླ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཀུན་གྱི་ནང་ན་བྱིན་རླབས་མི་ཟད་པའི་གཏེར་དུ་གྱུར་པ་དགའ་ལྡན་ལྷ་བརྒྱ་མར་གྲགས་པ་འདི་ཉིད་ཡིན་ཞིང། དེའི་སྐབས་སུའང་དགའ་ལྡན་གྱི་བྱམས་མགོན་གྱི་ཐུགས་ཀ་ནས་སྤྱན་འདྲེན་པ་དང། དེ་ལ་བརྟེན་པའི་འཕོ་བའི་སྐབས་སུའང་སྐུའི་རྣམ་པ་གསལ་འདེབས་ཚུལ་ཙམ་མ་གཏོགས་དགའ་ལྡན་གྱི་གནས་སུ་འཕོ་བར་བྱེད་པ་འདི་དང་གཉིས་ཀ་ཁྱད་པར་མེད། དེས་ན་རང་ཅག་རྗེ་བླ་མའི་བསྟན་པ་རིན་པོ་ཆེ་འདིར་བསམ་སྦྱོར་ཅི་རིགས་པས་འབྲེལ་ཐོགས་པ་རྣམས་ཀྱིས་དགའ་ལྡན་གྱི་གནས་དེར་སྐྱེ་བའི་རྒྱུ་བསྒྲུབས་ན་སངས་རྒྱས་བྱང་སེམས་རྣམས་ཐུགས་བསྐྱེད་འབྲེལ་བའི་སྟོབས་ཀྱིས་ཤིན་ཏུ་ས་ཆོད་ཆེན་པོ་འབྱུང་བས། དེ་ཡིད་ལ་བཞག་ནས་རང་གི་སྒོ་གསུམ་ནུས་པ་གང་ཡོད་ཀྱིས་དེར་སྐྱེ་བའི་རྒྱུ་བསྒྲུབ་པ་དང། སྔོན་ཆད་བགྱིས་པའི་དགེ་ཚོགས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱང་བློས་གཅིག་ཏུ་བསྡོམས་ཏེ་ཞིང་མཆོག་དམ་པ་དེ་ཉིད་དུ་སྐྱེ་ཞིང། རྒྱལ་བ་བྱམས་པ་མགོན་པོའི་གསུང་གི་བདུད་རྩི་ངོམས་མེད་དུ་མྱང་ནས། ས་ལམ་གྱི་


GTD003_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཁྱད་པར་ཅན་མྱུར་དུ་བགྲོད་པའི་རྒྱུར་བསྔོ་བ་དང། འོག་ནས་འབྱུང་བའི་ཆོ་གའི་ཚིག་རིས་རྣམས་ལའང་ངེད་ཀྱིས་ཇི་ལྟར་བརྗོད་པ་དང་མཐུན་པའི་དམིགས་པ་མ་ཡེངས་པར་བྱས་ཏེ་གསན་པར་ཞུ། དགའ་ལྡན་ཞིང་མཆོག་ཡིད་དགའ་ཆོས་འཛིན་ནས། །ཞེས་པ་ནས། མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་སྤྱན་དྲངས་ཏེ་ཡན་ལག་བདུན་པ། བདུད་རྩི་འབེབས་སྦྱང་སོགས་གོང་བཞིན་བྱ། དེ་ནས། ཁྱོད་ལུས་ཤེལ་གྱི་བུམ་པ་ཞེས་དང་། དེ་ཉིད་སློབ་མའི་སྤྱི་བོར་རིགས་བདག་གི །ཞེས་ཚིག་བསྒྱུར་ཏེ་ཚིགས་བཅད་གཞན་རྣམས་སྔར་བཞིན་བྱ་བའམ། ཡང་ན། ཁྱེད་རང་ལུས་དྲང་པོར་བསྲང་སྟེ་གནས་པ་ཤེལ་གྱི་ཕྲུ་མ་བུས་པ་བཞིན་ཕྱི་བལྟས་ནང་གསལ་བའི་དབུས་སུ་རྩ་དབུ་མ་སྨད་ཕྲ་ལ་སྟོད་ཡངས་པ། མར་སྣེ་ལྟེ་འོག་ཏུ་སླེབས་ཤིང། ཡར་སྣེ་སྤྱི་བོའི་གཙུག་ཏུ་རྒྱ་མཐོངས་ཁ་ཕྱེ་བ་ལྟར་ཡངས་ཐ་ལེ་ཡོད་པའི་མར་སྣེའི་ནང་དུ་རང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ། ཤིན་ཏུ་གསལ་ཞིང་འཚེར་བ་འཕར་ལ་ཁད་པ་ཞིག་ཏུ་གསལ་བཏབ་སྟེ། མདུན་ན་བཞུགས་པའི་རྒྱལ་བ་བྱམས་པ་མགོན་པོ་འཁོར་དང་བཅས་པ་ལ་གདུང་ཤུགས་དྲག་པོས་གསོལ་བ་འདི་བཞིན་འདེབས་པར་མཛོད། རྩ་བའི་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི། །༝༝སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེ་ལྟར་དུ་གསོལ་བ་བཏབ་པས་འཁོར་གྱི་ཚོགས་རྣམས་མེ་ལོང་ལ་ཧ་བཏབ་པ་བཞིན་མཐའ་ནས་རིམ་པ་བཞིན་གཅིག་ལ་གཅིག་ཐིམ་པའི་ཚུལ་གྱིས་


GTD003_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ལ་ཐིམ། དེ་ཉིད་ཁྱེད་རང་གི་སྤྱི་བོར་བྱོན་ནས་རིགས་བདག་གི་ཚུལ་དུ་བཞུགས་པའི་སྐུའི་དཀྱིལ་དྲང་ཐད་དུ་རྩ་དབུ་མ་སྨད་ཡངས་ཤིང་སྟོད་ཕྲ་བ། ཐུགས་ཀའི་ཐད་དུ་རྒྱལ་བ་མ་ཕམ་མགོན་པོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་མཻཾ་ཡིག་གསེར་གྱི་ཁ་དོག་ལྟ་བུ་གསལ་ཞིང་འོད་ཟེར་ལྔ་འཕྲོ་བས་མཚན་པ། དེའི་དབུ་མའི་མར་སྣེ་དང་ཁྱེད་རང་གི་དབུ་མའི་ཡར་སྣེ་གཉིས་ཤིན་ཏུ་ཁ་མཉམ་པར་སྦྱར་ཏེ་དབྱེར་མེད་ལྟ་བུར་གྱུར་པའི་མོས་པ་དང། རང་སེམས་འོད་ཀྱི་ཐིག་ལེའི་རྣམ་པ་དེ་ཉིད་ཀྱིས་བྱམས་པ་མགོན་པོའི་ཐུགས་ཀའི་ས་བོན་ནོར་བུའི་སྒྲོན་མེ་ལྟ་བུར་ཤིན་ཏུ་འོད་གསལ་བ་དེ་ཉིད་མཐོང་བ་ལ་བརྟེན་ནས་དགའ་བ་དང་དང་བ་ཚད་མེད་པ་སྐྱེ་ཞིང། རང་ཉིད་ཀྱང་དེའི་དྲུང་དུ་སླེབ་ན་སྙམ་པའི་འདུན་པ་ཤུགས་དྲག་ཏུ་བྱེད་པ་དང། དེ་ནས་ངེད་ཀྱི་ཚིག་རིས་བཞིན་ཕུར་ཚུགས་སུ་གསོལ་བ་བཏབ་པའི་མཐར། ངེད་ཀྱིས་ཧིཀ་ཅེས་བརྗོད་པ་ན་རང་སེམས་ཐིག་ལེར་གསལ་བ་དེ་ཉིད་རླུང་གིས་གྱེན་དུ་བཏེགས། བྱམས་མགོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་བྱུང་ནས་གྱེན་དུ་དྲངས། ཀ་ཞེས་བརྗོད་པ་ན་སླར་ཡང་སྔར་གྱི་རང་གནས་སུ་བབས་པའི་དམིགས་པ་སོགས་སྤེལ་མར་བྱེད་དགོས་པ་ཐུགས་ལ་འཛིན་པར་ཞུ། ཞེས་ཚིག་ལྷུག་པའི་སྒོ་ནས་བརྡ་སྤྲོད་ཅིང། མང་པོ་ལ་ལྷན་དུ་བྱེད་པའི་ཚེ་ཁྱེད་རང་རྣམས་ཞེས་མང་ཚིག་སྦྱར་ན་བདེའོ། །དེ་ནས་འགྲོ་སྒྲོལ་ཐབས་ཀྱི་ཞེས་སོགས་གོང་དང་འདྲ་ལ། འདིའི་སྐབས་སུ་བླ་མས་ཀྱང་ཚིག་རིས་བཞིན་སློབ་མའི་ལུས་ཀྱི་རྩ་གསལ་འདེབས་པ་དང། རྣམ་ཤེས་སྤར་བའི་དམིགས་པ་སོགས་བྱེད་དགོས་སོ། །


GTD003_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ། འདིས་མཚོན་དགེ་བས་བདག་གཞན་འགྲོ་བ་ཀུན། །ཞེས་སོགས་དང། ས་བཅུའི་དབང་ཕྱུག་རྒྱལ་ཚབ་ཅེས་སོགས་དང། འདི་ནས་ཤི་འཕོས་གྱུར་མ་ཐག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་བར་བྱའོ། །༈ གསུམ་པ་གཤིན་པོ་ལ་བྱ་ཚུལ་ནི་ཆོ་ག་གང་ཡང་རུང་བ་དང་འབྲེལ་བའི་ལྷོ་སྒོ་ལྟ་བུའི་མཇུག་ཡིན་ན་རྣམ་ཤེས་དགུག་པ་ཟུར་དུ་མི་དགོས་ལ། དེ་ལྟར་མིན་ཚེ་ཚིག་ཏུ་དངོས་སུ་བརྗོད་མི་བརྗོད་ཇི་ལྟར་ཡིན་ཀྱང་དཀོན་མཆོག་གསུམ་གྱི་བདེན་སྟོབས་བསྐུལ་ནས་གཤིན་པོའི་རྣམ་ཤེས་བཀུག་པའི་དམིགས་པ་ནན་ཏན་བྱ་བ་ནི་སྔོན་འགྲོར་མེད་མི་རུང་དུ་དགོས་སོ། །དེ་ནས། སྐྱབས་སེམས་དང་སྤྱན་འདྲེན་དཀྱུས་ལྟར་བྱ། བར་དོ་ངོ་སྤྲོད་སྔ་ཕྱིར་བྱེད་ལུགས་ཀྱི་ལག་ལེན་མི་འདྲ་བ་ཅི་རིགས་སྣང་ཡང། ཚོགས་བསག་སྒྲིབ་སྦྱང་བདུད་རྩི་འབེབས་སྦྱང་སོགས་ཀྱི་དམིགས་པ་སྐྱོང་རྒྱུའི་དོན་དུ་མཚམས་འདིར་བྱས་ན་ཕན་ཆེ་བར་སྣང་བས། དེའི་ཚུལ་ནི། འོ་ལགས་སོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ཁྱོད་ཉོན་ཅིག །འདུལ་བ་ལུང་ལས། སྐྱེས་པའི་ཐ་མ་འཆི་བ་སྟེ། །འདུས་པའི་ཐ་མ་འབྲལ་བ་ཡིན། །ཞེས་དང་རྗེ་བདག་ཉིད་ཆེན་པོས། མི་རྟག་སྲིན་པོས་མ་ཟོས་པའི། །སེམས་ཅན་དེ་ནི་འགའ་མ་མཆིས། །གསུངས་པ་ལྟར། ཁམས་གསུམ་འཁོར་བའི་གནས་འདིར་ལས་ཉོན་གྱི་དབང་གིས་སྐྱེ་བ་ཞིག་བླང་ཕྱིན་སྐྱེ་མཐའ་འཆི་བའི་ཆོས་ལས་མ་འདས་ཤིང། གཉེན་མཛའ་བཤེས་སོགས་དང་ལྷན་ཅིག་ཅི་ཙམ་འགྲོགས་ཀྱང་བརྩེ་བ་མེད་པའི་འཆི་བདག་གི་ཕོ་ཉ་སླེབས་


GTD003_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཕན་ཚུན་གཏན་བྲལ་དུ་གྱུར་ནས་མྱ་ངན་ཆེན་པོ་ལྡང་བའང་མཆོག་དམན་བར་མ་ཀུན་གྱི་ཐོག་ཏུ་ཡོད་པའི་འཇིག་རྟེན་སྤྱིའི་ངང་ཚུལ་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། མཛའ་བ་ཡུན་རིང་འཁོད་འཁོད་ནས། །འཆི་བས་སོ་སོར་འབྲལ་འགྱུར་ཏེ། །མྱ་ངན་ཆེན་པོ་ལྡང་བར་འགྱུར། །དེ་ཡང་འཇིག་རྟེན་འདི་ན་ངེས། །ཞེས་སངས་རྒྱས་ཐུགས་རྗེ་ཅན་གྱིས་གསུངས་པ་ལྟར་ཡིན། དེ་ལྟ་བུའི་འཆི་བ་དེ་ད་ལན་ཁྱོད་ཀྱི་ཐོག་ཏུ་བབས་ཏེ། ཚེ་སྔ་མའི་སྣང་བ་ནི་ནུབ། ཕྱི་མ་མ་རྙེད་པས་ད་ལྟ་སྲིད་པ་བར་དོ་ན་གནས་པའི་སྐབས་ཡིན། དེའང་གང་གིས་ཤེས་ན་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་དེ་ནི་དྲི་ཟ་འོ། །ཞེས་གསུངས་པ་ལྟར་གང་དུ་སྐྱེ་འགྱུར་གྱི་ཕྱིའི་ལུས་དང་དབྱིབས་མཚུངས་པ། དབང་པོ་ཀུན་ཚང་ཞིང་ལས་ཀྱི་རླུང་གིས་བདས་ཏེ་སྔོན་བགྲོད་དཀའ་བའི་གནས་རྣམས་ལྟ་ཅི་སྨོས། འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་ཕ་རོལ་ཏུའང་སྐད་ཅིག་ཙམ་གྱིས་སླེབ་ནུས་པའི་རྫུ་འཕྲུལ་ལྟ་བུ་ཡོད་པ། དེའི་སྟོབས་ཀྱིས་སྔར་འདྲིས་པའི་གཉེན་དང་མཛའ་བཤེས་ལ་སོགས་པ་ཐམས་ཅད་ཀྱི་རྩར་སོང་སྟེ་གཏམ་ལ་སོགས་པ་སྨྲས་ཀྱང་ལན་མི་སྟེར་ཞིང་ཤི་བའི་གཏམ་བྱེད་པ་སོགས་ཀྱིས་སེམས་ལྷག་པར་སྐྱོ་ཞིང་སྡུག་བསྔལ་བ་དང། ལས་ལས་གྲུབ་པའི་དགྲ་གཉེན་གྱི་སྣང་བ་སྣ་ཚོགས་པས་བློ་སྣ་བྲིད་དེ། རེས་འགའ་དགའ་ཞིང་སྤྲོ་བ་དང། རེས་འགའ་འཇིགས་ཤིང་སྐྱི་གཡའ་བའི་དགའ་སྡུག་གི་སྣང་བ་འགྱུར་ལྡོག་སྣ་ཚོགས་པ་གློ་བུར་གློ་


GTD003_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བུར་དུ་འབྱུང་བའང་ཁྱེད་རང་བར་དོར་གནས་པའི་རྟགས་ཡིན། སྔར་འབྱུང་བ་བཞིའི་རླུང་ཐིམ་པའི་སྟོབས་ཀྱིས་རི་བོ་ཉིལ་བ། རྒྱ་མཚོ་འཁྲུགས་པ། ནགས་ལ་མེ་ཤོར་བ། བསྐལ་པའི་རླུང་གཡོ་བ་ལྟ་བུའི་སྒྲ་ཤིན་ཏུ་ཡ་ང་བ་སྙིང་འགས་པ་ལྟ་བུ་དང། དུག་གསུམ་གྱི་རང་གཟུགས་དཀར་དམར་ནག་པའི་གཡང་ས་ཆེན་པོ་གསུམ་དུ་ལྷུང་བའི་ཉམས་ཤར་བ་དེ་དག་གི་ཚེ་སྔ་མའི་ལུས་རྟེན་དོར་བ་ཡིན་ཏེ། ད་ལྟ་སྔར་དང་མི་འདྲ་བར་ནང་དུ་རགས་པའི་ཁམས་དཀར་དམར་མི་གནས་པའི་སྟོབས་ཀྱིས་ཕྱིའི་ཉི་ཟླ་སོགས་ཀྱི་སྣང་བ་མི་འཆར་ཞིང། ལུས་ལ་གྲིབ་མའང་མེད་པ་འདི་རྟེན་དེ་ཉིད་དོར་ཟིན་པའི་རྟགས་ཡིན། སྤྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་མོད་ཀྱང། ཁྱད་པར་བར་དོའི་སྐབས་ཀྱི་བདེ་སྡུག་དགའ་འཇིགས་སོགས་ཀྱི་སྣང་བ་འདི་ནི། རྨི་ལམ་དུ་མེས་ཚིག་པ་དང། ལྷའི་དཔལ་འབྱོར་ལ་སྤྱད་པ་བཞིན་དངོས་གནས་ལ་ཕན་གནོད་ཅི་ཡང་འབྱུང་རྒྱུ་མེད་པར་མ་ཟད། དེ་ལ་འཁྲུལ་སྣང་དུ་ངོ་མ་ཤེས་པར་རྗེས་སུ་འབྲངས་ན་སྐྱེ་གནས་ངན་པ་སྣ་ཚོགས་སུ་འཁྲིད་པས་ཤིན་ཏུ་བསྒྲིམ་དགོས། རིགས་དྲུག་སོ་སོར་སྐྱེ་བའི་རྟགས་ཀྱི་སྣང་བ་འཆར་ཚུལ་ཡང། དམྱལ་བར་སྐྱེ་ན་ལྕགས་ཁང་དང་གངས་རིའི་འཁྱག་སྦུབས། ཡི་དྭགས་སུ་སྐྱེ་ན་མྱ་ངམ་གྱི་ཐང་དམར་པོ་སོགས་རང་རང་གི་གནས་ཀྱི་བཀོད་པ་ཤས་ཆེར་འཆར་ལ། ཁ་དོག་ནི་དམྱལ་བའི་བར་དོ་སོལ་བ་ལྟ་བུ། ཡི་དྭགས་ཀྱི་བར་དོ་དུ་བ་ལྟ་བུ། དུད་འགྲོའི་བར་དོ་ཆུ་ལྟ་བུ། འདོད་པའི་ལྷ་མིའི་བར་དོ་གསེར་ལྟ་བུ། གཟུགས་ཁམས་པའི་བར་


GTD003_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ནི་དཀར་པོར་མངལ་འཇུག་གི་མདོ་ལས་གསུངས། འགྲོ་ཚུལ་ལྷའི་བར་དོ་གྱེན་དང། མིའི་བར་དོ་ཐད་ཀ། །ངན་སོང་གི་བར་དོ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ལ། མཛོད་འགྲེལ་ལས་ཕྱི་མའི་འགྲོ་བ་དེ་དང་དེའི་འགྲོ་ཚུལ་དང་ཆ་མཚུངས་པར་ཡང་བཤད། ཁྱད་པར་འཁོར་བའི་བཙོན་རའི་ནང་དུ་འཁྲིད་བྱེད་ཀྱི་གཙོ་བོ་སྲེད་པ་ཡིན་པས། བརྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ་སྐྱེ། དྲོད་གཤེར་ལས་སྐྱེ་ན་དྲི་རོ་ལ་སྲེད་པ་སྐྱེ། སྒོ་ང་དང་མངལ་ལས་སྐྱེ་ན་རིགས་མཐུན་གྱི་གང་ཟག་མཐོང་སྟེ། ཚུལ་མིན་གྱི་སྤྱོད་པ་ལ་ལོག་པར་ཞེན་པའི་དབང་གིས་མཚམས་སྦྱོར་བ་ཡིན་ཞིང། དེ་ལྟར་སྐྱེ་བ་བླང་ཕྱིན་འཕྲལ་དང་ཡུན་དུ་སྡུག་བསྔལ་ལས་མ་འདས། དེ་བས་ཁྱེད་རང་གི་མགོན་སྐྱབས་སུ་བདག་གིས་བཅོམ་ལྡན་འདས་རྒྱལ་བ་བྱམས་པ་མགོན་པོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བཞུགས་ཡོད་ཅིང། ཞིང་དང་དངོས་པོ་བསམ་པ་ཕུན་སུམ་ཚོགས་པས་དགེ་རྩ་རྣམ་པར་དག་པ་བྱེད་བཞིན་པ་འདི་ཡིན་པས། ཁྱོད་རང་གིས་ཀྱང་འཁྲུལ་སྣང་གཞན་གྱི་རྗེས་སུ་མ་འབྲངས་པར་དགེ་རྩ་འདི་དག་བློས་བླངས་ཏེ་དགའ་བ་བསྒོམ་པ་དང། ཁྱད་པར་རྒྱལ་བ་བྱམས་པ་མགོན་པོ་ལ་དད་གུས་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་ན་བར་དོའི་སེམས་ཅན་ཆུ་ནང་གི་གཟིངས་ལྟར་དུ་ཁ་བསྒྱུར་སླ་བས། ངན་འགྲོའི་སྐྱེ་སྲིད་བཟློག་ནས་ཞིང་ཁྱད་པར་ཅན་དུ་སྐྱེ་བ་ལ་ཐེ་ཚོམ་མེད། དེས་ན་ངེད་ཀྱི་ཚིག་རིས་བཞིན་དུ་ཡན་ལག་བདུན་པའི་དམིགས་རྣམ་དང། རེ་ས་གཞན་ན་མེད་པའི་བློ་ལྟོས་བཅས་ཏེ་ཕུར་ཚུགས་སུ་གསོལ་བ་བཏབ་པའི་མཐར་བྱམས་མགོན་ཁྱེད་རང་གི་སྤྱི་བོར་སྤྱན་


GTD003_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ། ངེད་ཀྱིས་ཧིཀ་ལན་གསུམ་བཏབ་པའི་ཚེ་བྱམས་མགོན་གྱི་ཐུགས་ཀའི་ས་བོན་དང་དབྱེར་མེད་དུ་བསྟིམ་ཞིང། ཕཊ་ཅེས་བརྗོད་པའི་སྐབས་སུ་བྱམས་པ་མགོན་པོ་སྐད་ཅིག་ཉིད་ལ་དགའ་ལྡན་གྱི་གནས་སུ་གཤེགས། དེའི་ཐུགས་ཀ་ནས་ཕྱིར་ཕྱུང་སྟེ་པདྨའི་སྦུབས་སུ་ཡིད་ལུས་བླངས་ནས་བྱམས་མགོན་གྱི་སྲས་ཀྱི་ཐུ་བོར་འགྱུར་ངེས་པ་ཡིན་པས། དེ་ལྟར་གྱི་འདུན་པ་དང་མོས་གུས་རྩེ་གཅིག་ཏུ་སྐྱོང་བར་ཞུ། ཞེས་བརྗོད། དེའི་ཚེ་རང་ཉིད་ཀྱིས་ཀྱང་མི་རྟག་པའི་ངང་ཚུལ་དང། ཁྱད་པར་དུ་གཤིན་པོ་དེ་ཉིད་བར་དོའི་ལམ་འཕྲང་དམ་པོར་འཇིགས་པའི་དམག་གིས་བསྐོར་བ། རྒྱུས་མེད་ཀྱི་གནས་སུ་གྲོགས་མེད་གཅིག་པུར་འཁྱམས་ཤིང། མགོན་སྐྱབས་དང་དཔུང་གཉེན་མ་མཆིས་པའི་ཚུལ་བསམས་ཏེ་སྙིང་རྗེ་ཤུགས་དྲག་པོ་བསྐྱེད་ན། ཅི་ཙམ་སྙིང་རྗེ་སྐྱེས་པ་བཞིན་གྱི་དེའི་དོན་དུ་དཀོན་མཆོག་ལ་གསོལ་བ་འདེབས་པའི་བློའང་ཤུགས་དྲག་པོ་འབྱུང་བས་དེ་ལྟ་བུ་ཞིག་དགོས་ཀྱི། རྗེ་བཙུན་མི་ལ་རས་པས། མི་ཤི་བ་རོ་ཡི་སྔས་མགོ་ལ། །ནོར་ལེན་འདོད་ཀྱི་བན་བོན་ཅ་ཅོ་འདོན། །ཞེས་པ་ལྟར་གཤིན་པོ་དེའི་རྣམ་པར་ཤེས་པ་ད་ལྟ་གནས་སྐབས་ཅི་འདྲ་ཞིག་ཏུ་ཡོད་སྙམ་པ་ཡིད་ཀྱི་དགུ་ནའང་མེད་པར། གཉེན་བཤེས་སོགས་མགུ་བ་འབའ་ཞིག་ལྷུར་བྱས་ཏེ་རང་གཞན་གཉིས་ཀ་བསླུ་བར་མི་བྱའོ། །དེ་ལྟར་དད་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་བསམ་པ་ཁྱད་པར་ཅན་གྱི་ངང་ནས་ཡན་ལག་བདུན་པ་དང། མཚན་ལན་བདུན་ནམ་ཉེར་གཅིག་སོགས་བརྗོད་དེ་བདུད་རྩི་འབེབས་སྦྱང་སོགས་བྱ་བ་གོང་དང་འདྲ་ལ། ཁྱོད་


GTD003_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཞེས་སོགས་དང་། དེ་ལྟར་ཞེས་སོགས་ཀྱི་ཚིགས་བཅད་ཚན་པ་གཉིས་ངག་ཏུ་མ་བརྗོད་པར་རང་གིས་ཚིག་རིས་བཞིན་དམིགས་པ་བསྐྱངས་པས་འཐུས་སོ། །གསོལ་འདེབས་ཀྱི་ཚིག་རྣམས་གོ་རིམ་བཞིན་དུ་བརྗོད་ཅིང། མཐར་ཧིཀ་གསུམ་དང་ཕཊ་ལན་གཅིག་བརྗོད་པའི་ཚེ་དམིགས་པ་སྐྱོང་ཚུལ་གོང་དུ་བརྡ་སྤྲོད་པའི་སྐབས་བཤད་པ་བཞིན་བྱའོ། །དེ་ནས། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །བཅོམ་ལྡན་མ་ཕམ་མགོན་པོས་མངོན་སུམ་དུ། །ལུང་བསྟན་པ་ཡང་ཚེ་འདས་དེར་ཐོབ་ཤོག །ཅེས་དང། འདིས་མཚོན་དགེ་བས་བདག་གཞན་འགྲོ་བ་ཀུན། །ཞེས་སོགས་དང། འདི་ནས་ཤི་འཕོས་གྱུར་མ་ཐག །ཅེས་སོགས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བར་བྱའོ། །སྟོབས་བཅུ་མངའ་བ་མ་ཕམ་མགོན་པོ་ཡི། །ཐུགས་རྗེ་བྱིན་རླབས་གྲུ་གཟིངས་ལ་བརྟེན་ནས། །མི་བཟད་འཁོར་བའི་མཚོ་ལས་རབ་བརྒལ་ཏེ། །ཞིང་མཆོག་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག །དེ་ནས་བྱམས་མགོན་སྲས་དང་བཅས་པ་ཡི། །ཞལ་བཟང་མིག་གི་བདུད་རྩིར་འགྱུར་བ་དང། །ཟབ་རྒྱས་གདམས་པའི་དགའ་སྟོན་མྱང་བ་ཡིས། །ཡང་དག་ལམ་བཟང་ལུས་སྟོབས་རྒྱས་གྱུར་ཅིག། །ཅེས་རྗེ་བཙུན་བྱམས་པ་མགོན་པོ་ལ་བརྟེན་པའི་འཕོ་བའི་རྣམ་པར་བཞག་པ་དགའ་ལྡན་ཞིང་དུ་བགྲོད་པའི་བདེ་ལམ་ཞེས་བྱ་བ་འདི་ནི་ཁྱ་དགེའི་དགོན་ནས་ཡང་དག་པའི་སྒྲུབ་པ་ལ་གཅིག་ཏུ་གཞོལ་བ་དགེ་སློང་བློ་བཟང་དཀོན་མཆོག་གིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་


GTD003_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའ་འོ།། །།


previousརྗེ་བཙུན་བྱམས་མགོན་ལ་བརྟེན་པའི་འཕོ་བའི་རྣམ་བཞགnext