Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲད་རྒྱུད་ལུགས་ཀྱི་འཕོ་བའི་གདམས་ངག
   
   
   
   
   
   
   
   
   
   
   
   
   


 
previousསྲད་རྒྱུད་ལུགས་ཀྱི་འཕོ་བའི་གདམས་ངགnext

སྲད་རྒྱུད་ལུགས་ཀྱི་འཕོ་བའི་གདམས་ངག


GTD003_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

སྲད་རྒྱུད་ལུགས་ཀྱི་འཕོ་བའི་གདམས་པའི་ངག་འདོན་ཁྲིགས་ཆགས་སུ་བསྡེབས་པ་བཞུགས་སོ། །


GTD003_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཻ་ཏྲི་ཡེ། འདིར་སྲད་རྒྱུད་ལུགས་ཀྱི་འཕོ་ཁྲིད་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྟན་བདེ་བ་ལ་ལུས་གནད་བཅས་ཏེ་རླུང་གི་སྐྱོན་བསལ་ཞིང་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་འདི་ལྟར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཚོགས་ཞིང་ནམ་མཁའི་ཁམས་གང་བ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ། བདག་གིས་སེམས་ཅན་ཐམས་ཅད་མུ་མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་པར་བགྱི། དེའི་ཕྱིར་དུ་ཟབ་ལམ་འཕོ་བའི་གདམས་པ་ཉམས་སུ་བླངས་པར་བགྱིའོ། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང། །བཟང་པོའི་བཞུགས་སྟངས་མཛད་པའི་མ་ཕམ་མགོན། །གསེར་རི་ལྟར་བརྗིད་ཆོས་འཁོར་ཕྱག་རྒྱ་ཅན། །དེ་ཡི་ཐུགས་ཀ་དཔལ་གྱི་བེ་འུའི་ནང། །རྒྱལ་བའི་དབང་པོ་རྗེ་བཙུན་ཙོང་ཁ་པ། །ཆོས་འཆད་ཕྱག་རྒྱས་གླེགས་བམ་རལ་གྲི་བསྣམས། །སྲས་ཀྱི་ཐུ་བོ་གཉིས་དང་བཅས་པ་ཡི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་


GTD003_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་གནས་ནས་བྱམས་མགོན་དང། །རྗེ་བཙུན་བླ་མ་ཡབ་སྲས་རྣམ་པ་གསུམ། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་དུ། །འདྲེས་ཤིང་སྲིད་མཐའི་བར་དུ་བཞུགས་སུ་གསོལ། །ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ། །ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ། །གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། །ལུས་ངག་ཡིད་ཀྱི་མི་དགེ་ཅི་བགྱིས་དང། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེད། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། །རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ། །ལྷུན་འགྲུབ་ཆོས་ཀྱི་ཆར་པ་


GTD003_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་ཏུ་གསོལ། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །རང་ལུས་ཤེལ་གྱི་བུམ་པ་ལྟར་གསལ་བའི། །ཚངས་བུག་ནས་བཟུང་ལྟེ་འོག་སོར་བཞིའི་བར། །དབུ་མ་སྨད་ཕྲ་སྟོད་ཡངས་ཟངས་ཐལ་དབུས། །རང་སེམས་ངོ་བོ་རྗེ་བཙུན་རྣམ་པར་བསམ། །ཀྱེ་མ་གནག་དཀའ་སྲིད་པའི་རྒྱ་མཚོ་ལས། །བརྒལ་ཏེ་དགའ་ལྡན་ཆོས་ཀྱི་ཞིང་ཁམས་དེར། །མ་ཕམ་འཇམ་དཔལ་སྙིང་པོ་སྲས་བཅས་ཀྱི། །འཛུམ་ཞལ་མངོན་དུ་གྱུར་ན་ཅི་མ་རུང། །སྟེང་དགའ་ལྡན་ལྷ་བརྒྱའི་མགོན་པོ་མཆོག །རྗེ་མ་ཕམ་ཆོས་ཀྱི་བླ་མ་དང། །དབྱེར་མེད་པ་འདྲེན་མཆོག་ཐམས་ཅད་མཁྱེན། །ཕ་བློ་བཟང་གྲགས་པ་ཡབ་སྲས་ལ། །ཡིད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ལམ་ཟབ་མོ་འཕོ་བའི་རྣལ་འབྱོར་གྱིས། །ཞིང་དགའ་ལྡན་མཁའ་སྤྱོད་གནས་མཆོག་དེར། །དུས་ད་ལྟ་ཉིད་དུ་བགྲོད་པ་དང། །རྗེ་བླ་མ་ཡབ་སྲས་ཞལ་མཐོང་ཞིང། །གསུང་བདུད་རྩིའི་དགའ་སྟོན་མྱོང་བ་ལས། །ལམ་ཟབ་མོའི་རྟོགས་པ་མཐར་ཕྱིན་ནས། །མཆོག་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཕ་ཁྱེད་ཀྱི་ཐུགས་རྗེ་ལྕགས་ཀྱུ་ཡིས། །འོད་སྦུ་གུའི་ལམ་ནས་སྐད་ཅིག་ལ། །རྗེ་མ་ཕམ་ཆོས་ཀྱི་མདུན་ས་དེར། །དུས་ད་ལྟ་ཉིད་དུ་དྲང་དུ་གསོལ། །ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །དེ་ལྟར་གདུང་ཤུགས་དྲག་པོས་གསོལ་བཏབ་མཐུས། །བྱམས་མགོན་ཐུགས་ཀའི་རྗེ་


GTD003_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ཡབ་སྲས་ཀྱི། །ཐུགས་ཀ་ནས་བྱུང་འོད་ཟེར་དཀར་པོ་ཡི། །སྦུ་གུ་སྦ་ལྕག་ཙམ་ཞིག་ནར་གྱིས་བྱུང། །རང་གི་སྤྱི་བོ་ཚངས་པའི་བུ་གར་ཟུག །དེ་ནས་སླར་ཡང་ཐུགས་ཀའི་ས་བོན་ལས། །ལྕགས་ཀྱུ་ལྟ་བུའི་འོད་ཟེར་དཀར་པོ་ཞིག །རྒྱངས་ཏེ་བྱུང་ནས་འོད་ཀྱི་སྦུ་གུ་ཡི། །ལམ་དུ་ཞུགས་ནས་དྷུ་ཏཱིའི་ནང་བརྒྱུད་དེ། །སྙིང་དབུས་རང་སེམས་དབྱེར་མེད་རྗེ་བླ་མའི། །ཐུགས་ཀར་བཏབ་སྟེ་འདྲེན་པར་མངོན་ཕྱོགས་ཚེ། །འོག་རླུང་དྲག་ཏུ་འཐེན་པའི་གཞུ་མོ་ལ། །ཧིཀ་གི་མདའ་སྦྱར་མགྲིན་པའི་བར་དུ་སླེབ། །ཧིཀ །སླར་ཡང་སྟེང་རླུང་མནན་ཏེ་རང་གི་གནས། །སྙིང་གའི་ཐད་ཀྱི་དྷུ་ཏཱིའི་དབུས་སུ་ཕབ། །ཀ། །དེ་བཞིན་དུ་སྤྱི་བོའི་བར་དུ་སྤར་ནས་སླར་རང་གནས་སུ་འབེབས་པ་སོགས་རེས་མོས་ཀྱི་ཚུལ་དུ་ཧིཀ་དང་ཀ་སྦྲེལ་བ་ཉེར་གཅིག་སོགས་ཇི་ལྟར་འདོད་པ་སྦྱངས་ལ། མཐར་ཕཊ་ཅེས་བརྗོད་པས་བྱམས་མགོན་གྱི་ཐུགས་ཀའི་རྗེ་བླ་མའི་ཐུགས་ཀར་བསྟིམ་ནས། དེའི་ཐུགས་དང་དབྱེར་མེད་དུ་འདྲེས་པར་མོས་པའི་ངང་ལ་དར་ཅིག་མཉམ་པར་བཞག །སླར་ཡང་དམིགས་རྟེན་རང་གནས་སུ་ཕབ་པའི་མོས་པ་དང་བཅས། ཀ་ཞེས་བརྗོད། དེ་ནས། མདུན་གྱི་ནམ་མཁའི་དབྱིངས་བཞུགས་འཕོ་ཡུལ་རྣམས། །གསེར་ཞུན་ལྟ་བུའི་འོད་དུ་ལྟེམ་ཞུ་ནས། །ཚངས་པའི་བུ་ག་འཁྱིལ་གྱིས་རབ་བཀག་སྟེ། །རང་གི་སྒོ་གསུམ་བྱིན་གྱིས་བརླབས་པར་གྱུར། །འདིར་འབད་ལས་བྱུང་དགེ་ཚོགས་རྒྱ་མཚོའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ནམ་ཞིག་ཚེ་འདིའི་སྣང་བ་འགག་མ་ཐག །ཡིད་དགའ་ཆོས་འཛིན་གནས་དེར་


GTD003_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་ཤོག །དེ་ཚེ་འཇམ་མགོན་བླ་མ་ཡབ་སྲས་ཀྱིས། །དབུགས་དབྱུང་གསུང་གི་བདུད་རྩིའི་བཅུད་མྱང་སྟེ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་ཟློས་གར་གྱིས། །མཐའ་ཡས་འགྲོ་བ་སྲིད་ལས་སྒྲོལ་བར་ཤོག །ཁྱད་པར་འཇམ་མགོན་བླ་མ་ཡབ་སྲས་ཀྱིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །ཅེས་སྲད་རྒྱུད་ལུགས་ཀྱི་འཕོ་བའི་གདམས་པ་ཉམས་སུ་ལེན་ཚུལ་ནག་འགྲོས་སུ་བཀོད་པ་འདི་ནི། དད་བརྩོན་བློ་དང་ལྡན་པ་དགེ་འདུན་རབ་རྒྱས་དང་འཇིགས་མེད་དགེ་འདུན་གཉིས་ཀྱིས་བསྐུལ་ངོར ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ།། །།


previousསྲད་རྒྱུད་ལུགས་ཀྱི་འཕོ་བའི་གདམས་ངགnext