Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་ལམ་བླ་མའི་རྣལ་འབྱོར་སྙན་བརྒྱུད་གསང་བའི་ལྡེ་མིག
   
   
   
   
   
   
   
   
   
   
   
   


 
previousཟབ་ལམ་བླ་མའི་རྣལ་འབྱོར་སྙན་བརྒྱུད་གསང་བའི་ལྡེ་མིགnext

ཟབ་ལམ་བླ་མའི་རྣལ་འབྱོར་སྙན་བརྒྱུད་གསང་བའི་ལྡེ་མིག


GTD003_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་བླ་མའི་རྣལ་འབྱོར་གྱི་མན་ངག་སྙིང་པོའི་རྩ་ཚིག་གི་འགྲེལ་པ་སྙན་བརྒྱུད་གསང་བའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །


GTD003_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཐུགས་རྗེའི་གྲུ་གཟིངས་ལ་བརྟེན་ནས། །སྐུ་གསུམ་ནོར་བུའི་གླིང་དུ་ཕྱིན་བྱེད་པ། །སྲས་བཅས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མར་འདུད། །ཡེ་ཤེས་སྐུ་ཅན་འཇམ་མགོན་བླ་མ་ཉིད། །དགེ་ལྡན་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་མཆོག །བསྒྲེང་ཕྱིར་སླར་ཡང་སྤྲུལ་པས་རྣམ་རོལ་བ། །ཐུགས་རྗེའི་གཏེར་ཆེན་དེ་ཡིས་རྟག་སྐྱོངས་ཤིག །མདོ་རྒྱུད་མན་ངག་པདྨ་འབུམ་སྡེའི་བཅུད། །བཤད་སྒྲུབ་ལྟོ་བར་སྨིན་པའི་ལེགས་གསུང་ཀུན། །ཚང་ལ་མ་ནོར་གདམས་པའི་སྦྲང་རྩི་རུ། །འབབ་པའི་དོན་གྱི་རོ་མངར་འདི་མྱོངས་ཤིག །དེའང་དཔལ་ལྡན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཅན་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་མཛོད་འཛིན་པ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་


GTD003_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་པོ་ནས། ཀུན་གཟིགས་རྒྱལ་བའི་དབང་པོ་མཆོག་གི་སྐུ་མཆེད་རྗེ་དྲུང་རྣམ་གཉིས་ལ་སྩལ་བ་མདོ་སྔགས་གཉི་གའི་གནད་ཚང་བའི་ཟབ་ལམ་བླ་མའི་རྣལ་འབྱོར་འདི་ཉིད་ཀྱི་དོན་འཆད་པ་ལ། ཀླད། གཞུང་། མཇུག་གི་དོན་གསུམ། དང་པོ་ལ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས་ལས། དང་པོ་ནི། ན་མོ་གུ་རུ་ཞེས་བྱུང་། དེའང་ན་མོ་ཞེས་པ་འདུད་པའི་དོན་ཡིན་པས། ཕྱག་དང་མཆོད་པ་བསྟོད་པ་སོགས་དུ་མ་ལ་འཇུག་ཅིང་། དེར་མ་ཟད་བདེ་ཆེན་མགོན་པོ་བླ་མ་ལྷའི་གོ་འཕང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རང་གི་རིག་པ་མངོན་དུ་བྱ་བའི་བར་ལའང་འཇུག་སྟེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །ཇི་ལྟར་ཆུ་ལ་ཆུ་བཞག་དང། །ཇི་


GTD003_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མར་ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །གུ་རུ་ནི་བླ་མའམ་གོང་མ་ལ་འཇུག་ཅིང་། དེའང་སྐྱེས་རབས་ལས། ཡོན་ཏན་གྱི་ཚོགས་ཀྱིས་བླ་མར་གྱུར་པ། ཞེས་དང་། འཁྲི་ཤིང་ལས། ནོར་བུ་བཞིན་དུ་ཡོན་ཏན་ཉིད་ཀྱིས་བླ་མ་འཐོབ། །ཅེས་པ་ལྟར། ཡོན་ཏན་གྱི་སྒོ་ནས་སྐྱེ་རྒུའི་བླ་མར་གྱུར་པའམ། ཡང་ན། གུ་ཎ་ཨ་ཀཱ་ར་ཞེས་ཡོན་ཏན་གྱི་འབྱུང་གནས་སུ་བཤད་ཅིང་། ཡོན་ཏན་དུ་མ་བསགས་པས་ལྕི་བ་ལའང་བཤད་དོ། །དོན་གྱི་སྙིང་པོར་གྱུར་པ་ནི་སློབ་མའི་བློ་སྣ་གོང་དུ་འཁྲིད་པར་བྱེད་པའི་དོན་གྱིས་བླ་མ་ཞེས་དམ་པ་གོང་མ་རྣམས་ཀྱིས་གསུངས་པ་ལྟར། སངས་རྒྱས་ཀྱི་སའི་བར་ལ་གོང་ནས་གོང་དུ་འཁྲིད་ཅིང་སྐྱེལ་བར་བྱེད་པའི་དེད་དཔོན་གཅིག་པུར་གྱུར་པ་དང་། སྐྱབས་གནས་མ་ལུས་པ་འདུས་པའི་བདག་ཉིད་ཡིན་པ་དང་། འོག་གི་བརྗོད་བྱའི་འགྲོས་སུ་མཐུན་པའི་ཕྱིར་ཡང་བླ་མ་གཅིག་པུ་ལ་མཆོད་པར་བརྗོད་པ་ཡིན་ནོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། གསུང་རབ་ཀུན་གྱི་སྙིང་པོའི་དོན། །གྲུབ་ཆེན་རྣམས་ཀྱི་ཐུགས་དམ་མཐིལ། །ཟབ་ལམ་བླ་མའི་རྣལ་འབྱོོར་གྱི། །མན་ངག་སྙིང་པོའི་རྩ་ཚིག་བྲི། །ཞེས་བྱུང་། དེའང་ཟབ་ལམ་བླ་མའི་རྣལ་འབྱོར་འདི་ནི་གསུང་རབ་ཀུན་གྱི་སྙིང་པོའི་དོན་དུ་འགྱུར་ཚུལ་ནི། བློ་སྦྱོང་རྩ་


GTD003_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལས། ཆོས་ཀུན་དགོངས་པ་གཅིག་ཏུ་འབབ། །ཅེས་དང་། རྗེ་བླ་མས། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །ཞེས་རྒྱལ་བས་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་འགྲོ་བ་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ་འབའ་ཞིག་གི་ཕྱིར་ཡིན་པས། དེ་ཐམས་ཅད་ཀྱི་སྙིང་པོའི་དོན་བསྡུས་ན་ངེས་འབྱུང་གི་བསམ་པའི་སྟེང་དུ་འབབ་པར་གསུངས་པ་བཞིན། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་གྲུ་གཟིངས་བླ་ན་མ་མཆིས་པ་ནི་ཟབ་ལམ་བླ་མའི་རྣལ་འབྱོར་འདི་ཉིད་ཡིན་པས། དེ་ཐམས་ཅད་ཀྱི་སྙིང་པོའི་དོན་འདིའི་ཁོངས་སུ་འདུས་པ་ཡིན་ནོ། །གྲུབ་ཆེན་གོང་མ་རྣམས་ཀྱི་ཐུགས་དམ་གྱི་མཐིལ་ལམ་དངོས་གཞིར་གྱུར་པའང་ཟབ་མོ་བླ་མའི་ལམ་འདི་ཁོ་ན་ཡིན་པ་དེ་དག་གི་རྣམ་ཐར་སོགས་སུ་གསལ་ལ། དེའི་རྒྱུ་མཚན་སྔགས་ཀྱི་སྐབས་སུ། སྒྲོན་གསལ་ལས། ཞི་སོགས་བྱ་བའི་ཆོ་ག་དང། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་ཞི་སོགས་ཀྱི་ལས་འགྲུབ་པ་གྲུབ་པ་ཆུང་ངུ་དང་། རལ་གྲིའི་རིག་འཛིན་སོགས་གྲུབ་པ་འབྲིང་། མཆོག་གི་གོ་འཕང་ལ་གྲུབ་པ་ཆེན་པོར་གསུངས་པ་དང་། ཕར་ཕྱིན་ཐེག་པའི་དབང་དུ་བྱས་ན་མདོ་སྡེ་རྒྱན་ལས། ས་རྣམས་ཐམས་ཅད་མ་གྲུབ་དང། །གྲུབ་པ་དག་ཏུ་ཤེས་པར་


GTD003_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་མོས་སྤྱོད་དང་། མ་དག་ས་བདུན། དག་ས་རྣམས་ལ་མ་གྲུབ་པ་དང་གྲུབ་པའི་ཁྱད་པར་ཕྱེ་ལ། དེའི་དགོངས་པར་བྱས་ཏེ་སྡོམ་གསུམ་རབ་དབྱེ་ལས། གྲུབ་ཐོབ་ཆུང་ངུ་མཐོང་ལམ་ཡིན། །གྲུབ་པ་འབྲིང་པོ་ས་བརྒྱད་པ། །གྲུབ་ཐོབ་ཆེན་པོ་སངས་རྒྱས་ས། །ཞེས་གསུངས་པ་སོགས་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་། དེ་ཐམས་ཅད་རྩ་བ་བླ་མ་ལ་རག་ལས་པར་ཁྱད་པར་མེད་དེ། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང། །རལ་གྲི་ས་འོག་གྲུབ་པ་དང། །རིལ་བུ་དང་ནི་མཁའ་སྤྱོད་དང། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་ཡེ་ཤེས་རྡོ་རྗེ་ཡང། །མཉེས་པས་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་སློབ་དཔོན་དྲུང་གཤེགས་ཏེ། །དེ་བཞིན་གཤེགས་རྣམས་ཕྱག་མཛད་དོ། །ཞེས་ཐུན་མོང་གི་དངོས་གྲུབ་རྣམས་ཀྱང་བླ་མ་ལ་བརྟེན་ནས་འཐོབ་དགོས་པར་གསུངས་ལ། ཁྱད་པར་དུ་ཟུང་འཇུག་གི་གོ་འཕང་རྙེད་པ་བླ་མའི་བཀའ་དྲིན་ཁོ་ན་ལ་ལྟོས་དགོས་ཏེ། བདེ་མཆོག་གི་རྒྱུད་དང་། གྲུབ་ཆེན་མང་པོའི་གསུང་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཞེས་མཐུན་པར་གསུངས་པ་དང་། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། མགོན་པོ་བདེ་བ་ཆེན་པོས་གསང་བ་གྲུབ་པ་ལས། བླ་མ་དང་ནི་རྡོ་


GTD003_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཛིན། །གང་གིས་གཉིས་སུ་མེད་པར་མཐོང། །དངོས་གྲུབ་བསྡུས་པའི་མཚན་ཉིད་ཅན། །དེ་ཉིད་དེ་ནི་འདིར་འཐོབ་འགྱུར། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་སོགས་གྲུབ་སྙིང་དང་དོ་ཧའི་སྐོར་ཐམས་ཅད་ལས་ཀྱང་བླ་མའི་རྣལ་འབྱོར་ཁོ་ན་ལམ་གྱི་སྲོག་ཏུ་གསུངས་ལ། དཔལ་མགོན་ཀླུ་སྒྲུབ་ཀྱིས་རིམ་ལྔར་རིམ་པ་རེ་རེའི་ཐད་དུའང་དེ་དང་དེ་ཉིད་བླ་མའི་ཞབས་ལ་བརྟེན་ནས་འཐོབ་དགོས་ཚུལ་ཡང་ཡང་གསུངས་པ་བཞིན། གྲུབ་ཆེན་རྣམས་ཀྱིས་གཞན་ལ་འདོམས་པའི་ཚེའང་བླ་མའི་རྣལ་འབྱོར་ཁོ་ན་རྩལ་དུ་བཏོན་ནས་གསུངས་ལ། རང་གི་ཉམས་ལེན་གྱི་མཐིལ་ཡང་འདི་ཉིད་འབའ་ཞིག་གཙོ་བོར་མཛད་དོ། །དེ་ལྟར་ན་རྐང་པ་དང་པོ་གཉིས་ཀྱིས་གདམས་པའི་ཆེ་བ་བསྟན་པ་ཡིན་ཏེ། མདོ་སྔགས་ཐུན་མོང་གི་བརྗོད་བྱའི་དོན་གྱི་སྙིང་པོ་ཐམས་ཅད་འདུས་པར་རྐང་པ་དང་པོས་བསྟན་ལ། ཁྱད་པར་དུ་གྲུབ་པའི་དབང་པོ་རྣམས་ཀྱི་ཞལ་ནས་ཞལ་དང། སྙན་ནས་སྙན་དུ་བརྒྱུད་པ་སྔགས་ཀྱི་ཟབ་གནད་ཐུན་མོང་མ་ཡིན་པ་རྣམས་ཚང་ཚུལ་རྐང་པ་གཉིས་པས་བསྟན། ཡང་ན་ཐར་འདོད་རྣམས་ཀྱིས་གང་ལ་ཐོས་བསམ་སྒོམ་པ་བྱ་བའི་ཡུལ་གྱི་ཆོས་ནི་ཆུ་མགོ་གངས་ལ་ཐུག་པ་བཞིན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མདོ་རྒྱུད་རྣམས་སུ་གསུངས་ཤིང། པཎ་གྲུབ་ཚད་མར་གྱུར་པ་རྣམས་ཀྱིས་


GTD003_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཉམས་སུ་བཞེས་པ་ཞིག་དགོས་པས། འདིར་ཡང་དེ་སྟོན་པ་ལ་རྐང་པ་གཉིས་རིམ་བཞིན་བྱུང་སྟེ། ཆོས་ཁུངས་བཙུན་པའི་ཆེ་བ་བསྟན་པ་ཡིན་ནོ། །ཆེ་བ་དེ་ལྡན་གྱི་གདམས་པ་དངོས་ནི། ཟབ་ལམ་བླ་མའི་རྣལ་འབྱོར་གྱི། །མན་ངག་སྙིང་པོའི་རྩ་ཚིག་བྲི། །ཞེས་པས་བསྟན་ཏེ། བླ་མའི་རྣལ་འབྱོར་གྱི་གདམས་པ་འདི་ནི་ཚིག་ཉུང་ཡང་། མདོ་རྒྱུད་དགོངས་འགྲེལ་ཀུན་གྱི་གནད་བསྡུས་པ་དོན་ཤིན་ཏུ་རྟོགས་པར་དཀའ་བས་ན་ཟབ་ལམ་ཞེས་སྨོས་པ་ཡིན། མན་ངག་ནི་ཨུ་པ་དེ་ཤ་ཞེས་པ་ཉེ་བར་རྟོགས་པའམ། བདེ་བླག་ཏུ་རྟོགས་པ་ལ་འཇུག་ཅིང་། དེའང་གདམས་པ་འདི་ཉིད་དཔྱིས་ཕྱིན་པར་ལག་ལེན་དུ་འདེབས་ནུས་ན། ལས་དང་པོ་བའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱི་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་མགོ་ཚུགས་པའམ། ཡང་ན་གདམས་པའི་ཚིག་ཉུང་ངུ་འདི་ལ་བརྟེན་ནས་མདོ་སྔགས་གཉི་གའི་གཞུང་ཆེ་བ་ཐམས་ཅད་ཀྱི་བརྗོད་བྱའི་ས་ལམ་གྱི་རིམ་པ་རྣམས་བདེ་བླག་ཉིད་དུ་ཉམས་སུ་བླང་དུ་ཡོད་པས། དེ་ཐམས་ཅད་ཀྱི་མན་ངག་ཏུ་གྱུར་པ་ཡིན་ཏེ། བེའུ་བུམ་སྔོན་མོ་ལས། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན། །ཞེས་དང་། རྗེ་བདག་ཉིད་ཆེན་པོས། མན་ངག་ལ་བརྟེན་ནས་གཞུང་ཆེ་བ་རྣམས་གདམས་ངག་ཏུ་འཆར་བའི། ཞེས་དང་། མན་ངག་མཆོག་ཏུ་གྱུར་པ་ཙམ་གྱིས་དེ་ལ་རིང་དུ་སྦྱངས་ནས་རྒྱུད་སྡེ་སོགས་ཚད་ལྡན་གྱི་གཞུང་ལ་བལྟས་པ་ན། རྒྱུད་དོན་དུ་མ་ཞིག་ལ་ངེས་པ་སྟེར་


GTD003_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ཞེས་གསུངས་པ་ལྟར་རོ། །གཉིས་པ་གསུང་དོན་ལ། ཐོག་མར་བཤད་པའི་གླེང་བསླང་བ་ནི། ཀུན་གཟིགས་རྒྱལ་བའི་དབང་པོ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་མཛད་པའི་བླ་མ་ཉིད་ཀྱི་རྣམ་ཐར་ལས། བླ་མ་རིན་པོ་ཆེ། ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཟབ་ལམ་བླ་མའི་རྣལ་འབྱོར་འདི་ཡིན་འདུག་པས་བླ་མ་གང་དུ་བསྒོམ་པའི་གནས་དང་། བསམ་སྦྱོར་གྱིས་བསྟེན་ཏེ་དད་པ་གསུམ་སྒོམ་ཚུལ། དད་ལྡན་གཞན་གྱིས་ཕྱག་འཚལ་བ་བྱུང་ན་རང་ཉིད་ལ་དེ་ལེན་པའི་ནུས་པ་མེད་པས། དེ་དག་གི་ཕྱག་ཀྱང་བླ་མ་ཉིད་ལ་ཕུལ་ན་རང་གཞན་ཐམས་ཅད་ཀྱི་ཚོགས་རྫོགས་པ་ལ་ཁྱད་ཡོད་འདུག་པས་དེའི་ཚེ་དམིགས་རྣམ་ཇི་ལྟར་བྱེད་ཚུལ། མདོར་ན་བླ་མའི་རྣལ་འབྱོར་ལ་བརྟེན་ནས་མདོ་སྔགས་གཉི་གའི་ལམ་གྱི་གནད་རྣམས་སེམས་ལ་བཅང་ཆོག་པའི་མན་ངག་གི་སྙིང་པོ་ཞིག་སྩལ་དུ་གསོལ་ཞེས་ཞུས་པའི་ལན་དུ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་འབྱུང་བ་ལྟར་ཡིན་པས། འདིར་ཞུ་བའི་ཚེ་གནས་གང་དུ་སྒོམ་པ་ཐོག་མར་འབྱུང་ཡང། ལམ་རིམ་ཆེན་མོ་ལས། བླ་མའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པའི་གདམས་པའང་སྔར་བཤད་པ་ལྟར་གོ་དགོས་ཀྱི། དམིགས་པ་ཐུན་རེ་ཙམ་བསྐྱངས་པས་ནི་གར་ཡང་མི་ཕྱིན། ཞེས་གསུངས་པ་ལྟར། རྩ་བ་དད་གུས་སྦྱངས་ཏེ་རྒྱུད་འཁུལ་བ་ཞིག་མེད་ན་བླ་མ་སྤྱི་བོར་བསྒོམ་པ་སྐད་བྱས་


GTD003_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གནད་དུ་མི་འགྲོ་བས། འདིར་དད་པ་སྒོམ་ཚུལ་སྔོན་དུ་བླངས་ནས་གསུངས་སོ། །དེས་ན་འདི་ལ་གསུམ། རྩ་བ་དད་གུས་སྦྱོང་ཞིང་དེ་ལ་དད་པ་གསུམ་དུ་འཇོག་ཚུལ། སྤྱོད་ལམ་ཐམས་ཅད་བླ་མའི་རྣལ་འབྱོར་དང་སྦྲགས་ཏེ་དོན་ལྡན་དུ་བྱེད་ཚུལ། དེའི་སྟེང་ནས་གསང་སྔགས་ཟབ་མོའི་ཉམས་ལེན་མཐའ་དག་སྦྱོང་ཚུལ་ལོ། །དང་པོ་ལ། རྩ་བ་དད་པ་སྦྱངས་པ། བཀའ་དྲིན་རྗེས་སུ་དྲན་ནས་གུས་པར་བྱ་བ། དེ་དག་དད་པ་སོ་སོར་འཇོག་ཚུལ་དང་གསུམ། དང་པོ་ནི། འདི་ཕྱིའི་ལེགས་ཚོགས་མ་ལུས་པའི། །གཞི་དང་རྟེན་དང་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་སྟེ། །དེ་ཡི་རྣལ་འབྱོར་བསྒོམ་ཚུལ་ནི། །མ་ནོར་ལམ་བཟང་སྟོན་བྱེད་པའི། །བཤེས་གཉེན་དམ་པའི་སྐུ་གཟུགས་ལ། །ཕྱོགས་བཅུའི་རྒྱལ་བ་ཀུན་བཞུགས་པར། །ཁྱབ་བདག་རྡོ་རྗེ་འཆང་གིས་གསུངས། །དེ་ཕྱིར་སངས་རྒྱས་ཀུན་འདུས་སུ། །བཅོས་མིན་ངེས་པ་རྙེད་གྱུར་ན། །བཤེས་གཉེན་བསམ་པས་བསྟེན་ཚུལ་གྱི། །གནད་ཀྱི་མན་ངག་དེ་ཉིད་དོ། །ཞེས་བྱུང་། དེའང་རང་ལ་ལམ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ནི་འདི་ཕྱིའི་ལེགས་ཚོགས་ས་དང་ལམ་གྱི་ཡོན་ཏན་མ་ལུས་པ་དང་པོར་རང་རྒྱུད་ལ་སྐྱེད་ཅིང་། སྐྱེས་ཟིན་མི་ཉམས་པར་གོང་འཕེལ་དུ་བྱེད་པའི་གཞི་དང་རྟེན་དང་རྩ་བར་གྱུར་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཕ་རོལ་ཏུ་ཕྱིན་པ་དང་། ས་དང་བཟོད་པ་དང་། ཏིང་ངེ་འཛིན་དང་། མངོན་པརཤེས་པ་དང་། གཟུངས་དང་། སྤོབས་པ་དང་།


GTD003_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་དང་། སྨོན་ལམ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་ཅིང་ཡོངས་སུ་རྫོགས་པ་ནི་བླ་མ་ལ་རག་ལས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང་། བླ་མ་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བརྟེན། བླ་མ་རྒྱུར་གྱུར་པ་དག་གོ །ཞེས་གསུངས་པའི་ཕྱིར། དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ལེགས་ཚོགས་མཐའ་དག་གི་རྩ་བ་བླ་མ་བརྟེན་ཚུལ་གྱི་རྟེན་འབྲེལ་མགོ་ནས་མ་འཕྱུགས་པ་ཞིག་བྱེད་དགོས་ལ། དེའང་ཐོག་མར་དད་པའི་རྨང་གཞི་ཚུགས་པ་ཞིག་མེད་མི་རུང་དུ་གལ་ཆེའོ། །དད་པ་བསྒོམ་པའང་ཡོན་ཏན་ཕྱོགས་རེ་ཙམ་བསྒོམ་པས་མི་ཆོག་གི །རྩ་བའི་བླ་མ་དེ་ཉིད་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བཅོས་མིན་གྱི་ངེས་པ་བརྟན་པོ་རྙེད་པ་ཞིག་དགོས་སོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་འགྲོ་ཚུལ་ནི། བཤེས་གཉེན་དམ་པའི་སྐུ་གཟུགས་ལ། །ཕྱོགས་བཅུའི་རྒྱལ་བ་ཀུན་བཞུགས་པར། །ཁྱབ་བདག་རྡོ་རྗེ་འཆང་གིས་གསུངས། །ཞེས་པ་སྟེ། འདིའི་དོན་ཡང་། བླ་མའི་སྐུའི་ཕུང་ཁམས་སྐྱེ་མཆེད་རྣམས་གཤེགས་པ་དང་གཤེགས་མ་ལ་སོགས་པའི་ངོ་བོར་གནས་པའི་སྒོ་ནས་བླ་མའི་སྐུ་ལ་དེ་ཐམས་ཅད་ཚང་བ་དང་། གདུལ་བྱའི་ཚོགས་རྫོགས་པའི་ཕྱིར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བླ་མའི་སྐུ་ལ་བཞུགས་ནས་སྒྲུབ་པ་པོའི་མཆོད་པ་ལེན་ཅིང་བྱིན་གྱིས་རློབས་པ་གཉི་གའི་དོན་དུ་བྱས་ན་གོ་བ་སྟེར་ཕུལ་ཆེ་ཞིང་རྒྱུད་ཀྱི་དགོངས་པ་དང་འགྲིག་པས་


GTD003_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བྱ་དགོས་ཏེ། དང་པོ་ནི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །ཞེས་སོགས་དང་། དེ་བས་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །མཐོང་ན་དོན་ནི་ཡོད་པ་ཀྱེ། །ཕྱི་མའི་དུས་ན་སེམས་དཔའ་ཆེ། །དེ་བས་སེམས་ཅན་ཐམས་ཅད་ཀྱིས། །ལྷ་ཡི་མཆོད་པའི་ཡོ་བྱད་ཀྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །ཞེས་སོགས་ཀྱིས་ཕུང་པོ་ལྔ་གཤེགས་པ་དང་། ཁམས་བཞི་གཤེགས་མ། སྐྱེ་མཆེད་རྣམས་སེམས་དཔའ་དང་སེམས་མ། ཡན་ལག་རྣམས་ཁྲོ་བོ་བཅུ་སོགས་ཀྱི་བདག་ཉིད་དུ་གསུངས་པའི་ཤུགས་ཀྱིས་གཤེད་སྐོར་ནས་བསྟན་པའི་རྡོ་རྗེ་མིག་ལ་སོགས་པ་དང་། འཁོར་ལོ་སྡོམ་པ་ལྟར་ན། རྣམ་སྣང་རྡོ་རྗེ་དང་། ལྟུང་བྱེད་མ་ལ་སོགས་པ་དང་། དཔའ་བོ་ཉེར་བཞི། དཔའ་མོ་ཉེར་བཞི་ལ་སོགས་པའི་བདག་ཉིད་དུ་འགྲུབ་བོ། །པཎ་ཆེན་ཐམས་ཅད་མཁྱེན་པའི་བླ་མཆོད་ཆོ་གར་ཕུང་ཁམས་སྐྱེ་མཆེད་དང་ཡན་ལག་རྣམས་ལྷའི་བདག་ཉིད་དུ་གསུངས་པའི་ཁུངས་ནི་གཙོ་བོར་བཤད་རྒྱུད་རྡོར་ཕྲེང་ལ་བརྟེན་ཅིང་། བ་སྤུ་དགྲ་བཅོམ་དང་འོད་ཟེར་ཕྱོགས་སྐྱོང་དུ་གསུངས་པ་མན་ཆད་རྡོ་རྗེ་མཁའ་འགྲོ་སོགས་ལ་བརྟེན་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །


GTD003_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་བ་སོགས། །དེ་ལྟར་ཡོན་ཏན་ལྡན་པའི་སྐུར། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཞེས་གསུངས་ཏེ། རྗེ་བདག་ཉིད་ཆེན་པོས་བླ་མ་ལྔ་བཅུ་པའི་ཊཱིཀྐར་ཡང་། འདི་ནི་བླ་མའི་རྣལ་འབྱོར་རྒྱུད་སྡེ་ནས་གསུངས་པའི་ཁྱད་པར་ཅན་ཞིག་གོ །ཞེས་སྐྱབས་གནས་མཐའ་དག་བླ་མའི་སྐུའི་ཆ་ལ་འདུས་པར་སྒོམ་ཚུལ་འདི་ནི་ཤིན་ཏུ་ཟབ་ཅིང་གནད་ཆེ་བའི་བསྔགས་བརྗོད་རྒྱ་ཆེར་མཛད་དོ། །བཀའ་རྒྱུད་པའི་གཞུང་འགའ་ཞིག་ཏུ་བླ་མའི་ཕུང་སོགས་བརྟེན་པ་ལྷའི་བདག་ཉིད་དུ་ཕ་རྒྱུད་ཀྱིས་འགྲུབ་ལ། རྟེན་གཞལ་ཡས་ཁང་གི་ངོ་བོར་མ་རྒྱུད་ཀྱིས་འགྲུབ་བོ་ཞེས་ཁྱད་ཕྱེ་ནས་བཤད་ཀྱང་། རྡོར་འཕྲེང་ལས། ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱིས་ཡང་དག་བསྟེན། །ཞེས་པ་ནས། དེ་དག་གཞལ་ཡས་ཁང་དུ་བསྒོམ། །ཞེས་ལུས་དཀྱིལ་གསུངས་པ་འབྲས་དུས་བླ་མའི་སྐུ་ལ་དངོས་གནས་སུ་འགྲུབ་དགོས་པས། དེའི་ཕུང་སོགས་རྟེན་གཞལ་ཡས་ཁང་གི་ངོ་བོར་ཕ་རྒྱུད་ལས་ཀྱང་མ་གསུངས་པ་མིན་ནོ། །གཉིས་པ་གདུལ་བྱའི་ཚོགས་རྫོགས་པའི་ཕྱིར་སངས་རྒྱས་ཐམས་ཅད་བླ་མའི་སྐུ་ལ་བཞུགས་ནས་མཆོད་པ་ལེན་ཅིང་བྱིན་གྱིས་རློབས་པའི་ཚུལ་ནི། བདེ་མཆོག་རྩ་རྒྱུད་ལས། སློབ་དཔོན་ལུས་སུ་ལེགས་གནས་ནས། །སྒྲུབ་པ་པོ་ཡི་མཆོད་པ་ལེན། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་


GTD003_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །ཞེས་སོགས་རྒྱུད་དང་གྲུབ་ཆེན་དུ་མས་གསུངས་ལ། མདོ་ཕྱོགས་ལས་ཀྱང་དེ་ལྟར་གསུངས་ཏེ། མཆིམས་ནམ་མཁའ་གྲགས་ཀྱིས་བསྟན་རིམ་དུ་མདོ་དྲངས་པ་ལས། གང་གི་ང་གནས་ཉོན་མོངས་པའི་གཉེན་པོར་འགྱུར་ཞིང། དཀར་པོའི་ཕྱོགས་ཀྱི་གྲོགས་སུ་འགྱུར་བའི་ཚིག་འབྱུང་བ་དེ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཞུགས་པར་རིག་པར་བྱའོ། །ཞེས་གསུངས་པ་དང་། བརྒྱད་སྟོང་པ་ལས་གདུལ་བྱ་ལ་ཆོས་སྟོན་པ་ཐམས་ཅད་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ཡིན་པར་གསུངས་པ་སོགས་ཤིན་ཏུ་མང་ངོ་། །དེ་ལྟར་སངས་རྒྱས་ཀུན་འདུས་སུ་བསྒོམ་པའང་འདི་ཉིད་སངས་རྒྱས་ཡིན་ནོ་ཞེས་པའི་མོས་མནོ་ཙམ་གྱིས་མི་ཆོག་པར། རིགས་པས་དཔྱད་དེ་སྐྱོན་རྟོག་གི་བློ་བཀག་ནས་ངེས་པ་རྙེད་པ་ཞིག་དགོས་པས། ཐོག་མར་རང་རྒྱུད་ལ་ཚུར་བསྐོར་ཏེ་བལྟས་པ་ན་སྐྱོན་གྱི་རྣམ་པ་ཞིག་སྣང་རྒྱུ་མེད་པ་ཤིན་ཏུ་དཀའ་ཞིང་། སྣང་བ་དེ་ཉིད་བདེན་ནམ་མི་བདེན་སྙམ་དུ་དཔྱད་པའི་ཚེ། བདེན་པའི་རྒྱུ་མཚན་རང་ལ་མངོན་སུམ་སྣང་བ་ལས་གཞན་མི་རྙེད་པས། དེའི་ཚེ་རང་ཉིད་ལྟ་བུ་སྔོན་བསགས་ཀྱི་བསོད་ནམས་དང་བློ་གྲོས་དམན་ཞིང་། ཕྱིན་ཅི་ལོག་གི་བག་ཆགས་ཨ་འཐས་སུ་སོང་བས། སྒོ་གསུམ་ཉོན་མོངས་པ་དང་མི་དགེ་བའི་བྲན་དུ་གྱུར་པ་ཞིག་གི་ལོག་པའི་སྣང་ཚུལ་ལ་ངེས་པ་མེད་པར་མ་ཟད། སྔོན་གྱི་སྐྱེས་བུ་དམ་པ་མང་པོ་ལ་ལས་དབང་གིས་སྣང་བ་མ་དག་པ་ཤར་ཚུལ་གྱི་


GTD003_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་མང་དུ་ཡོང་བ་ལྟར་ཡིན་པས། སྣང་ཚུལ་འདི་དག་མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་བ་བཞིན་རང་གི་བློ་སྐྱོན་ཡིན་གྱི། བླ་མ་ལ་སྐྱོན་དེ་ཡོད་ནས་སྣང་བ་མིན་ངེས་སྙམ་དུ་བསམ་པ་དང་། ཡང་བླ་མའི་ངོས་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་ཡང་རང་ཅག་ལ་དེ་ལྟ་བུར་མཐོང་བའི་སྐལ་བ་མེད་པས། ངེད་ཅག་རྣམས་དང་སྐལ་བ་མཉམ་པ་ཐ་མལ་བའི་གཟུགས་དང་ཐ་མལ་པའི་སྤྱོད་པ་ལྟ་བུར་བསྟན་པ་ཡིན་ཏེ། བརྟག་གཉིས་ལས། ཕྱི་མའི་དུས་སུ་གྱུར་པ་ན། །དེ་ཉིད་སློབ་དཔོན་གཟུགས་ཀྱི་སྐུ། །ཞེས་དང་། དེའི་བཤད་རྒྱུད་རྡོ་རྗེ་གུར་ལས། གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་དང་། ལྔ་བརྒྱ་ཐ་མར་གྱུར་པ་ན། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་སྐྱེད། །ཅེས་སྙིགས་མའི་གདུལ་བྱ་རྣམས་སངས་རྒྱས་ཀྱི་མཛད་པ་མཐུན་སྣང་དུ་སྟོན་པའི་སྐྱབས་ཤིག་བཙལ་ཡང་དངོས་སུ་མི་རྙེད་པས། དེ་བས་རང་ལ་ཆོས་སྟོན་པ་པོའི་སློབ་དཔོན་དེ་ལ་སྔོན་རྒྱལ་བ་རྡོ་རྗེ་འཆང་གིས་ལྔ་བརྒྱ་ཐ་མའི་ཚེ་བཤེས་གཉེན་གྱི་རྣམ་པར་འབྱོན་ཞེས་ཞལ་གྱིས་བཞེས་པ་དེ་ཉིད་ཁོ་ན་ཡིན་ནོ་སྙམ་དུ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་སྟོན་པར་གྱིས་ཤིག་དང། ངེད་དེའི་ཚེ་ཇི་ལྟར་ཞལ་གྱིས་བཞེས་པ་


GTD003_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མི་བསླུ་བར་འབྱོན་ནོ་ཞེས་བཀའ་འགྱུར་བ་མེད་པ་རྡོ་རྗེ་ཚིག་གིས་གསུངས་པ་རྣམས་དྲན་པར་བྱས་ཏེ་ཡིད་ཆེས་རྙེད་པར་བྱའོ། །དེས་ན་བླ་མ་སངས་རྒྱས་སུ་མཐོང་བའི་དོན་ཡང་རྣམ་པ་སངས་རྒྱས་ཀྱི་རྣམ་པར་མཐོང་བ་ལ་གཙོ་བོར་མི་བྱེད་ཀྱི། ངོ་བོ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དུ་མཐོང་དགོས་པ་ཡིན་ཏེ། དཔེར་ན་ལེགས་སྐར་དང་ལྷས་སྦྱིན་སོགས་ཀྱིས་ཐུབ་པའི་དབང་པོའི་སྐུ་མཚན་དཔེ་སོགས་ཀྱིས་སྤྲས་པའི་རྣམ་པ་དངོས་སུ་མཐོང་ཡང་། མཛད་པ་སྐྱོན་དུ་མཐོང་སྟེ་དད་པ་མ་སྐྱེས་པ་ཡིན་ལ། རྣམ་པ་རང་ཅག་དང་སྐལ་བ་མཉམ་པར་བསྟན་པའི་ཤ་ཚུགས་འདི་བཞིན་དུ་སྣང་ཡང་། མཛད་པ་ཡོན་ཏན་འབའ་ཞིག་ཏུ་སྣང་ན་དེས་སངས་རྒྱས་སུ་མཐོང་བའི་གོ་ཆོད་པ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། དེ་དག་གི་དོན་ནི་ཇི་ལྟར་སངས་རྒྱས་ཡིན་པར་ཤེས་པ་ན། དེ་ལ་སྐྱོན་རྟོག་པའི་བློ་མི་འབྱུང་ཞིང་ཡོན་ཏན་སེམས་པའི་བློ་འབྱུང་བ་ལྟར། བླ་མ་ལའང་ཆེད་དུ་བྱས་ཏེ་སྐྱོན་རྟོག་པ་རྣམ་པ་ཐམས་ཅད་དུ་འདོར་ཞིང་། ཡོན་ཏན་རྟོག་པའི་བློ་སྦྱོང་བའོ། །ཞེས་བླ་མ་སངས་རྒྱས་སུ་ལྟ་བའི་དོན་མཚན་དཔེའི་སྐུ་ཅན་དུ་ལྟ་བ་ལ་གཙོ་བོར་མི་བྱེད་པར། སྐྱོན་ཀུན་ཟད་དུ་ལྟ་བ་ལ་གཙོ་བོར་བྱེད་དགོས་ཚུལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཀྱི་ཁུངས་དང་བཅས་ཏེ་ནན་ཏན་དུ་འདོམས་པར་མཛད་པ་ནི། བླ་མ་སངས་རྒྱས་སུ་སྒོམ་ཞེས་རྗེས་སུ་ཟློས་པ་རྣམས་ཀྱིས་ཤིན་ཏུ་གོ་དགོས་པ་ཞིག་གོ །གཉིས་པ་བཀའ་དྲིན་རྗེས་སུ་དྲན་ནས་


GTD003_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པར་བྱ་བ་ནི། འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པ། །དགེ་བའི་བསམ་པ་ཉིད་ལས་འབྱུང། །དགེ་སེམས་སྐྱེས་པ་བླ་མ་ལ། །རག་ལུས་ཕྱིར་ན་ལེགས་ཚོགས་ཀུན། །བླ་མའི་མཐུ་ལས་འབྱུང་བར་ངེས། །ཞེས་བྱུང་། དེའང་འདི་ཕྱིའི་ལེགས་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པ་ནི། རྗེ་བདག་ཉིད་ཆེན་པོས། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་ཞེས་དང་། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཞེས་སོགས་མདོ་དང་བསྟན་བཅོས་མཐའ་དག་ནས་གསུངས་ལ། དེའི་རྩ་བར་འགྱུར་བའི་རྒྱུ་མཚན་ནི། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་དང། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར། ངན་སོང་གསུམ་གྱི་སྐྱེ་བ་དང་བདེ་འགྲོ་ངན་འགྲོ་གཉི་གའི་རྟེན་ལ་སྡུག་བསྔལ་ཆེ་ཕྲ་གང་ཡོད་ཐམས་ཅད་རང་རྒྱུ་འཕེན་བྱེད་དང་རྫོགས་བྱེད་ཀྱི་མི་དགེ་བ་ཅི་རིགས་པ་ཞིག་གི་འབྲས་བུར་འབྱུང་བ་གནས་ཡིན་གྱི། དགེ་བའི་འབྲས་བུར་འབྱུང་བ་གནས་མ་ཡིན། བདེ་འགྲོའི་སྐྱེ་བ་ཐམས་ཅད་དང་ཡང་བདེ་འགྲོ་ངན་འགྲོ་གཉི་གའི་རྟེན་ལ་གང་བྱུང་གི་བདེ་བ་ཐམས་ཅད་དགེ་བའི་འབྲས་བུར་འབྱུང་བ་གནས་ཡིན་གྱི། མི་དགེ་བའི་འབྲས་བུར་འབྱུང་བ་


GTD003_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མ་ཡིན་པས། ཟས་ཁམ་གཅིག་རྙེད་པ་ཚུན་ཆད་ཀྱི་བདེ་བ་ཕྲ་མོ་ནས་བཟུང་སྟེ། ཟག་པ་མེད་པའི་བདེ་བ་ཕུན་སུམ་ཚོགས་པའི་བར་ཐམས་ཅད་རང་རྒྱུ་དགེ་བ་ཁོ་ན་ལས་འབྱུང་ཞིང་། དགེ་བའི་བསམ་པ་རང་རྒྱུད་ལ་སྐྱེ་བ་བླ་མ་ལ་རག་ལས་པ་ཡིན་ཏེ། ད་ལྟ་ཟས་ཁམ་གཅིག་ལོངས་སྤྱོད་པ་འདི་ལའང། ཟས་ཀྱི་རྒྱུ་སྦྱིན་པ་དང་། དེ་བདེ་འགྲོའི་རྟེན་ལ་སྤྱོད་པ་ཚུལ་ཁྲིམས། དེ་ལ་གཞན་གྱིས་གནོད་པ་མེད་པར་བཟོད་པ། དེའི་རྩོལ་སྒྲུབ་སོགས་ལམ་དུ་འགྲོ་བ་བརྩོན་འགྲུས། དེའི་ཚེ་བག་ཕེབས་པར་གནས་པ་བསམ་གཏན། དེ་ལ་ལོངས་སྤྱོད་ཚུལ་ཤེས་པ་ཤེས་རབ་ཀྱི་འབྲས་བུར་གསུངས་ཤིང་། རང་ཅག་རྣམས་ལ་ཐོག་མེད་ནས་ལྷན་སྐྱེས་སུ་གོམས་པས་གསར་དུ་སློབ་མི་དགོས་པ་ནི་ཉོན་མོངས་པ་མི་དགེ་བའི་ཕྱོགས་འབའ་ཞིག་ཡིན་གྱི། དགེ་བའི་ཕྱོགས་ཐམས་ཅད་རེ་རེ་ནས་གསར་དུ་སློབ་དགོས་ལ། དེ་སློབ་པར་བྱེད་པ་དགེ་བའི་བཤེས་གཉེན་ཡིན་པའི་རྒྱུ་མཚན་གྱིས་ལེགས་ཚོགས་ཐམས་ཅད་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བར་དཔོག་ནུས་སོ། །དེ་སྐད་དུ་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྨག་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང། །ཞེས་གསུངས་པ་ལྟར། མི་དགེ་བའི་རྟོག་པ་རྒྱུན་ཆགས་པ་མཚན་མོའི་སྨག་རུམ་ལྟ་བུའི་ཀློང་ནས། དགེ་སེམས་གློག་འགྱུ་བ་ལྟ་བུ་ཡུད་ཙམ་པ་རེ་འབྱུང་བའང་སངས་རྒྱས་ཀྱི་ཐུགས་རྗེ་ཁོ་ན་ལས་འབྱུང་བར་གསུངས་ལ། དེ་ནི་སངས་


GTD003_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཆོས་ཀྱི་སྐུའི་ངོ་བོར་བཞུགས་པ་ཁོ་ནས་མི་ཆོག་གི །རང་ལ་བླང་དོར་སྟོན་པའི་བཤེས་གཉེན་གྱི་རྣམ་པར་བསྟན་པ་དེའི་མཐུ་ལ་བརྟེན་ནས་འབྱུང་བ་ཡིན་ནོ། །ཁྱད་པར་དུ་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་ཤེས་པ་ལ་བླ་མ་དམ་པས་དམིགས་བུ་དང་ས་མཁན་མཛད་པ་ཞིག་མེད་མི་རུང་ཡིན་པ་ནི་དགེ་བའི་བཤེས་གཉེན་པོ་ཏོ་བའི་ཞལ་ནས། རྣམ་གྲོལ་སྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་དེ། ཚེ་འདིའི་བྱ་བ་བལྟས་ནས་བྱས་པས་ཆོག་པ་ལའང་སློབ་མཁན་མེད་པར་མི་འོང་ན། ངན་སོང་ནས་འོངས་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ན་འོང་། ཞེས་གསུངས་པ་དང། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་ཀྱང་། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང། །ཞེས་ཡང་དག་པའི་ལམ་བགྲོད་ཚུལ་ཤེས་པ་བླ་མ་ཁོ་ན་ལ་ལྟོས་པར་གསུངས་ཤིང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར། བླ་མ་ལ་བརྟེན་པ་དང་། བསྙེན་པ་དང་། བསྙེན་བཀུར་བར་བྱའོ། །དེ་ལྟར་དགེ་བའི་ཆོས་ཐོས་པས་བསམ་པ་དགེ་བ་དང་། དེ་ལས་སྦྱོར་བ་དགེ་བར་འགྱུར་རོ། །དེས་དགེ་བའི་ལས་བྱེད་ཅིང་དགེ་བར་འགྲོ་བས་དགེ་བའི་གྲོགས་མགུ་བར་བྱེད་དོ། །ཞེས་སྒོ་གསུམ་དགེ་བ་ལ་གཞོལ་བའི་རྟེན་འབྲེལ་གྱི་མགོ་བླ་མ་ལ་བརྟེན་ནས་ཚུགས་དགོས་པར་གསུངས་སོ། །མདོར་ན་བྱང་ཆུབ་བདེ་ལམ་ལས། འཁོར་བ་དང་ངན་སོང་གི་སྡུག་བསྔལ་སྤངས་བའི་ཐར་པ་མཆོག་ཡང་དག་


GTD003_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་སྟེར་བར་བྱེད་པའི་ལམ་ཟབ་མོ་ཁོང་དུ་ཆུད་པ་འདི་དགེ་བའི་བཤེས་གཉེན་འདི་རྣམས་ཀྱི་བཀའ་དྲིན་ཡིན་པས། ཞེས་གསུངས་པ་ལྟར། ཆུང་ངུའི་འདོད་བྱ་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་བདེ་འགྲོའི་གོ་འཕང་དང་། འབྲིང་གི་འདོད་བྱ་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་ཐར་པའི་གོ་འཕང་ནས་བཟུང་། སྐྱེས་བུ་ཆེན་པོའི་འདོད་བྱ་རྫོགས་པའི་སངས་རྒྱས་ཀྱི་བར་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ། སྔོན་སངས་རྒྱས་བྱང་སེམས་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་བཙལ་ཅིང་། ལོ་པཎ་རྣམས་ཀྱིས་དཀའ་སྤྱད་མཐའ་ཡས་པའི་སྒོ་ནས་སྤྱན་དྲངས་པའི་གདམས་པ་ཚང་ལ་མ་ནོར་བ། སངས་རྒྱས་དངོས་སུ་བྱོན་ཀྱང་དེ་ལས་ལྷག་པར་གདམས་སུ་མེད་པའི་མན་ངག་གི་སྙིང་པོ་རྣམས་སྒོ་སྐྱེལ་གྱི་ཚུལ་དུ་སྩོལ་བར་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་དྲན་ནས་གུས་པར་བྱའོ། །གསུམ་པ་དེ་དག་དད་པ་སོ་སོར་འཇོག་ཚུལ་ནི། རྒྱལ་ཀུན་ངོ་བོར་ལྟ་བ་ནི། །དང་བའི་དད་པ་སྒོམ་ཚུལ་ལོ། །ལེགས་ཚོགས་ཀུན་གྱི་འབྱུང་གནས་སུ། །ལྟ་བ་ཡིད་ཆེས་སྒོམ་ཚུལ་ལོ། །ཅི་གསུང་བཀའ་བཞིན་སྒྲུབ་བྱེད་པ། །མངོན་འདོད་དད་པའི་སྐྱོང་ཚུལ་ལོ། །ཞེས་བྱུང་། དད་པའི་ངོ་བོ་ནི་ཀུན་བཏུས་ལས། དད་པ་གང་ཞེ་ན། ཡོད་པ་ཉིད་དང་། ཡོན་ཏན་ཅན་དང་། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང་། དད་པ་དང་འདོད་པ་སྟེ། འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་ལས་དང་འབྲས་བུའི་གནས་


GTD003_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སོགས་ཇི་ལྟར་བཤད་པ་བཞིན་ཡོད་པར་ངེས་པའི་ཡིད་ཆེས་ཀྱི་དད་པ་བུ་ཆུང་མ་ལ་ཡིད་རྟོན་པ་ལྟ་བུ་དང་། དཀོན་མཆོག་གསུམ་སོགས་ཀྱི་ཡོན་ཏན་མཐོང་ནས་དགའ་བ་དང་བའི་དད་པ་ཆགས་ལྡན་གྱིས་གཞོན་ནུ་མ་མཐོང་བ་ལྟ་བུ། འགོག་ལམ་གྱི་བདེན་པ་སོགས་འབད་ན་ཐོབ་ནུས་པར་ཤེས་ནས་དོན་དུ་གཉེར་བ་མངོན་འདོད་ཀྱི་དད་པ་སྐོམ་པ་ཆུ་ཚོལ་བ་ལྟ་བུ་སྟེ་གསུམ་དུ་གསུངས་ལ། དཔེ་ཆོས་ལས། རྐྱེན་གང་གིས་འགོག་པར་མི་ནུས་པ་ཕྱིར་མི་ལྡོག་པའི་དད་པ་ཚ་བས་གདུངས་པའི་གླང་ཆེན་མཚོ་ནང་དུ་འཇུག་པ་ལྟ་བུ་སྟེ་བཞིར་གསུངས་པས། སྔ་མ་གསུམ་ནི་དབང་པོ་རྣོ་རྟུལ་གཉིས་གའི་ཐུན་མོང་གི་དད་པ་སྐྱེ་ཚུལ་ཡིན་ལ། ཕྱི་མ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་སྐྱེ་ཚུལ་ཡིན་ཏེ། རྗེ་བླ་མས་ཀྱང་། བདག་ཡིད་ཁྱོད་ཀྱི་རྗེས་སུ་ཕྱོགས་པ་ནི། །ཉི་མས་གདུངས་པའི་གླང་ཆེན་པད་མཚོར་བཞིན། །ཞེས་གསུངས་སོ། །ལེགས་ཚོགས་ཀྱི་རྩ་བ་ཚུགས་པ་ལ་དད་པ་འདི་དག་གི་སྒོམ་ཚུལ་མ་ནོར་བ་ཤེས་པར་བྱས་ནས་རྒྱུད་ལ་སྐྱེ་ངེས་པ་ཞིག་རྣམ་པ་ཐམས་ཅད་དུ་གལ་ཆེ་སྟེ། ཇོ་བོ་ཡབ་སྲས་ཀྱི་ཞུས་ལན་ནོར་བུའི་ཕྲེང་བ་ལས། དད་པ་ས་ཡི་དང་པོ་ཡིན། །དད་པ་ལམ་གྱི་མགོ་བོ་སྟེ། །དད་པ་ཕན་བདེའི་མྱུ་གུ་ཡིན། །དད་པས་དགེ་བའི་ལོ་ཏོག་འབྱིན། །ཞེས་སོགས་ལྟར་ལམ་གྱི་སྔོན་འགྲོ་ལ་དད་པ་ལས་གལ་ཆེ་བ་མེད་ཅིང་། ཆོས་བཅུ་བའི་མདོ་ལས། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །ཞེས་དང་། དཀོན་མཆོག་


GTD003_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མེ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་ཡོན་ཏན་མ་སྐྱེས་པ་སྐྱེད་ཅིང་། སྐྱེས་ཟིན་གོང་དུ་སྤེལ་བའི་རིམ་པས། མཐར་ཐུག་སྐུ་གསུམ་གྱི་གྲོང་ཁྱེར་དུ་འཇུག་བའི་བར་གྱི་རྒྱུའི་གཙོ་བོར་གསུངས་སོ། །དེར་མ་ཟད་མངོན་རྟོགས་རྒྱན་གྱི་བརྗོད་དོན་མཐའ་དག་ལམ་གྱི་རིམ་པར་བསྒྲིགས་པའི་མདོར་བསྟན་ལྟ་བུ་ནི། སངས་རྒྱས་སོགས་དམིགས་དད་པ་དང། །ཞེས་སོགས་རྐང་པ་དྲུག་པོ་འདི་ཡིན་ལ། དེའི་ནང་ནས་རྐང་པ་དང་པོས་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཁྱད་པར་བཞི་ལྡན་གསུངས་པའི་ཁོངས་དེར་སྐྱེས་བུ་གསུམ་གའི་ལམ་གྱི་གནད་འདུས་པ་ཡིན་ཏེ། ཕར་ཕྱིན་ལམ་བསྒྲིག་ལས། དཀོན་མཆོག་གསུམ་རྒྱུ་དང་འབྲས་བུས་བསྔུས་པ་ལ་དང་བའི་དད་པ་དེའི་ཡུལ་དུ་ཐེག་ཆེན་གྱི་རྒྱུ་འབྲས་ཀྱི་ཆོས་མ་ལུས་པ་འགྱུར་བས། དེ་ལྟ་བུའི་དད་པ་སྐྱེས་ན་སྐབས་འདིར་བསྟན་པའི་དད་པ་ལ་མཁས་པ་ཞེས་བྱའོ། །དོན་གཉེར་གྱི་འདུན་པ་ནི་དད་བའི་རྗེས་སུ་བྱེད་པས་དད་པ་ལམ་གྱི་རྩ་བར་སྟོན་པའང་དེ་ཡིན་ནོ། །ཞེས་གསུངས་པ་བཞིན། འཁོར་བ་ཐོག་མ་མེད་པས་སེམས་ཅན་ཐམས་ཅད་མར་གྱུར་ཚུལ་སོགས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་དེ་བྱམས་སྙིང་རྗེ་སྒོམ་ཚུལ་དང་། སངས་རྒྱས་བྱང་སེམས་རྣམས་ཀྱིས་རང་དོན་ཡིད་བྱེད་དང་མ་འདྲེས་པའི་མཛད་པ་སྐྱོན་མེད་པ་ལ་དང་བའི་དད་པ་


GTD003_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་ཅིང། བདག་གིས་ཀྱང་འདྲེན་པ་སྔ་མོ་རྣམས་ཀྱི་རྣམ་ཐར་བཞིན་དུ་བསླབ་ན་དེ་དག་དང་མཉམ་པའི་གོ་འཕང་ཐོབ་ནུས་སུ་མཐོང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད་པར་བྱེད་པ་ཡིན་པས། སེམས་དེ་ཉིད་འབྱུང་མི་འབྱུང་རྩ་བ་འདི་དག་ཡོད་མེད་ལ་རག་ལས་པའི་རྒྱུ་མཚན་གྱིས་མངོན་རྟོགས་རྒྱན་ལས་ཀྱང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སེམས་བསྐྱེད་ལ་འདོད་པའམ་འདུན་པའི་མིང་གིས་བཏགས་ནས་གསུངས་པ་ཡིན་ཏེ། འགྲེལ་པ་དོན་གསལ་ལས། དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་བྱང་ཆུབ་ཏུ་སེམས་བསྐྱེད་པས་རྒྱུས་འབྲས་བུ་བསྟན་པ་ཡིན་ཏེ། ཞེས་དང་། བརྒྱད་སྟོང་འགྲེལ་ཆེན་ལས། འགྲོ་བ་མགོན་མེད་པ་སྡུག་བསྔལ་གྱི་རྒྱ་མཚོར་ནུབ་པ་ལ་མངོན་པར་བལྟས་ནས་དེ་གདོན་པའི་བསམ་པས་དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་ཅན་གྱི་དོན་དུ་གཉེར་བ་ཡོད་ན་འཚང་རྒྱ་བ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་པས། འདིར་རྒྱུས་འབྲས་བུ་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་གཙོ་བོ་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ཁྱད་པར་བཞི་ལྡན་གསུངས་པ་ཡིན་ཀྱང། དེ་ལ་སྔོན་དུ་འབྲིང་དང་ཐུན་མོང་བའི་སྐྱབས་འགྲོ་འབྱུང་དགོས་ཤིང། དེ་ནི་འཁོར་བའི་སྡུག་བསྔལ་གསུངས་པ་ལ་ཡིད་ཆེས་ནས་དེ་ལས་ཐར་


GTD003_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དང། འགོག་ལམ་གྱི་ཡོན་ཏན་མཐོང་ནས་ཐོབ་འདོད་ཀྱི་དད་པ་གཉིས་སུ་འདུ། དེའི་སྔོན་དུ་ཆུང་ངུ་དང་ཐུན་མོང་བའི་སྐྱབས་འགྲོ་འོང་དགོས་ལ། དེ་ནི་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་མཐོང་སྟེ་སྐྱབས་སུ་འགྲོ་བ་ཡིན་ཀྱང་། དེའི་རྩ་བ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་ཡོད་མེད་ཁོ་ན་ལ་རག་ལས་པས། སྐྱེས་བུ་ཆུང་ངུའི་ཆོས་སྐོར་འདི་ལ་མངོན་མཐོའི་ཆོས་སྐོར་དང་དད་པའི་ཆོས་སྐོར་ཞེས་ཀྱང་བཤད་དེ། རིན་ཆེན་འཕྲེང་བ་ལས། དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །དེ་ཡི་སྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་བོ། །ཞེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་གྲུབ་མཐའ་རྩ་བ་ལས། མངོན་མཐོ་ངེས་ལེགས་སྒྲུབ་བྱེད་དད་ཤེས་གཉིས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དད་པ་གསུམ་ག་ལམ་གྱི་རྩ་བར་ཤེས་ནས་དེའི་རང་བཞིན་ལེགས་པར་གཏན་ལ་ཕབ་སྟེ་བླ་མའི་རྣལ་འབྱོར་བསྒོམ་པ་འདིར་ཡང་དེ་གསུམ་གྱི་གནད་ཚང་ངེས་པ་ཞིག་བྱེད་དགོས་པས། དེའི་ཚུལ་ནི་གོང་དུ་བཤད་པ་ལྟར་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྒྱལ་ཀུན་གཅིག་ཏུ་འདུས་པའི་ངོ་བོར་ལྟ་བ་དང་བའི་དད་པ་སྒོམ་ཚུལ་དང་། གནས་སྐབས་མཐར་ཐུག་གི་ལེགས་ཚོགས་མ་ལུས་པ་བླ་མའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་ཚུལ་དཔྱད་པ་གསུམ་གྱིས་དག་པའི་བཀའ་ཚད་མར་གྱུར་པ་རྣམས་ཀྱིས་ལས་གང་ལས་འབྲས་བུ་གང་འབྱུང་བ་གནས་དང་གནས་མ་ཡིན་པའི་ཚུལ་


GTD003_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལ་བརྟེན་ནས་བསྒྲུབས་ཏེ་ཡིད་ཆེས་ཀྱི་དད་པ་སྒོམ་ཚུལ་དང་། བླ་མས་རང་ལ་བླང་དོར་འདི་དང་འདི་གྱིས་ཞེས་ཅི་གསུང་བ་ཐམས་ཅད་བཀའ་བཞིན་དུ་བསྒྲུབ་པ་མངོན་འདོད་ཀྱི་དད་པ་སྒོམ་ཚུལ་ཏེ། དངོས་ཟིན་ཙམ་གོ་སླ་ལ། སྔ་མ་གཉིས་ཀྱི་རྒྱུ་མཚན་གོང་དུ་བཤད་ཟིན་པས། འདིར་ཅི་གསུང་བཀའ་བཞིན་སྒྲུབ་བྱེད་པ། །མངོན་འདོད་དད་པའི་སྐྱོང་ཚུལ་ལོ། །ཞེས་གསུངས་པའི་འབྲེལ་ཇི་ལྟར་ཡིན་ཞེ་ན། བླ་མས་གདུལ་བྱ་ལ་བླང་དོར་གྱི་རྣམ་བཞག་སྟོན་པ་དེ་ནི་བྲོ་བའི་གླུ་གཞས་ལྟ་བུ་ཚིག་གང་འགྲིག་ཙམ་བཤད་པ་མ་ཡིན་པར། བསྡུ་བ་བཞིའི་ནང་ནས་དོན་མཐུན་པ་ཞེས་བྱ་བ་རང་ཉམས་དང་སྦྱར་བའི་སྟེང་ནས་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམས་ལས། བདག་ཉིད་དང་པོར་རིགས་པར་གནས་བྱས་ནས། །ཕྱི་ནས་བདག་བཞིན་གཞན་དག་གདུལ་བར་བྱ། །ཞེས་གསུངས་པ་ལྟར། རང་ཉིད་ཀྱིས་ཇི་ལྟར་གཟིགས་པ་དང་ཇི་ལྟར་ཉམས་སུ་བླངས་པ་དེ་ཁོ་ན་བཞིན་དུ་རྗེས་འཇུག་རྣམས་ལ་འདོམས་པར་མཛད་པ་ཡིན་པས། བླ་མའི་གོ་འཕང་དམ་པ་དེ་ཉིད་མངོན་པར་འདོད་ན་བླ་མ་གང་ནས་གཤེགས་པའི་ལམ་དེ་ཉིད་ནས་བགྲོད་ཅིང་། དེས་འཇུག་ལྡོག་ཇི་ལྟར་མཛད་པ་དེ་བཞིན་དུ་རང་གིས་ཀྱང་སྒྲུབ་དགོས་པའི་ཕྱིར་ཏེ། འབྲས་བུ་དེ་ཇི་ལྟ་བ་འདོད་ལ། རྒྱུ་དེ་ཇི་ལྟ་བ་བཞིན་མི་སྒྲུབ་པ་ནི་


GTD003_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་འགལ་ཡིན་པའི་ཕྱིར་རོ། །གཉིས་པ་སྤྱོད་ལམ་ཐམས་ཅད་བླ་མའི་རྣལ་འབྱོར་དང་སྦྲགས་ཏེ་དོན་ལྡན་དུ་བྱེད་ཚུལ་ལ། རྣམ་པ་ཀུན་ཏུ་བླ་མའི་རྣལ་འབྱོར་སྒོམ་ཚུལ་དང་། དེའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པའི་ཐབས་མཁས་ཀྱི་སྒོ་གསུམ་དོན་ལྡན་དུ་བྱེད་ཚུལ་གཉིས། དང་པོ་ནི། མི་འདོད་རྐྱེན་ངན་བྱུང་བ་སོགས། །གལ་ཆེའི་གནས་སྐབས་ཐམས་ཅད་དུ། །བླ་མ་སྤྱི་བོར་བསྒོམ་བྱས་ནས། །ཕུར་ཚུགས་གསོལ་འདེབས་བྱེད་པ་གཅེས། །རྒྱ་ཆེན་བསོད་ནམས་གསོག་འདོད་ཚེ། །བླ་མ་མདུན་དུ་བསྒོམ་བྱས་ནས། །མཆོད་ཚོགས་རྒྱ་མཚོས་མཆོད་པ་གཅེས། །འདི་ཕྱི་བར་དོའི་གནས་སྐབས་སུ། །བླ་མ་སྙིང་དབུས་བསྒོམ་བྱས་ཏེ། །རང་གི་སེམས་དང་བླ་མ་གཉིས། །དབྱེར་མེད་བསྲེ་བ་མན་ངག་གོ །ཞེས་བྱུང་། དེའང་དགོས་པའི་དབང་གིས་བླ་མ་གནས་སོ་སོར་སྒོམ་ཚུལ་ཐ་དད་པའི་རྣམ་གཞག་འདི་ནི་རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་ཡིན་ཏེ། ཨ་བྷི་དྷ་ནའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་བཀོད་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་ལ། ཕྱིས་ཀྱི་དཔེ་ཕལ་ཆེར་དུ་དྲངས་པ་ན། དྲིན་དང་ལྡན་པའི་བླ་མ་དེ། །ལག་པའི་མཐིལ་ལམ་སྙིང་གི་དཀྱིལ། །ལུས་ཀྱི་ཆ་ཤས་གང་བསྒོམས་ཀྱང། །སངས་རྒྱས་སྟོང་གིས་བྱིན་རླབས་ཀྱང། །གང་ཟག་དེ་ཡིས་སྡུད་པར་བྱེད། །ཅེས་འབྱུང་བ་འགྱུར་


GTD003_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་ཡིན་པར་མངོན། དེ་བཞིན་དུ་རྗེ་བཙུན་མི་ལས། བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗེད་མེད་སྙིང་གི་དཀྱིལ་དུ་བསྒོམ། །ཞེས་དང། རྒྱལ་བ་ཡང་དགོན་པས། མཆོད་ཚོགས་དུས་སུ་མདུན་གྱི་མཁའ། །གསོལ་བ་འདེབས་ཚེ་སྤྱི་བོའི་གཙུག །རྟག་ཏུ་བླ་མ་སྙིང་གི་དབུས། །ཞེས་གསུངས་ལ། པཎ་ཆེན་ཐམས་ཅད་མཁྱེན་པས་དྲིས་ལན་བློ་བཟང་བཞད་བའི་སྒྲ་དབྱངས་ལས་ཀྱང་། བླ་མ་གང་དུ་བསྒོམ་པའི་གནས། །མདུན་ནམ་སྤྱི་གཙུག་སྙིང་གི་དཀྱིལ། །རང་རང་མོས་པ་བཞིན་དུ་སྟེ། །ཞེས་གསུངས་ནས། བླ་མཆོད་ཀྱི་སྐབས་སུ། དང་པོར་མདུན་དང་། རྗེས་སུ་སྤྱི་བོ་དང་སྙིང་གར་རིམ་བཞིན་བསྒོམ་ཚུལ་དེ་གསུམ་ག་ཚང་བར་བྱས་ནས་གསུངས་སོ། །དེ་དག་གི་དགོངས་པ་དང་མཐུན་པར་འདིར་ཡང་སྤྱི་བོ་དང་མདུན་གྱི་ནམ་མཁའ་སྙིང་དབུས་རྣམས་སུ་བསྒོམ་ཚུལ་གསུམ་གསུངས་པས། དང་པོ་ནི་ཕ་རོལ་གྱི་གདོན་བགེགས་ནད་རིམས་ལ་སོགས་པའི་ཕྱི་ནང་གི་ཉེར་འཚེ་དྲག་པོས་གཙེས་པ་ན། དེའི་མགོན་སྐྱབས་དང་དཔུང་གཉེན་དུ་བླ་མ་རང་གི་སྤྱི་བོར་རིགས་ཀྱི་བདག་པོའི་ཚུལ་དུ་གསལ་བཏབ་ནས་ལས་ཉོན་སྡིག་སྒྲིབ་བག་ཆགས་རྣམས་དང་། དེས་བསྐྱེད་པའི་སྡུག་བསྔལ་ལ་སོགས་བྱང་ཞིང་དག་པ་དང་། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ལ་སོགས་པ་འཕེལ་ཞིང་རྒྱས་པའི་ཕྱིར་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་བདུད་


GTD003_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འབེབས་སྦྱང་གི་དམིགས་པ་ལ་སོགས་པ་བྱེད་པ་ཡིན་ནོ། །གནས་སྐབས་ཀྱི་བར་ཆད་སེལ་བའི་ཕྱིར་གསོལ་བ་འདེབས་པ་ནི་སྤྱི་བོར་བསྒོམ་པར་གསུངས་པ་འདི་ནི་ལུས་ཀྱི་གནས་ཀྱི་གཙོ་བོ་སྤྱི་བོ་ཡིན་པས་དེ་དང་བསྟུན་ནས་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། མཐའ་གཅིག་ཏུ་ངེས་བཟུང་མིན་ཏེ། གོང་དུ་དྲངས་པའི་རྒྱུད་ལས། ཡན་ལག་མཐིལ་དུ་ཞེས་དང་། ལུས་ཀྱི་ཆ་ཤས་གང་བསྒོམས་ཀྱང་། །ཞེས་གསུངས་པ་བཞིན། དགོས་པའི་དབང་གིས་ལུས་ཀྱི་ཆ་སོ་སོ་ལ་བསྒོམ་ཚུལ་སྣ་ཚོགས་ཤིག་ཡོད་པའི་ཕྱིར། ཀུན་མཁྱེན་འཇམ་དབྱངས་བཞད་པས་འཇིགས་བྱེད་རྫོགས་རིམ་ལས། རླུང་གིས་ཁོལ་བུར་ན་བའི་གེགས་སེལ་ནི། ལུས་ཀྱི་སྟོད་སྨད་གང་རུང་ཁོལ་བུར་ན་བའམ། ཤ་བེམ་པའམ། སྐྲངས་པ་སོགས་བྱུང་ན་རྩ་བའི་དམིགས་རྟེན་བླ་མ་སོགས་དབྱེར་མི་ཕྱེད་པ་དེ་དང། ཞེས་སོགས་ཀྱིས་རྩ་བའི་དམིགས་རྟེན་ལས་འོད་ཟེར་འཕྲོས་ཏེ་སྐྱོན་དེ་རྣམས་སྦྱོང་བའང་བླ་མ་དང་དབྱེར་མེད་དུ་བྱས་པའི་ནུས་མཐུ་ཡིན་པར་གསུངས་ལ། ཡང་སྐྲངས་པ་དེ་བླ་མ་ཡི་དམ་གྱི་ངོ་བོར་བསྒོམ་ལ་ཞེས་དེ་ཉིད་དུ་བླ་མའི་སྐུ་བསྒོམ་པའང་གསུངས་སོ། །གཞན་ཡང་དེ་ཉིད་ལས། སྣང་གྲགས་ཐམས་ཅད་བླ་མའི་གསང་གསུམ་དུ་འཁྱེར་ཤེས་པ་ལ་བསླབ་ཅིང། འདི་ཉམས་འོག་ཏུ་ཆུད་ངེས་བྱུང་ན་གེགས་སེལ་བོགས་འདོན་གང་གི་སྐབས་སུའང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ལག་ཏུ་ཆུད་པ་ལྟ་བུ་འོང། ཞེས་གསུངས་ཏེ། གྲུབ་ཆེན་ཏེ་ལོ་པས་ཀྱང། བོགས་འདོན་ཀུན་གྱི་མཆོག་གྱུར་པ། །བླ་མ་


GTD003_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་རྣལ་འབྱོར་པ། །ཞེས་གསུངས་སོ། །ནཱ་རོ་པའི་སྤྱོད་པ་ཆོས་ཀྱི་གླུ་ནཱ་རོའི་རྣམ་འཕྲུལ་གཙང་པ་རྒྱ་རས་ཀྱིས་ལྷོ་བྲག་མཁར་ཆུའི་གཏེར་ནས་བཏོན་པ་རོ་སྙོམས་ཀྱི་གདམས་པ་ལས། ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགུ་ཐམས་ཅད་བླ་མ་ལ། །གསོལ་བ་བཏབ་ལས་འབྱུང་བར་འདུག །ཅེས་ནད་འདོན་གྱི་སྐབས་སུ་གསུངས་པ་ལག་ཏུ་ལེན་པའི་ཚེ། ཚ་བའི་ནད་ལ་མགྲིན་པར་བླ་མའི་ངོ་བོ་ཆུ་ཤེལ་གྱི་མཆོད་རྟེན་ཞིག་བསམས་ཏེ། དེའི་འོད་ཟེར་ག་བུར་ལྟ་བུས་ཚ་བའི་ནད་རྣམས་སྦྱངས་པའི་དམིགས་པ་དང་། དེ་བཞིན་དུ་གྲང་བའི་ནད་ལ་སྙིང་གར་བླ་མའི་ངོ་བོ་མེ་ཤེལ་གྱི་མཆོད་རྟེན། བད་ཀན་གྱི་ནད་ལ་ལྟེ་བར་བླ་མའི་ངོ་བོ་གསེར་གྱི་མཆོད་རྟེན། འདུས་པའི་ནད་ལ་སྤྱི་བོར་བླ་མའི་ངོ་བོ་རླུང་གི་མཆོད་རྟེན་གསལ་བཏབ་སྟེ་སྤྲོ་བསྡུ་སོགས་བྱེད་པར་དེའི་འགྲེལ་པ་རྣམས་སུ་བཤད་དོ། །མི་དང་མི་མ་ཡིན་གྱིས་གཙེས་པ་ལའང། ལྷ་གཞན་ལ་གསོལ་བ་འདེབས་པ་བས་རང་གི་རྩ་བའི་བླ་མ་ལ་གསོལ་བ་བཏབ་ན་བྱིན་རླབས་ཤིན་ཏུ་མྱུར་ཏེ། འབྲོམ་སྟོན་པའི་ཞལ་ནས། རྟེན་གང་ལ་གསོལ་བ་བཏབ་པ་ལས་ཇོ་བོ་ལ་གསོལ་བ་བཏབ་པ་བྱིན་རླབས་ཆེ་བ་བྱུང་། ཞེས་གསུངས་ཤིང་། སྔོན་གཅིག་ལ་མི་མ་ཡིན་གདུག་པ་ཅན་ཞིག་གིས་མཐོ་བརྩམས་ནས་ནུབ་རེ་བཞིན་འོད་དཀར་པོ་ཆེན་པོ་ཞིག་ནམ་མཁའ་ནས་བབས་ཏེ་འཇིགས་སྔངས་ཆེ་བར་བྱུང་བ་ལ་ཁྲོ་བོའི་བཟླས་པ་དང་ཕྱིར་ཟློག་སོགས་ཅི་བྱས་ཀྱང་མ་ཕན་པས། ཐབས་གཞན་མ་རྙེད་པར་


GTD003_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དེའི་དཀྱིལ་དུ་རྩ་བའི་བླ་མའི་སྐུའི་རྣམ་པ་ཞིག་བསྒོམས་པས་འོད་དེ་ཉིད་ནག་ཐུམ་གྱིས་སོང་སྟེ་ཕྱིན་ཆད་མ་བྱུང་བ་སོགས་དེ་འདྲའི་ལོ་རྒྱུས་མང་ལ། འདི་ཙམ་ནི་ཐ་ན་བདག་ལྟ་བུས་ཀྱང་མྱོང་བས་གྲུབ་པ་ཞིག་གོ །རྒྱ་ཆེན་བསོད་ནམས་གསོག་འདོད་ཚེ། །བླ་མ་མདུན་དུ་བསྒོམ་བྱས་ནས། །མཆོད་ཚོགས་རྒྱ་མཚོས་མཆོད་པ་གཅེས། །ཞེས་པ་ནི། ལམ་རིམ་དང་བླ་མཆོད་ཀྱི་སྐབས་ལྟར་མཐོ་དམན་ཇི་ལྟར་འཚམ་པའི་མདུན་གྱི་ནམ་མཁར་ཚོགས་ཞིང་གི་གཙོ་བོར་བྱས་ནས་བསྒོམ་པའམ། ཡང་ན་ཚོགས་ཞིང་ཀུན་འདུས་པའི་བདག་ཉིད་དུ་བྱས་ནས་བླ་མ་གཅིག་པུ་གསལ་བཏབ་ལ། ལུས་ངག་ཡིད་གསུམ་གྱི་ཕྱག་བྱ་བ་དང་། དངོས་བཤམས་ཡིད་སྤྲུལ་གྱི་མཆོད་ཚོགས་བླ་ན་མཆིས་པ་དང་བླ་ན་མ་མཆིས་པ་མདོ་སྡེ་ནས་འབྱུང་བ་བཞིན་བློས་བླངས་ཏེ་དབུལ་ཞིང་། གཞན་ཡང་ཕྱི་ནང་གི་ཉེར་སྤྱོད་དང་འདོད་ཡོན། དུས་གསུམ་གྱི་དགེ་ཚོགས། སྦྱངས་རྟོགས་སྦར་གསུམ་བྱས་པའི་ནང་མཆོད། ཞིང་སྔགས་ལྷན་སྐྱེས་ཀྱི་ཕོ་ཉ། ཟུང་འཇུག་གི་རྟོགས་པ་སྟེ་དབང་བཞི་དང་འབྲེལ་བའི་མཆོད་པ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་དང་བཅས་པ། སྡིག་ལྟུང་བཤགས་ཤིང་དགེ་བ་ལ་རྗེས་སུ་ཡི་རང་བ། བསྐུལ་ཞིང་མི་འདའ་བར་གསོལ་བ་གདབ་པ། རྗེས་བསྔོ་བ་དང་བཅས་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་བྱེད་པ་ནི། འདིར་བསོད་ནམས་གསོག་པའི་ཐབས་མཆོག་ཏུ་གྱུར་པའི་མཆོད་པ་འབུལ་ཚུལ་ཡིན་ནོ། །ཡན་ལག་བདུན་དུ་ཕྱེ་བའི་


GTD003_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་མཆོད་པ་དང་གཞན་རྣམས་ལ་ཁྱད་པར་ཅུང་ཟད་ཡོད་ཀྱང་། སྤྱིར་ཡན་ལག་བདུན་པ་མཆོད་པར་འཇོག་དགོས་ཏེ། མཆོད་པའི་སྐད་དོད་པཱུ་ཛ་ཞེས་པ་མཉེས་ཤིང་མགུ་བར་བྱེད་པ་ལ་འཇུག་པས། བླ་མ་མཉེས་བྱེད་ཀྱི་རྣམ་པར་དཀར་བའི་ཆ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་མཆོད་པར་འགྲོ་བའི་ཕྱིར་ཏེ། བདུད་རྩི་གསང་བའི་རྒྱུད་ལས། མཉེས་པའི་དོན་གྱིས་མཆོད་པ་སྟེ། ཞེས་དང་། ཀླུ་སྒྲུབ་ཀྱིས་སེམས་ཅན་མགུ་བར་བྱེད་པའི་བསྟོད་པ་ལས། དེས་ན་སེམས་ཅན་ཕན་པ་བྱས་ན་ང་ལ་མཆོད་པའི་མཆོག །གང་གི་ཡིད་ནི་མགུ་བར་བྱེད་པ་མཆོད་པ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། དེའང་ཞིང་མཆོག་དམན་གང་ལ་མཆོད་པ་དང་སྦྱིན་པ་བྱས་པས་བསོད་ནམས་རེ་འབྱུང་བ་ཙམ་དུ་འདྲའང། རྒྱ་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེ་བས་དེ་ཐམས་ཅད་ཀྱི་ནང་ནས་བསོད་ནམས་ཤིན་ཏུ་རྒྱ་ཆེ་ཤོས་མཐར་ཐུག་པ་བླ་མ་ལ་མཆོད་པ་ཡིན་པར་གོ་བའི་ཕྱིར། རྒྱ་ཆེན་བསོད་ནམས་གསོག་འདོད་ཚེ། །ཞེས་གསུངས་པ་ཡིན་ཞིང། དེ་ཉིད་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པའང་ཡིན་ཏེ། གསང་བ་འདུས་པ་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་ལས། དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་རྡོ་རྗེ་འཛིན་པ་མཆོད། །རྗེས་སུ་མཐུན་པས་མཉེས་པར་བྱ། །དེ་མཉེས་སངས་རྒྱས་


GTD003_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཉེས། །ཞེས་དང་། རྒྱུད་སྡོམ་འབྱུང་དང་ཀླུ་སྒྲུབ་ཀྱི་རིམ་ལྔ་གཉི་ག་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མ་མཆོད་པ་དོན་ཆེ་བར་གསུངས་ལ། དེའི་རྒྱུ་མཚན་ཡང་དེ་གཉི་ག་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་བཀའ་དྲིན་གྱི་སྒོ་ནས་ཡིན་པར་གསུངས་སོ། །དེ་དག་གི་དོན་བསྡུས་ཏེ་བླ་མ་ལྔ་བཅུ་པ་ལས། མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །ལྟོས་ས་ལྟོས་འཇོག་གི་སྒོ་ནས་བསོད་ནམས་འགྱུར་ཆེ་ཚུལ་རྣམ་གྲངས་གཞན་ཡང་ཡོད་དེ། སྙིང་པོ་མདོར་བསགས་ལས། སངས་རྒྱས་ཞིང་སོགས་ཞིང་རྣམས་ལ། །ཁྱད་པར་དུ་ནི་སྦྱིན་པ་སྦྱར། །དམངས་རིགས་སྟོང་ཕྲག་གཉིས་དག་ཀྱང། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་གཅིག་ལ་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དག་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་གཉིས་དག་ནི། །ཡེ་


GTD003_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྡན་པ་གཅིག་ལ་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་བརྟག །དེ་ལྟར་སྦྱིན་པའི་ཞིང་བྱས་ནས། །བློ་དང་ལྡན་པས་རྟག་ཏུ་སྦྱིན། །རྣལ་འབྱོར་རྩ་བའི་ཆོས་ལས་ནི། །ཞིང་བཟང་པོ་ལ་ས་བོན་གདབ། །ཅེས་གསུངས་ཏེ། དབང་དོན་དེ་ཉིད་ཡང་གསལ་ལྟར། འདིའི་རྡུལ་མེད་པ་མཐོང་ལམ་དང་། ཡེ་ཤེས་ལྡན་པ་དགྲ་བཅོམ་ལ་སྦྱོར་བའམ། ཡང་མདོར་བསྟན་དུ་སངས་རྒྱས་བྱུང་ཡང་། རྒྱས་བཤད་ཀྱི་ཚེ་གཞན་མ་བྱུང་བས། དེ་གཉིས་ཉོན་མོངས་པའི་རྡུལ་མེད་པའི་ཐར་པ་ཐོབ་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཐེག་པ་ཆེ་ཆུང་གི་དགྲ་བཅོམ་གཉིས་ལ་རིམ་བཞིན་སྦྱར་ཀྱང་རུང་ངམ་སྙམ། ཡང་ན་ས་བཅུ་བཞིར་ཕྱེ་བའི་ཚེ་མངོན་བརྗོད་བླ་མ་ལས། དཔེ་མེད་པ་དང་ཡེ་ཤེས་ལྡན། །ཞེས་འབྱུང་བས། ཡེ་ཤེས་ལྡན་རྒྱུན་མཐའི་སྐབས་ལ་མན་སྙེ་ལས་བཤད་པ་དང་སྦྱར་ཀྱང་འགྲིག་སྟེ། འཚང་རྒྱ་ཁ་མའི་བྱང་སེམས་ལ་མཆོད་པ་དང་སངས་རྒྱས་ལ་མཆོད་པ་གཉིས་བསོད་ནམས་མཉམ་པར་མཛངས་བླུན་ལས་གསུངས་ཤིང་། དེ་ལྟར་འདུལ་བ་ལུང་ལས་ཀྱང་གསུངས་ཚུལ་མཛོད་འགྲེལ་དུ་དྲངས་པ་བཞིན་ཡིན་པའི་ཕྱིར་རོ། །མཆོད་ཚོགས་རྒྱ་མཚོ་ཞེས་པ་ནི། བཤད་རྒྱུད་རྡོར་ཕྲེང་སོགས་ལས་འབྱུང་བའི་མཆོད་སྔགས་པཱུ་ཛ་མེ་གྷ་ས་མུ་དྲ་ཞེས་པ་དེ་ཉིད་བཀོད་པ་ཡིན་ཏེ། པཱུ་ཛ་མཆོད་པ་དང་།མེ་གྷ་ཞེས་པ་སྤྲིན་གྱི་མིང་ཡིན་ཀྱང་། དོན་མཆོད་པའི་


GTD003_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་དུ་མ་འདུས་པའི་ཚོགས་ལ་བྱེད་དགོས། ས་མུ་དྲ་རྒྱ་མཚོ་ལ་འཇུག་པའང་ཆུ་གཏེར་ལ་མི་གོ་བར་མཐའ་ཡས་པའི་དོན་དུ་བྱེད་དགོས་པའི་ཕྱིར་ཏེ། ཀོ་སཱ་ལའི་རྒྱན་ལས། དེ་རྣམས་ཀྱི་ཚོགས་ནི་སྤྲིན་ནོ། །སྤྲིན་གྱི་ཕུང་པོ་ནི་རྒྱ་མཚོ་སྟེ། རྒྱ་མཚོའི་སྒྲས་ནི་གྲངས་མཐའ་མེད་པ་ཉིད་དུ་སྟོན་ཏོ་ཞེས་དང་། ཀུན་རིག་ཊཱིཀ་ཆེན་ལས། པཱུ་ཛ་མཆོད་པ། མེ་གྷ་སྤྲིན་ཏེ་ཚོགས། ས་མུ་དྲ་རྒྱ་མཚོ་ཞེས་སོགས་གསུངས་པའི་ཕྱིར། དེ་ལྟ་བུའི་མཆོད་པའི་ལས་ལ་གཅེས་པའམ། གཙིགས་སུ་བྱས་ཏེ་ནན་ཏན་དུ་འབད་དགོས་པའི་རྒྱུ་མཚན་ནི། དཔེར་ན་འབྲས་བུ་ལོ་ཏོག་ཕུན་སུམ་ཚོགས་པ་འདོད་ན། དེ་ལ་རེ་བ་བྱས་པ་ཁོ་ནས་མི་ཆོག་པར་ཐོག་མར་ཞིང་བཟང་པོ་ལ་གཅེས་སྤྲས་སུ་བྱས་ནས་ལེགས་པར་རྨེད་དགོས་པ་བཞིན། འབྲས་བུ་དངོས་གྲུབ་ཀུན་གྱི་འབྱུང་ཁུངས་བླ་མ་ཁོ་ན་ཡིན་པས། དེ་ལ་མཆོད་པ་སོགས་ཀྱི་རྟེན་འབྲེལ་ལེགས་པར་བསྒྲིག་དགོས་པའི་ཕྱིར། རྗེ་བདག་ཉིད་ཆེན་པོས། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་འབྱུང་བའི་ཞིང་ས་དམ་པ་དུས་བཞི་ཐམས་ཅད་དུ་རྒྱུན་ཆད་མེད་པར་བདེ་ལེགས་ཀྱི་ས་བོན་བཏབ་པས་ཆོག་པ་འདི་ལའང་དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག །ཅེས་མདོ་ལས་གསུངས་པ་ལྟར་བྱ་རྒྱུ་མ་བྱུང་ན་ཆེས་ཤིན་ཏུ་ཕངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །བླ་མ་ལ་རྣམ་པ་ཀུན་ཏུ་མཆོད་པར་བྱས་པ་འདི་ནི་བྱས་ན་བསོད་ནམས་ཆེ་བ་ཙམ་མ་ཡིན་གྱི། མ་བྱས་ན་ཉེས་དམིགས་ཤིན་ཏུ་ཆེ་བས་མེད་མི་རུང་དུ་བྱ་དགོས་པ་ཡིན་ཏེ། བླ་མ་ལྔ་བཅུ་པ་


GTD003_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མཆོག་ཏུ་དང་བས་དུས་གསུམ་དུ། །དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང། །ཞབས་ལ་སྤྱི་བོས་ཕྱག་བྱ་འོ། །ཞེས་ཉིན་རེ་བཞིན་དུས་གསུམ་དུ་བླ་མ་ལ་ཕྱག་དང་མཎྜལ་སོགས་ཀྱིས་བསྙེན་བཀུར་བྱེད་དགོས་པར་གསུངས་ཏེ། དེའི་རྒྱུ་མཚན་ཡང་དེ་ཉིད་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་རང་ཅག་ལྟ་ཅི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་སྔོན་སློབ་པའི་གནས་སྐབས་ཀྱི་བླ་མ་ལ་ཉིན་རེ་རེ་དུས་གསུམ་དུ་བྱོན་ནས་ཕྱག་བྱེད་པར་གསུངས་པའི་ཕྱིར་རོ། །དེ་སྐད་དུའང་འདུས་པའི་རྒྱུད་ཕྱི་མ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་ཅིང་འཚོ་སྐྱོང་བ་དེ་ཐམས་ཅད་དུས་གསུམ་དུ་ལྷགས་ནས་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པས་ཡང་དག་པར་མཆོད་ནས་སངས་རྒྱས་ཀྱི་ཞིང་དེ་དང་དེར་འགྲོ་ཞིང་། ཞེས་དང་། དོན་དམ་བསྙེན་པ་ལས། དཔག་མེད་སངས་རྒྱས་ཀྱིས་ཀྱང་རྟག་ཏུ་དེ་ལ་མཆོད། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྟག་ཏུ་དེ་ལ་འདུད། །ཅེས་གསུངས་སོ། །རྒྱུན་དུ་སྙིང་གར་བསྒོམ་པའི་ཚུལ་ནི། འདི་ཕྱི་བར་དོའི་གནས་སྐབས་སུ། །བླ་མ་སྙིང་དབུས་བསྒོམ་བྱས་ཏེ། །རང་གི་སེམས་དང་བླ་མ་གཉིས། །དབྱེར་མེད་བསྲེ་བ་མན་ངག་གོ །ཞེས་འགྲོ་འཆག་ཉལ་འདུག་སོགས་དུས་དང་


GTD003_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ཐམས་ཅད་དུ་རང་སེམས་དང་ངོ་བོ་དབྱེར་མེད་དུ་བྱས་ནས་གནས་སྙིང་གར་བསྒོམ་པ་སྟེ། ཐོག་མར་ཉིང་མཚམས་སྦྱོར་བ་དང་། མཐར་འཆི་འཕོ་བ་ཐམས་ཅད་ཀྱང་འདི་ནས་བྱེད་པ་དང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་མཐར་གཏུག་སའང་འདི་ཡིན་ཞིང་། རྣམ་པར་ཤེས་པ་གནས་པའི་གཙོ་བོའང་ཡིན་པས། སྡེ་པ་འགའ་ཞིག་སྙིང་ལ་ཡིད་དབང་དུ་འདོད་པར་སྡེ་པ་ཐ་དད་བཀླགས་པའི་འཁོར་ལོ་དང་། རྟོག་གེ་འབར་བ་སོགས་ལས་བཤད་དོ། །དེ་ལྟར་བསྒོམ་བའི་དགོས་པ་དང་སྒོམ་ཚུལ་གྱི་གནད་རྣམས་ནི་འོག་ཏུ་འབྱུང་བས་འདིར་མ་སྤྲོས་སོ། །གཉིས་པ་དེའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པའི་ཐབས་མཁས་ཀྱིས་སྒོ་གསུམ་དོན་ལྡན་དུ་བྱེད་ཚུལ་ནི། དད་ལྡན་གདུལ་བྱས་གསོལ་བཏབ་ཚེ། །རང་སེམས་བླ་མ་དབྱེར་མེད་དུ། །བསྒོམས་ནས་བླ་མའི་ཕྱག་གཡས་ཀྱིས། །གཞན་ལ་བྱིན་རླབས་བྱེད་པར་བསམ། །གཞན་གྱིས་ཕྱག་སོགས་བྱེད་པའི་ཚེ། །བླ་མ་ཉིད་ལ་ཕྱག་བྱེད་པར། །བསམ་ན་རང་གཞན་ཀུན་ལ་ཕན། །ཉོན་མོངས་འཁྲུལ་སྣང་ཤར་བའི་ཚེ། །སྙིང་དབུས་བཞུགས་པ་བླ་མ་རྗེ། །སྤྱོད་ངན་འདི་ཡིས་ཐུགས་ཁྲེལ་ཞེས། །བསམ་ན་དེ་མ་ཐག་ཏུ་བཟློག །དགེ་སེམས་གསར་དུ་སྐྱེས་པའི་ཚེ། །བླ་མའི་བྱིན་རླབས་འདི་འོ་ཞེས། །བསམས་ནས་བཀའ་དྲིན་རྗེས་དྲན་ཏེ། །གུས་པས་མཆོད་ལ་བརྩོན་པར་བྱ། །ཞེས་བྱུང། དེའང་གཞན་གྱིས་རང་ལ་ཕྱག་དབང་ཞུས་པ་ན། དངོས་སུ་རང་གི་ལག་པ་དེའི་མགོར་བཞག་ཀྱང་། བསྒོམ་དོན་ལ་རང་སེམས་དང་བླ་མ་


GTD003_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མི་ཕྱེད་པ་དེས་ཕྱག་གཡས་བརྐྱངས་ནས་བྱིན་རླབས་མཛད་པའི་མོས་པ་བྱའོ། །ད་ལྟ་ཕྱག་དབང་དུ་གྲགས་པ་འདིའི་ཁུངས་སམ་མཚོན་དོན་ལྟ་བུ་ནི་ས་བཅུ་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་དག་ཉིད་ན་བཞུགས་བཞིན་དུ་རྫུ་འཕྲུལ་གྱིས་ཕྱག་གཡས་པ་རྣམས་བརྐྱངས་ཏེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་མགོ་ལ་བྱུགས་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་རེག་མ་ཐག་ཏུ་དེ་ནི་དེའི་མོད་ལ་ཏིང་ངེ་འཛིན་དེ་ལས་ལངས་ནས། ཞེས་སོགས་ལྟར། ཕྱག་གིས་རེག་པའི་སྒོ་ནས་ས་བཅུ་པའི་མདོ་སྡེ་སྟོན་པར་བྱིན་གྱིས་བརླབས་པ་ཡིན་པས། མདོ་འདི་ཉིད་བྱིན་གྱིས་བརླབས་པའི་བཀའི་ནང་ནས་སྐུའི་སྒོ་ནས་བྱིན་གྱིས་བརླབས་པ་ལ་འཇོག་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །རྒྱན་སྟུག་པོ་བཀོད་པར་ཡང་འདི་དང་ཆ་འདྲ་བ་ཞིག་གསུངས་ལ། ཡང་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་པའི་ཚེ་ཕྱག་གཡས་མི་འཇིགས་པའི་ཕྱག་རྒྱ་སློབ་མའི་མགོ་བོར་བཞག་ནས་ལུང་སྟོན་ཅིང་དབུགས་དབྱུང་བར་མཛད་པ་དེའི་རྟེན་འབྲེལ་དང་སྒོ་བསྟུན་པའང་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། གཡས་པ་མི་འཇིགས་སྦྱིན་བྱས་ལ། །དབུགས་དབྱུང་བ་ཡི་མཆོག་བྱ་བ། །ཞེས་གསུངས་ཤིང། རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཀྱང། ཕྱག་གཡས་བདག་གི་མགོ་ལ་བཞག་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས། །ཞེས་


GTD003_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་བཞིན་ནོ། །འདི་ལྟ་བུ་ལ་བླ་མའི་བྱིན་རླབས་དང་སློབ་མའི་མོས་གུས་འཛོམ་ན་རྒྱུད་བྱིན་གྱིས་རློབས་པ་ཙམ་དུ་མ་ཟད། དེའི་མཚན་མ་མངོན་སུམ་དུ་སྣང་རྒྱུ་ཡོད་པའང་འབྱུང་སྲིད་དེ། དཔེར་ན་སྣེའུ་ཟུར་པས་དགོན་པ་བ་ལ་དང་པོར་མཇལ་བའི་ཚེ་ཕྱག་དབང་སྩལ་བས་དབུ་ཐོད་ཀྱི་སྟེང་དུ་ཕྱག་རྗེས་བབས་པ་ཕྱིས་སྐུ་འདས་ནས་གདུང་སྦྱངས་ཏེ། དབུ་ཐོད་དོན་སྟེང་པས་གདན་དྲངས་སྐབས་ཀྱང་མཇལ་རྒྱུ་བྱུང་བ་དང་། སེ་ར་ཀུན་མཁྱེན་པའམ་བློ་གྲོས་རིན་ཆེན་སེང་གེས་ཀྱང་རྗེ་རིན་པོ་ཆེར་ཐོག་མར་མཇལ་དུས་ཀྱི་ཕྱག་རྗེས་དབུ་ཐོད་ལ་བབས་པ་ཕྱིས་མཇལ་རྒྱུ་བྱུང་བ་བཞིན་ནོ། །གཞན་གྱིས་རང་ལ་བསྙེན་བཀུར་བ་སོགས་ཀྱི་ཚེ་ཇི་ལྟར་བྱ་བ་ནི། གཞན་གྱིས་ཕྱག་སོགས་བྱེད་པའི་ཚེ། །བླ་མ་ཉིད་ལ་ཕྱག་བྱེད་པར། །བསམ་ན་རང་བཞན་ཀུན་ལ་ཕན། །ཞེས་གསུངས་ཏེ། གཞན་གྱིས་རང་ལ་ཕྱག་བཙལ་བ་ན་དེ་བདག་གིར་བྱས་ཏེ་རློམ་སེམས་སྐྱེས་པས་རང་གི་བསོད་ནམས་ཉམས་པ་མ་གཏོགས་ཕན་པ་ཅི་ཡང་མི་འབྱུང་ལ། དེས་བསྙེན་བཀུར་བསྟབས་པ་དེ་དག་རང་གི་སྙིང་གར་བཞུགས་པའི་བླ་མ་ལ་བསྔོས་ན་རང་གཞན་གཉི་གའི་ཚོགས་རྫོགས་པའི་ཐབས་མཁས་ཀྱི་སྤྱོད་པར་འགྱུར་རོ། །འདིར་ཕྱག་ནི་མཚོན་པ་ཙམ་སྟེ། གཞན་གྱིས་རང་ལ་འཚོ་བ་དྲངས་པ་ནའང་སྙིང་གའི་བླ་མ་ལ་འདྲེན་པའི་དམིགས་པ་དང་། དེ་བཞིན་དུ་གོས་དང་གནས་མལ་ནོར་ལོངས་སྤྱོད་གང་ཞིག་ཕུལ་ཀྱང་དེ་ཉིད་བློས་བླངས་ཏེ་སྙིང་གའི་བླ་མ་ལ་དབུལ་བ་བྱས་ན་ནོར་རྫས་ལ་འདོད་སྲེད་ཆུང་དུ་འགྲོ་ཞིང་དཀོར་གྱི་སྒྲིབ་པ་སྦྱོང་བ་


GTD003_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྦྱིན་བདག་གི་བསོད་ནམས་གོང་འཕེལ་དུ་འགྱུར་བ་སོགས་དགོས་པ་ཤིན་ཏུ་ཆེ་སྟེ། ཞིབ་ཏུ་ཤེས་ཤིང་ལག་ལེན་བྱེད་པར་སྤྲོ་ན་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་སྲོལ་གྲགས་ཆེ་བ་ལྔའི་ཡ་གྱལ། གཉན་ཚེམ་བུ་པ་དར་མ་འོད་ནས་བརྒྱུད་པ་བསྐྱེད་རྫོགས་ཀྱི་གནད་ཀུན་ཚང་བའི་ཚེམ་བུ་དམར་ཁྲིད་དུ་གྲགས་པ་ན། བཟའ་བ་ཟས་ཀྱི་རྣལ་འབྱོར། བགོ་བ་གོས་ཀྱི་རྣལ་འབྱོར། འདུག་པ་གནས་ཁང་གི་རྣལ་འབྱོར་སོགས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དྲུག་ཏུ་གསུངས་པ་བཞིན་བྱ་དགོས་པས། ཞིབ་པར་ནི་རྗེ་བཙུན་བླ་མ་ཐུགས་རྗེའི་མངའ་བདག་འདི་ཉིད་དང་། ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེ་སོགས་ཀྱི་གསུང་ལས་ཤེས་པར་བྱའོ། །དེར་མ་ཟད་བླ་མེད་ཀྱི་རྒྱུད་སྡེ་ཆེ་བ་ཀུན་ནས་ཟས་ལ་ལོངས་སྤྱོད་པའི་ཚེ་ཁ་ཐབ་ཁུང་། ལག་པ་དགང་གཟར། ཟས་རྣམས་བསྲེག་རྫས་ཀྱི་ཚུལ་དུ་མོས་ཏེ་བླ་མ་ཡི་དམ་ལ་ཕུལ་བའི་དམིགས་པ་དང་བཅས་ལོངས་སྤྱོད་དགོས་པ་ནི་འདར་མི་རུང་བ་བཟའ་བའི་དམ་ཚིག་ཏུ་གསུངས་ལ། དེའི་དགོས་པའང་གདན་བཞི་ལས། གང་ཞིག་ཅུང་ཟད་བཟའ་བཏུང་རྣམས། །བསྔོ་བ་བྱས་ནས་བཟའ་བར་བྱ། །འདི་ལྟར་སྤྱོད་པའི་རྣལ་འབྱོར་པ། །བུ་ལོན་དུ་ཡང་མི་འགྱུར་རོ། །ཞེས་གསུངས་ལ། མ་རྒྱུད་ཀྱི་སྒོས་ཆོས་སུ་ལག་པའི་མཆོད་པའམ་ལག་པ་མཆོད་པ་ཞེས་སྔ་མ་ལས་ཁྱད་པར་དུ་གྱུར་པའི་ལྷ་ལ་མཆོད་ཚུལ་གཞན་ཞིག་ཀྱང་གསུངས་སོ། །དེའང་རྙེད་པ་དང་བཀུར་སྟི་ལ་སོགས་པ་འདི་དག་ནི་


GTD003_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕལ་པ་རྣམས་ཡོན་ཏན་དུ་མཐོང་ནས་ཐོབ་བྱའི་གཙོ་བོར་བྱེད་ཀྱང་། སྐོམ་པས་ཚྭ་ཆུ་འཐུང་བ་བཞིན་དེ་ལ་བརྟེན་པས་སྡུག་བསྔལ་འབའ་ཞིག་ལས་མི་འབྱུང་ལ། སྐྱེས་བུ་དམ་པ་རྣམས་ནི་དེའི་ཉེས་དམིགས་སྒོ་དུ་མ་ནས་གཟིགས་ཏེ་སྲེད་པའི་དབང་དུ་ཅུང་ཟད་ཙམ་ཡང་མི་འགྱུར་བའི་ཕྱིར་ཏེ། བཀུར་སྟིའི་ཚོམས་ལས། དྲེའུ་མོ་རང་གི་མངལ་གྱིས་དང། །འདམ་བུ་སྨིག་མ་འབྲས་བུས་དང། །ཆུ་ཤིང་འབྲས་བུས་ཕུང་བ་ལྟར། །ཕོ་བཤལ་བཀུར་སྟིས་ཕུང་བར་འགྱུར། །ཞེས་གསུངས་ཤིང། སྐྱེས་རབས་ལས་ཀྱང་མང་དུ་འབྱུང་བ་བཞིན། སྐྱེ་བོ་ཐ་ཤལ་རྣམས་ལ་རྙེད་བཀུར་ཅུང་ཟད་ཙམ་འབྱུང་ནའང་དེ་ཉིད་ཀྱིས་དབྱེན་སྤྱོས་ཏེ་བྱ་བ་མ་ཡིན་པ་དུ་མ་ལ་ཞུགས་པས་འདི་ཕྱི་གཉི་ག་རླག་པར་བྱེད་དོ། །སྔོན་འབྲོམ་སྟོན་པ་ཁམས་ནས་ཡར་བྱོན་བའི་ཚེ་འཕྲང་ཁ་བེར་ཆུང་གི་སར་ཕེབས་པས། ཁྱོད་དགེ་བཤེས་ཤིག་ཡིན་ཤས་ཆེའང་། ང་འཕྲང་ཁ་བེར་ཆུང་ཟེར་བའི་མི་ཆེན་ཞིག་ཡིན་པས། དེ་ནས་ཡར་ཕྱག་ཝ་མོ་འཁྱུག་པ་ལྟ་བུ་གསུམ་ཚོལ་ཟེར་བ་ན། འབྲོམ་ཉིད་དམན་ཆ་ཁོ་ན་ལྷུར་བཞེས་པས་ཁོའི་འདོད་པ་བཞིན་མཛད། དེ་ནས་ཁོས་ཆོས་ཀྱི་དྲི་བ་མང་པོ་བྱས་པར་ལན་ཐོགས་མེད་དུ་གནང་བས་འབྲོམ་ཡིན་པར་ཤེས་ཤིང་གཟོད་འགྱོད་པ་སྐྱེས་ནས་བཤགས་པ་བྱས་ཏེ་རྭ་སྒྲེང་གི་དགོན་ས་སོགས་ཀྱང་ཕུལ་བ་ལྟ་བུ། སྐྱེས་བུ་དམ་པ་དང་བྱང་ཆུབ་སེམས་དཔའ་གར་ཡོད་མི་ཤེས་པས། དེ་འདྲ་རེས་རང་ལ་ཕྱག་འཚལ་ཞིང་། རང་གིས་ཀྱང་འོ་ཟོབ་ཀྱིས་དང་དུ་བླངས་ན་རྣམ་སྨིན་ཤིན་ཏུ་ལྕི་སྟེ། མུ་


GTD003_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་རྫོགས་བྱེད་ཀྱི་མཆོད་རྟེན་ལ་ཕྱག་མཆོད་བྱས་པས་དེ་ལ་གནོད་ཚུལ་འདུལ་བ་ལུང་ལས་གསུངས་པ་ལྟར་ཡིན་ན། ད་ལྟ་རང་གཞན་གཉི་གས་བསམ་བཞིན་དུ་བྱས་པ་སྨོས་ཀྱང་མི་དགོས་པའི་ཕྱིར་རོ། །དེས་ན་རྙེད་པ་དང་བཀུར་སྟི་ནི་རལ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་ལྟར་མནོག་ཆུང་ཞིང་གནོད་པ་ཆེ་ལ། ཁྱད་པར་དུ་ཆོས་ཚུལ་བཞིན་སྒྲུབ་པར་འདོད་པའི་ལས་དང་པོ་པ་ཕལ་ཆེར་ལ། དགོས་པའི་ཆོས་ཀྱི་ལོ་ཏོག་མ་འཁྲུངས་པར། མི་དགོས་པའི་གྲགས་སྙན་གྱི་ཐན་སྙེ་ཐོན་པས་སྐྱེ་བོ་ཕལ་པ་གཞན་དག་གིས་དེ་ལ་རེ་བ་ཆེན་པོས་བཀུར་སྟི་བྱེད་ཅིང། རང་ཉིད་ཀྱང་དེས་གཡེང་བར་འགྱུར་བ་ནི། བྲམ་ཟེའི་སྐྱེས་རབས་ལས། དཀའ་ཐུབ་ཅན་དུ་རེ་བ་ཆེན་པོ་ཡིས། །ཡུལ་མི་རྣམས་ཀྱིས་དེ་ལ་མཆོད་པར་ཤོག །ཅེས་པ་ལྟར་གྱི་བྲམ་ཟེའི་དམོད་པའི་སྟེང་དུ་སོང་བ་ཡིན་པས། དགེ་སྦྱོར་གྱི་སད་ལ་དེ་ལས་ཐུ་བ་མེད་དེ། གྲུབ་དབང་སྐལ་ལྡན་རྒྱ་མཚོས། ཁ་ཞིམ་པའི་ཟས་ལ་སྲེད་པ་དང་། །ལུས་འཇམ་པོའི་གོས་ལ་ཞེན་པ་དང། །ཡིད་མཛེས་པའི་གཟུགས་ལ་ཆགས་པ་འདིས། །ཆོས་ཟབ་མོ་ཞར་དང་ཞོར་ལ་ལུས། །ཞེས་གསུངས་པ་ལྟར་རོ། །གནད་འདི་ལ་དགོངས་ཏེ་མཉམ་མེད་ཇོ་བོ་ཆེན་པོས་ཀྱང་། བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་བདུད་ཀྱི་བར་ཆད་ཡིན་པས་སྤོངས། ཞེས་རྙེད་བཀུར་སྙན་གྲགས་སོགས་ལ་བདུད་ལས་སུ་གསུངས་པས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་རྨི་ལམ་དང་སྒྱུ་མའི་དགའ་སྟོན་ལྟ་བུའི་སྲིད་པའི་ཕུན་ཚོགས་མཐའ་དག་ལ་ཞེན་པ་རྩད་


GTD003_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཅོད་པ་དང་། ཆོས་སྒྲུབ་པའི་ཕྱིར་དུ་ལུས་འཚོ་ཙམ་གྱི་ཟས་གོས་ལ་བརྟེན་པ་དེའང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ཏེ་སྤྱོད་ཡུལ་ཡང་དག་པའི་མདོ་ནས་འབྱུང་བ་བཞིན་གཞན་དོན་རྣམ་པ་ཐམས་ཅད་པར་བསྔོ་བ་དང་། རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱི་རྩིས་ཟིན་པར་བྱེད་ཚུལ་སྔར་བཤད་པ་བཞིན་བྱས་ན་ཚེགས་ཆུང་ངུས་ཚོགས་རླབས་པོ་ཆེ་རྫོགས་ཤིང། སྒོ་གསུམ་གྱི་སྤྱོད་པ་མཐའ་དག་གསང་སྔགས་ཟབ་མོའི་ལམ་གྱི་ཉམས་ལེན་དུ་འགྱུར་ཏེ། ཀུན་སྤྱོད་ལས། ཡན་ལག་གིས་ནི་བསྐྱོད་པ་དང། །ཚིག་གིས་རབ་འབྱམས་ཇི་སྙེད་པ། །དེ་སྙེད་ཕྱག་རྒྱ་གསང་སྔགས་ཡིན། །ཞེས་དང། རྗེ་བླ་མས། ལུས་ཀྱི་གཡོ་བ་ངག་གི་བརྗོད་པ་དང། །ཡིད་ཀྱི་བསམ་པ་ཀུན་ཀྱང་འབད་མེད་པར། །རླབས་ཆེན་ཚོགས་རྣམས་ཡོངས་སུ་སྡུད་བྱེད་པ། །ཞེས་གསུངས་པ་བཞིན་ནོ། །བླ་མའི་རྣལ་འབྱོར་ལ་བརྟེན་ནས་གཙོ་བོར་རང་རྒྱུད་ཀྱི་ཉོན་མོངས་དང་སྒོ་གསུམ་གྱི་ཉེས་སྤྱོད་འགོག་ཚུལ་ནི། ཉོན་མོངས་འཁྲུལ་སྣང་ཤར་བའི་ཚེ། །སྙིང་དབུས་བཞུགས་པ་བླ་མ་རྗེ། །སྤྱོད་ངན་འདི་ཡིས་ཐུགས་ཁྲེལ་ཞེས། །བསམ་ན་དེ་མ་ཐག་ཏུ་བཟློག །ཅེས་གསུངས་ཏེ། རང་གི་རྒྱུད་ལ་ཚུལ་མིན་ཡིད་བྱེད་ཀྱིས་ཆགས་སྡང་ལ་སོགས་པའི་རྟོག་པ་ངན་པ་སྐྱེས་པའམ། སྒོ་གསུམ་མི་དགེ་བའི་སྤྱོད་པ་ལ་འཇུག་པར་ཕྱོགས་པ་ན། ཀྱེ་མ་བདག་གིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཐོབ་ཅིང་། སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་ཞུགས་ནས་ཆོས་པའི་གཟུགས་བཟུང་སྟེ། ཚུལ་དང་མི་མཐུན་པ་འདི་ལྟར་བསམ་ཞིང་སྤྱད་ན།


GTD003_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཀུན་ཏུ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་མངའ་བའི་སངས་རྒྱས་བྱང་སེམས་རྣམས་དང། དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་ཁྲེལ་བར་འགྱུར་ཞིང་། ཁྱད་པར་རྩ་བའི་བླ་མ་རང་གི་སྙིང་གར་བཞུགས་པ་འདི་ཉིད་ཀྱིས་ཐུགས་ཁྲེལ་བར་གྱུར་ན་མི་རུང་སྙམ་དུ་དེ་ལ་འཛེམ་ནས་སྒོ་གསུམ་བག་ཡོད་པའི་བརྟུལ་ཞུགས་ལ་གནས་ཏེ་ཉེས་སྤྱོད་མཐའ་དག་ལས་ལྡོག་པར་བྱ་དགོས་སོ། །དེ་ལྟར་མོས་པ་ནི་ལྷ་རྗེས་སུ་དྲན་པ་སྒོམ་ཚུལ་ཡིན་ཞིང་། དེ་ལ་བཅོས་མིན་གྱི་མྱོང་བ་རྣལ་མ་ཞིག་སྐྱེས་ན་མི་དགེ་བའི་བྱ་བ་གང་ལའང་འཇུག་མི་ཕོད་པ་དང་། དགེ་བའི་ཆོས་ཐམས་ཅད་ངང་གིས་འགྲུབ་པ་ཞིག་འབྱུང་སྟེ། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག། །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང། །གུས་དང་འཇིགས་ལྡན་དེ་བཞིན་གནོས། །དེས་ནི་སངས་རྒྱས་རྗེས་དྲན་པའང། །དེ་ལ་ཡང་དང་ཡང་དུ་འབྱུང། །ཞེས་དང་། མྱོས་བྱེད་མའི་སྐྱེས་རབས་ལས། མ་མཐོང་བར་ནི་སྡིག་པ་བྱས་པ་དག །དུག་ཟོས་བཞིན་དུ་བདེ་བར་ཇི་ལྟར་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་ནི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་གསུངས་ལ། དེའི་སྟོབས་ཀྱིས་དགེ་བའི་ཆོས་མཐའ་དག་འགྲུབ་ཚུལ་ཆོས་ཡང་དག་པར་སྡུད་པ་ལས། ལྷ་རྗེས་སུ་དྲན་པས་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་གྲུབ་པའི་སེམས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་


GTD003_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཞེས་བགྱིའོ། །ཞེས་དང་། ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་བཞག་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་རྣམ་པར་དག་པའི་ལྷ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་རྗེས་སུ་དྲན་ནོ། །འདི་ལྟར་དེ་དག་རྗེས་སུ་དྲན་ཏེ་སྒྲུབ་པ་དང་། ཡོན་ཏན་དང་། སྐྱེ་བ་དང་། ལོངས་སྤྱོད་དང་། ཀུན་དཔྱོད་པ་དང་། རྩོམ་པ་དང་། རབ་ཏུ་འཐོབ་པ་དང་། ཡོངས་སུ་གྲུབ་པས་ཀྱང་ལྷ་རྗེས་སུ་དྲན་པ་འདི་ནི་ལྷ་རྗེས་སུ་དྲན་པའི་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །འདིར་སྒོ་གསུམ་བག་མེད་ལ་ཞུགས་ན་སྙིང་གའི་བླ་མ་ཐུགས་ཁྲེལ་བར་གསུངས་ནས་འཇིགས་པ་སྐྱེད་པ་ནི། དེ་ཉིད་བསྡུས་པར་དམ་ཚིག་ལས་འདས་ན་སྙིང་ལ་གནས་པའི་རྡོ་རྗེ་སེམས་དཔའི་ཐུགས་ཁྲེལ་ནས་སྙིང་ག་དྲལ་ཏེ་གཤེགས་ཤིང་བྱིན་གྱིས་མི་རློབ་པར་གསུངས་པ་དང་། དམ་ཚིག་ཉམས་པ་དེ་ལ་རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་བདུན་རྒྱུད་ཚུན་ཆད་བརླག་པར་ཡང་སྤྱོད་རྒྱུད་ལས་གསུངས་པ་རྣམས་ཕྱོགས་འདྲ་སྟེ། དེའང་བླ་མ་དང་ཡི་དམ་རྣམས་དངོས་གནས་སུ་ཐུགས་ཁྲེལ་བ་མིན་ཡང་། རང་གི་ངོས་ནས་རྟེན་འབྲེལ་རྣམ་པ་གཞན་དུ་གྱུར་པའི་སྟོབས་ཀྱིས་དེ་རྣམས་བདག་ཉིད་ལས་རིང་དུ་འགྱུར་བ་དང་། བྱིན་རླབས་ཀྱི་ངད་ཡལ་བ་ཆོས་ཉིད་ཡིན་ཏེ། དཔེར་ན་ཉི་འོད་ལ་གནས་པའི་སྐྱེས་བུ་ཞིག་བྲག་ཁུང་བྱང་བལྟས་སུ་ཞུགས་པ་ན། ཉི་མའི་ངོས་ནས་མིན་ཡང་རང་གི་སྤྱོད་ལམ་གྱི་བྱེད་པས་ཉི་འོད་དང་འབྲལ་བ་བཞིན་ནོ། །དེས་ན་སྙིང་གའི་རྩ་བའི་བླ་


GTD003_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེ་ཉིད་དཔང་པོར་བྱས་ཏེ་སྤྱིར་སྒོ་གསུམ་གྱི་མི་དགེ་བའི་བྱ་བ་ཐམས་ཅད་དང་། ཁྱད་པར་སྡོམ་པ་གསུམ་གྱི་བཅས་མཚམས་དང་འགལ་བའི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་ལ་ནན་ཏན་དུ་འབད་ཅིང་། བརྒྱ་ལ་རང་དབང་མེད་པར་གོས་ནའང་དེ་མ་ཐག་བཤགས་བསྡམ་སོགས་ཀྱིས་དག་པར་བྱས་ཏེ། དངོས་གྲུབ་ཀུན་གྱི་རྩ་བ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བའི་ཐབས་ལ་འབད་པ་ལྷུར་བྱའོ། །རང་རྒྱུད་ལ་དགེ་སེམས་ནམ་སྐྱེས་པ་ན་བླ་མའི་བཀའ་དྲིན་དུ་བལྟས་ཏེ་སྤེལ་བའི་ཚུལ་ནི། དགེ་སེམས་གསར་དུ་སྐྱེས་པའི་ཚེ། །བླ་མའི་བྱིན་རླབས་འདི་འོ་ཞེས། །བསམས་ནས་བཀའ་དྲིན་རྗེས་དྲན་དེ། །གུས་པས་མཆོད་ལ་བརྩོན་པར་བྱ། །ཞེས་གསུངས། དེའང་གོང་དུ་བཀའ་དྲིན་དྲན་པའི་སྐབས་སུ་བཤད་པ་བཞིན་དགེ་བློ་གང་སྐྱེས་ཐམས་ཅད་བླ་མའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་ཏེ། བླ་མ་ལྔ་བཅུ་པར། དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པ། །ཞེས་དངོས་གྲུབ་ཀྱི་རྩ་བ་བླ་མ་ལ་རག་ལས་པར་གསུངས་པའི་དངོས་གྲུབ་དེའང། གཙོ་བོར་གང་ལ་བྱེད་ན། ཚེ་བསོད་དཔལ་འབྱོར་རྒྱས་པ་སོགས་ལ་མི་བྱེད་པར། ཤེས་རྒྱུད་ཀྱི་ཉོན་མོངས་པའི་རྟོག་པ་ཤུགས་ཇེ་ཆུང་དང་། དགེ་བའི་བསམ་པ་གོང་འཕེལ་དུ་སོང་བ་ལ་བྱེད་དགོས་པའི་ཕྱིར་ཏེ། མཉམ་མེད་ཇོ་བོ་ཆེན་པོས། དངོས་གྲུབ་ཀྱི་མཆོག་ཉོན་མོངས་པ་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན། ཞེས་


GTD003_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེས་ན་བསྙེན་སྒྲུབ་བཟླས་བརྗོད་སོགས་བྱས་ཏེ་བྱིན་རླབས་ཞུགས་པའི་མཚན་མའང། ཡི་དམ་ལྷའི་ཞལ་གཟིགས་སོགས་གཙོ་བོར་མི་བྱེད་ཀྱི། བློ་སྣ་གོང་དུ་འགྱུར་ཏེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་སོགས་ཀྱི་རྟོག་པ་ཁྱད་པར་ཅན་སྐྱེ་བ་གཙོ་ཆེ་བའི་ཕྱིར། བསྙེན་ཡིག་དངོས་གྲུབ་རྒྱ་མཚོ་ལས། བླ་མ་དང་ཡི་དམ་ལ་དད་པ་དང་ཡིད་ཆེས་ཇེ་འཕེལ། ཆགས་སྡང་སོགས་ཀྱི་ངན་རྟོག་ཇེ་ཆུང་། རྣམ་གཡེང་ཇེ་ཉུང། ཤེས་རྒྱུད་ཇེ་འཇམ། བསམ་པ་ཇེ་བཟང་ལ་སོང་ན་བསྙེན་པ་ལམ་དུ་འགྲོ་བ། བླ་མ་དང་ཡི་དམ་གྱིས་རྗེས་སུ་འཛིན་པ། བྱིན་རླབས་འཇུག་པ། རྟོགས་པ་ཇེ་མཐོར་འགྲོ་བ་རྣམས་ཀྱི་མགོ་ཚུགས་པ་ཡིན། ཞེས་གསུངས་པ་དང་། ཇོ་བོའི་བླ་མ་གྲུབ་ཆེན་རཱ་ཧུ་ལས་ཇོ་བོ་ཆེན་པོ་ལ། ཡི་དམ་གྱི་ཞལ་མཐོང་བ་དང་། དཀྱིལ་འཁོར་མང་པོ་མངོན་སུམ་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་མང་དུ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པ་སོགས་ཁྱོད་ཀྱི་ཡོན་ཏན་དེ་རྣམས་ཀྱིས་གར་ཡང་མི་ཕྱིན་གྱི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུངས་ལ་འཁོར་བ་མ་སྟོངས་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་འཆོས་ཤིག །ཅེས་གསུངས་པ་བཞིན་ནོ། །དེས་ན་དཔེ་ཆོས་ལས། ཕ་མེས་གང་བས་དོན་མ་གྲུབ། །ཅེས་ཞོགས་ཀྱི་མི་གཅིག་གིས་སྔ་རབས་པ་རྣམས་བཟང་ཚུལ་བཤད་པ་ལ། དེའི་བུ་ན་རེ། ང་ནི་ཕ་མེས་གང་བས་ངན་རྒྱུ་མེད་བྱས་པའི་དཔེ་ལྟར། ད་ལྟ་རང་རེ་རྣམས་བླ་མ་གོང་མ་དག་ལས་ཀྱང་རང་


GTD003_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ངན་རྒྱུ་མེད་སྙམ་པའི་མངོན་རློམ་འཆང་སྟེ། ཡོན་ཏན་ཅུང་ཟད་རེ་སྐྱེས་པ་ན་རང་ཕོ་སྐྱེས་པ་ཡིན་སྙམ་པ་ལས། བླ་མའི་བཀའ་དྲིན་ཡིན་སྙམ་པ་མི་འབྱུང་བ་ནི་དངོས་གྲུབ་ཀྱི་གེགས་ཆེ་ཤོས་ཡིན་པས་ཤིན་ཏུ་བག་ཟོན་བྱ་དགོས་སོ། །གསུམ་པ་བླ་མའི་རྣལ་འབྱོར་གྱི་སྟེང་ནས་གསང་སྔགས་ཟབ་མོའི་ཉམས་ལེན་མཐའ་དག་སྐྱོང་ཚུལ་ནི། མདོར་ན་ཡབ་རྗེ་དམ་བའི་བཀའ། །ཞེས་པ་ནས། སྒྱུ་འཕྲུལ་དྲ་བ་ཞེས་སུ་གྲགས། །ཞེས་པའི་བར་གྱིས་གསུངས། དེའང། མདོར་ན་ཡབ་རྗེ་དམ་པའི་བཀའ། །གསུང་རབ་སྙིང་པོའི་མཐར་ཐུག་པ། །གསང་བ་ལས་ཀྱང་ཆེས་གསང་བའི། །མན་ངག་གནད་ཀྱི་དོན་པོ་ནི། །ཞེས་བཤད་བྱའི་གདམས་ངག་གི་ཆེ་བ་བསྟན་པ་སྟེ། དེའང་ཡབ་རྗེ་རྒྱལ་བ་གཉིས་པ་ཉིད་ནི་སྔོན་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ཟབ་མོའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་བཟང་སྤེལ་བའི་སྙིང་སྟོབས་ཀྱི་གོ་ཆ་ལྷུར་བཞེས་པའི་དོན་བཞིན། སྤྱིར་རྒྱལ་བའི་བསྟན་པ་མཐའ་དག་ལ་མ་རྟོགས་ལོག་རྟོག་གི་དྲི་མ་བསལ་ནས་ཉིན་མོ་བཞིན་དུ་གསལ་བར་མཛད་ཅིང། ཁྱད་པར་ལྟ་བའི་གནད་ཤིན་ཏུ་ཕྲ་ཞིང་ཕྲ་བ་དང་། རྒྱུད་སྡེའི་དགོངས་དོན་ཤིན་ཏུ་ཟབ་ཅིང་བརླིང་བ་གངས་ཅན་གྱི་ལྗོངས་འདིར་སྔོན་ཆད་མཁས་པ་དང་གྲུབ་པའི་སྐྱེ་བོ་སུས་ཀྱང་ཇི་ལྟ་བ་བཞིན་སྟོན་པར་མ་ནུས་པ་རྣམས་གསལ་བར་ཕྱེ་བའི་བཀའ་སྲོལ་བླ་ན་མེད་པ་འདི་ལ་རྣམ་པ་ཐམས་ཅད་དུ་འཁྲུལ་བའི་ཆ་ཕྲ་མོ་ཙམ་ཡང་མི་སྲིད་ཅིང་། མདོ་སྔགས་ཀྱི་གསུང་


GTD003_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དྲི་མ་མེད་པ་མཐའ་དག་གི་སྙིང་པོའི་དོན་མ་ཚང་བ་མེད་པར་འདུ་བས། ཐར་པ་འདོད་པའི་སྐྱེ་བོ་སྐལ་བཟང་རྣམ་དཔྱོད་ཅན་རྣམས་ཀྱི་འཇུག་ངོགས་ཁོ་ན་ཡིན་ལ། དེའི་ནང་ནས་ཀྱང་སྙིང་པོའི་དོན་མཐར་ཐུག་པ་ཟབ་ལམ་བླ་མའི་རྣལ་འབྱོར་སྔགས་ཀྱི་ཐེག་པ་དང་འབྲེལ་བས། སྣོད་མིན་ལ་གསང་བར་འོས་ཤིང། སྔགས་ཀྱི་ནང་ནས་ཀྱང་རྡོ་རྗེའི་ཚིག་གིས་ཤིན་ཏུ་སྦས་པའི་དོན་མཁའ་འགྲོའི་ཁ་རླངས་ཐུ་ལེ་བ། བླ་མ་དམ་པ་རྣམས་ཀྱི་ཞལ་ནས་ཞལ་དང་། སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ཆེས་ཤིན་ཏུ་གསང་བ་མཐའ་དག་གི་གནད་ཀྱང་མ་ཚང་བ་མེད་པར་འདིར་འདུ་བས་ན། རྒྱལ་བ་རྡོ་རྗེ་འཆང་དངོས་སུ་བྱོན་ཀྱང་འདི་ལས་ལྷག་པར་གསུང་དུ་མེད་པའི་གདམས་པའི་སྙིང་པོ་ནི་འདི་ཡིན་ནོ་ཞེས་གདམས་ངག་གི་ཆེ་བ་བརྗོད་ནས་སྣོད་ལྡན་ལ་སྤྲོ་བ་བསྐྱེད་པའོ། །དེའང་ལྟ་བའི་འཇོག་མཚམས་དང་ས་ལམ་གྱི་རྣམ་བཞག་གཞན་ལ་གསར་རྙིང་གི་གྲུབ་མཐའ་མི་མཐུན་པ་ཅི་རིགས་ཡོད་ཀྱང་། བླ་མའི་རྣལ་འབྱོར་ལམ་གྱི་རྩ་བར་འདོད་པ་དང་། དེའི་ཁོངས་སུ་ལམ་གྱི་གནད་ཐམས་ཅད་འདུས་པར་འདོད་པ་ལ་མི་མཐུན་པ་མེད་དེ། དཔེར་ན་ས་སྐྱ་བ་རྣམས་ལམ་འབྲས་རྡོ་རྗེ་ཚིག་རྐང་དུ། ལམ་ཟབ་བླ་མ། འབྲིང་དམ་ཚིག་དང་སྡོམ་པ་ཉི་ཤུ། ཐ་མ་ལུས་སོ་སོར་བརྟག་པའི་འགོག་པ་ཞེས་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་ལམ་བགྲོད་ཚུལ་གསུམ་དུ་བྱས་པ་ལས། དབང་པོ་རྣོན་པོས་ནི་ལམ་ཟབ་བླ་མའི་རྣལ་འབྱོར་དེའི་ཁོངས་སུ་དམ་ཚིག་དང་སྡོམ་པ་བསྲུང་བ། རིམ་གཉིས་ཀྱི་ཉམས་ལེན་སོགས་མཐའ་དག་འདུས་ནས་འགྲོ་བས་


GTD003_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཅད་མི་འདྲ་བ་སོ་སོར་བྱེད་མི་དགོས་པར་གསུངས་ལ། དེར་འདུ་བའི་རྒྱུ་མཚན་གྱི་གནད་ཀྱང་གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་ཞེས། གཤེགས་པ་དང་གཤེགས་མའི་གདན། སེམས་དཔའ་དང་སེམས་མའི་གདན། ཁྲོ་བོ་དང་ཁོ་མོའི་གདན་དང་བཅས་གང་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བླ་མའི་སྐུ་ལ་ཚང་བའི་གནད་ཀྱིས་ཡིན་པར་གསུང་། དེ་དག་ལ་གདན་གྱི་སྒྲ་སྦྱར་བ་ནི། གདན་གྱི་སྐད་དོད་སི་ཐ་ཞེས་པ་གདན་དང་གནས་དང་རིགས་སོགས་དུ་མ་ལ་འཇུག་པ་ལས། གཤེགས་པ་དང་གཤེགས་མའི་རིགས་ཞེས་པ་ལྟ་བུར་བསྒྱུར་ན་གོ་བདེའང། འབྲོག་མི་གསང་སྔགས་ལ་དམ་དོག་ཤིན་ཏུ་ཆེ་བས་གོ་དཀའ་བ་བྱས་པ་ཡིན་པར་གསུངས་སོ། །རྙིང་མ་པ་རྣམས་རིག་འཛིན་གདུང་སྒྲུབ་ཅེས་ཟེར་ཞིང་། དེར་ཡང་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་ལམ་ཐམས་ཅད་ཚང་བའི་རྒྱུ་མཚན་རྩ་གསུམ་དྲིལ་སྒྲུབ་ཀྱི་གནད་ལ་རག་ལས་པར་འདོད་དེ། དེའང་རྩ་བ་གསུམ་ནི་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་ཡིན་ཞིང། དེ་གསུམ་གཅིག་ཏུ་དྲིལ་བའི་ངོ་བོ་བླ་མ་ཡིན་པར་བཤད་དོ། །ཀར་འབྲུག་འབྲི་སྟག་སོགས་བཀའ་རྒྱུད་པ་རྣམས་ནི་བླ་སྒྲུབ་ཀྱི་ཐ་སྙད་འདོགས་ཤིང་། ཉམས་ལེན་ཐམས་ཅད་དེའི་ཁོངས་སུ་བསྡུས་ནས་བྱེད་ལ། དེའང་ཕྱི་ལྟར་བསྟེན་པ། ནང་ལྟར་སྒྲུབ་པ། གསང་བ་ལྟར་ངོ་སྤྲོད་པའི་ས་བཅད་གསུམ་དུ་བྱས་འདུག་པ་ལས། ཕྱི་མ་ཅུང་ཟད་མི་འདྲ་བ་


GTD003_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས། གཞན་ནི་མན་ངག་འདིར་གསུངས་པའི་རྩ་བའི་ས་བཅད་གསུམ་དང་ཁོགས་འདྲ་བར་སྣང་ངོ་། །དེར་མ་ཟད་རྒོད་ཚང་བའི་རྣལ་འབྱོར་བཞི་བཤད་དུ། དང་པོ་ལུས་སྤྱོད་གཙོ་བོར་སྟོན། །གཉིས་པ་ངག་སྤྱོད་གཙོ་བོར་སྟོན། །གསུམ་པ་སེམས་སྤྱོད་གཙོ་བོར་སྟོན། །བཞི་པ་ལྷན་སྐྱེས་འབའ་ཞིག་གོ །ཞེས་ཕག་མོ་གྲུ་པས་གསུངས་པ་ལ་བརྟེན་ནས་བླ་མ་ཕྱག་དང་སྐུ་ཁྲུས་ཀྱིས་བསྙེན་བཀུར་བ་སོགས་ལུས་ཀྱི་བྱ་བ་དང་། ངག་གིས་བསྟོད་ཅིང་ཅི་གསུང་བ་སྒྲུབ་པ་དང་། སེམས་ཀྱིས་བླ་མ་ཆོས་སྐུའི་ངོ་བོར་བལྟ་བ་དང་། དེའི་བྱིན་རླབས་ལ་བརྟེན་ནས་སྣོད་བཅུད་མཐའ་དག་ལྷན་སྐྱེས་ཀྱི་བདེ་བའི་རོལ་པར་འཆར་བས། རིམ་པ་བཞིན་དུ་རྒྱུད་སྡེ་བཞིའི་གནད་ཀྱང་བླ་མའི་རྣལ་འབྱོར་ལ་ཚང་བ་དང་། ཡང་དབང་བཞིའི་ནང་ནས་བུམ་དབང་གིས་ལུས་ཀྱི་དྲི་མ་སྦྱོང་ཞིང་ལུས་ལྷ་སྐུར་འགྲུབ་པར་བྱེད་ལ། བླ་མའི་སྐུ་བསྒོམ་ན་དེ་ལས་ཀྱང་མྱུར་ཚབས་ཆེ་བ་དང་། དེ་བཞིན་དུ་ངག་གི་ཉེས་པ་སྦྱོང་ཞིང་ངག་སྔགས་ཀྱི་ངོ་བོར་བྱིན་གྱིས་རློབ་པ་ལ་གསང་དབང་ལས་བླ་མའི་མཚན་སྔགས་བརྗོད་ཅིང་གསོལ་བ་འདེབས་པ་ལྷག་པ་དང་། རྫོགས་རིམ་བསྒོམས་ཏེ་ཡིད་རྡོ་རྗེར་སྒྲུབ་པ་ལ་ཤེར་དབང་ལས་བླ་མ་སེམས་ཀྱི་དཀྱིལ་དུ་ཤར་བ་ལྷག་པ་དང་། བརྗོད་བྲལ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བ་ལ་དབང་བཞི་པ་ལས་ཀྱང་བླ་མའི་བྱིན་རླབས་ས་ཆོད་ཆེ་བས། བླ་མའི་རྣལ་འབྱོར་ལ་དབང་བཞིའི་གནད་ལྷག་དང་བཅས་པ་འདུ་བར་བཤད་ནས། དེའི་ཤེས་བྱེད་དུ་དམ་ཚིག་བཀོད་པའི་རྒྱལ་པོའི་རྒྱུད་ལས། མཚན་དང་དཔེ་བྱད་འབར་


GTD003_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷ། །བསྐལ་པ་འབུམ་དུ་བསྒོམ་པ་བས། །བླ་མ་དྲན་པའི་འབུམ་ཆར་མིན། །བསྙེན་སྒྲུབ་བཟླས་བརྗོད་ས་ཡ་བས། །བླ་མའི་གསོལ་ཚིག་ལན་ཅིག་དགའ། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ཏེ་བསྒོམ་པ་ལས། །བླ་མ་རང་སེམས་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུ་ཆར་ཡང་མི་ཕོད་དོ། །ཞེས་དང་།ཨཱ་ལི་ཀཱ་ལིའི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། བརྗོད་བྲལ་ལྷན་ཅིག་སྐྱེས་བའི་ཡེ་ཤེས་འདི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་ན་རྨོངས་པར་ཤེས་པར་བྱ། །ཞེས་པ་རྣམས་དྲངས་སྣང་ཡང་། དེ་དག་ཕལ་ཆེར་མདོ་ཕྱོགས་རྐྱང་པའི་བླ་མ་བསྟེན་ཚུལ་གྱི་སྐབས་སུའང་འབྱུང་དགོས་པས། འདྲ་ཆོས་ཅུང་ཟད་ཙམ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། དེ་ཙམ་ལ་སྔགས་ཀྱི་གནད་ཐམས་ཅད་ཚང་བར་བཤད་པ་ཧ་ཅང་ཐལ་ཆེ་བར་སྣང་ངོ་། །དེས་ན་ཟབ་པའི་ཤེས་བྱེད་ལ་འདི་ཤིན་ཏུ་ཟབ་བོ་ཞེས་བཤད་པ་ཁོ་ནས་ཆོག་པ་དེ་དག་གི་ལུགས་ལ་དེ་ལྟར་ཡིན་ཀྱང། རྗེ་བླ་མའི་བཀའ་སྲོལ་འདི་ལ་བསྒྲུབ་བྱ་སྒྲུབ་བྱེད་དུ་མི་འགྱུར་བས། དོན་དེར་མདོ་སྔགས་ཀྱི་ཟབ་གནད་ཐམས་ཅད་འདུས་པར་བསྒྲུབ་པ་ལྟ་བུ་ལའང་། རང་གི་ངོ་བོའི་སྟེང་ན་ཁྱད་ཆོས་དེ་དག་ལྡན་ཚུལ་བསྒྲུབ་པ་རང་བཞིན་གྱི་གཏན་ཚིགས་དང་། ལག་རྗེས་འཇོག་ཚུལ་གྱི་སྒོ་ནས་བསྒྲུབ་པ་འབྲས་བུའི་གཏན་ཚིགས་སོགས་དྲི་མ་མེད་པའི་རིགས་པའི་སྒོ་ནས་ལེགས་པར་འགྲུབ་


GTD003_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་དགོས་སོ། །རབ་དགེ་ལྡན་པ་རྣམས་ནི་ཟབ་ལམ་བླ་མའི་རྣལ་འབྱོར་དང་། བླ་མ་མཆོད་པའི་ཆོ་ག་སོགས་ཀྱི་ཐ་སྙད་བྱེད་ཅིང། བླ་མའི་རྣལ་འབྱོར་བསྒོམ་ཚད་ལ་ལམ་གྱི་ཟབ་གནད་ཐམས་ཅད་ཚང་དགོས་པར་མི་བཞེད་དེ། སྒོམ་པ་པོའི་གང་ཟག་ལ་དེ་ཐམས་ཅད་ཀྱི་སྣོད་དུ་རུང་མི་རུང་ཅི་རིགས་ཡོད་པས། དམ་པ་རྣམས་ཀྱིས་ཀྱང་གདུལ་བྱའི་སྐལ་བ་ལ་གཟིགས་ཏེ། རང་རང་དང་འཚམ་པའི་ཉམས་ལེན་བྱེད་ཚུལ་རེ་གསུངས་པ་ཡིན་པའི་ཕྱིར་དང་། གདུལ་བྱ་ཐུན་མོང་བ་ལ་ཚོགས་བཤད་ཀྱི་ཚུལ་དུ་བསྟན་ནས། ཐུན་མོང་མ་ཡིན་པའི་གདུལ་བྱར་སློབ་བཤད་ཀྱི་ཚུལ་དུ་གདམས་པའི་ཚེ་སྔ་མར་མ་བཤད་པའི་ཁྱད་ཆོས་ལྷག་པོ་ཞིག་སྣོན་རྒྱུ་དགོས་པ་རྒྱུད་དང་གྲུབ་ཆེན་ཀུན་གྱི་སྤྱི་ལུགས་ཡིན་པའི་ཕྱིར་རོ། །དེས་ན་སྔར་བཤད་པའི་བླ་མའི་རྣལ་འབྱོར་སྒོམ་ཚུལ་དེའི་སྟེང་དུ་གསང་སྔགས་ཀྱི་གནད་རྣམས་ཚང་བར་བྱས་ཏེ་ཉམས་སུ་ལེན་པ་ལ། བསྐྱེད་རིམ་གྱི་གནད་ཚང་བར་བྱས་ཏེ་ཉམས་སུ་ལེན་ཚུལ་དང་། རྫོགས་རིམ་གྱི་གནད་ཚང་བར་བྱས་ཏེ་ཉམས་སུ་ལེན་ཚུལ་གཉིས། དང་པོ་ནི། རང་སེམས་བླ་མ་ཡི་དམ་གསུམ། །དབྱེར་མེད་གཅིག་ཏུ་བསྲེས་བྱས་ནས། །ཞེས་བྱུང་། དེའང་བླ་མ་དང་ཡི་དམ་གཉིས་ནི་ད་གཟོད་དབྱེར་མེད་དུ་བསྲེ་མི་དགོས་པར། སྔར་ནས་དབྱེར་མེད་དུ་གནས་པས། དེ་ནི་རང་གི་སེམས་ཉིད་འདི་དེ་གཉིས་དང་དབྱེར་མེད་དུ་བསྲེ་དགོས་པ་ཡིན་ནོ། །དེའང་། དཔེར་ན་རྡེའུ་ཆུར་འཕང་བ་ལྟ་བུ་དེའི་ནང་དུ་བཅུག་པ་ཙམ་ལ་བསྲེ་བ་མི་ཟེར་བར། ཆུ་ནང་དུ་ཆུ་


GTD003_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

བླུག་སྟེ་དབྱེར་མེད་དུ་སོང་བ་ལ་བསྲེ་བ་ཟེར་བ་བཞིན་འདིར་ཡིད་དབྱེར་མེད་དུ་བསྲེས་ཞེས་པ་ནི། སྐད་ཅིག་དཀྲོང་བསྐྱེད་ལྟ་བུའི་རང་ལྷར་བསྒོམ་པ་ཙམ་ལ་མི་ཟེར་བར། རང་གི་ལུས་ངག་ཡིད་གསུམ་དང་སྐྱེ་ཤི་བར་དོའི་གནས་སྐབས་གསུམ་པོ་དེ་ཉིད་ཡི་དམ་གྱི་ལྷའི་སྐུ་གསུམ་གྱི་ངོ་བོར་བྱེད་པས་ལམ་འཁྱེར་གསུམ་གྱི་གནད་ཚང་བ་ཞིག་དགོས་སོ། །ལྷའི་སྐུ་གསུམ་དང་དབྱེར་མེད་དུ་བསྲེ་བའི་ཐབས་ཀྱི་གཙོ་བོ་རྫོགས་རིམ་ཡིན་ཀྱང་། དེའི་སྨིན་བྱེད་ལ་མོས་ངོ་ཙམ་དུ་དེ་དང་བསྲེ་བའི་བསྐྱེད་རིམ་སྔོན་དུ་འགྲོ་དགོས་པ་དང་། རྫོགས་རིམ་ལ་སློབ་ཚུལ་འོག་ནས་འབྱུང་བའི་སྐབས་ཐོབ་ཀྱི་རིགས་པས་ཀྱང་འདིའི་བསྲེས་པ་བསྐྱེད་རིམ་ལ་བྱེད་དགོས་པར་འགྲུབ་སྟེ། དངོས་པོ་ལ་སྐུ་གསུམ་ལམ་དུ་འཁྱེར་བ་རྫོགས་རིམ་ནས་ཡིན་ནའང་། སྐུ་གསུམ་ལམ་འཁྱེར་གྱི་ཐ་སྙད་བསྐྱེད་རིམ་ལ་གཙོ་བོར་སྦྱར་བ་བཞིན་ནོ། །དེས་ན་སྣོད་བཅུད་འཇིག་པའི་རིམ་པ་དང་མཐུན་པར་སྡུད་རིམ་གྱི་སྒོ་ནས་སྣོད་བཅུད་ཐམས་ཅད་འོད་གསལ་དུ་བསྡུས་ཏེ། རྒྱུད་སོ་སོ་ནས་འབྱུང་བ་བཞིན་སྔགས་གཉིས་དང་ཡི་གེ་གསུམ་སོགས་ཀྱི་དོན་རྣམ་ཐར་སྒོ་གསུམ་དང་བདག་མེད་གཉིས་ཀྱིས་བསྡུས་པའི་དེ་བཞིན་ཉིད་ལ་ང་རྒྱལ་བཞག་སྟེ་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྒོམས་པས་ལས་ཉོན་གྱི་འཆི་བ་བཀག་ནས་ལམ་དང་འབྲས་བུའི་ཆོས་སྐུ་བསྒྲུབ་ཅིང་། རང་གི་ཡིད་དང་བླ་མ་ལྷའི་ཐུགས་དབྱེར་མེད་དུ་བསྲེ་བར་བྱེད་དོ། །དེ་ནས་རང་གི་སྨོན་ལམ་


GTD003_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཕེན་པས་ངག་གི་རྩ་བར་གྱུར་པ་ཤིན་ཏུ་ཕྲ་བའི་གཉུག་མའི་རླུང་ལས་རྒྱུ་རྡོ་རྗེ་འཛིན་པ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པར་མོས་པ་ནི་བར་དོ་ལོངས་སྐུའི་ལམ་འཁྱེར་ཞེས་བཤད་ལ། རྡོ་རྗེ་ཐེག་པའི་སྐབས་འདིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པའང། གཙོ་བོར་གསུང་ལ་བྱེད་པས། དེའི་སྒོ་ནས་རང་གི་ངག་དང་བླ་མ་ལྷའི་གསུང་དབྱེར་མེད་དུ་བསྲེ་བ་ཡིན་ནོ། །ཡིད་ལུས་ཤིན་ཏུ་ཕྲ་བ་དེ་ཉིད་ཐ་མལ་པ་རྣམས་ལ་དངོས་སུ་སྣང་མི་ནུས་པས། རགས་པའི་སྤྲུལ་སྐུར་ལྡང་བར་བྱའོ་སྙམ་དུ་འབྲས་བུ་རྡོ་རྗེ་འཛིན་པ་བསྒོམ་པ་ལ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་ཞེས་བཤད་ཅིང་། དེས་རང་གི་ལུས་དང་བླ་མ་ལྷའི་སྐུ་དབྱེར་མེད་དུ་བསྲེ་བར་བྱེད་དོ། །སྤྱིར་བསྐྱེད་རིམ་རིལ་བོ་སྐུ་གསུམ་གྱི་ནང་ནས་སྤྲུལ་སྐུ་འགྲུབ་བྱེད་དང། ཆོས་སྐུ་གཟུགས་སྐུ་གཉིས་སུ་ཕྱེ་བའི་ནང་ནས་གཟུགས་སྐུ་འགྲུབ་བྱེད། ཐབས་ཤེས་གཉིས་ཀྱི་ནང་ནས་ཐབས་ཀྱི་རྣལ་འབྱོར་ལ་གཙོ་བོར་གསུངས་པ་མང་ཡང་། དེ་ལ་ནང་གསེས་ཀྱིས་ཕྱེ་ན་སྐུ་གསུམ་སྒྲུབ་པའི་སྨིན་བྱེད་དུ་འགྱུར་ཚུལ་སོ་སོར་ཡོད་པ་ལྟར་སྐུ་གསུང་ཐུགས་སོ་སོའི་སྒྲུབ་བྱེད་དུ་འགྱུར་ཚུལ་ཡང་སྔར་བཤད་པ་བཞིན་བྱ་དགོས་ཏེ། དེ་གང་གི་སྨིན་བྱེད་དུ་འགྱུར་བ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་དང་། དོན་དམ་འོད་གསལ་གྱི་རྫོགས་རིམ་གཉིས་དང་། དེའི་སྣོད་རུང་དུ་བྱེད་པའི་གསང་དབང་ཤེས་དབང་གཉིས་ཀྱི་དག་པ་བརྗོད་ཚུལ་ལས་ཀྱང་ཤེས་པར་ནུས་སོ། །ཡང་འདི་སྙམ་དུ། རྒྱུད་སོ་སོ་ནས་ཡི་དམ་ལྷའི་སྐུ་གསུམ་དང་དབྱེར་མེད་


GTD003_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒྲུབ་པའི་བསྐྱེད་རིམ་བསྒོམ་པར་བཤད་ཀྱང་། དེས་བླ་མའི་སྐུ་གསུམ་དང་དབྱེར་མེད་དུ་བསྒོམ་པར་མི་འགྲུབ་སྙམ་ན། འདི་ནི་གནས་མ་ཡིན་པའི་ལོག་རྟོག་ཆེན་པོ་ཡིན་ཏེ། ནཱ་རོ་པ་ཆེན་པོས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཡི་དམ་བླ་མའི་སྤྲུལ་པ་ཡིན། །གསུངས་པ་བཞིན། ཡི་དམ་ལྷ་བསྒོམ་པའི་ཚེ་ན་དེ་ཉིད་བླ་མའི་ངོ་བོར་བལྟ་བའི་སྒོ་ནས་བསྒོམ་པ་ཞིག་དགོས་ཀྱི། བླ་མ་ལས་དོན་གཞན་དུ་གྱུར་པའི་ཡི་དམ་གྱི་ལྷ་ཞིག་བསྒོམ་རྒྱུ་ཡོད་པར་བཟུང་ན་མི་རུང་བས། དབེན་ས་སྙན་བརྒྱུད་ཀྱི་གདམས་པ་རྣམས་སུ་བླ་མ་ལྷའི་རྣལ་འབྱོར་ཞེས་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །འདི་ནི་རྒྱལ་བ་རྡོ་རྗེ་འཆང་གི་དགོངས་པ་རྨ་མེད་པ་ཡིན་ཏེ། བཤད་རྒྱུད་སྡོམ་འབྱུང་ལས། སློབ་དཔོན་སངས་རྒྱས་ཀུན་རང་བཞིན། །ལྷ་ཡི་སྐུ་ཡི་བདག་ཉིད་ཅན། །དཔའ་བོ་རྡོ་རྗེ་དྲིལ་འཆང་བ། །མཁའ་འགྲོ་བཅས་ལ་གསོལ་བ་གདབ། །ཅེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང། །དེ་བཞིན་གཤེགས་པ་རིན་ཆེན་འབྱུང། །དེ་ནི་ཡེ་ཤེས་རྒྱ་ཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །ཞེས་དྲུག་པ་རྡོ་རྗེ་འཆང་དང་། རིགས་ལྔས་བསྡུས་པའི་ཡི་དམ་གྱི་ལྷ་ཐམས་ཅད་བླ་མའི་ངོ་བོར་གསུངས་ལ། རྡོ་རྗེ་གུར་ལས་ཀྱང་དེ་བཞིན་དུ་གསུངས་སོ། །དེས་ན་རྒྱུད་སྡེ་བཞི་པོ་གང་གི་ཡི་དམ་ལྷའི་རྣལ་འབྱོར་


GTD003_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ཀྱང་དེ་བླ་མའི་བདག་ཉིད་དུ་བལྟས་ཏེ་དེའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བྱས་ན་བསྒོམ་ཚུལ་རྣམ་དག་ཏུ་འགྱུར་ཏེ། སློབ་དཔོན་འཇམ་དཔལ་གྲགས་པའི་གསང་བ་སྤྱིའི་ཆོ་ག་སྙིང་པོ་རྒྱན་ལས། རང་གི་ལྷ་ཡི་རྣལ་འབྱོར་གྱིས། །དག་པའི་བླ་མ་བསྟེན་བྱས་ཏེ། །སྐུ་དང་གསུང་ཐུགས་རྒྱལ་བ་ཡི། །རྡོ་རྗེའི་བཟླས་པ་ཉེར་གནས་ན། །རྣམ་དག་ལམ་གྱི་རང་བཞིན་འགྱུར། །ཞེས་བཤད་དོ། །རྒྱུ་མཚན་དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གདུལ་བྱའི་རྒྱུད་ལ་འཇུག་པའི་རྩ་བའང་བླ་མའི་སྐུ་གསུམ་མམ་སྐུ་གསུང་ཐུགས་གསུམ་ག་བསྒོམ་པ་ལ་རག་ལས་ཏེ། འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་རྣམས་ཅི་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སྐུ་གསུམ་གསང་བའི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། །ཞེས་གསུངས་པ་སྙིང་ལ་ཤིན་ཏུ་འཆང་དགོས་སོ། །བསྐྱེད་རིམ་སོ་སོའི་སྐུ་གསུམ་ལམ་འཁྱེར་གྱི་སྐབས་ནས་ཡི་དམ་ལྷའི་སྐུ་གསུམ་གྱི་ངོ་བོར་བྱེད་པར་གསུངས་པ་རྣམས་ཀྱིས་བླ་མའི་སྐུ་གསུམ་གྱི་ངོ་བོར་བྱེད་པར་ཡང་འགྲུབ་པ་ཙམ་དུ་མ་ཟད། བླ་མ་ལ་དེའི་ཐོག་མཐའ་གཉིས་སུ་ཁྱད་པར་ལྷག་པར་འང་གསུངས་ཏེ། དཔེར་ན་ཟངས་དང་གསེར་གྱི་ཕྱེ་མ་འདྲེ་བ་ཐོག་མར་དངུལ་ཆུ་དང་བསྲེ་བ་ལ་རག་ལས་པ་བཞིན། ཡི་དམ་ལྷའི་སྐུ་གསུམ་དང་བསྲེ་བའང། དང་པོར་བླ་མའི་བྱིན་རླབས་ཞུགས་


GTD003_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ལྟོས་པས། བསྐྱེད་རིམ་གྱི་སྔོན་འགྲོར་ཚོགས་ཀྱི་ཞིང་དུ་བླ་མ་སྤྱན་དྲངས་ཏེ་མཆོད་ཅིང་སྙིང་གའི་རྩ་འཁོར་དང་མི་ཤིགས་པའི་ཐིག་ལེ་ཤིན་ཏུ་ཕྲ་བའི་རླུང་སེམས་རྣམས་མཚོན་པའི་པད་ཉི་ཧཱུཾ་དང་བཅས་པ་ལ་བསྟིམ་པར་མངོན་བརྗོད་བླ་མ་དང་སྡོམ་འབྱུང་སོགས་ལས་གསུངས་པ་བཞིན་ཡིན་ལ། སྐུ་གསུམ་ལམ་འཁྱེར་བསྒོམས་པའི་མཇུག་ཏུའང། དེའི་བྱིན་རླབས་བརྟན་པའི་ཕྱིར་བླ་མའི་ངོ་བོ་རིགས་བདག་གིས་རྒྱས་བཏབ་པ་ཡིན་ནོ། །ནང་གསེས་ཀྱི་དཀྱིལ་འཁོར་སོ་སོ་ལ་མི་འདྲ་བའི་ཁྱད་པར་མང་ཡང་། སྤྱི་ཙམ་དུ་སྐུ་གསུམ་ལམ་འཁྱེར་གྱི་ཁོངས་སུ་གནད་འདུས་པ་འདྲ་བ་རྗེ་བླ་མས་གསུངས་པ་བཞིན་ཡིན་པས། འདིར་ཡང་དེ་གསུམ་གྱི་སྒོ་ནས་རང་སེམས་དང་བླ་མ་ཡི་དམ་དབྱེར་མེད་དུ་བསྲེ་ཚུལ་གྱི་སྤྱི་འགྲོ་ཙམ་སྨོས་པ་ཡིན་གྱི། སོ་སོའི་བསྐྱེད་རིམ་སྒོམ་ཚུལ་མི་འདྲ་བའི་ཁྱད་པར་ཕྲ་ཞིང་ཞིབ་པ་རྣམས་རྗེ་ཡབ་སྲས་ཀྱི་ལེགས་བཤད་རྒྱ་མཚོ་ལྟ་བུ་ལས་ཤེས་དགོས་ལ། སྒོམ་ཐབས་མི་འདྲ་བའི་དབྱེ་འབྱེད་མདོར་བསྡུས་ཙམ་རྡོ་རྗེ་གསུམ་གྱི་སྣང་བར་བཤད་ཟིན་ཏོ། །གཉིས་པ་རྫོགས་རིམ་གྱི་གནད་ཚང་བར་བྱས་ཏེ་སྒོམ་ཚུལ་ནི། གཉིས་སྤངས་མཁའ་དབྱིངས་དབུས་དག་ཏུ། །དྲན་ཤེས་རྒྱ་ཡིས་བཅིངས་བྱས་ན། །བདེ་ཆེན་འོད་གསལ་ཉིན་བྱེད་འཆར། །ཉིན་བྱེད་དེ་ཡི་འོད་ཟེར་གྱིས། །བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི། །རྒྱན་གྱིས་སྤྲས་པའི་ལྷ་བུ་འབྱུང། །ལྷ་བུ་དེ་ཡི་འོད་སྣང་གིས། །མཁའ་དབྱིངས་ཡོངས་སུ་འགེང་བར་བྱེད། །འོན་ཀྱང་


GTD003_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མེས་པོ་སོགས། །མཐུ་ཆེན་གྱིས་ཀྱང་མི་མཐོང་ན། །སྐྱེ་བོ་ཕལ་པས་མཐོང་རེ་སྐན། །དེ་ཕྱིར་དེ་ལྟའི་ཚུལ་འདི་ལ། །སྒྱུ་འཕྲུལ་དྲ་བ་ཞེས་སུ་གྲགས། །ཞེས་བྱུང་། དེའང་རྫོགས་རིམ་ལ་སློབ་ཚུལ་རྒྱུད་སོ་སོའི་ལུགས་སྲོལ་མི་འདྲ་བ་མང་ཡང་། སྒྲོན་གསལ་ལས། འདི་ནི་སྒྲུབ་པའི་ཡན་ལག་མཆོག། །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་དང་། རིམ་པ་འདི་ཡི་དབྱེ་བ་ཡི། །སྤྲོས་པའི་རིམ་པ་རྣམ་པ་མང། །ཞེས་རིམ་པ་དང་པོ་དང་བཅས་པའི་རིམ་པ་ལྔ་པོ་འདིའི་ནང་དུ་གསང་འདུས་ཁོ་ན་མ་ཡིན་པར་རྒྱུད་ཐམས་ཅད་ཀྱི་དོན་འདུས་ཤིང་། རྒྱུད་ཐམས་ཅད་ཀྱི་ལམ་རྣམས་འདི་ལས་སྤྲོས་པར་གསུངས་པ་ནི། ལམ་གྱི་དོད་ཐུབ་བྱེད་ལས་ཀྱི་སྒོ་ནས་འདུས་པ་ཡིན་པར་རིམ་ལྔ་གསལ་སྒྲོན་ལས་གསུངས་པ་དང་། མན་ངག་འདི་བླ་མ་མཆོད་པའི་མན་ངག་ཡིན་ལ། དེ་ནི་གཙོ་བོར་འདུས་པ་ལ་བརྟེན་པར་སྣང་བས། འདིར་ཡང་དེ་དང་བསྟུན་ནས་བཤད་པ་ལ། འདུས་པའི་ལུགས་ཀྱི་རིམ་པ་ལྔར་བྱེད་པའི་ཁུངས་ནི། པ་ཚབ་འགྱུར་གྱི་རྩ་རྒྱུད་ལེའུ་དྲུག་པ་ལས། སྔགས་ལ་ངེས་རྟོག་ལུས་ཀྱི་ནི། །ངག་གིས་ཡིད་ལ་བསྐུལ་གྱུར་པས་། བསྒྲུབ་བྱ་རབ་མཆོག་དངོས་གྲུབ་དང། །ཡིད་ནི་དགའ་ཞིང་མགུ་བ་འོ། །ཞེས་པའི་རྐང་པ་དང་པོ་གཉིས་ཀྱིས་རིམ་པ་དང་པོ་ངག་དབེན་རྡོ་རྗེའི་བཟླས་པའི་རིམ་པ་གསུངས་ཏེ། དང་པོས་དེ་སྒྲུབ་བྱེད་ཀྱི་ལུས་དབེན་དང་། གཉིས་པས་ངག་དབེན་གྱི་ཚེ་ཡིད་ལ་སྟེ། སྙིང་གའི་མི་ཤིགས་པར་དམིགས་པ་གཏོད་ཚུལ་གསུངས། དེ་ལྟ་བུའི་ངག་


GTD003_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་ནི་ལུགས་འདིའི་ཐུན་མོང་མ་ཡིན་པའི་རླུང་སེམས་འདུལ་ཐབས་ཀྱི་གཙོ་བོ་ཡིན་ལ། དེས་རླུང་སེམས་ལས་སུ་རུང་བ་ལ་བརྟེན་ནས་བསྒྲུབ་རྒྱུའི་གཙོ་བོ་ལ། ཨེས་མཚོན་པའི་དཔེ་དོན་གྱི་འོད་གསལ་གཉིས་དང་། ཝས་མཚོན་པ་སྒྱུ་མའི་སྐུ། ཐིག་ལེས་མཚོན་པ་ཟུང་འཇུག་སྟེ་བཞི་ཡོད་པས་དེ་ལ་བསྒྲུབ་བྱ་ཞེས་སྨོས་སོ། །དེ་བཞིའི་ནང་ནས་དང་པོར་ཐོབ་པ་སེམས་དབེན་ནམ། སེམས་དམིགས་ཀྱི་རིམ་པ་ལ་རབ་མཆོག་ཅེས་གསུངས་པ་ནི་ངག་དབེན་ལས་མཆོག་ཏུ་གྱུར་པའི་དོན་དང་། ཡང་པྲ་ཞེས་པ་རབ་དང་དང་པོ་གཉིས་ཀ་ལ་འཇུག་པས། ངག་དབེན་གྱི་སྒོ་ནས་བསྒྲུབ་རྒྱུའི་རིམ་པ་བཞིའི་དང་པོ་ཡིན་པ་ལའང་བཤད་དུ་རུང་ངོ་། །དངོས་གྲུབ་ཅེས་པ་ནི་ལུས་ལྷ་སྐུའི་ངོ་བོར་སྒྲུབ་པར་བྱེད་པའམ་ཚེ་དེ་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་སྟེར་བའི་དོན་ཡིན་པས་སྒྱུ་ལུས་སམ་བདག་བྱིན་རླབས་ཀྱི་རིམ་པ་ཡིན་ལ། ཡིད་དག་པ་ནི་དོན་གྱི་འོད་གསལ་ལས། མངོན་པར་བྱང་ཆུབ་པའི་རིམ་པ་དང་། མགུ་བ་ཟུང་འཇུག་གི་རིམ་པ་སྟེ། དེ་ལྟར་སྔར་གསུངས་པའི་དོན་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལ་བརྟེན་ནས་དཔལ་མགོན་ཀླུ་སྒྲུབ་ཀྱིས་གསལ་བར་མཛད་དོ། །སྤྱོད་བསྡུས་ལྟར་ལུས་དབེན་གྱི་རིམ་པ་ཟུར་དུ་བྱས་ན་རིམ་པ་དྲུག་དང་། ལེའུ་དང་པོར་དབེན་པ་དང་པོ་གཉིས་སེམས་དབེན་དུ་བསྡུས་པ་ལྟར་ན་རྫོགས་རིམ་རིམ་པ་བཞིར་འགྱུར་ཡང་དབྱེ་བསྡུ་ཙམ་ཡིན་གྱི། དོན་མི་མཐུན་པ་མེད་པས། འདིར་རིམ་ལྔ་ལྟར་བྱས་ན། གཉིས་སྤངས་མཁའ་


GTD003_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དབུས་དག་ཏུ། །དྲན་ཤེས་རྒྱ་ཡིས་བཅིངས་བྱས་ན། །ཞེས་པས་རིམ་པ་དང་པོ་བསྟན། བདེ་ཆེན་འོད་གསལ་ཉིན་བྱེད་འཆར། །ཞེས་པས་རིམ་པ་གཉིས་པའི་དཔེའི་འོད་གསལ་དང་རིམ་པ་བཞི་པའི་དོན་གྱི་འོད་གསལ་གཉིས་ཀ་བསྟན། ཉིན་བྱེད་དེ་ཡི་འོད་ཟེར་གྱིས། །བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི། །རྒྱན་གྱིས་སྤྲས་པའི་ལྷ་བུ་འབྱུང། །ཞེས་པས་རིམ་པ་གསུམ་པའི་སྒྱུ་ལུས་བསྟན། སྔ་མའི་འོད་གསལ་ཞེས་པ་དེས་དཔེ་དང་དོན་གྱི་འོད་གསལ་རྐྱང་པ་ཙམ་མ་ཡིན་པར་ཟུང་འཇུག་གི་ཡར་གྱུར་པའི་འོད་གསལ་ཀྱང་བསྡུས་ལ། ལྷ་བུ་འབྱུང་ཞེས་པས་ཀྱང་རིམ་པ་གསུམ་པའི་སྒྱུ་ལུས་ཁོ་ན་མ་ཡིན་པར། ཟུང་འཇུག་གི་ཡར་གྱུར་པའི་སྒྱུ་མའི་སྐུའང་བསྡུས་པས། གཉི་ག་བསྡོམས་ནས་རིམ་པ་ལྔ་པ་རྫོགས་པར་བསྟན་ཏེ། དེ་ལྟར་ན་ཚིགས་བཅད་དེ་རྣམས་ཀྱིས་རིམ་པ་ལྔ་ག་གསལ་བར་གསུངས་པ་ཡིན་ནོ། །དེའང་རིམ་པ་དང་པོར་རྡོ་རྗེའི་བཟླས་པའི་རིམ་པ་ཞེས་གསུངས་པ་ནི། རྒྱུད་འདི་ལས་རླུང་དབུ་མར་འཇུག་བྱེད་ཀྱི་གཙོ་བོ་རྡོར་བཟླས་ལ་བྱས་ཏེ་དེ་ཉིད་རྩལ་དུ་བཏོན་ནས་གསུངས་པའི་རྒྱུ་མཚན་གྱིས་སྲོག་རྩོལ་སྤྱི་ལ་བྱེ་བྲག་རྡོར་བཟླས་ཀྱི་མིང་སྦྱར་ནས་གསུངས་པ་ཡིན་གྱི། རྡོར་བཟླས་ཁོ་ནར་མ་ངེས་ཏེ། གོང་དུ། སྔགས་ལ་ངེས་རྟོག་ལུས་ཀྱི་ནི། །ཞེས་པའི་དོན། འདུས་པ་འཕགས་ལུགས་ཀྱིས་བསྐྱེད་རིམ་ཕྲ་མོ་བསྒོམ་པ་དང་འབྲེལ་ཆེ་ཞིང་སྐྱེ་སླ་བའི་རྒྱུ་མཚན་གྱིས་ཐོག་མར་གསང་བའི་རྩ་འཁོར་རམ་དྷུ་ཏཱིའི་མར་སྣེ་ལ་གནད་དུ་བསྣུན་པས་ལུས་དབེན་བསྒོམས་ནས་དེ་རྗེས་སྙིང་གར་


GTD003_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་བསྣུན་པས་ངག་དབེན་སྲོག་རྩོལ་གྱི་རིམ་པ་སྒོམ་པར་བྱེད་པའི་ཕྱིར་རོ། །དེའང་གཉིས་སྤངས་མཁའ་དབྱིངས་ཞེས་པ་ནི། ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་ཀྱང་ཚུར་བསྡུས་ན་གནས་ཉེར་བཞིའི་གྲངས་ཀྱི་རྩ་ཉེར་བཞི་དང་། དེ་བསྡུས་ན་སྙིང་གའི་ཐུན་ཚོད་ཀྱི་རྩ་བརྒྱད་དང་། དེའང་བསྡུས་ན་དབུ་མ་རོ་རྐྱང་གསུམ་དུ་འདུ་ལ། རོ་རྐྱང་གཉིས་ནི་ཁམས་དཀར་དམར་ཤས་ཆེར་འབབ་ཚུལ་དང་། ཆགས་སྡང་གི་ཀུན་རྟོག་གི་རླུང་རྒྱུ་ཚུལ་གྱི་སྒོ་ནས་ཟླ་ཉིའི་སྒྲས་བཤད་ཅིང་། དབུ་མ་ནི་འོད་གསལ་འཆར་བའི་གནས་ཡིན་པ་དང་། གཞན་གཉིས་ཉི་ཟླར་བཤད་པའི་ཟླས་དྲངས་ནས་སློང་བྱེད་དང་བྲལ་བའི་ནམ་མཁའི་དབྱིངས་ཀྱི་སྒྲས་བསྟན་པ་ཡིན་ཏེ། ས་ར་ཧས། ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུངས་ཤིག །ཅེས་དང་། ཇོ་བོ་རྗེའི་ཆོས་ཀྱི་གླུ་ལས། ཉི་མ་ཟླ་བའི་དྲ་བ་འཇོམས། །གཞན་དུ་ནམ་མཁའ་ཆེན་པོའི་སྒོར། །བྷཻ་རམྦྷ་ནི་འཇུག་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཡང་ན་གཉིས་སྤངས་ཞེས་པ་དབུ་མ་དང། མཁའ་དབྱིངས་ཞེས་པ། རྩ་རྣམས་ཀུན་གྱི་ནམ་མཁའ་ཆེ། །ཞེས་པ་ལྟར་དེའི་སྦུབས་ལ་བྱས་ཀྱང་རུང་ངོ་། །དེའང་དབུ་མ་རོ་རྐྱང་གསུམ་སྤྱི་བོ་ནས་གསང་བའི་བར་ལ་ཟངས་ཐལ་དུ་ཡོད་ཀྱང་། གནས་གང་བྱུང་ནས་རོ་རྐྱང་གི་རླུང་དབུ་མར་གཞུག་མི་ནུས་པས། གདན་རྩ་འཁོར་ཡོད་ས་རེ་ལ་གནད་དུ་བསྣུན་དགོས་ཏེ། རིམ་ལྔ་


GTD003_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྒྲོན་ལས། དྷུ་ཏཱི་ལ་རོ་རྐྱང་གིས་ལུ་གུ་རྒྱུད་དུ་འཁྱུད་པས་ལུས་ཀྱི་གནད་གང་ན་ཡོད་པའི་གནས་དེར་རོ་རྐྱང་གི་རླུང་དྷུ་ཏཱིར་འཛུད་པའི་སྒོ་རེ་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདིར་གནད་དུ་བསྣུན་པའི་ཡུལ་རྩ་འཁོར་གཅིག་ཁོ་ནར་མ་ངེས་པ་ལ་དགོངས་ནས། དབུས་དག་ཅེས་སྨོས་པ་ཡིན་ཏེ། དག་ཅེས་པ་ནི་སྒྲའི་བསྟན་བཅོས་ལས་གཉིས་ཀྱི་ཚིག་ཏུ་བཤད་ཀྱང་། སྨྲ་སྒོ་ལས། དག་དང་རྣམས་ནི་མང་པོའི་ཚིག །ཅེས་པ་ལྟར། བོད་སྐད་དུ་དེ་དག་ཅེས་པ་དང་དེ་རྣམས་ཞེས་པ་མང་ཚིག་ཏུ་འགྱུར་བ་ཁྱད་པར་ཆེར་མེད་པས། འདིར་ཡང་དེ་བཞིན་བྱའོ། །དེའི་རྒྱུ་མཚན་ནི་བླ་མའི་རྣལ་འབྱོར་འདི་ཉིད་རྒྱུད་གཅིག་ཁོ་ནའི་ལུགས་སུ་ཁ་ཚོན་གཅོད་མི་དགོས་པར། རྒྱུད་གང་ཉམས་སུ་ལེན་ཡང་དེའི་བོགས་འདོན་བྱེད་དུ་སྦྱར་ཏེ་སོ་སོའི་ལུགས་བཞིན་ཉམས་སུ་བླངས་པས་ཆོག་ལ། རྒྱུད་དང་གྲུབ་ཆེན་སོ་སོའི་ལུགས་ཀྱིས་ཐོག་མར་རྩ་འཁོར་གང་ལ་གནད་དུ་བསྣུན་པའི་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་པའི་ཕྱིར་ཏེ། འདུས་པ་ལུགས་གཉིས་ལས་འཕགས་ལུགས་ཀྱིས་སྔར་བཤད་པ་ལྟར། དང་པོར་གསང་གནས་དང་། དེ་ནས་སྙིང་གར་གནད་དུ་བསྣུན་པར་བཞེད། ཡེ་ཤེས་ཞབས་ལུགས་ཀྱིས་དང་པོར་སྙིང་ག །དེ་ནས་གསང་གནས། དེ་ནས་ཡང་སྙིང་གར་གནད་དུ་བསྣུན་པར་བཤད། བདེ་མཆོག་ལཱུ་ཨི་པ་དང་ནག་པོ་པའི་ལུགས་ཀྱིས་ཐོག་མར་ལྟེ་བའི་རྩ་འཁོར་དང་། དྲིལ་བུ་ལུགས་ཀྱིས་སྙིང་གའི་རྩ་འཁོར་ལ་བསྣུན་པར་བཞེད།


GTD003_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་སྐོར་དང་འཁོར་ལོ་ཆེན་པོ་སོགས་ལ་ཐོག་མར་ལྟེ་བ་དང་། མཚོ་སྐྱེས་ཀྱི་ཀྱེ་རྡོར་སྒྲུབ་ཐབས། མཧཱ་མ་ཡའི་རྒྱུད་སོགས་སུ་སྙིང་གར་བསྣུན་པ་དང་པོར་བྱས། དུས་འཁོར་ལས་གཟུགས་སྒྲུབ་ཀྱི་ཡན་ལག་སོར་བསམ་གཉིས་ཀྱི་དང་པོར་དྷུ་ཏཱིའི་ཡར་སྣེ་ལ་དམིགས་པ་གཏད་ནས་སྦྱོང་བ་སོགས་མི་འདྲ་བ་དུ་མ་ཡོད་ལ། དེ་དག་གང་ཡིན་ཀྱང་བླ་མའི་རྣལ་འབྱོར་གྱི་མན་ངག་འདི་དང་སྦྲགས་ནས་བྱར་རུང་བ་ལ་ཁྱད་པར་མེད་དོ། །ཡང་ན་མན་ངག་འདིའི་རྩ་བའི་གཞུང་ནི་པཎ་ཆེན་ཐམས་ཅད་མཁྱེན་པའི་བླ་མ་མཆོད་བའི་ཆོ་ག་ཡིན་ལ། དེར། སྙིང་གའི་འདབ་བརྒྱད་དྷུ་ཏཱིའི་དབུས་དག་ཏུ། །ཞེས་ཐོག་མ་ནས་སྙིང་གར་གནད་དུ་བསྣུན་པའི་དབང་དུ་མཛད་པ་ཡིན་པས། དག་ཅེས་པ་རྩ་འཁོར་སོ་སོ་ལ་སྦྱོར་མི་དགོས་པར་ཚིག་རྒྱན་ཙམ་དུ་འགྲོ་ལ། འདིའང་དེ་དང་མཐུན་པར་བཀྲལ་ཆོག་སྟེ། སྔར་འཕགས་ལུགས་བཞིན་དང་པོ་འོག་སྒོར་གནད་དུ་བསྣུན་པར་གསུངས་པ་སྐྱེ་སླ་བའི་རིམ་པ་ཙམ་ལས། མཐའ་གཅིག་ཏུ་ངེས་བཟུང་མ་ཡིན་པའི་ཕྱིར་ཏེ། རིམ་ལྔ་གསལ་སྒྲོན་ལས། ལུས་དབེན་གཞན་དུ་ཐ་སྙད་མེད་ཀྱང་དོན་ཡོད་ན་འདྲ་བ་དང་། དོན་མེད་ཀྱང་མི་འགལ་བའི་རྒྱུ་མཚན་དུ་འདིར་བཤད་པ་སྙིང་གར་སྡུད་སླ་བའི་གོ་རིམ་དུ་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར་དང་། ཐོག་མ་ནས་སྙིང་གར་གཏོད་པའི་རྒྱུད་དང་གྲུབ་ཆེན་གྱི་བཞེད་སྲོལ་ཚད་ལྡན་མང་ཚུལ་སྔར་བཤད་པ་བཞིན་ཡིན་པའི་ཕྱིར་རོ། །


GTD003_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། གཉིས་སྤངས་མཁའ་དབྱིངས་དབུས་དག་ཏུ། །དྲན་ཤེས་རྒྱ་ཡིས་བཅིངས་ཞེས། དྲན་ཤེས་བཞིན་གྱིས་གང་དུ་དམིགས་པ་གཏོད་པའི་ཡུལ་གྱི་རྩ་འཁོར་ཙམ་བཤད་ཀྱང་གང་ལ་བཅིངས་པའི་དམིགས་རྟེན་དངོས་གཞི་མ་བཤད་པའང་། བླ་མཆོད་ཆོ་གར། མགོན་ཁྱོད་ཞབས་སེན་བཀོད་པ་ལས་བྱུང་བ། །ཞེས་གསུངས་པ་དང་སྦྱོར་དགོས་ཏེ། ནང་དུ་དམིགས་པ་གཏོད་པ་ལ་དམིགས་རྟེན་མ་ནོར་བ་ཞིག་གཙོ་ཆེ་ཞིང་། དམིགས་རྟེན་སྣ་ཚོགས་གསུངས་པའི་ནང་ནས་ཀྱང་བླ་མའི་སྐུ་ལ་དམིགས་རྟེན་བྱེད་པ་ནི་བྱིན་རླབས་ཀྱི་གནད་ཀྱིས་གཞན་ལས་ཁྱད་པར་དུ་འཕགས་པས། འདིའི་སྔོན་འགྲོ་སྨིན་བྱེད་བསྐྱེད་རིམ་གྱི་སྐབས་ནས་བླ་མ་དང་རང་སེམས་དབྱེར་མེད་དུ་བྱེད་པར་གསུངས་པའི་ཤུགས་ཀྱིས་འགྲུབ་པའི་ཕྱིར། རྒྱུད་སོ་སོས་དམིགས་རྟེན་མི་འདྲ་བ་གསུངས་ཚུལ་ནི། མངོན་བརྗོད་བླ་མ་ལས་ཐིག་ལེ་དང་། སྡོམ་འབྱུང་ལས་ཧཱུཾ་ཡིག་དཀར་པོ་ལ་དམིགས་པར་གསུངས། རྡོ་རྗེ་ཕྲེང་བ་ལས་ཨ་ཡིག་དང་ཧཱུཾ་ཡིག་གང་རིགས་ལ་དམིགས་པར་གསུངས་ཀྱང་ཐིག་ལེ་དངོས་སུ་མ་གསུངས་ལ། སྒྲོན་གསལ་ལས་ལེའུ་གསུམ་པར། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་ཞེས་སོགས་དཀྱིལ་འཁོར་བཞི་བྲི་བར་གསུངས་པའི་ངེས་དོན་དང་། ལེའུ་དྲུག་པར་ནམ་མཁའི་དབྱིངས་ཀྱི་དབུས་སུ་དཀྱིལ་འཁོར་བཞི་བསྒོམ་པར་གསུངས་པའི་དོན་འཆད་པ་ན། ནམ་མཁའི་དབྱིངས་མི་ཤིགས་པའི་ཐིག་ལེ་དང་། དཀྱིལ་འཁོར་


GTD003_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འབྱུང་བཞིའི་རླུང་བཞི་ལ་བྱས་ནས། མི་ཤིགས་པའི་ཐིག་ལེ་དང་དེའི་དབུས་སུ་རྡོར་ཕྲེང་ལྟར་གྱི་ཡི་གེ་གཉིས་ཀ་བསྒོམ་པར་གསུངས། དེ་དག་ལ་བརྟེན་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ་ལ་གནང་བའི་ཁྲིད་རྒྱུན་དུ་བླ་མའི་ཐུགས་ཀར་ཨ་ཐུང་བསྒོམས་ནས་དེ་ལ་གཙོ་བོར་སེམས་འཛིན་པར་བྱེད་ཀྱང་། དེ་མཐའ་གཅིག་ཏུ་དགོས་པའི་ངེས་པ་མེད་དེ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་བླ་མཆོད་ཊཱིཀྐ་ལས། སྤྱིར་དམིགས་པའི་གནད་མ་འཕྱུགས་ན་ཡི་གེ་དང་སྐུ་དང་ཐིག་ལེ་གང་ལ་སེམས་བཟུང་ཡང་དོན་འདྲ་བར་གསུངས་ཞེས་པ་ལྟར་ཡིན་པས། པཎ་ཆེན་དེ་ཉིད་ནས་བླ་མ་དོན་ཡོད་མཁས་གྲུབ་པར་གནང་བའི་ཁྲིད་རྒྱུན་དུ་བླ་མའི་སྐུ་རྐྱང་པར་དམིགས་པ་མ་གཏོགས། ཨ་ཡིག་བསྒོམ་པ་ཟུར་དུ་མི་འབྱུང་ངོ་། །བླ་མའི་སྐུ་གཅིག་པུ་བསྒོམ་པ་ལ་ཤིན་ཏུ་ཕྲ་བའི་རླུང་སེམས་མི་ཤིགས་པའི་ཐིག་ལེ་དང་བཅས་པར་གནད་དུ་བསྣུན་པའི་དོན་ཚང་ཚུལ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་འཇིགས་བྱེད་རྫོགས་རིམ་ལས་གསུངས་པ་ལྟར། དེའི་གདན་གྱི་ཐིག་ལེ་གཉིས་མི་ཤིགས་པའི་ཐིག་ལེ་དཀར་དམར་དང་། བླ་མའི་སྐུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ངོ་བོར་གསུངས་ལ། སྲོག་འཛིན་གྱི་རང་མདངས་དཀར་པོ་ཡིན་པས། དེའི་ཚེ་བླ་མའི་སྐུའི་ཁ་དོག་ཀྱང་དཀར་པོར་བྱེད་དགོས་པར་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོས་གསུངས་སོ། །དེ་


GTD003_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གནད་བཞིའི་ནང་ནས་ཤིན་ཏུ་གལ་ཆེ་བ་དམིགས་པའི་གནད་ཁྱད་པར་ཅན་བླ་མའི་སྐུ་ལ་དམིགས་ཏེ་རླུང་འབྱུང་འཇུག་གནས་གསུམ་རྡོ་རྗེ་གསུམ་གྱི་རང་གདངས་སུ་བྱེད་པའི་རྡོ་རྗེའི་བཟླས་པའི་སྒོ་ནས་སྲོག་ཐུར་གཉིས་སྙིང་གར་བསྲེ་བར་བྱེད་པ་ནི་རྒྱུད་སྡེ་ཀུན་གྱི་ནང་ནས་ཁྱད་པར་དུ་དཔལ་གསང་བ་འདུས་པས་རྩལ་དུ་བཏོན་ཏེ་གསུངས་པའི་མན་ངག་གི་སྙིང་པོ་ཆེས་ཤིན་ཏུ་གསང་བའི་མཐར་ཐུག་པ་ཡིན་ཏེ། རྡོར་ཕྲེང་ལས། གསང་བ་མཆོག་ཏུ་གསང་བ་ཡི། །སྦས་པའི་དོན་ནི་ཁྱོད་འདྲི་བ། །རྒྱུད་རྣམས་ཀུན་ཏུ་མ་གསུངས་པ། །རབ་ཏུ་བཤད་ཀྱིས་ཉན་པར་གྱིས། །ཐུགས་ཀྱི་ས་བོན་བདག་པོ་སྟེ། །ཀུན་གྱི་ནང་ནས་རྣམ་རྟོག་མེད། །གང་ཕྱིར་གཙོ་བོ་གཞན་རྣམས་ནི། །འགྲིབ་དང་དེ་བཞིན་འཕྲོག་པར་བྱེད། །ཅེས་དང་། རིམ་ལྔ་གསལ་སྒྲོན་ལས། གསང་བ་ལས་ཀྱང་ཆེས་གསང་བའི་གནས་རྒྱུད་གཞན་དུ་སྦས་པ་ཡིན་པས། ཞེས་པ་ནས། སྙིང་གའི་རྩ་མདུད་གྲོལ་བའི་དྷུ་ཏཱིའི་ནང་དུ་རླུང་བསྲེ་བ་བདག་པོ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། སྙིང་གའི་རྩ་མདུད་གྲོལ་བ་ལ་རྣམ་རྟོག་མེད་པ་སྟེ་གཅོད་པར་བྱེད་པའི་མཆོག་ཡིན་པས། ཞེས་གསུངས་པའི་ཕྱིར། དེས་ན་མན་ངག་འདི་ཉིད་དུ། གསང་བ་ལས་ཀྱང་ཆེས་གསང་བའི། །མན་ངག་གནད་ཀྱི་དོན་པོ་ནི། །ཞེས་གསུངས་པ་དེ་གདམས་བའི་ཆེ་བ་འདོན་པའི་འུད་དང་རྟོག་བཟོ་མ་ཡིན་པར་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པ་བཞིན་གྱི་ཆེ་བ་བརྗོད་པར་སྣང་ངོ་། །དེ་ལྟ་བུའི་རྡོ་རྗེའི་བཟླས་པའི་རིམ་པ་དེ་ལ་བརྟེན་ནས་སེམས་དབེན་གྱི་རིམ་པ་


GTD003_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཚུལ་ནི། བདེ་ཆེན་འོད་གསལ་ཉིན་བྱེད་འཆར། །ཞེས་པས་བསྟན་ལ། འོན་ཀྱང་འདི་དཔེའི་འོད་གསལ་ཁོ་ན་ལ་མི་བྱེད་དེ། དཔེ་དོན་གྱི་འོད་གསལ་གཉིས་ཀ་ཡུལ་སྟོང་ཉིད་མངོན་སུམ་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡོད་ཀྱང་། སྡུད་རིམ་གཉིས་ཀྱི་སྒོ་ནས་སྟོང་པ་གསུམ་རིམ་གྱིས་མངོན་དུ་བྱས་ཏེ། མཐར་ཐམས་ཅད་སྟོང་པ་འོད་གསལ་གྱི་ཚེ་འཆར་བ་འདྲ་བས། འདིར་དཔེ་དོན་གྱི་འོད་གསལ་དེ་གཉིས་ཀ་ཕྱོགས་གཅིག་ཏུ་བསྡོམས་ནས་གསུངས། དེ་བཞིན་དུ་དཔེའི་འོད་གསལ་གྱིས་ལྷན་ཅིག་བྱེད་རྐྱེན་དང་། དེའི་བཞོན་པའི་རླུང་གིས་ཉེར་ལེན་བྱས་ཏེ། འོད་གསལ་དེ་ལས་ལངས་པའི་སྐད་ཅིག་གཉིས་པར་མ་དག་པའི་སྒྱུ་མའི་སྐུར་བཞེངས་པ་དང་། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེས་ལྷན་ཅིག་བྱེད་རྐྱེན་དང་། དེའི་བཞོན་པའི་རླུང་གིས་ཉེར་ལེན་བྱས་པ་ལ་བརྟེན་ནས་དག་པའི་སྒྱུ་མའི་སྐུར་ལྡང་བ་གཉིས་ཀ་ངོ་བོ་མཆོག་དམན་ཡོད་ཀྱང་རླུང་སེམས་ཙམ་ལས་བཞེངས་ཚུལ་འདྲ་བས་འདིར་ཕྱོགས་གཅིག་ཏུ་བསྡོམས་ནས་གསུངས། དེར་མ་ཟད་སློབ་པ་མཐའི་དོན་གྱི་འོད་གསལ་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་བཞེངས་པའི་ཚུལ་ཡང་འདིའི་ཁོངས་སུ་བསྡུས་པར་ཤེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འབྲས་བུ་དང་བཅས་པའི་གནད་ཆ་ཚང་བར་སྟོན་པའི་ལེགས་བཤད་ཆེན་པོར་འགྱུར་རོ། །འོད་གསལ་གྱི་སྔོན་དུ་རྗེས་གཞིག་དང་རིལ་འཛིན་གྱི་


GTD003_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་སྡུད་ཚུལ། དེའི་སྟོབས་ཀྱིས་སྟོང་པ་བཞིའམ། ཐམས་ཅད་སྟོང་པ་ཉེར་ཐོབ་ཏུ་བསྡུས་པའི་སྟོང་པ་གསུམ་རིམ་གྱིས་འཆར་ཚུལ། དེ་དག་གི་ཚེ་རགས་པ་ཐིམ་རིམ་དང་། དེའི་རྟགས་འབྱུང་ལུགས། དེ་ཐམས་ཅད་ལ་ལྟ་བས་རྒྱས་གདབ་ཅིང་དགའ་བཞི་རིམ་གྱིས་དྲངས་ཏེ་བདེ་སྟོང་སྦྱོར་ཚུལ་འོད་གསལ་དེ་ལས་སྒྱུ་མའི་སྐུར་ལྡང་ཚུལ་དང་། དེ་དཔེ་བཅུ་གཉིས་ཀྱིས་མཚོན་ལུགས། མ་དག་པའི་སྒྱུ་ལུས་དེ་དོན་གྱི་འོད་གསལ་གྱིས་སྤྱོད་ཚུལ། ཉོན་སྒྲིབ་ཟད་པར་སྤངས་པའི་སྤངས་པ་ཟུང་འཇུག་དང་དག་པའི་སྒྱུ་མའི་སྐུ་མཉམ་དུ་ཐོབ་ཚུལ། སླར་ཡང་དོན་གྱི་འོད་གསལ་མངོན་དུ་བྱས་ཏེ་ཟུང་འཇུག་གི་གཙོ་བོ་བདེན་གཉིས་དབྱེར་མེད་ཟུང་འཇུག་འགྲུབ་ལུགས། དེ་ནས་སྔར་མ་བསླབ་པའི་ལམ་ལ་གསར་སློབ་མེད་ཀྱང་། བསླབ་ཟིན་གོམས་པར་བྱེད་པ་ཡོད་ལ། དེའི་མཐར་ཕྱི་ནང་གི་མངོན་བྱང་གཉིས་སྦྱར་ཏེ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་ལུགས་སོགས་ཀྱི་གནད་ཕྲ་ཞིང་ཞིབ་པ་རྣམས་ནི་བདག་ལྟ་བུའི་སྤྱོད་ཡུལ་མ་ཡིན་ཞིང་ཤིན་ཏུ་གསང་བའི་གནས་ཡིན་ལ། ཉུང་ངུའི་ཚིག་ཙམ་གྱིས་མཚོན་པར་ཡང་མི་ནུས་པས། རྗེ་བླ་མའི་གསུང་རབ་རྒྱ་མཚོ་ལྟ་བུ་ལས་བཙལ་བར་བྱའོ། །འདིར་དངོས་ཟིན་གྱི་ཚིག་དོན་ཙམ་རེ་བརྗོད་ན། ཉིན་བྱེད་དེ་ཡི་འོད་ཟེར་གྱིས། །ཞེས་པས་སྒྱུ་ལུས་འགྲུབ་ཚུལ་དང་། ལྷག་མས་སྒྱུ་ལུས་ཀྱི་ཁྱད་ཆོས་བསྟན་པ་ཡིན་ལ། དེའང་འོད་གསལ་ཉི་མ་དང་། སྒྱུ་ལུས་དེའི་འོད་ཟེར་ལ་དཔེ་སྦྱར་ནས་བཤད་པ་མ་ཡིན་གྱི། འོད་ཅེས་པ་སྒྱུ་མའི་སྐུའི་ཉེར་


GTD003_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དུ་གྱུར་པའི་འོད་གསལ་གྱི་བཞོན་པའི་རླུང་འོད་ཟེར་ལྔ་པ་དེ་ཉིད་ལ་བྱེད་དགོས་ཏེ། རིམ་ལྔ་ལས། རང་བཞིན་བཅས་འོད་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ནི། །བདག་བྱིན་བརླབ་པའི་རིམ་གྱིས་ཀྱང། །སེམས་ཅན་དོན་དུ་ལན་འགའ་འགྱུར། །ཞེས་གསུངས་པ་ལྟར་རོ། །སྒྱུ་མའི་སྐུའི་དངོསཀྱི་ཉེར་ལེན་སྟོང་པ་གང་གི་བཞོན་པའི་རླུང་གིས་བྱེད་ཚུལ་ནི། ལག་སྨི་དང་རྗེ་འགོས་སོགས་སྤྱོད་བསྡུས་ཀྱི་དགོངས་པར་བྱས་ཏེ་ལུགས་ཟློག་གི་སྣང་བ་གསུང་བའི་བཞོན་པར་གྱུར་པའི་རླུང་ལ་བཞེད་ཅིང་། སྔགས་རིམ་དང་དབང་དོན་སོགས་སུའང་དེ་དང་སྒོ་བསྟུན་པའི་བཤད་པ་མཛད་དོ། །འོན་ཀྱང་རྗེ་རང་གི་བཞེད་པ་མཐར་ཐུག་པ་ནི་རིམ་ལྔ་གསལ་སྒྲོན་ལྟར་འོད་གསལ་གྱི་མཇུག་ཐོགས་དེ་མ་ཐག་ཏུ་སྒྱུ་མའི་སྐུ་གཉིས་འགྲུབ་དགོས་པས། རང་ལུགས་ནི་དེའི་བཞོན་པའི་རླུང་ལ་བྱའོ། །དེ་ནས་སྒྱུ་མའི་སྐུའི་ཁྱད་ཆོས་སྟོན་པ་ལ། བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི། །རྒྱན་གྱིས་སྤྲས་པའི་ལྷ་བུ་འབྱུང། །ལྷ་བུ་དེ་ཡི་འོད་སྣང་གིས། །མཁའ་དབྱིངས་ཡོངས་སུ་འགེང་བར་བྱེད། །འོན་ཀྱང་འཇིག་རྟེན་མེས་པོ་སོགས། །མཐུ་ཆེན་གྱིས་ཀྱང་མི་མཐོང་ན། །སྐྱེ་བོ་ཕལ་བས་མཐོང་རེ་སྐན། །ཞེས་གསུངས་ཤིང་། ཚིགས་བཅད་འདི་དག་ནི་འདུས་པའི་རྩ་རྒྱུད་ལེའུ་བཅུ་གཉིས་པར། རྡོ་རྗེ་འཇམ་པ་འདྲ་བར་འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད་དག་གི །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །དག་པའི་བདག་


GTD003_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྣང་བར་འགྱུར། །ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུས་སོ། །ཞེས་པའི་ཚིགས་བཅད་འདི་དག་བཀོད་པར་སྣང་ལ། རྒྱུད་ཀྱི་སྐབས་འདིར་དངོས་སུ་གསུང་རྒྱུའི་སྒྱུ་ལུས་ནི་མ་དག་པའི་སྒྱུ་མའི་སྐུ་ཡིན་ཏེ། དེའི་མཇུག་ཐོགས་ཉིད་དུ། རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང། །ཞེས་པ་ནས་། རྡོ་རྗེ་འཇམ་པའི་འོད་འདྲ་བར། །དེ་མ་ཐག་ཏུ་དེ་འགྱུར་རོ། །ཞེས་འོད་གསལ་དུ་བཅུག་ནས་དག་པའི་སྒྱུ་མའི་སྐུའི་ངོ་བོར་འགྱུར་དགོས་པར་གསུངས་པའི་ཕྱིར་ཏེ། སྒྲོན་གསལ་ལས། སྒྱུ་མའི་སྐུ་འདི་ཉིད་འོད་གསལ་བས་རྣམ་པར་སྦྱངས་པས་བསྒྲུབ་པར་བྱ་བའི་ཕྱིར། རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་གསུངས། ཞེས་སོ། །འོན་ཀྱང་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་བླ་མཆོད་ཊཱིཀྐར་ཟུང་འཇུག་གི་དག་པའི་སྒྱུ་མའི་སྐུའི་ཁྱད་ཆོས་སྟོན་བྱེད་དུ་ལུང་དེ་དག་དྲངས་པ་ནི། དེར་གསུངས་པའི་ཁྱད་ཆོས་རྣམས་དག་མ་དག་གི་སྒྱུ་ལུས་གཉིས་ཀ་ལ་ཚང་ཚུལ་ཆ་འདྲ་བའི་རྒྱུ་མཚན་གྱིས་ཡིན་ཏེ། རྩ་རྒྱུད་ལེའུ་བཅོ་ལྔ་པར་དག་པའི་སྒྱུ་མའི་སྐུ་གསུངས་པའི་སྐབས་སུའང། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །སྤོས་དང་མེ་ཏོག་རྣམས་ཀྱིས་བརྒྱན། །རྡོ་རྗེ་སེམས་དཔའ་མཆོག་བསྒོམ་ན། །གྲུབ་པ་མྱུར་དུ་ཐོབ་པར་འགྱུར། །འདི་ནི་སྐུ་གསུམ་མཆོག་སྦྱིན་པ། །སངས་རྒྱས་མཚན་གྱིས་མཚན་པར་འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །དེ་ཡི་འོད་ཀྱིས་སྣང་བར་འགྱུར། །ཞེས་སྒྱུ་མའི་སྐུ་གཉིས་ཀའི་ཡོན་ཏན་ཐུན་མོང་བ་རྣམས་སྟོན་བྱེད་ཀྱི་ཚིག་རིས་ཀྱང་ཕལ་ཆེར་འདྲ་བས་


GTD003_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་སྦྱར་ཆོག་ལ། དག་པའི་སྒྱུ་མའི་སྐུ་ལའང་སློབ་མི་སློབ་ཀྱི་སྐབས་གཉིས་ཡོད་པས། སྤོས་དང་མེ་ཏོག་ཅེས་སོགས་ཀྱིས་བསྟན་པའི་སྟོབས་དང་མི་འཇིགས་པ་རྣམས་དངོས་དང་རྗེས་མཐུན་གྱི་སྒོ་ནས་དེ་གཉིས་ཀར་ཐུན་མོང་དུ་སྦྱོར་དགོས་ལ། དེ་འདྲ་བའི་མན་ངག་གི་གནད་ཕྲ་བ་རྣམས་བླ་མའི་མན་ངག་ལས་ཤེས་དགོས་པའི་རྒྱུ་མཚན་གྱིས་གོང་འོག་དཀྲུགས་པ་དང་། ཕན་ཚུན་བསྲེས་ནས་བཤད་པའི་སྐབས་དུ་མ་ཡོད་པའི་ཕྱིར། རིམ་ལྔ་གསལ་སྒྲོན་ལས། སྟོབས་བཅུ་ལ་སོགས་པ་ཐོབ་པར་གསུངས་པ་ནི་སློབ་པའི་ཟུང་འཇུག་ལ་རྗེས་མཐུན་པ་དང། མི་སློབ་པ་ལ་དངོས་སུ་ཐོབ་པ་སོགས་ཅི་རིགས་པར་སྦྱར་ཏེ་རིམ་ལྔ་དང་སྤྱོད་བསྡུས་སུ་གསུངས་པའི་ཟུང་འཇུག་ལའང། དེ་གཉིས་ཀ་ལ་ཐུན་མོང་དང་སོ་སོར་བཤད་དགོས་པ་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདི་འདྲ་བ་རྒྱུད་ཀྱི་ཚིག་རེ་རེའི་དགོངས་པའང་། མདོ་བསྲེ་དང། མདོར་བྱས། སྤྱོད་བསྡུས། སྒྲོན་གསལ་སོགས་ལས། གཅིག་གིས་བསྐྱེད་རེིམ་ལ་སྦྱར་བ་གཅིག་ཤོས་ཀྱིས་རྫོགས་རིམ་ལ་སྦྱར་བ་ལྟ་བུ་མི་འདྲ་བ་མང་དུ་འབྱུང་ཡང། རྡོ་རྗེའི་ཚིག་རེ་རེས་དོན་སྣ་ཚོགས་སྟོན་པས་འགལ་བ་མེད་པར་རྗེ་བླ་མས་ཡང་ཡང་གསུངས་པ་བཞིན་ཤེས་པར་བྱས་ཏེ། ཕྱོགས་གཅིག་ཁོ་ནར་ཞེན་པས་གཞན་རྣམས་དོར་བར་མི་བྱའོ། །བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི། །རྒྱན་གྱིས་སྤྲས་པ་ཞེས་པས་རྒྱུད་ཀྱི་གོང་འོག་གཉིས་ཀར། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་པའི་དོན་


GTD003_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཡིན་ཏེ། ལེའུ་བཅུ་གཉིས་པའི་སྒྲོན་གསལ་ལས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པས་ན་རྒྱན་རྣམས་ཀུན་གྱིས་བརྒྱན་པ། ཞེས་དང་། བཅོ་ལྔ་པའི་སྒྲོན་གསལ་ལས། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་བྱ་བ་ནི་མཚན་ཐམས་ཅད་ཀྱིས་བརྒྱན་པའོ། །ཞེས་གསུངས་པའི་ཕྱིར། དེར་མཚན་བཟང་མ་གཏོགས་དཔེ་བྱད་དངོས་སུ་མ་གསུངས་ཀྱང། དཔེ་བྱད་ནི་གསེར་ཕྲེང་ལྟར་མཚན་གྱི་འཁོར་ཡིན་པས། འདིར་ཁ་བསྐངས་ཏེ་མཚན་སོ་གཉིས་དཔེ་བྱད་བརྒྱད་ཅུ་དང་བཅས་བརྒྱ་དང་བཅུ་གཉིས་གསུངས་པ་ཡིན་ནོ། །ལྷ་བུ་དེ་ཡི་འོད་སྣང་གིས། །མཁའ་དབྱིངས་ཡོངས་སུ་འགེང་བར་བྱེད། །ཅེས་པ་ནི། ལེའུ་བཅུ་གཉིས་པར། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད་དག་གི །ཞེས་དང་། བཅོ་ལྔ་པར། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །དེ་ཡི་འོད་ཀྱང་སྣང་བར་བྱེད། །ཅེས་པ་གཉིས་ཀྱི་དོན་བསྡུས་པ་ཡིན་ལ། དེར་དཔག་ཚད་བརྒྱ་ཞེས་གསུངས་པ་དང་། འདིར་མཁའ་དབྱིངས་ཐམས་ཅད་འགེང་བར་གསུངས་པ་མི་འགལ་ཏེ། སྒྲོན་གསལ་ལས་དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ་ཞེས་བྱ་བས་ཉེ་བར་མཚན་པའི་དོན་གྱིས་ན་སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་དེའི་འོད་ཀྱང་སྣང་བར་བྱེད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་འཇིག་རྟེན་མེས་པོ་སོགས། །མཐུ་ཆེན་གྱིས་ཀྱང་མི་མཐོང་ན། །སྐྱེ་བོ་ཕལ་པས་མཐོང་རེ་སྐན། །ཞེས་རང་དང་ལམ་འདིའི་འཕགས་པ་མ་གཏོགས། དེ་ལས་གཞན་པའི་སོ་སྐྱེ་འཇིག་རྟེན་མེས་པོའམ། ཚངས་པ་སོགས་


GTD003_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་མཐོང་མི་ནུས་པར་གསུངས་པ་ནི། རྒྱུད་ལས། ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུས་སོ། །ཞེས་དང་། དེའི་སྒྲོན་གསལ་མཆན་དང་བཅས་པ་ལས། ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་རྣམས་ཀྱང་སྟེ་ནམ་ཡང་མཐོང་བར་མི་ནུས་ན། སོ་སོ་སྐྱེ་བོ་ཕལ་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་དེ་ཉིད་བཀོད་པ་ཡིན་ནོ། །དེར་མ་ཟད་རྒྱུད་ལས་ཚིགས་བཅད་ཀྱི་མཇུག་ཏུ་རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་མི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་པས་ཀྱང་དོན་འདི་ཉིད་བསྟན་པ་ཡིན་ཏེ། མི་སྣང་བ་ཞེས་པས་ལུས་དེ་ཉིད་སེམས་དབེན་མན་ཆད་ཀྱི་སོ་སོ་སྐྱེ་བོས་མཐོང་མི་ནུས་པ་དང་། རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་ཅེས་པས་དེ་དག་ལ་མི་སྣང་བའི་རྒྱུ་མཚན་ཤིན་ཏུ་ཕྲ་བའི་གཉུག་མའི་རླུང་སེམས་ཙམ་ལས་མ་འདས་པའི་ཡིད་ལུས་སུ་བསྟན་པའི་ཕྱིར་ཏེ། འཇམ་པའི་སྐད་དོད་མཉྫུ་ཞེས་པ་ངེས་ཚིག་གིས་བཤད་ན། མཱ་ནཿ སྭ་བྷཱ་ཝེན་ཞེས་པ་ཡིད་ཀྱི་རང་བཞིན་གྱིས་ཞེས་དང་། ཛུཥྱ་ཏེ་ཞེས་པ་བསྟེན་པར་བྱ་བ་ལ་འཇུག་ཅིང་། དམ་ཚིག་ནི་དེ་ལས་མི་འདའ་བ་ལ་བྱེད་པའི་ཕྱིར། སྒྲོན་གསལ་ལས། ཡིད་ཀྱི་རང་བཞིན་གྱིས་བསྟེན་ཅིང་བསྙེན་པ་ཡིན་པས་འཇམ་པའོ། །ཞེས་སོ། །སྤྱིར་བསྐལ་པ་དང་པོའི་མིའི་ལུས་ལའང་ཡིད་ཀྱི་རང་བཞིན་གྱི་ལུས་སུ་རྣམ་བཞག་རིམ་པར་གསུངས་པ་དང་། རྒྱུད་བླ་མར། ཡིད་ཀྱི་རང་བཞིན་ཕུང་པོ་དང། །ཞེས་སོགས་ལྟར། ཉན་རང་དགྲ་བཅོམ་གྱིས་ཀྱང་ཟག་མེད་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་བཤད་པ་ཡོད་ཀྱང་འདི་དང་འདྲ་བའི་གནས་མེད་དེ། དེ་དག་ལ་ཡིད་ལུས་སུ་བཤད་པ་གདོས་བཅས་ཀྱི་ཕུང་པོ་རགས་པ་གཞན་ལ་


GTD003_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ཏེ་བཞག་པ་ཡིན་གྱི། ལུས་སེམས་གཉིས་ལ་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ་གསུམ་དུ་བྱས་ཏེ། ཆེས་ཕྲ་བ་དེ་ཉིད་ལྷའི་སྐུར་སྒྲུབ་ཚུལ་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གང་ལའང་མེད་པའི་ཕྱིར་། སྤྱོད་བསྡུས་ལས། གང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང་། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང། རྨི་ལམ་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་ཞེས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང་དེ་རྣམས་དཔེས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཡེ་ཤེས་ཙམ་གྱི་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་མི་འགྱུར་རོ། །ཞེས་དེ་དག་གི་སྤྱོད་ཡུལ་མ་ཡིན་པར་གསུངས་པའི་ཕྱིར་རོ། །དེ་ཕྱིར་དེ་ལྟའི་ཚུལ་འདི་ལ། །སྒྱུ་འཕྲུལ་དྲ་བ་ཞེས་སུ་གྲགས། །ཞེས་མཚན་གྱི་རྣམ་གྲངས་བཤད་པ་ནི་སྤྱིར་སྒྱུ་མའི་སྐུ་གཉིས་ཀ་ལ་འཇུག་ཀྱང། གཙོ་བོར་དོན་གྱི་འོད་གསལ་ལས་བཞེངས་པའི་དག་པའི་སྒྱུ་མའི་སྐུ་ལ་བྱ་དགོས་ཏེ། རིམ་ལྔ་ལས། ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བར་འགྱུར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་གསུངས་པའི་ཕྱིར། དེའང་ལམ་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་ཐོབ་བྱ་མཐར་ཐུག་པ་ནི་འོད་གསལ་དང་སྒྱུ་ལུས་ཟུང་དུ་འཇུག་པའི་རྡོ་རྗེ་འཆང་གི་གོ་འཕང་ཡིན་ཀྱང་། གདམས་ངག་འདིར་མཇུག་སྡུད་པ་ན་སྒྱུ་མའི་སྐུ་གཅིག་པུ་སྨོས་ཏེ་བཞག་པ་ལ་དགོས་པ་ཁྱད་པར་ཅན་ཞིག་ཡོད་དེ། ཐེག་ཆེན་རིགས་ཅན་རྣམས་ཀྱི་འདོད་བྱའི་མཐར་ཐུག་པ་གཞན་དོན་ཡིན་ལ། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་དེའི་ཡན་ལག་ཏུ་ཡིན་པར་མངོན་རྟོགས་རྒྱན་ལས་གསུངས་པ་བཞིན། འདིར་ཡང་སྒྱུ་འཕྲུལ་དྲ་བའི་བཀོད་པ་


GTD003_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པའི་སྒོ་ནས་སེམས་ཅན་གྱི་དོན་རྣམས་ཐམས་ཅད་མ་ཚང་བ་མེད་པར་བསྒྲུབ་པ་ནི་འདོད་བྱའི་དོན་གྱི་སྙིང་པོ་མཐར་ཐུག་པར་ཤེས་པའི་ཆེད་དུ་ཡིན་ནོ། །གསུམ་པ་མཇུག་གི་དོན་ནི། ཚུལ་འདི་འཇམ་མགོན་བླ་མ་ཡི། །སྤྱན་བརྒྱུད་མན་ངག་འཛིན་པ་ཡིས། །སྙིང་གི་བུ་ལ་བརྩེ་བས་གདམས། །ཞེས་གསུངས་ཏེ་གོ་སླའོ། །དེ་ལྟར་ལེགས་ཚོགས་ཐམས་ཅད་ཀྱི་གཞི་རྟེན་བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་བཅོས་མ་མ་ཡིན་པས་ལམ་གྱི་རྩ་བ་ཚུགས་པར་བྱས་ལ། བཀའ་དྲིན་རྗེས་སུ་དྲན་པའི་གུས་པ་ཆེན་པོ་བསྐྱེད་དེ་ཅི་གསུང་མཐའ་དག་དང་། ཁྱད་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྒོ་ནས་བགྲོད་ཚུལ་ཇི་ལྟར་གདམས་པ་རྣམས་བཀའ་བཞིན་དུ་བསྒྲུབ་པ་དང་། དེ་ཐམས་ཅད་ཀྱི་ཚེ་བྱང་ཆུབ་བདེ་ལམ་ལས། སྤྱི་བོར་བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་ཞེས་དམིགས་སྐོར་རེ་རེ་བཞིན་དུ་གསུངས་པ་ལྟར་བླ་མའི་རྣལ་འབྱོར་དང་སྦྲགས་ནས་བྱེད་ཅིང། རྗེས་ཀྱི་བྱ་བ་ཐམས་ཅད་ཀྱང་བླ་མའི་རྣལ་འབྱོར་དེའི་ཤུགས་ཀྱིས་ཟིན་པའི་སྒོ་ནས་སྒོ་གསུམ་བག་མེད་པའི་ཕྱོགས་སུ་ཅུང་ཟད་ཀྱང་མ་ཤོར་བར་ཆ་མཐའ་དག་ནས་དོན་ལྡན་དུ་འགྱུར་བར་བྱ། དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་བཏང་སྟེ། བླ་མ་རྡོ་རྗེ་འཆང་གི་དྲུང་ནས་སྔགས་ཀྱི་འཇུག་སྒོ་དབང་རྣམ་པར་དག་པ་ནོད་ཅིང། དངོས་གྲུབ་ཀྱི་རྩ་བ་བླ་མའི་བསྟེན་ཚུལ་གཙོ་བོར་གྱུར་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་གཞིར་བྱས་པའི་སྟེང་ནས་སྨིན་བྱེད་བསྐྱེད་རིམ་ལ་སློབ་པ་ནའང་། སྔོན་འགྲོ་ཚོགས་བསགས་པ་ནས་བཟུང་བླ་མའི་རྣལ་འབྱོར་དང་སྦྲགས་ནས་བྱ། དེ་རྗེས་རྫོགས་རིམ་ལ་སློབ་པའི་ཚེ་སྙིང་གའི་རྩ་མདུད་


GTD003_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བའང་བླ་མའི་བྱིན་རླབས་ཀྱིས་དབྱེ་ཞིང་། རླུང་སེམས་མཐའ་དག་བླ་མའི་བྱིན་རླབས་ཀྱི་མཐུས་ལས་རུང་དུ་བསྒྲུབ་པ་ལ་བརྟེན་ནས་བདེན་པ་གཉིས་ཀྱི་རྫོགས་རིམ་ལ་སོགས་པའི་རྟོགས་པ་ཁྱད་པར་ཅན་རྣམས་རྒྱུད་ལ་སྐྱེས་ཏེ་ཟུང་འཇུག་ནོར་བུའི་གླིང་དུ་བགྲོད་དགོས་པས། མན་ངག་འདིའི་སྟེང་ནས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བག་ཆགས་ཅི་ཐེབས་བྱས་ཏེ། དལ་བའི་རྟེན་བཟང་ཐོབ་ཅིང་བསྟན་པའི་སྙིང་པོ་དྲི་མ་མེད་པ་དང་མཇལ་བ་འདི་ཉིད་དོན་དང་ལྡན་པར་བྱའོ། །སྨྲས་པ། འདུལ་འཛིན་བྱེ་བའི་གཙུག་རྒྱན་ཉེ་བར་འཁོར། །དཀའ་ཐུབ་སྤྱོད་པས་མིང་ལ་ཐོས་པ་དགའ། །སྙན་བརྒྱུད་བཀའ་བབ་ཆོས་ཀྱི་རྡོ་རྗེ་རྣམས། །གཅིག་གྱུར་ཡེ་ཤེས་མཚན་ཅན་ཁྱོད་མིན་སུ། །ལོང་བས་ཕྱག་དར་ཁྲོད་ནས་རིན་ཆེན་བཞིན། །སྙིགས་མའི་ཀློང་ནས་བློ་ཆུང་བདག་འདྲས་ཀྱང། །སྙན་བརྒྱུད་ཡིད་བཞིན་ནོར་བུ་རྙེད་པ་འདི། །ཨེ་མ་ཁྱོད་ཀྱི་བཀའ་དྲིན་བསམ་ལས་འདས། །དེ་ཕྱིར་མི་སྨྲ་སྙིང་ལ་འཆང་འོས་ཀྱང། །ཅོལ་ཆུང་སོར་མོའི་རྩེ་ལ་གཡེང་བ་འདིས། །སྐལ་བཟང་བློ་ལྡན་འགའ་ཡི་དོན་འགྱུར་རམ། །ཆུད་ཟོས་ཕྱི་ནང་འབོར་བ་ཆ་མ་མཆིས། །ཟབ་ཅིང་རྒྱ་ཆེའི་གདམས་པ་ནམ་མཁའི་མཐའ། །ཉམ་ཆུང་སྦྲང་བུའི་འདབ་མས་གཞལ་བ་ཡིས། །ནོངས་པར་གྱུར་གང་རྒྱུ་བཅས་སྦྱོར་བ་དང། །དགེ་ཚོགས་བསྟན་འགྲོའི་གསོས་སུ་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་ཐེག་མཆོག་བཤེས་གཉེན་གྱིས། །རྗེས་བཟུང་གསུང་གི་གསང་བའི་མཛོད་འཛིན་ཅིང། །འཁྲུལ་བྲལ་བསྟན་པའི་སྙིང་པོ་ཐོས་བསམ་སྒོམ། །མཐར་ཕྱིན་འགྲོ་བའི་དེད་དཔོན་མཆོག་གྱུར་ཅིག །ཅེས་ཟབ་ལམ་


GTD003_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་གྱི་མན་ངག་སྙིང་པོའི་རྩ་ཚིག་གི་འགྲེལ་པ་སྙན་བརྒྱུད་གསང་བའི་ལྡེ་མིག་ཅེས་བྱ་བ་འདི་ནི། ལྕང་སྐྱ་ཐམས་ཅད་མཁྱེན་པའི་འཕྲིན་ལས་པ་ཡང་དག་པའི་ལམ་བཟང་འདི་ལ་མཆོག་ཏུ་མོས་པའི་བློ་ཅན་ཛ་སག་ཞབས་དྲུང་ཡེ་ཤེས་བསྐལ་བཟང་གིས་ཡང་ཡང་ནན་གྱིས་བསྐུལ་བའི་ངོར། དབུས་འགྱུར་བསྟན་པའི་སྲོག་ཤིང་བློ་བཟང་སྙན་བརྒྱུད་ཀྱི་བཀའ་བབ་དཔལ་ལྡན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་དང་། བཀའི་འཁོར་ལོས་ཐུབ་བསྟན་ཡོངས་ལ་འདོད་དགུར་མངའ་བསྒྱུར་བ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་རྣམ་གཉིས་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་པའི་བཀའ་དྲིན་ལས། བསྟན་པ་སྤྱི་དང་སྙན་བརྒྱུད་ཀྱི་གདམས་པའི་ཆ་ཤས་ཕྲ་མོ་ཙམ་རྣ་བས་ཐོས་པའི་སྐལ་བ་ཅན་དུ་གྱུར་པ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རབ་བྱུང་བཅུ་བཞི་པའི་བགྲང་བྱ་གཉིས་པ་རྣམ་བྱུང་གི་ལོ་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་བའི་ཡི་གེ་པ་ནི་གཙུག་ལག་འབྱེད་པའི་བློ་མིག་ཅན་བྷི་ཀྵུ་རཏྣ་ཨཱ་ནནྟས་བགྱིས་པ་འདིས་ཀྱང་སྙན་བརྒྱུད་ཟབ་མོའི་བསྟན་པ་འཕེལ་ཞིང་རྒྱས་པར་གྱུར་ཅིག། །།


previousཟབ་ལམ་བླ་མའི་རྣལ་འབྱོར་སྙན་བརྒྱུད་གསང་བའི་ལྡེ་མིགnext