Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར།
   
   
   
   
   
   
   
   
   
   
   


 
previousགསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར།next

གསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར།


GTD003_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །


GTD003_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། སྤྱི་བོར་སྣ་ཚོགས་པདྨ་ཉི་མའི་སྟེང༌། །སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་དང༌། །དབྱེར་མེད་མི་བསྐྱོད་མགོན་པོ་སྐུ་མདོག་མཐིང༌། །ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །རྩ་ཕྱག་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད། །ལྷག་མ་གཡས་སུ་འཁོར་ལོ་པདྨ་དང༌། །གཡོན་པའི་ཕྱག་གིས་རིན་ཆེན་རལ་གྲི་འཛིན། །རང་འོད་དང་མཚུངས་རེག་བྱ་རྡོ་རྗེ་མར། །མཉམ་སྦྱོར་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ལྷ་ཡི་གོས་དང་རིན་ཆེན་རྒྱན་གྱིས་མཛེས། །ཞེས་པའི་འཕྲོར། ཕུང་པོ་ཁམས་དང་སྐྱེ་མཆེད་ཡན་ལག་རྣམས། །སུམ་ཅུ་རྩ་གཉིས་ལྷ་ཡི་ངོ་བོ་ཉིད། །ཅེས་པའམ། བདེ་གཤེགས་ཡབ་ཡུམ་སེམས་དཔའ་ཁྲོ་བོ་སོགས། །སུམ་ཅུ་རྩ་གཉིས་ལྷ་ཡི་འཁོར་ལོར་བཅས། །


GTD003_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་གང་རིགས་སྦྱོར། དེ་ནས། གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གིས། །བླ་མ་ཡི་དམ་མཆོག་གསུམ་མ་ལུས་པ། །ཁྱབ་བདག་དཔལ་ལྡན་འདུས་པའི་ལྷ་ཚོགས་ཀྱི། །རྣམ་པར་སྤྱན་དྲངས་དབྱེར་མེད་བརྟན་པར་བཞུགས། །དམ་ཆོས་དཀོན་མཆོག་སྙིང་པོ་བསྟན་པའི་བཅུད། །འཇིག་རྟེན་གསུམ་གྱི་སྒྲོན་མེ་འདུས་པ་ཡི། །ལམ་བཟང་མཆོག་གིས་འགྲོ་ཀུན་འདྲེན་མཛད་པ། །བླ་མ་མི་བསྐྱོད་རྡོ་རྗེ་ལ་ཕྱག་འཚལ། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྟགས་རྫས་སོགས། །ངོ་མཚར་ཀུན་བཟང་མཆོད་སྤྲིན་རབ་འབྱམས་དང༌། །བདེ་སྟོང་པདྨའི་སྣོད་དུ་དམ་རྫས་རྣམས། །སྦྱངས་རྟོགས་སྤར་བྱས་བདུད་རྩིའི་རྒྱུན་གྱིས་མཆོད། །མཚར་སྡུག་ཡིད་འོང་ཕྱག་རྒྱའི་ཚོགས་སྤྲོས་ཏེ། །ཡུམ་ལ་ཐིམ་པས་དགའ་བའི་མཆོག་སྐྱེད་ཅིང༌། །སྟོང་


GTD003_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདེ་ཆེན་སྒྱུ་འཕྲུལ་དབྱེར་མེད་པ། །དོན་དམ་དེ་ཉིད་མཆོད་པས་དགྱེས་གྱུར་ཅིག །སྡིག་ལྟུང་སྤྱི་དང་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆག་མ་ལུས་སྙིང་ནས་བཤགས། །ཟབ་ཅིང་རྒྱ་ཆེ་རིམ་གཉིས་རྣལ་འབྱོར་སོགས། །སྐྱེ་འཕགས་དགེ་བའི་ཚོགས་ལ་རྗེས་ཡི་རང༌། །འགོག་མེད་རྡོ་རྗེའི་སྐུ་ལས་མི་གཡོ་ཞིང༌། །གསང་ཆེན་གདམས་པའི་དགའ་སྟོན་སྩལ་དུ་གསོལ། །འདིས་མཚོན་དགེ་བས་བདག་གཞན་འགྲོ་བ་ཀུན། །རིང་མིན་བྱང་ཆུབ་རྡོ་རྗེ་ཉིད་གྱུར་ཅིག །དེ་ནས་སྤྲོ་ན་རིགས་ལྔའི་སྡོམ་གཟུང་སོགས་ཀྱང་བྱ། དེ་ནས་གོང་གི་ཕྱག་འཚལ་གྱི་ཚིག་དེ་གསོལ་འདེབས་སུ་བསྒྱུར་བ་ཅི་འགྲུབ་དང༌། དེའི་ཐུགས་ཀར་ཧཱུཾ་ཡིག་ལ་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་དེ་ལ་ཐིམ་ཞིང༌། སླར་ཡང་འོད་དང་བདུད་རྩིའི་རྒྱུན་བྱུང་བ་རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་པས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང༌། དེས་བསྐྱེད་པའི་ལས་ངན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག། །མི་བསྐྱོད་པ་ལ་སོགས་པའི་གོ་འཕང་ལ་བཀོད་བྱུང་སྙམ་པའི་སྒོ་ནས། གཙོ་བོ་ཡབ་ཡུམ་གྱི་སྔགས་སམ། ཡང་ན་གཙོ་འཁོར་ཀུན་གྱི་སྔགས་བཟླ། མཇུག་ཏུ་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། གང་ལ་བརྟེན་ན་སྲིད་ཞིའི་འཇིགས་འཕྲོག་


GTD003_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། །ལྷན་སྐྱེས་བདེ་བ་མཆོག་གི་དཔལ་སྟེར་བ། །ཐུགས་རྗེའི་བདག་ཉིད་དང་པོའི་མགོན་པོ་ཡིས། །མཆོད་ཆེན་དགའ་སྟོན་མཆོག་གིས་རྗེསབཟུང་སྟེ། །སྒོ་གསུམ་ཉེས་པའི་དྲི་མ་སྦྱང་དུ་གསོལ། །རིམ་གཉིས་ལམ་གྱི་རྟོགས་པ་སྐྱེད་དུ་གསོལ། །རྡོ་རྗེ་གསུམ་དབྱེར་མི་ཕྱེད་བདག་ཉིད་ཀྱི། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བཏབ་སྤྱི་བོའི་ཨོཾ་ཡིག་ལས། །རབ་དཀར་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །ལུས་ཀྱི་སྐྱོན་སྦྱངས་རིམ་པ་དང་པོ་ཡི། །སྤྲུལ་པའི་སྐུ་མཆོག་འགྲུབ་པར་བྱིན་གྱིས་རློབས། །ལོངས་སྤྱོད་འཁོར་ལོའི་ཨཱཿ ལས་ཨ་མྲྀ་ཏ། །དམར་པོའི་རྒྱུན་གྱིས་ངག་གི་སྐྱོན་དག་ཅིང༌། །སྣང་ཕྱོགས་སྒྱུ་མའི་ལམ་གྱི་རླུང་སྔགས་ཀུན། །སྦྱངས་ཏེ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཆོས་ཀྱི་འཁོར་ལོའི་ཧཱུཾ་སྔོན་བདུད་རྩི་ཡིས། །ཡིད་ཀྱི་ཉེས་ཀུན་བསལ་ནས་འཁོར་འདས་ཆོས། །སྟོང་པར་རྟོགས་པའི་འོད་གསལ་ཡེ་ཤེས་ཀྱི། །སྒྲིབ་བྲལ་ཆོས་སྐུ་ཐོབ་པར་བྱིན་གྱིས་རློབས། །འབྲུ་གསུམ་ཐུན་མོང་འོད་དང་བདུད་རྩིའི་མཐུས། །སྒོ་གསུམ་དྲི་མ་ཕྲ་རགས་ཀུན་ཞི་ཞིང༌། །སྐུ་ཐུགས་དབྱེར་མེད་ཡན་ལག་བདུན་ལྡན་གྱི། །ཟུང་འཇུག་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་རིགས་ཀུན་བདག་པོ་རྡོ་རྗེ་འཛིན། །ཁྱོད་ལས་ལྷག་པའི་སྐྱབས་


GTD003_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མ་མཆིས་པས། །ཚེ་རབས་འཕྲེང་བར་དགྱེས་བཞིན་རྗེས་བཟུང་སྟེ། །ཡང་དག་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །རྒྱུ་ཡི་ཐེག་པའི་ལམ་གྱིས་རྒྱུད་སྦྱངས་ཏེ། །འབྲས་བུ་གསང་ཆེན་ཟབ་མོའི་མྱུར་ལམ་གྱིས། །ཕྲ་རགས་སྲིད་པའི་རྒྱ་མཚོ་ཉེར་བརྒལ་ནས། །མ་ལུས་འགྲོ་བའི་མགོན་དུ་བདག་གྱུར་ཅིག །དེ་ནས་སྤྱི་བོའི་བླ་མ་རྡོ་རྗེ་འཆང་རང་གི་སྤྱི་བོ་ནས་མར་ཞུགས་ཏེ། རང་སེམས་དང་དབྱེར་མེད་དུ་འདྲེས་པར་བསམ་ལ། འཁོར་ལོའི་མགོན་པོ་བླ་མ་རྡོ་རྗེ་འཆང༌། །བདག་གི་སྙིང་གར་པདྨའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སོགས་དང༌། གཞན་ཡང་ཚེ་རབས་རྗེས་འཛིན་གྱི་སྨོན་ལམ་ཅི་རིགས་པས་མཚམས་སྦྱོར་བྱའོ། །ཞེས་པ་འདི་ཡང་དད་བརྩོན་བློ་དང་ལྡན་པ་སྔགས་རམས་པ་ཆོས་རྒྱ་མཚོས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲག་དཀར་ལྷ་ཞོལ་དུ་བྲིས་པའོ། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། དཔལ་འཁོར་ལོ་སྡོམ་པ་དང་དབྱེར་མེད་དུ་བྱས་ཏེ་ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་ཀུན་སློང་ལེགས་པར་བཅོས་ཏེ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །བདག་ཉིད་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་ཤོག །ཅེས་པ་ལན་གསུམ་གྱིས་སྐྱབས་སེམས་སྔོན་དུ་བཏང་ལ། རང་གི་སྤྱི་བོར་སྣ་ཚོགས་པད་ཉིའི་སྟེང༌། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང། །དབྱེར་མེད་དཔའ་བོའི་དབང་ཕྱུག་ཧེ་རུ་


GTD003_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཀཿ །ནམ་མཁའི་མདངས་ལྡན་སྔོ་ལྗང་དམར་སེར་ཞལ། །ཉི་མའི་སྤྱན་བགྲད་རལ་བའི་ཐོར་ཅོག་བཅིངས། །རྩ་ཕྱག་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད། །གཉིས་ཀྱིས་གཏི་མུག་དག་པའི་གླང་ལྤགས་བརྒྱངས། །གཡས་ཀྱི་ལྷག་མས་རིམ་བཞིན་ཌཱ་མ་རུ། །དགྲ་སྟ་གྲི་གུག་མདུང་ཐོགས་གཡོན་པ་བཞིས། །ཁ་ཊྭཱཾ་ཐོད་ཁྲག་ཞགས་པ་ཚངས་མགོ་བསྣམས། །གཡས་བརྐྱངས་འཇིགས་བྱེད་ནག་པོའི་མགོ་བོ་དང༌། །གཡོན་བསྐུམས་དུས་མཚན་དམར་མོའི་ནུ་མ་མནན། །གར་དགུའི་ཉམས་ལྡན་ཕྱག་རྒྱ་དྲུག་གིས་སྤྲས། །སྡེར་འཕྲེང་གྲོལ་བའི་སྟག་ལྤགས་ཤམ་ཐབས་གསོལ། །ཐོད་སྐམ་དབུ་རྒྱན་མགོ་རློན་དོ་ཤལ་འཕྱང༌། །པང་ན་ལྷན་སྐྱེས་དགའ་བའི་མཆོག་སྦྱིན་ཡུམ། །ཕག་མོ་དམར་མོ་རྡོ་རྗེ་ཐོད་ཁྲག་འཛིན། །གཅེར་མོ་སྐྲ་གྲོལ་ཕྱག་རྒྱ་ལྔ་ཡིས་བརྒྱན། །ལང་ཚོ་རྒྱས་ཤིང་ལྷན་ཅིག་མཉམ་པར་སྦྱོར། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །ཕུང་ཁམས་ཀུན་ཀྱང་རྣམ་སྣང་རྡོ་རྗེ་སོགས། །ལྷ་ཡི་རང་བཞིན་གནས་གསུམ་འབྲུ་གསུམ་གྱིས། །མཚན་པའི་ཧཱུཾ་ཡིག་འོད་ཀྱིས་ཡེ་ཤེས་པའི། །འཁོར་ལོ་སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། །འོད་གསལ་ཡེ་ཤེས་འབར་བའི་གདེངས་ཀ་ཡིས། །ཀུན་རྨོངས་མཐར་མཛད་བརྟན་གཡོའི་དངོས་པོ་ཀུན། །ལྷན་སྐྱེས་བདེ་བའི་འཁོར་ལོར་སྡོམ་བྱེད་པ། །བླ་མ་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །ཕྱི་ནང་གསང་བ་དེ་ཉིད་མཆོད་པའི་ཚོགས། །དམིགས་མེད་སྒྱུ་མའི་རོལ་པ་ཇི་


GTD003_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །འབུལ་ཞིང་སྒོ་གསུམ་དམ་ཚིག་ཉམས་ཆག་ཀུན། །སྙིང་ནས་མཐོལ་ལོ་བྱང་ཞིང་དག་བར་མཛོད། །རབ་འབྱམས་འཁོར་ལོ་ལྔ་ཡི་ལྷ་ཚོགས་རྣམས། །སྤྲོས་ཏེ་མཁའ་ཁྱབ་ཞིང་ཁམས་ཐམས་ཅད་དུ། །གང་ལ་གང་འཚམས་སྤྲུལ་པའི་བཀོད་པ་ཡིས། །འགྲོ་ཀུན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཞེས་བརྗོད་ཅིང་འོད་ཟེར་སྤྲོ་བསྡུ་དང་སྣོད་བཅུད་སྦྱང་སྒྱུར་སོགས་ཀྱི་དམིགས་པ་གསལ་བཞིན་པའི་ངང་ནས། ཨོཾ་ཨཱཿ གུ་རུ་རཏྣ་ཤཱ་ས་ན་དཱི་པཾ་སིདྡྷི་ཧཱུཾ་ཧཱུཾ། ཞེས་པ་ལྟ་བུ་རང་གི་བླ་མའི་མཚན་སྔགས་དང༌། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་ཝ་རཾ་སྭཱཧཱ། ཨོཾ་ཧྲཱིཿ ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང༌། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ཅི་འགྲུབ་བཟླ། ཧེ་རུ་ཀའི་ཡིག་བརྒྱ་བརྗོད་དེ་ལྷག་ཆད་བསྐང༌། སྤྲོ་ན་བོད་སྐད་དང་རྒྱ་སྐད་ཅི་རིགས་པའི་རྐང་བརྒྱད་ཀྱིས་བསྟོད། དངོས་གྲུབ་འབྱུང་གནས་བླ་མ་ལྷག་པའི་ལྷས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཞིང༌། །ཐུན་མོང་ལམ་གྱི་རྨང་གཞི་བརྟན་པའི་སྒོས། །གསང་ཆེན་ཐེག་པའི་སྣོད་དུ་འགྱུར་བར་ཤོག །དབང་ཐོབ་དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང༌། །རང་ལུས་ལྷ་སྐུར་སྒྱུར་བའི་རྣལ་འབྱོར་དང༌། །ཞུགས་གནས་ཐིམ་པའི་བདེ་ཆེན་འོད་གསལ་ཐུགས། །དབྱེར་མེད་ཟུང་འཇུག་གོ་འཕང་ཐོབ་པར་ཤོག །མདོར་ན་བླ་མ་བཅོམ་ལྡན་ཧེ་རུ་ཀ །གནས་གསུམ་མཁའ་འགྲོའི་ཚོགས་དང་བཅས་པ་ཡིས། །བརྩེ་བས་བུ་བཞིན་འབྲལ་མེད་རྗེས་བཟུང་སྟེ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །


GTD003_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ཅིང་སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་རྣམ་པར་གནས་པ་རྣམས་རིམ་གྱིས་བསྡུས་ཏེ་བླ་མ་ཧེ་རུ་ཀ་ལ་ཐིམ། དེ་འོད་དུ་ཞུ་བ་རང་ལ་ཐིམ་པས་རང་ཉིད་ཧེ་རུ་ཀའི་སྐུར་གྱུར། རང་ཡང་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་བ་སྙིང་གའི་ས་བོན་ལ་ཐིམ་པའི་མཐར་ནམ་མཁའ་ལ་འཇའ་ཡལ་བ་བཞིན་གྱུར་པར་བསམས་ཏེ་ལྟ་ཐོག་ཏུ་བཞག་ལ། སྣོད་བཅུད་མཐའ་དག་བླ་མའི་སྐུར་བསྡུས་ཏེ། །རང་ལ་ཐིམ་ཞིང་རང་ཉིད་ལྷ་ཡི་སྐུར། །བཞེངས་པ་ནམ་མཁའི་འཇའ་ཚོན་བཞིན་གྱུར་པས། །དམིགས་མེད་འོད་གསལ་ངང་དུ་གནས་པར་གྱུར། །ཅེས་བརྗོད་ཅིང༌། སྲིད་པ་གསུམ་འབར་སོགས་ཀྱི་བསྔོ་བས་མཚམས་སྦྱར་བར་བྱའོ། །ཞེས་པ་འདིའང་དད་བརྩོན་ལྡན་པ་སྔགས་རམས་པ་དཀོན་མཆོག་སེང་གེས་བསྐུལ་ངོརྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ཆོས་བདེན་བདག་ཉིད་བླ་མ་ཧེ་རུ་ཀཿ །ཁྱོད་མིན་སྐྱབས་གཞན་གང་དུའང་མི་འཚོལ་བས། །སྒོ་གསུམ་དྲི་མ་མཐའ་དག་དྲུངས་ཕྱུང་སྟེ། །བདེ་ཆེན་སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ན། །སྤྲུལ་བའི་ཕག་མོ་མཁའ་འགྲོ་བཞིར་བཅས་པས། །བུམ་པའི་དབང་བསྐུར་ལུས་ཀྱི་སྒྲིབ་པ་སྦྱངས། །བསྐྱེད་རིམ་ཕྲ་རགས་སྤྲུལ་སྐུ་འགྲུབ་པར་བྱས། །ཧེ་རུ་ཀཿ དང་ཕག་མོ་སྦྱར་བ་ཡི། །གསང་རྫས་མྱང་བས་ངག་གི་སྒྲིབ་པ་དག །ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བསྒོམ་པ་དང། །རྒྱལ་གསུང་ལོངས་སྐུ་འགྲུབ་པའི་ནུས་པ་བཞག །ཕག་མོ་རང་ལ་ཕྱག་རྒྱར་གནང་བ་དང། །སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་


GTD003_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྐྱེས། །ཡིད་ཀྱི་སྒྲིབ་བྱང་དོན་དམ་འོད་གསལ་གྱི། །རྫོགས་རིམ་ཆོས་སྐུ་དང་བཅས་འགྲུབ་པར་བྱས། །བདེ་ཆེན་ཐུགས་དང་སྒྱུ་འཕྲུལ་དྲ་བའི་སྐུ། །ཟུང་དུ་འཇུག་པའི་དོན་ལ་ངོ་སྤྲད་པས། །སྒོ་གསུམ་སྒྲིབ་བྲལ་ཟུང་འཇུག་རྡོ་རྗེ་འཆང། །འགྲུབ་པའི་ནུས་པ་ཡོངས་སུ་སྨིན་པར་གྱུར། །འདི་རྐང་བརྒྱད་ཀྱི་བསྟོད་བའི་འཕྲོར་བྱ་ཞིང་། དབང་བཞི་ལེན་ཚེ་གོང་གི་སྐྱབས་སེམས་ཀྱི་འཕྲོར་སྐད་ཅིག་དཀྲོང་བསྐྱེད་ཀྱང་ཆོ་གའི་གཞུང་བཞིན་བྱ་དགོས་སོ། །ཞེས་སྔར་བྲིས་པའི་བདེ་མཆོག་གི་བླ་མའི་རྣལ་འབྱོར་ལ་དབང་བཞིའི་ཁ་སྐོང་ཞིག་དགོས་ཞེས་དད་བརྩོན་བློ་དང་ལྡན་པ་འཇིགས་མེད་ཤེས་རབ་དང་སྔགས་རམས་པ་དཀོན་མཆོག་བཤེས་གཉེན་གཉིས་ཀྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་བཛྲ་བྷེ་ར་ཝཱ་ཡ། འདིར་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་ལེན་པར་བྱེད་པ་ལ། སྤྱིར་མདོ་རྒྱུད་ཐམས་ཅད་ལས་བླ་མ་ནི་ཡོན་ཏན་ཀུན་གྱི་གཞི་རྟེན་དང་སྐྱབས་གནས་མཐའ་དག་འདུས་པའི་བདག་ཉིད་དུ་ལན་གྲངས་དུ་མར་གསུངས་པས། ཡི་དམ་ཆོས་སྐྱོང་གང་དང་སྦྲེལ་ནས་ཀྱང་བླ་མའི་རྣལ་འབྱོར་ཉམས་སུ་བླང་དུ་ཡོད་ལ། ཁྱད་པར་དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོས། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །མ་རུངས་གདུག་པ་འདུལ་མཛད་གཤིན་རྗེའི་གཤེད། །མི་ཡི་གཟུགས་ཀྱི་རྣམ་རོལ་ཙོང་ཁ་པ། །དབྱེར་མེད་བླ་མ་ཡི་དམ་ཞེས་གསུངས་པ་ལྟར། རང་ཅག་རི་བོ་དགེ་ལྡན་པ་རྣམས། བླ་མ་ཡི་དམ་ཆོས་སྐྱོང་ཐམས་ཅད་ངོ་བོ་གཅིག་ཏུ་སྒྲུབ་པ་ལ་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བས། འདིར་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་སྦྱར་ཏེ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བའི་ཚུལ་ནི། སྐྱབས་སེམས་སྔོན་དུ་བཏང་སྟེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང། །སྐྱབས་གནས་མ་ལུས་


GTD003_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་བདག་ཉིད་མཆོག །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ནི། །རྣམ་པ་ཁམས་གསུམ་ཟ་བྱེད་གཤིན་རྗེའི་གཤེད། །དབུ་དགུ་འབར་བས་ནམ་མཁའི་ཁྱོན་གང་ཞིང། །སོ་བཞིའི་ཕྱག་གིས་མཚོན་ཆ་སྣ་ཚོགས་འཛིན། །བཅུ་དྲུག་ཞབས་ཀྱིས་ས་གསུམ་རྣམ་པར་གནོན། །གཏུམ་དྲག་ཁྲོ་བོའི་ཉམས་ལྡན་ཧ་ཧར་བཞད། །རུས་པའི་རྒྱན་ལྡན་འབར་བའི་ཆས་ཀྱིས་བརྗིད། །ཕྱོགས་ཀྱི་གོས་ཅན་བསྐལ་པའི་མེ་ཡིས་འཁྱུད། །དེ་ཡི་ཐུགས་ཀར་འཇམ་དཔལ་གཞོན་ནུ་དང། །འོད་ཟེར་ལྔ་ལྡན་ཧཱུཾ་གིས་མཚན་པར་གྱུར། །ཐུགས་ཀའི་ཧཱུཾ་ཡིག་འོད་ཀྱིས་གཤིན་རྗེའི་གཤེད། །སྲས་བཅས་རྒྱལ་བས་བསྐོར་བ་སྤྱན་དྲངས་ཏེ། །ཛཿ ཧཱུཾ་བཾ་ཧོཿ དབྱེར་མེད་བསྟིམ་བྱས་ནས། །དབང་བསྐུར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་གྱུར། །མཁྱེན་བརྩེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཐུགས། །ལུས་ཅན་ཉོན་མོངས་འཆིང་བ་གཅོད་པའི་གསུང། །རླབས་ཆེན་ཚོགས་གཉིས་དཔལ་གྱིས་བརྗིད་པའི་སྐུ། །བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འཁོར་འདས་སྤྲོས་བྲལ་ཡེ་ཤེས་རང་བཞིན་ལས། །ཀུན་ཁྱབ་མཆོད་སྤྲིན་མཐའ་ཡས་ལེགས་འབུལ་ཞིང། །ཉེས་ལྟུང་སྡིག་པའི་ཚོགས་རྣམས་ཀུན་བཤགས་ཏེ། །རླབས་ཆེན་དགེ་བ་རྣམས་ལ་རྗེས་ཡི་རང། །བླ་མ་ཡི་དམ་དབྱེར་མེད་འདྲེན་པ་ཁྱོད། །བློ་བཟང་རྒྱལ་བསྟན་ཕྱོགས་མཐར་སྤེལ་བའི་ཕྱིར། །མཐའ་ཡས་འགྲོ་བའི་མགོན་དུ་རྟག་བཞུགས་ནས། །ལེགས་གསུང་བདུད་རྩིའི་དགའ་སྟོན་སྩལ་དུ་གསོལ། །


GTD003_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་བསྐྲུན་པའི་རྣམ་དཀར་དགེ་བའི་མཐུས། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ལམ་མཆོག་སྒྲུབ་པའི་རྟེན་བཟང་རིམ་བརྒྱུད་དེ། །རྣམ་དག་ཆོས་ལ་གཅིག་ཏུ་གཞོལ་བར་ཤོག །དེ་ཚེ་བླ་མ་གཤིན་རྗེའི་གཤེད་པོ་ཡིས། །འབྲལ་བ་མེད་པར་དགྱེས་བཞིན་རྗེས་བཟུང་སྟེ། །བྱིན་རླབས་སྲུང་བའི་འཁོར་ལོ་ལ་བརྟེན་ནས། །དམ་ཆོས་སྒྲུབ་ལ་བར་ཆད་མེད་པར་ཤོག །དེ་ཡི་གསུང་གི་བདུད་རྩིའི་བཅུད་མྱང་སྟེ། །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ཤིང། །དཔལ་ལྡན་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བར་ཤོག །དེ་ནས་རིམ་གཉིས་ལམ་བཟང་བགྲོད་པ་ཡིས། །ཕྱི་ནང་གསང་བའི་གཤིན་རྗེའི་གཡུལ་བཅོམ་སྟེ། །བླ་མ་ཡི་དམ་གོ་འཕང་མངོན་གྱུར་ནས། །ལུས་ཅན་མཐའ་དག་སྲིད་ལས་སྒྲོལ་བར་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདི་ནི་ཐུགས་དམ་དགེ་སྦྱོར་ལ་གཅིག་ཏུ་བརྩོན་པ་རབ་འབྱམས་པ་བློ་བཟང་དཀོན་མཆོག་གིས་བསྐུལ་བའི་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །ན་མོ་བཛྲ་བྷཻ་ར་ཝཱ་ཡ། སྐྱབས་སེམས་སྔོན་དུ་བཏང་ལ། རང་གི་སྤྱི་བོར་པདྨ་ཉི་མའི་སྟེང། །ཧཱུཾ་ཡིག་མཐིང་ནག་འོད་ཀྱི་འཕྲོ་འདུ་ལས། །འཇམ་དཔལ་རྡོ་རྗེ་ཁྲོ་བོའི་ཟློས་གར་མཁན། །ཁམས་གསུམ་ཟ་བྱེད་ཕྱི་ནང་གཤིན་རྗེའི་གཤེད། །དུས་མཐའི་མེ་དཔུང་དྲ་བས་འཁྱུད་པ་ཡི། །མིག་སྨན་ལྷུན་པོ་ལིང་ལིང་གཡོ་བ་བཞིན། །གཟི་བྱིན་བཟོད་དཀའ་ཧ་ཧའི་གད་རྒྱངས་ཅན། །འབར་བའི་ཞལ་དགུ་འདྲེན་བྱེད་གློག་དམར་གཡོ། །བདེན་གཉིས་རྭ་གདེངས་དྲི་འཛིན་འཐོར་རླུང་གིས། །སྲིད་པ་


GTD003_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱེད་མེ་ཡི་རལ་བ་གཟེངས། །གདབ་པའི་མཚོན་གདེངས་གཡས་ཕྱག་བཅུ་དྲུག་གིས། །འདས་པའི་ལྷ་ལ་བསྡིགས་ཤིང་དངོས་གྲུབ་འབེབས། །རོལ་བའི་མཚོན་ཐོགས་གཡོན་རྣམས་སྡིགས་མཛུབ་རྩེ། །ཐུར་ཕྱོགས་འཇིག་རྟེན་པ་རྣམས་སྐྲག་པར་བྱེད། །བརྒྱད་གཉིས་ཞབས་ཀྱིས་ཚངས་དང་ལོག་འདྲེན་སོགས། །དབང་བྱེད་གདེངས་ཅན་བདག་པོས་ག་ཤལ་བྱས། །ཐོད་སྐམ་དབུ་རྒྱན་མི་མགོའི་ཕྲེང་བ་དང། །རུས་པའི་རྒྱན་སྤྲས་ཡན་ལག་སྦོམ་ཞིང་རགས། །རྡོ་རྗེ་རོ་ལངས་མ་དང་མཉམ་སྦྱོར་ཞིང། །ཕུང་ཁམས་རྣམ་དག་རིགས་ལྔ་ཡུམ་བཞི་དང། །བདུད་བཞིའི་དཔུང་འཇོམས་སྒོ་བ་བཞི་དང་བཅས། །བཅུ་གསུམ་ལྷ་ཡི་འཁོར་ལོའི་ངོ་བོ་ཉིད། །དེ་ཡི་གནས་རྣམས་རྡོ་རྗེ་གསུམ་གྱི་བདག །ཡི་གེ་གསུམ་མཚན་ཧཱུཾ་གི་འོད་ཟེར་གྱིས། །རབ་འབྱམས་རྒྱལ་པའི་འཁོར་བཅས་ཡེ་ཤེས་པ། །སྤྱན་དྲངས་ཛཿ ཧཱུཾ་བཾ་ཧོཿ དབྱེར་མེད་གྱུར། །དམིགས་མེད་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །བདེ་ཆེན་སྙིང་རྗེ་སྒྱུ་མའི་རོལ་གར་གྱིས། །གཏུམ་དྲག་ཁྲོ་བོའི་རྒྱལ་པོའི་སྐུར་བཞེངས་པ། །བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་རྣམ་ལྔ་དང། །སྦྱངས་རྟོགས་སྦར་བྱས་རྣམ་ལྔ་བདུད་རྩིའི་བཅུད། །དགའ་བའི་མཆོག་སྦྱིན་མཛེས་སྡུག་ཕྱག་རྒྱ་དང། །བདེ་སྟོང་དབྱེར་མེད་ཟུང་འཇུག་མཆོད་པའི་ཚོགས། །བླ་མ་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་ལ། །གུས་པས་འབུལ་ལོ་དགྱེས་པ་ཆེན་པོས་རོལ། །སྐུ་བཞིའི་


GTD003_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་འཁོར་ལོའི་མགོན་པོ་ཡི། །གནས་གསུམ་སྔགས་ཀྱི་འོད་དང་བདུད་རྩིའི་ཆུས། །ལུས་ངག་ཡིད་ཀྱི་སྒྲིབ་པ་མ་ལུས་པ། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །ངེས་འབྱུང་ཡང་དག་ལྟ་དང་བྱང་སེམས་ཀྱིས། །ལེགས་སྦྱངས་རྡོ་རྗེའི་ཐེག་པའི་སྒོར་ཞུགས་ཏེ། །བསྐྱེད་རིམ་གཉིས་དང་རྫོགས་རིམ་རྣལ་འབྱོར་བཞིས། །ཤེས་རྒྱུད་སྨིན་ཅིང་གྲོལ་པར་བྱིན་གྱིས་རློབས། །གང་འདུལ་གཟུགས་སྐུར་སྣང་བ་སྤྲུལ་པའི་སྐུ། །རླུང་སྔགས་དབྱེར་མེད་བདེ་ཆེན་ལོངས་སྤྱོད་རྫོགས། །འོད་གསལ་ཐུགས་དང་གཉིས་སུ་མི་ཕྱེད་པའི། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་བདུད་རྩི་འབེབས་སྦྱང་གི་དམིགས་པ་དང་སྦྲགས་ཏེ་སྔགས་གསུམ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང་། གོང་གི་ཕྱག་འཚལ་གྱི་ཚིགས་བཅད་གསོལ་འདེབས་སུ་བསྒྱུར་བ་ལན་འགའ་བརྗོད། དེ་ལྟར་གསོལ་བཏབ་སྤྱི་བོའི་བླ་མ་ལྷ། །དྷཱུ་ཏཱིའི་ལམ་ནས་རང་གི་སྙིང་གར་བྱོན། །ཕྲ་བ་གཉུག་མའི་སེམས་དང་དབྱེར་མེད་པར། །བྱང་ཆུབ་བར་དུ་བརྟན་པར་བཞུགས་སུ་གསོལ། །སྐྱེ་ཞིང་སྐྱེ་བར་འཇམ་དཔལ་ཞི་ཁྲོ་ཡིས། །རྗེས་བཟུང་རྣམ་འབྱེད་ཤེས་རབ་མཆོག་ཐོབ་ཅིང། །མཐའ་དག་བདུད་སྡེའི་གཡུལ་ལས་རྒྱལ་གྱུར་ཏེ། །མ་ལུས་འགྲོ་བའི་མགོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་བློ་བཟང་བསྟན་འཛིན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ། །༈ ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མི་ཕྱེད་པའི་


GTD003_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལ་བརྟེན་ནས་ཧེ་རུ་ཀའི་ཡིག་བརྒྱ་བཟླ་བར་འདོད་པས་སྐྱབས་སེམས་སྔོན་དུ་བཏང་ལ། སྤྲོས་བྲལ་དབྱིངས་ལས་རང་ཉིད་ཧེ་རུ་ཀཿ །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །རྡོར་དྲིལ་བཟུང་སྟེ་ཕག་མོ་དམར་མོར་འཁྱུད། །གཡས་བརྐྱང་སྟབས་ཀྱིས་བཞུགས་པའི་ཐུགས་ཀ་ཡི། །ཧཱཾུ་ལས་འོད་འཕྲོས་སྣོད་བཅུད་སྐྱོན་ཀུན་སྦྱངས། །དག་པའི་བརྟན་གཡོ་ཟག་མེད་མཆོད་སྤྲིན་དང། །ཨོཾ་ཨཱཿ ཧཱུཾ་གིས་སྦྱངས་རྟོགས་སྦར་བྱས་པས། །ནང་མཆོད་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། །རང་གི་སྤྱི་བོར་པཾ་ལས་པདྨ་དང། །ཨ་ལས་ཟླ་བར་ཧཱུཾ་དང་རྡོ་རྗེ་ལས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ནི། །རྣམ་པ་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །རྡོར་དྲིལ་བཟུང་སྟེ་རྡོ་རྗེ་བསྙེམས་མར་འཁྱུད། །སྐྱིལ་ཀྲུང་གིས་བཞུགས་རིན་ཆེན་རྒྱན་གྱིས་སྤྲས། །དར་གྱི་ན་བཟས་བཀླུབས་པའི་གནས་གསུམ་དུ། །ཡི་གེ་གསུམ་མཚན་ཧཱུཾ་གི་འོད་ཟེར་གྱིས། །ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་བསྟིམ། །སླར་ཡང་དབང་གི་ལྷ་ཚོགས་སྤྱན་དྲངས་ཏེ། །ཟག་མེད་བདུད་རྩིའི་ཆུ་ཡིས་དབང་བསྐུར་ཅིང། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་གྱུར། །གང་གི་ཐུགས་རྗེ་བྱིན་རླབས་འོད་སྟོང་གིས། །སྲིད་པའི་སྡུག་བསྔལ་གྲང་རེག་གདུང་བ་དང་། །ལས་ཉོན་སྡིག་སྒྲིབ་མུན་པའི་འཇིགས་འཕྲོག་པ། །བླ་མ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་ཡིད་འོང་མཆོད་པའི་སྤྲིན། །དུས་གསུམ་དགེ་ཚོགས་དང་བཅས་མཆོད་པར་འབུལ། །བརྩེ་བས་བཞེས་ནས་སྔོན་བྱས་དགེ་ཚོགས་


GTD003_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །མི་ཉམས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ཐོག་མ་མེད་ནས་མ་རིག་དབང་གྱུར་ཏེ། །སྒོ་གསུམ་ཉེས་པ་ཇི་སྙེད་བགྱིས་པ་དང། །ཁྱད་པར་སྡོམ་གསུམ་དང་འགལ་ཉེས་ལྟུང་ཀུན། །སྙིང་ནས་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། །རྣམ་སྨིན་འབྲས་བུའི་སྡུག་བསྔལ་མི་བཟོད་བཞིན། །དེ་རྒྱུ་སྡིག་ལ་རྔམས་པའི་སྨྱོན་པ་བདག །ཐུགས་རྗེའི་གཏེར་ཆེན་ཁྱོད་ཀྱིས་བརྩེར་དགོངས་ཏེ། །སྲིད་པ་ངན་འགྲོའི་གཡང་ལས་བསྐྱབ་ཏུ་གསོལ། །སེམས་ཉིད་གདོད་ནས་དྲི་མ་ལས་འདས་ཀྱང། །དམ་ཚིག་ཉམས་ཆག་ཉེས་པས་སྦགས་པ་ཀུན། །བླ་མ་ལྷ་ཡི་ཐུགས་རྗེ་བདུད་རྩིའི་ཆུས། །མྱུར་དུ་བྱང་ཞིང་དག་པར་མཛད་དུ་གསོལ། །དེ་ལྟར་གསོལ་བཏབ་ཐུགས་ཀར་ཟླ་བ་ལ། །ཧཱུཾ་མཐར་ཡི་གེ་བརྒྱ་བས་བསྐོར་བ་ལས། །འོད་འཕྲོས་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །སྲས་བཅས་རྒྱལ་བའི་བྱིན་རླབས་བསྡུས་ཏེ་བསྟིམ། །སླར་ཡང་དེ་ལས་བདུད་རྩིའི་རྒྱུན་བབས་པ། །སྦྱོར་མཚམས་ནས་ཐོན་རང་གི་གཙུག་ནས་ཞུགས། །ལུས་ཀུན་གང་བས་སྒོ་གསུམ་དྲི་མ་སྦྱངས། །རྡོར་སེམས་བྱིན་རླབས་མ་ལུས་ཐོབ་པར་གྱུར། །ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ །བྷ་ག་ཝན་བཛྲ་ཧེ་རུ་ཀ་མ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿ ཧཱུཾ་ཕཊ། ཅེས་ཅི་འགྲུབ་བཟླ། བླ་མ་རྡོར་སེམས་


GTD003_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་འཛུམ་ཞལ་གྱིས། །ཁྱོད་ཀྱི་སྡིག་ལྟུང་ལྷག་མེད་བྱང་ངོ་ཞེས། །དབུགས་དབྱུང་མཛད་ཅིང་ཐིམ་པས་སྒོ་གསུམ་དང། །དེ་ཡི་སྐུ་གསུང་ཐུགས་གསུམ་དབྱེར་མེད་གྱུར། །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བླ་མ་ལྷ་ཡིས་འབྲལ་མེད་རྗེས་བཟུང་མཐུས། །སྒོ་གསུམ་ཉེས་ལྟུང་དྲི་མས་མ་སྦགས་པར། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་ཨུ་རད་ཤོག་ནས་གུ་ཤྲཱི་དགེ་སློང་དཀོན་མཆོག་དགེ་ལེགས་དང་ཨོར་དུ་སུ་དགེ་སློང་ཐོས་བསམ་གཉིས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་ཨ་མོ་གྷ་སིདྡྷ་ཡེ། དངོས་གྲུབ་གཉིས་ཀྱི་རྩ་བ་དམ་ཚིག་རྣམ་པར་དག་པ་ལ་ལྟོས་པས་དེའི་ཉམས་ཆག་སྐོང་བའི་ཕྱིར་དམ་ཚིག་རྡོ་རྗེའི་བསྒོམ་བཟླས་ཉམས་སུ་ལེན་པའི་ཚུལ་ནི། ཡིད་ཀྱི་རོལ་བ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཅིང། །སེམས་དཔའ་དམ་པ་རྣམས་ཀྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་གྱུར་ཅིང། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་ཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱི་བག་


GTD003_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །ཞེས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་ཤུགས་དྲག་ལན་གསུམ་སྔོན་དུ་བཏང་ལ། རང་ཉིད་ཡི་དམ་ལྷ་ཡི་སྐུར་གསལ་བའི། །ཐུགས་ཀར་པཾ་དང་ཨ་ལས་པདྨ་དང། །ཟླ་བའི་གདན་ལ་སྣ་ཚོགས་རྡོ་རྗེ་སྟེང། །ཧཱ་ལས་རལ་གྲི་འཆང་བཟུང་ཧཱས་མཚན་པ། །དེ་ལས་འོད་འཕྲོས་སྲས་བཅས་རྒྱལ་ཀུན་མཆོད། །མ་ལུས་འགྲོ་བའི་དམ་ཚིག་ཉམས་ཆག་སྦྱངས། །ཚུར་འདུས་ཐིམ་པ་ཡོངས་སུ་གྱུར་པ་ལས། །བཅོམ་ལྡན་དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང། །ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས། །རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཡས། །གཡོན་ན་དྲིལ་བུ་པད་ལྗང་ནོར་བུ་འཛིན། །རང་འོད་དང་མཚུངས་དམ་ཚིག་སྒྲོལ་མ་ནི། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་དང། །རྡོ་རྗེས་མཚན་པའི་ཨུཏྤ་ལ་འཛིན་ཅིང། །གཡོན་གསུམ་དྲིལ་བུ་རིན་ཆེན་རལ་གྲི་བསྣམས། །ཐབས་ཤེས་དབྱེར་མེད་ཕན་ཚུན་འཁྱུད་པ་ཡི། །གནས་གསུམ་ཨོཾ་ཨཱཿ ཧཱུཾ་གིས་མཚན་པར་གྱུར། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རྒྱལ་བ་ཀུན། །དམ་ཚིག་རྡོ་རྗེའི་རྣམ་པར་སྤྱན་དྲངས་ཏེ། །ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། །སླར་ཡང་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་ལུས་གང་ཞིང་དྲི་མ་དག །ཡབ་ཀྱི་དབུ་ལ་མི་བསྐྱོད་མགོན་པོ་དང། །ཡུམ་ལ་དོན་ཡོད་གྲུབ་པས་རྒྱས་བཏབ་གྱུར། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ།


GTD003_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང། །དམ་ཚིག་རྡོ་རྗེ་ལ་ཕྱག་འཚལ། །བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཀུན། །བྱང་ཞིང་དག་པར་མཛད་དུ་གསོལ། །ཐུགས་ཀར་ཟླ་དང་སྣ་ཚོགས་རྡོ་རྗེའི་སྟེང། །ཧཱ་ཡིག་སྔགས་འཕྲེང་བཅས་ལས་འོད་འཕྲོས་ཏེ། །སྲས་བཅས་རྒྱལ་བའི་བྱིན་རླབས་ནུས་མཐུ་ཀུན། །བསྡུས་ནས་བསྟིམ་ཞིང་དེ་ལས་བདུད་རྩིའི་རྒྱུན། །བབས་པས་རྡོ་རྗེའི་ཁོང་གཏམས་རྭ་རྩེ་ནས། །ཐོན་ཏེ་སྐུ་གང་ཟག་མེད་བདེ་ཆེན་མྱོང། །དེ་ཡི་བ་སྤུའི་སྒོ་ནས་ཕྱིར་ཐོན་པས། །རང་ལུས་གང་སྟེ་ཉེས་ཀུན་སྦྱངས་པར་གྱུར། །ཨོཾ་ཨཱཿ པྲཛྙཱ་དྷྲྀཀ་ཧཱ་ཧཱུཾ། ཞེས་པ་རྒྱ་སྟོང་སོགས་ཅི་ནུས་སུ་བཟླ། བླ་མའི་ཞབས་བརྟན་དུ་བྱེད་ན་སྔགས་ཅི་ནུས་བཟླས་པའི་མཇུག་ཏུ། དཔལ་ལྡན་བླ་མ་མཚན་འདི་ཞེས་བགྱི་བའི་དམ་ཚིག་ཉམས་ཆག་དང་། དེའི་དབང་གིས་བྱུང་བའི་ནད་སོགས་ཕྱི་ནང་གི་ཉེར་འཚེ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་སྔགས་བརྒྱ་རྩ་རེའི་མཚམས་སུ་སྤེལ་ཚིག་བཏགས་ལ་ཅི་འགྲུབ་བཟླ། འདི་འདྲའི་ཚེ་ཧཱ་ཡིག་གི་མདུན་དུ་བླ་མའི་མཚན་གྱི་ཡི་གེ་དང་པོ་འགོད་ལ། དེ་རང་ངམ་བསྒྲུབ་བྱ་གཞན་ལའང་འདྲའོ། །མཇུག་ཏུ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །དེ་ལྟར་


GTD003_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པ་ན། །བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །ཁྱོད་ཀྱི་དམ་ཚིག་ཉམས་ཆག་ཀུན། །བྱང་ཞིང་དག་གོ་ཞེས་གསུངས་ནས། །རང་ལ་ཐིམ་པར་གྱུར་པ་ཡིས། །རང་གི་ལུས་ངག་ཡིད་གསུམ་དང། །དམ་ཚིག་རྡོ་རྗེའི་སྐུ་གསུང་ཐུགས། །དབྱེར་མེད་ལྷ་སྐུའི་ངོ་བོར་གྱུར། །ཅེས་བརྗོད་ཅིང་བསམས་ལ། འདིར་ཡང་བླ་མའི་ཞབས་བརྟན་ཡིན་ན། བླ་མར་ཐིམ་པར་གྱུར་པ་ཡི། །བླ་མའི་སྐུ་གསུང་ཐུགས་གསུམ་དང། །ཞེས་བསྒྱུར་ལ། ཕ་མའམ་གཤིན་པོ་སོགས་ཀྱི་དོན་དུ་བྱས་པ་ཡིན་ནའང་། དེ་ལ་ཐིམ་ཞེས་དང་། དེ་ཡི་ལུས་ངག་ཡིད་གསུམ་ཞེས་བསྒྱུར། བཟླ་བའི་སྤེལ་ཚིག་ཀྱང་སྔ་མས་མཚོན་ཏེ་ཤེས་པར་བྱའོ། །ཞེས་པ་འདི་ནི་དད་ལྡན་ངག་དབང་ཤེས་རབ་དང་གོང་འཕེལ་གཉིས་ཀྱིས་འདིའི་ཆོ་ག་ཚིགས་བཅད་དུ་བྱས་པའི་འདོན་བདེ་བ་ཞིག་དགོས་ཞེས་བསྐུལ་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། འདིར་ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྔོན་འགྲོ་སྦྱོར་བའི་ཆོས་རྣམས་ཚགས་སུ་ཚུད་པར་བྱས་ཏེ། རང་དང་སྣོད་བཅུད་ཀུན་ལ་ཐ་མལ་གྱི་སྣང་ཞེན་དང་བྲལ་བའི་སྒོ་ནས། མདུན་གྱི་མཁའ་ལ་དཔག་བསམ་ལྗོན་པའི་རྩེར། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །སྐྱབས་གསུམ་ངོ་བོ་བླ་མ་ཐུགས་རྗེའི་གཏེར། །ཆོས་འཆད་མཉམ་གཞག་ཕྱག་རྒྱས་གླེགས་བམ་བསྣམས། །དེ་ཡི་ཐུགས་ཀར་ཐུབ་དབང་རྡོ་རྗེ་འཆང། །བླ་མའི་མཐའ་སྐོར་སྐྱབས་ཡུལ་རབ་འབྱམས་ཀྱིས། །ཡོངས་བསྐོར་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ། །ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་གྱུར། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་དབང་གི་རྒྱལ། །


GTD003_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆོག་རྣམ་གསུམ་འདུས་པའི་ངོ་བོ་ཉིད། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དགེ་ཚོགས་མ་ལུས་འབུལ། །རྣམ་སྨིན་མི་བཟད་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་ཚོགས་དང་བཅས་བྱང་ཆུབ་མཆོག་ཏུ་བསྔོ། །མཎྜལ་དབུལ། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ། ཞེས་པ་ནས། བར་གཅོད་སྲུངས། །ལན་གསུམ། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བཤེས་གཉེན་ལ་མ་གུས་པ་དང་ཚེ་འདིའི་སྣང་ཤས་ཀྱི་གདོན་གྱི་དབང་དུ་གྱུར་ཏེ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་མི་སེམས་ཤིང་། སྐྱབས་འགྲོ་ལས་འབྲས་སྡོམ་པ་གསུམ་གྱི་བཅས་མཚམས་སོགས་ལ་མི་བརྩོན་པ་དང་། ཐོག་མེད་ནས་དྲིན་གྱིས་བསྐྱངས་པའི་མ་རྣམས་ཡལ་བར་བོར་ཞིང་། འཁོར་འདས་ཀྱི་དངོས་པོ་ཀུན་ལ་བདེན་པར་ཞེན་པ་ལ་སོགས་པ་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ལེགས་ཚོགས་ཀུན་གྱི་རྩ་བ་དགེ་བའི་བཤེས་གཉེན་སངས་རྒྱས་དངོས་སུ་མཐོང་བ་ནས་བཟུང་སྟེ་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་བར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་བསྡུས་པའི་བློ་སྣ་ཕྱིན་ཅི་མ་ལོག་པ་ཐམས་ཅད་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་སྒྲུབ་པ་ལ་བར་དུ་གཅོད་པའི་ཕྱི་ནང་གི་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་


GTD003_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཡུལ་ཀུན། །རིམ་གྱིས་བསྡུས་ཏེ་རྩ་བའི་བླ་མར་ཐིམ། །བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །ཉེས་ཀུན་བྱང་ཞིང་བྱིན་གྱིས་བརླབ་པར་གྱུར། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་ཞེས་པ་ནས། སྩལ་དུ་གསོལ། །ཚེ་རབས་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱིས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །ཞེས་སོགས་དང་། ཤེས་ཀྱི་ཁེ་འདོད་པ་དང་ཞེས་པ་ནས། བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །ཅེས་པ་འདི་ནི་དལ་འབྱོར་དོན་ལྡན་དུ་སྒྲུབ་པའི་ཐབས་ལ་གཅིག་ཏུ་གཞོལ་བ་རབ་འབྱམས་པ་དགེ་འདུན་འཇིགས་མེད་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བླ་མའི་རྣལ་འབྱོར་གྱི་དཀྱུས་སུ་ལམ་རིམ་གྱི་དམིགས་སྐོར་བསྡུས་ཏེ་ཤིན་ཏུ་འཇུག་པ་བདེ་བའི་ཚུལ་དུ་བསྡེབས་པའོ། །༈ ན་མོ་གུ་རུ་བཛྲ་ཝ་ར་ཧ་ཡེ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་དུ་བྱས་ཏེ་གསོལ་བ་འདེབས་པར་འདོད་པའི་གང་ཟག་གིས་སྐྱབས་སེམས་སྔོན་དུ་བཏང་ལ། མདུན་གྱི་ནམ་མཁར་ཆོས་འབྱུང་བསྣོལ་མའི་དབུས། །སྣ་ཚོགས་པདྨ་ཉི་མའི་གདན་སྟེང་དུ། །རྩ་བའི་བླ་མ་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་བནྡྷུ་ཛི་བ་ཀཿ ལྟར་དམར། །གཅེར་མོ་སྐྲ་གྲོལ་ལང་ཚོ་དར་ལ་བབ། །གཡས་པ་རྡོ་རྗེ་གྲི་གུག་ཐུར་དུ་འཕྱང། །གཡོན་པས་ཐོད་ཁྲག་སྟེང་དུ་བཟུང་ནས་གསོལ། །ཞབས་གཡས་བརྐྱངས་པས་དུས་མཚན་དམར་མོ་དང། །གཡོན་པ་བསྐུམས་ཏེ་འཇིགས་བྱེད་ནག་པོ་མནན། །སྤྱན་གསུམ་དག་པ་མཁའ་སྤྱོད་གནས་སུ་གཟིགས། །ནུ་འབུར་རབ་རྒྱས་བདེ་དགའི་ཉམས་དང་ལྡན། །མི་མགོ་སྐམ་པོའི་དབུ་རྒྱན་དོ་ཤལ་དང། །


GTD003_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ལྔས་བརྒྱན་གཟི་བྱིན་རབ་ཏུ་འབར། །དེ་ཡི་ཐུགས་ཀའི་བཾ་ཡིག་འོད་ཟེར་གྱིས། །ཕྱོགས་བཅུའི་རྒྱལ་ཀུན་རྗེ་བཙུན་རྣལ་འབྱོར་མའི། །རྣམ་པར་སྤྱན་དྲངས་དབྱེར་མེད་ཐིམ་པར་གྱུར། །སངས་རྒྱས་ལས་དཀོན་གསང་ཆེན་གདམས་པའི་མཆོག །བསྟན་པའི་སྙིང་པོ་བདེ་སྟོང་ཟུང་འཇུག་ལམ། །སྐལ་བཟང་འགྲོ་ལ་སྣང་བྱེད་སྒྲོན་མེ་མཆོག །མཁའ་སྤྱོད་དབང་མོའི་ཞབས་ལ་ཕྱག་འཚལ་ལོ། །བཀོད་ལེགས་ཕྱི་ཡི་མཆོད་པ་ཚར་དུ་དངར། །སྦྱངས་རྟོགས་སྦར་བྱས་ནང་མཆོད་བདུད་རྩིའི་མཚོ། །ལྷན་སྐྱེས་བདེ་སྟེར་གསང་བའི་མཆོད་པ་དང། །བདེན་གཉིས་ཟུང་འཇུག་དེ་ཉིད་མཆོད་པ་འབུལ། །སྔོན་བསགས་མི་དགའི་ཕུང་པོ་མཐའ་དག་དང། །ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས། །འདས་པའི་ཉེས་ཚོགས་སྙིང་ནས་མཐོལ་བཤགས་ན། །བཅོམ་ལྡན་ཐུགས་རྗེས་ལྷག་མེད་བྱང་གྱུར་ཅིག །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་པའི་དངོས། །བཅོམ་ལྡན་འདས་མས་ཐུགས་རྗེས་ཉེར་དགོངས་ཏེ། །ནམ་ཡང་འབྲལ་མེད་བུ་བཞིན་རྗེས་འཛིན་ཞིང། །ལམ་བཟང་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །སྔོན་འགྲོ་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཏེ། །འཇུག་སྒོ་རྣམ་དག་དབང་གིས་སྨིན་བྱས་ནས། །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང་བ་ཡིས། །དངོས་གྲུབ་གཉིས་ཀྱི་སྒོ་བརྒྱ་འབྱེད་པར་ཤོག །ཁྱད་པར་རྣལ་འབྱོར་མ་ཡི་ཐུགས་རྗེ་མཐུས། །རྩ་རླུང་ཁམས་ཀྱི་ནུས་པ་ཡོངས་སྨིན་པས། །ལྷན་སྐྱེས་དགའ་བ་མཆོག་དང་སྟོང་པ་ཉིད། །


GTD003_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ལམ་གྱིས་སྲིད་རྩ་འབྱིན་པར་ཤོག །ཅེས་བརྗོད་ཅིང་། རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀའི་སྔགས་འཕྲེང་དང་སྐུའི་ཆ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་རྩ་ཁམས་བྱིན་གྱིས་བརླབས་ཤིང་བདེ་སྟོང་གི་ཏིང་འཛིན་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་བྱུང་སྙམ་པ་བྱས་ལ། ཨོཾ་ཨཱཿ རཏྣ་ཤཱ་ས་ན་དཱི་པཾ་སིདྡྷི་ཧཱུཾ་ཧཱུཾ། ཞེས་དང་། ཨོཾ་ཨོཾ་ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱིཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་འགྲུབ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང་། བླ་མ་བཅོམ་ལྡན་འདས་མ་ཐུགས་རྗེའི་གཏེར། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན་གྱི་དངོས། །ཁྱོད་མིན་སྐྱབས་གཞན་ནམ་ཡང་མི་འཚོལ་བས། །བྱང་ཆུབ་བར་དུ་རྗེས་སུ་གཟུང་དུ་གསོལ། །འདི་སྣང་འགགས་ཚེ་བཅོམ་ལྡན་འདས་མས་ཞལ། །མངོན་སུམ་བསྟན་ནས་དག་པ་མཁའ་སྤྱོད་དུ། །ཁྲིད་དེ་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །དཔའ་བོའི་དབང་ཕྱུག་གོ་འཕང་མྱུར་ཐོབ་ཤོག །ཅེས་བརྗོད་ཅིང་། རང་གི་སྤྱི་བོ་ནས་མར་བྱོན་ཏེ་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་དབྱེར་མེད་དུ་འདྲེས་པར་བསམས་ལ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བསྔོ་སྨོན་དང་བདེན་སྟོབས་བརྗོད་པས་རྒྱས་གདབ་པར་བྱའོ། །ཞེས་པ་འདི་ནི་མེར་གན་ཤོག་ནས་དད་བརྩོན་བློ་དང་ལྡན་པ་དགེ་སློང་སྐལ་བཟང་ཡར་འཕེལ་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་


GTD003_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲོན་མེས་བྲིས་པའོ། །༈ བློ༷་བཟ༷ང་རྒྱལ་བ་ཀུན་གྱི་ཡེ་ཤེས་དང། །དབྱེར་མེད་སྒྲིབ་བྲལ་ཆོ༷ས་སྐུའི་ལྷ་ལམ་ལས། །མཁའ་ཁྱབ་ཞིང་དུ་གང་འདུལ་གཟུགས་ཀྱི༷་སྐུའི། །ཉི༷་མ༷་སྟོང་འབར་ཁྱབ་བདག་རིགས་ཀྱི་མགོན། །རབ་འབྱམས་དཀྱིལ་འཁོར་སྤྲོ་ཞིང་སྡུད་པ་པོ། །དཔལ་ལྡན་བླ་མ་ཧེ་རུ་ཀ་དཔལ་དང། །གཉིས་མེད་ཡེ་ཤེས་རང་འོད་བཅོམ་ལྡན་མ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡོངས་ཀྱི་གཙོ། །སྐུ་མདོག་དམར་པོ་བྱུ་རུའི་འཁྲི་ཤིང་ལ། །མཐར་བྱེད་མེ་ཡི་གདེངས་ཀས་འཁྱུད་པ་བཞིན། །ལང་ཚོའི་དཔལ་འབར་སྐྲ་གྲོལ་གཅེར་མོའི་གཟུགས། །འཁྲིལ་ལྡེམ་རྐེད་སྐབས་ཕྲ་ཞིང་ནུ་འབུར་རྒྱས། །ཁྲོ་ཆགས་སྒེག་པའི་ཉམས་ཀྱིས་སྤྱན་གསུམ་གདངས། །ཚེམས་ཕྲེང་མཆེ་བ་ཟླ་བའི་མྱུ་གུ་གཙིགས། །ཕྱག་གཡས་རྡོ་རྗེ་གྲི་གུག་ཐུར་དུ་བརྐྱངས། །གཡོན་པ་ཐོད་ཁྲག་སྟེང་དུ་བཟེད་ཅིང་གསོལ། །མཆན་ཁུང་གཡོན་པར་ཁ་ཊྭཱཾ་ག་ཡིས་མཚན། །རུས་པའི་རྒྱན་སྤྲས་མགོ་རློན་དོ་ཤལ་འཕྱང། །བརྐྱང་བསྐུམ་ཞབས་ཀྱིས་འཇིགས་བྱེད་དུས་མཚན་བཅས། །མནན་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ཡི། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་ལས། །སྤྲོས་པའི་འོད་ཀྱིས་རང་འདྲའི་ཡེ་ཤེས་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས། །སྤྱན་དྲངས་དབྱེར་མེད་བརྟན་པར་བཞུགས་སུ་གསོལ། །བློ༷་ཆེན་ཀུན་བཟ༷ང་བདེ་ཆེན་ཐབས་ཀྱི་བདག །མཚན་འཛིན་དམིགས་མེད་ཤེས་རབ་ཆོ༷ས་ཀྱི༷་དབྱིངས། །དབྱེར་མེད་ལྷན་ཅིག་


GTD003_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་དགའི་ཉི༷་འོད་ཀྱིས། །སྐྱོང་མཛད་བཅོམ་ལྡན་མ༷་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་ཕྱི་ནང་གསང་བ་ཡི། །མཆོད་ཚོགས་བདེ་སྟོང་དབྱེར་མེད་ངང་དུ་འབུལ། །སྤྱི་དང་བྱེ་བྲག་དམ་ཚིག་ཉམས་ཆག་ཀུན། །འགྱོད་པས་བཤགས་སོ་ཡོངས་སུ་དག་པར་མཛོད། །གསང་ཆེན་སྤྱོད་ལ་དགའ་བས་ཡི་རང་ངོ་། །ཟབ་ལམ་ཐེག་མཆོག་ཆོས་ཀྱི་དགའ་སྟོན་སྩོལ། །དགེ་བས་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཏེ། །རྣལ་འབྱོར་མ་རྒྱུད་ལམ་གྱི་སྣོད་གྱུར་ཅིག །དངོས་གྲུབ་རྩ་བ་དམ་ཚིག་ལ་གནས་ཤིང། །སྨིན་བྱེད་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ལ། །བརྟེན་ནས་གྲོལ་བྱེད་ཟབ་མོའི་རྫོགས་རིམ་གྱིས། །ཚེ་གཅིག་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །མདོར་ན་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཀུན་གྱི་ངོ་བོར་ཁྱོད་ལ་གསོལ་འདེབས་ན། །ནམ་ཡང་འབྲལ་མེད་བརྩེ་བས་རྗེས་བཟུང་སྟེ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དེ་ནས། བློ༷་ཆེན་ཀུན་བཟ༷ང་ཞེས་པའི་ཤླཽ་ཀ་གསོལ་འདེབས་སུ་བསྒྱུར་བ་གང་མང་དང་། གཞན་ཡང་གསོལ་འདེབས་ཅི་རིགས་དང་། ཨོཾ་གསུམ་མའི་སྔགས་རྣམས་ཀྱི་བཟླས་པ་ཅི་འགྲུབ་བྱ། མཇུག་ཏུ། དཔལ་ལྡན་བླ་མ་བཅོམ་ལྡན་མཁའ་འགྲོའི་གཙོ། །བདག་གི་སྙིང་གར་ཞེས་པ་ནས། སྩལ་དུ་གསོལ། །ཞེས་རང་གི་སྙིང་གར་སྤྱན་དྲངས་པས་ཕྲ་བའི་རླུང་སེམས་དང་ངོ་བོ་དབྱེར་མེད་དུ་བཞུགས་པར་བསམས་ལ། ཚེ་རབས་ཕྲེང་བར་བླ་མ་རྗེ་བཙུན་མས། །འབྲལ་མེད་ལྷན་སྐྱེས་དགའ་བས་རྗེས་བཟུང་སྟེ། །ཟུང་འཇུག་སྐུ་བཞིའི་གོ་འཕང་མངོན་གྱུར་ནས། །མཁའ་མཉམ་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །ལྷ་མོ་ཚད་མ་ཞེས་སོགས་སྨོན་ལམ་གཞན་གྱིས་ཀྱང་མཚམས་སྦྱར་བར་བྱའོ། །


GTD003_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་ནི་མཁྱེན་དཔྱོད་ཡངས་པ་ཆོས་རྗེ་ངག་དབང་རིན་ཆེན་གྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སུག་བྲིས་སུ་བགྱིས་སོ། །ན་མོ་གུ་རུ་བྷྱཿ འདིར་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་སྟེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། མི་འགྱུར་མཆོག་ཡངས་རང་བཞིན་ཀུན་གསལ་མར། །གསེར་འོད་འཁྱུག་པའི་འཇའ་སྤྲིན་དྲ་བའི་དབུས། །སེང་ཁྲི་པད་ཟླ་ཉི་མའི་དཀྱིལ་འཁོར་སྟེང། །རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཛིན། །ཆོས་འཆད་མཉམ་གཞག་ཕྱག་རྒྱས་གླེགས་བམ་བསྣམས། །རབ་དགྱེས་འཛུམ་པའི་ཉམས་ལྡན་ཐུགས་རྗེའི་གཏེར། །ནམ་མཁའི་མཐའ་ཀླས་ཚོགས་ཞིང་རྒྱ་མཚོར་བཅས། །མོས་བློའི་ཞིང་དུ་བརྟན་པར་བཞུགས་སུ་གསོལ། །ལེགས་བྱས་སྤྲིན་དཀར་ཕུང་པོ་འཁྲིགས་པའི་སྐུ། །ལེགས་བཤད་དབྱར་རྔ་དལ་གྱིས་རྒོད་པའི་གསུང། །མཁྱེན་བརྩེའི་སྦྲང་ཆར་ཁུར་གྱིས་གཏམས་པའི་ཐུགས། །སྐྱབས་མཆོག་མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྒྱུ་འཕྲུལ་མེ་ན་ཀ་ཚོགས་ཀྱིས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལེགས་བསྟར་ཏེ། །བསོད་ནམས་ཞིང་མཆོག་རྣམས་ལ་གུས་འབུལ་ན། །ཟག་མེད་བདེ་ཆེན་དངོས་པོར་བཞེས་སུ་གསོལ། །ཐོག་མེད་དུས་ནས་སེམས་ཀྱི་དབང་གྱུར་ཅིང། །སེམས་ནི་རྨོངས་པས་བྲན་དུ་བཟུང་བའི་མཐུས། །ཧ་ལ་འབར་འདྲའི་སྡིག་ལྟུང་ཅི་བགྱིས་པ། །དེ་ཀུན་བསམ་པ་ཐག་པས་སོ་སོར་བཤགས། །ཨེ་མ་ཡིད་འོང་འབྲས་བུ་ཀུན་གྱི་གཞི། །མ་སྨད་འཁོར་གསུམ་ཡོངས་དག་དགེ་


GTD003_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚོགས། །སྐྱེ་འཕགས་གང་གིས་བགྱིས་པ་དེ་ཀུན་ལ། །ཕྲག་དོག་མེད་པར་སྙིང་ནས་རྗེས་ཡི་རང། །དུག་གསུམ་ནད་ཀྱིས་གཟིར་་བའི་འགྲོ་རྣམས་ཀྱི། །སྐྱོབ་པ་ཟླ་མེད་སྨན་པ་ཁྱོད་ལགས་ན། །བརྩེ་བས་དགོངས་ཏེ་ཟབ་རྒྱས་དམ་ཆོས་ཀྱི། །བདུད་རྩིའི་སྒོ་མོ་དེང་འདིར་དབྱེ་བར་མཛོད། །རྫུ་འཕྲུལ་རྐང་པས་བརྟེན་སླད་བསྐལ་པའི་མཐར། །གཞོམ་གཞིག་བྲལ་བ་ཆོས་ཀྱི་སྐུ་བརྙེས་རྣམས། །རིང་ནས་གོམས་པའི་སྙིང་རྗེའི་མ་མ་ཡིས། །འགྲོ་ཀུན་མི་གཏོང་བརྟན་པར་བཞུགས་སུ་གསོལ། །སྣང་མཐའ་ཡིད་བཞིན་འཁོར་ལོ་བི་ཛ་ཡཱ། །ལ་སོགས་འཆི་མེད་དཔལ་སྟེར་ལྷ་རྣམས་ཀྱི། །ཐུགས་རྗེ་མཐུ་ནུས་བདེན་པའི་བྱིན་གྱིས་ཀྱང། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །དེང་ནས་བཟུང་སྟེ་ཚེ་རབས་ཕྲེང་བའི་བར། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་འཛིན་ཞིང། །ཁྱོད་གསུང་ཡན་ལག་བརྒྱད་ལྡན་ཀླུང་རྒྱུན་གྱིས། །ལས་ཉོན་དྲི་མ་དྲུངས་ནས་འབྱིན་པར་ཤོག །ཁྱད་པར་བདེ་ལྡན་ཞིང་དུ་སྐྱེས་གྱུར་ཏེ། །འོད་དཔག་མེད་པས་རྗེས་སུ་འཛིན་པ་དང། །ཞིང་ཁམས་རྒྱ་མཚོར་སྤྲུལ་པའི་བཀོད་པ་ཡིས། །ཚོགས་གཉིས་རབ་རྫོགས་བྱང་ཆེན་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དད་བརྩོན་བློ་གྲོས་དང་ལྡན་པ་སྔགས་རམས་པ་བཀྲ་ཤིས་རྒྱ་མཚོས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་བྲིས་པའོ། །༈ ན་མོ་གུ་རུ་བྷྱཿ འདིར་ལམ་ཟབ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་སྟེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། སྒྲིབ་བྲལ་མཁའ་ལ་ཡེ་ཤེས་དབང་པོའི་གཞུ། །སྙིང་རྗེའི་རྒྱུད་དུ་


GTD003_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་པའི་ལྡིང་ཁང་དབུས། །སྲིད་པའི་འདམ་གྱིས་མ་གོས་འདབ་བརྒྱའི་རྩེར། །རྩ་བའི་བླ་མ་ངུར་སྨྲིག་འཆང་བའི་ཚུལ། །ཆོས་འཆད་མཉམ་གཞག་ཕྱག་རྒྱས་གླེགས་བམ་བསྣམས། །དེ་ཡི་གནས་གསུམ་སྔགས་ཀྱིས་མཚན་པ་ཡི། །ཧཱུཾ་ཡིག་འོད་ཀྱིས་སྤྱན་དྲངས་བསོད་ནམས་ཞིང། །དཔག་ཡས་ནམ་མཁའ་ཁྱབ་པར་བཞུགས་སུ་གསོལ། །གང་ལ་བརྟེན་ན་སྲིད་ཞིའི་རྒུད་པ་ཀུན། །དྲུངས་ནས་འབྱིན་མཛད་ཐེག་མཆོག་དགེ་བའི་བཤེས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པས་ལན་བརྒྱར་ཕྱག་བགྱིད་དོ། །དངོས་བཤམས་གཟུངས་རིགས་ཀྱིས་སྤྲུལ་མཆོད་སྤྲིན་གྱིས། །རབ་འབྱམས་རྒྱ་མཚོའི་ཞིང་ཀུན་བཀང་སྟེ་འབུལ། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ཉེས་ལྟུང་དྲི་མའི་ཚོགས་རྣམས་སོ་སོར་བཤགས། །རང་གཞན་སྐྱེ་འཕགས་དུས་གསུམ་དགེ་ཚོགས་ལ། །ཕྲག་དོག་མེད་པར་སྙིང་ནས་རྗེས་ཡི་རང། །བགྲང་ཡས་བསྐལ་པའི་བར་དུ་ཞབས་བརྟན་ཅིང། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གང་གི་ཐུགས་རྗེས་བདག་ཀྱང་ཐུན་མོང་དང། །ཐུན་མོང་མིན་པའི་ལམ་གྱི་རིམ་པ་ལ། །ངེས་པ་རྙེད་དེ་ཚུལ་བཞིན་བསྒྲུབ་པ་ཡིས། །ཤེས་རྒྱུད་སྨིན་ཅིང་གྲོལ་པར་བྱིན་གྱིས་རློབས། །འདིར་འབད་ལེགས་བྱས་བདེ་འབྱུང་རལ་པའི་ཀླུང། །བསོད་ནམས་ཀླུང་ཕྲན་སྟོང་གི་རྟེན་གྱུར་ཏེ། །སྒྲིབ་གཉིས་སྒྲིབ་གསུམ་སྒྲིབ་བཞིའི་དྲི་མ་ཀུན། །སྦྱངས་ནས་བྱང་ཆེན་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་པ་འདི་ནི་ཨ་རོ་ཧོར་ཆེན་ཤོག་


GTD003_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་བློ་གྲོས་ཀྱིས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས། །༈ ན་མོ་གུ་རུ་བྷྱཿ ཆོས་དབྱིངས་བདེ་ཆེན་འཆི་མེད་རོལ་པའི་ལམ། །བརྩེ་ཆེན་སྒྱུ་འཕྲུལ་འཇའ་ཚོན་གུར་ཁང་ན། །གདོང་ལྔའི་ཁྲི་ལ་པདྨ་ཉི་ཟླའི་སྟེང། །སྐྱབས་གསུམ་ཀུན་འདུས་ངོ་བོ་ཐུགས་རྗེའི་གཏེར། །དབུས་སུ་འཇམ་མགོན་བླ་མ་བཙོང་ཁ་པ། །གཡས་སུ་རིགས་ཀུན་ཁྱབ་བདག་འཇིགས་མེད་དབང། །གཡོན་ན་རྗེ་བཙུན་བསྟན་པའི་སྒྲོན་མེ་རྣམས། །སྐུ་མདོག་དཀར་གསལ་ཆོས་གོས་གསུམ་གསོལ་ཞིང། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གིས། །ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་གྱུར། །ཐར་ལམ་ཇི་བཞིན་སྟོན་མཛད་རྫོགས་སངས་རྒྱས། །སྲིད་ཞིའི་འཇིགས་པ་ཀུན་སེལ་དམ་པའི་ཆོས། །བྱང་ཆུབ་ལམ་གྱི་འདྲེན་པ་དགེ་འདུན་ཏེ། །སྐྱབས་གསུམ་ཀུན་དངོས་ཁྱོད་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །མི་བཟད་ཉེས་ལྟུང་མ་ལུས་སྙིང་ནས་བཤགས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་རྗེས་ཡི་རང། །བསྐལ་བརྒྱར་བཞུགས་ཤིང་ཆོས་འཁོར་བསྐོར་བར་བསྐུལ། །འདིས་མཚོན་དགེ་བས་ཚེ་རབས་ཐམས་ཅད་དུ། །བཤེས་གཉེན་རྣམས་ཀྱིས་འབྲལ་མེད་རྗེས་འཛིན་ཞིང། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་དང། །སྐྱབས་འགྲོ་ལས་འབྲས་ཚུལ་བཞིན་སེམས་པར་ཤོག །འཁོར་བ་མེ་མདག་འཁྲིགས་པའི་འོབས་འདི་ལ། །སྲེད་པའི་འདུན་པ་ནམ་ཡང་མི་སྐྱེ་བར། །བདེན་བཞིའི་འཇུག་ལྡོག་བསླབ་གསུམ་ཉམས་ལེན་གྱིས། །


GTD003_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །རིང་ནས་ཕ་མར་གྱུར་པའི་འགྲོ་ཀུན་ལ། །རྗེས་ཆགས་སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས། །རྒྱལ་སྲས་སྤྱོད་པ་ཕྱིན་དྲུག་བསྡུ་བཞི་སོགས། །ཐེག་མཆོག་ལམ་བཟང་མྱུར་དུ་བགྲོད་པར་ཤོག །ཁྱད་པར་སྲིད་པའི་ནད་བརྒྱ་སེལ་བའི་སྨན། །དངོས་འཛིན་གདོན་ཆེན་འཇོམས་པའི་རིག་སྔགས་གཙོ། །དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་པ། །ཀླུ་སྒྲུབ་ལུགས་བཟང་ཁོང་དུ་ཆུད་པར་ཤོག །སངས་རྒྱས་ལས་ཀྱང་དཀོན་པ་གསང་སྔགས་ཀྱི། །འཇུག་སྒོ་སྨིན་བྱེད་དབང་གིས་རྒྱུད་སྦྱངས་ཏེ། །མཚན་བཅས་མཚན་མེད་རིམ་གཉིས་རྣལ་འབྱོར་སོགས། །རྡོ་རྗེ་ཐེག་པའི་ལམ་བཟང་མཐར་ཕྱིན་ཤོག །མདོར་ན་དུས་གསུམ་དགེ་བ་ཅི་མཆིས་རྣམས། །སྲིད་པའི་ཕུན་ཚོགས་རྒྱུ་རུ་མི་སྨིན་པར། །ཐུན་མོང་ཐུན་མོང་མིན་པའི་ལམ་བགྲོད་ནས། །མཐར་ཐུག་སྐུ་བཞིའི་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་སློབ་ཟུར་བློ་བཟང་རིན་ཆེན་པའི་གསུང་གིས་འདི་ལྟ་བུ་ཞིག་དགོས་ཚུལ་བྱུང་བར་བརྟེན་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་བྷྱཿ འདིར་བླ་མ་དང་མགོན་པོ་འོད་དཔག་ཏུ་མེད་པ་ངོ་བོ་དབྱེར་མི་ཕྱེད་པའི་ཟབ་ལམ་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་ངན་འགྲོའི་སྐྱེ་སྒོ་བཅད་དེ་ཞིང་མཆོག་བདེ་བ་ཅན་དུ་སྒྲོད་པར་བྱེད་པའི་ཐབས་མཁས་ཀྱི་ལམ་བཟང་ཉམས་སུ་ལེན་པ་ན། ཐོག་མར་རང་དང་རིགས་དྲུག་མཐའ་དག་ཐོག་མེད་ནས་འཁོར་བར་འཁྱམས་ཚུལ་བསམ་པའི་སྐྱོ་ཤས་དང་། དེ་ལས་སྐྱོབ་པའི་ནུས་པ་བླ་མ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་སྐྱབས་སེམས་སྔོན་དུ་བཏང་སྟེ། རང་གི་


GTD003_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་བདེ་ཆེན་འཁོར་ལོའི་སྟེང། །རབ་མཛེས་རྨ་བྱས་བཏེག་པའི་ནོར་བུའི་ཁྲིར། །སྐྱོན་བྲལ་པདྨ་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། །འཇའ་ཚོན་རྣམ་བཀྲ་བྱུ་རུའི་ལྷུན་པོ་བཞིན། །སྐུ་མདོག་དམར་གསལ་འོད་བརྒྱའི་དྲ་བ་འགྱེད། །མཉམ་གཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །དགྱེས་པའི་ཉམས་ལྡན་རྡོ་རྗེ་སྐྱིལ་ཀྲུང་གིས། །བཞུགས་པའི་ཐུགས་ཀའི་ཧཱུཾ་ཡིག་འོད་ཟེར་གྱིས། །བདེ་ལྡན་ཞིང་ནས་རྒྱལ་བ་འོད་དཔག་མེད། །རྒྱལ་སྲས་རྒྱ་མཚོས་བསྐོར་བ་སྤྱན་དྲངས་ཏེ། །དམ་ཚིག་པ་དང་དབྱེར་མེད་ཐིམ་པར་གྱུར། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །ཁྱད་པར་དུས་གསུམ་དགེ་བའི་ཚོགས་དང་བཅས། །བློ་ཡིས་བླངས་ཏེ་བླ་མ་ལྷར་འབུལ་ན། །མཁའ་མཉམ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཀུན་རྨོངས་མུན་པར་ཞུགས་པས་མི་དགེའི་ལས། །ཇི་སྙེད་བགྱིས་རྣམས་འགྱོད་པ་དྲག་པོ་ཡིས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་བཤགས་བགྱེིད་ན། །ཉེས་ཚོགས་བྱང་ཞིང་དག་པར་བྱིན་གྱིས་རློབས། །བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བྱེད་བསྟན་པའི་བདག །དག་པའི་ཞིང་གི་ས་མཁན་སྒྲོན་མེ་མཆོག །བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས། །འདི་སྣང་ཞེན་པ་ཆོད་པར་བྱིན་གྱིས་རློབས། །བར་དོའི་འཁྲུལ་སྣང་སེལ་བར་བྱིན་གྱིས་རློབས། །ངན་སོང་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་བླ་མ་ལྷའི། །སྐུ་ལས་བབས་པའི་བདུད་རྩིའི་ཆུ་རྒྱུན་གྱིས། །སྒོ་གསུམ་སྡིག་


GTD003_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་དྲི་མ་ཀུན་བྱང་ནས། །རང་ལུས་ཤེལ་གྱི་གོང་བུ་བཞིན་དུ་གྱུར། །དེ་ཡི་དབུས་སུ་དབུ་མ་མདའ་སྙུག་ཙམ། །ལྟེ་འོག་ནས་བཟུང་སྤྱི་བོར་ཟུག་པ་ཡི། །སྙིང་གའི་ཐད་དུ་རང་སེམས་ཐིག་ལེའི་གཟུགས། །དཀར་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། །རིགས་ཀྱི་བདག་པོ་བླ་མ་འོད་དཔག་མེད། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་ངན་འཁོར་བ་འདི་ལས་དྲང་དུ་གསོལ། །ཞིང་མཆོག་བདེ་བ་ཅན་དེར་ཁྲིད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་ཐུགས་ཀ་ནས། །འོད་ཀྱི་ལྕགས་ཀྱུས་རྣམ་ཤེས་གྱེན་དྲངས་ཏེ། །འོད་དཔག་མེད་མགོན་ཐུགས་ཀའི་ཧྲཱིཿ ཡིག་དང། །དབྱེར་མེད་རོ་གཅིག་ངང་དུ་གནས་པར་གྱུར། །སླར་ཡང་བླ་མ་འོད་དཔག་མེད་དང་བཅས། །ཐུར་དུ་བབ་སྟེ་སྙིང་གར་བཞུགས་པ་ཡིས། །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ནམ་ཡང་འབྲལ་བ་མེད་པར་རྗེས་འཛིན་ཤོག །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །བླ་མ་མཆོག་གིས་དགྱེས་བཞིན་རྗེས་འཛིན་ཞིང། །མདོ་སྔགས་ཟུང་འབྲེལ་ལམ་བཟང་རིམ་བགྲོད་ནས། །ཟུང་འཇུག་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །དེ་ཡང་གསོལ་འདེབས་གྲངས་གསོག་བྱེད་ན་བསླུ་མེད་མ་བཟླ་ཞིང་ལས་ལ་སྦྱོར། དངོས་གཞིའི་ཚེ་སླར་ཡང་ཞེས་པའི་ཚིག་རྐང་གཉིས་ཀྱི་དོད་དུ། དེ་ནས་བླ་མ་འོད་དཔག་མེད་དང་བཅས། །བདེ་ལྡན་ཞིང་དེར་ཡུད་ཀྱིས་གཤེགས་གྱུར་ཏེ། །ཞེས་སྦྱོར་རོ། །ཚུལ་འདི་ནི་མི་ཕྱེད་པའི་དད་པ་དང་ལྷག་བསམ་མཆོག་ཏུ་དགེ་བ་རབ་འབྱམས་པ་ངག་དབང་མཆོག་ལྡན་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་


GTD003_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པའོ། །༈ བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདིར་རྒྱལ་བ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་སྐྱབས་སེམས་སྔོན་དུ་བཏང་ལ། བླ་མ་དང་མགོན་པོ་འོད་དཔག་མེད་ངོ་བོ་དབྱེར་མི་ཕྱེད་པའི་མོས་གུས་དང་། བདེ་བ་ཅན་གྱི་ཞིང་གི་རྣམ་པ་ཡིད་ངོར་གསལ་བཏབ་སྟེ། ཟབ་ལམ་བླ་མའི་རྣལ་འབྱོར་འདིའི་སྒོ་ནས་ཞིང་དེར་སྐྱེ་བའི་རྒྱུ་ཚོགས་བསྒྲུབ་པར་བྱའོ། །སྙམ་པའི་འཕེན་པ་སོགས་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། མདུན་གྱི་མཁའ་ལ་ཀུན་བཟང་མཆོད་སྤྲིན་དབུས། །ཡིད་འོང་རྨ་བྱས་བཏེག་པའི་ནོར་བུའི་ཁྲིར། །འདབ་སྟོང་པདྨའི་ལྟེ་བར་ཟླ་བའི་སྟེང། །སྐྱབས་གསུམ་ཀུན་འདུས་བླ་མ་འོད་དཔག་མེད། །ཉི་འོད་སྟོང་འབར་བྱུ་རུའི་ལྷུན་པོ་བཞིན། །སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །མཉམ་གཞག་ཕྱག་རྒྱས་དྲང་སྲོང་སྣོད་མཆོག་བསྣམས། །རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པ་ཡི། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གིས། །བདེ་ལྡན་ཞིང་ནས་རང་འདྲའི་ཡེ་ཤེས་པ། །མཐའ་ཡས་རབ་འབྱམས་རྒྱལ་བ་སྲས་དང་བཅས། །སྤྱན་དྲངས་དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། །བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བསྟན་པའི་བདུད་རྩིས་ལུས་ཅན་གདུང་བ་སེལ། །ཡང་དག་ཐར་ལམ་གསལ་བའི་སྒྲོན་མེ་མཆོག །བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རབ་འབྱམས་མཆོད་སྤྲིན་དགེ་བའི་དངོས་པོར་བཅས། །གུས་པས་འབུལ་ལོ་བརྩེ་བའི་ཐུགས་ཀྱིས་བཞེས། །སྡིག་ལྟུང་མ་ལུས་བཤགས་ཤིང་སྡོམ་བགྱིད་ན། །ཁྱོད་ཀྱི་ཐུགས་རྗེས་བྱང་ཞིང་དག་པར་མཛོད། །


GTD003_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། །བགྲང་ཡས་བསྐལ་པ་རྒྱ་མཚོར་བརྟན་པར་བཞུགས། །འདིས་མཚོན་དགེ་བའི་དངོས་པོ་ཐམས་ཅད་ཀྱང། །ཁྱོད་ཀྱིས་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་ཞེས་སོགས་མཎྜལ་གྲངས་གསོག་དང་ལྟུང་བཤགས། གོང་གི་ཕྱག་འཚལ་བའི་ཚིགས་བཅད་དང་། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་རྣམས་ཀྱི་སྒོ་ནས་བརྒྱ་ཕྱག་ལ་སོགས་པ་གནད་དུ་འགྲོ་ངེས་བྱ། དེ་ནས། སྤྱི་གཙུག་དྷཱུ་ཏཱིའི་ཡར་སྣེ་ཕྱེ་བའི་སྟེང། །དགྱེས་བཞིན་བྱོན་ཏེ་འབྲལ་མེད་བཞུགས་པ་ཡི། །དབུ་མའི་ལམ་ནས་འོད་དང་བདུད་རྩིའི་རྒྱུན། །བབས་པས་རང་རྒྱུད་བྱིན་གྱིས་བརླབ་པར་གྱུར། །ཞེས་འོད་དང་བདུད་རྩིའི་རྒྱུན་བབས་པས་མུན་ཁུང་དུ་སྒྲོན་མེ་སྦར་བ་བཞིན་སྡིག་ལྟུང་ཐམས་ཅད་སངས་ཀྱིས་དག་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་མོས་པ་བྱས་ལ། གོང་གི་ཕྱག་འཚལ་བའི་ཚིག་དེ་གསོལ་བ་འདེབས་ཞེས་པར་བསྒྱུར་ནས་བརྒྱ་སྟོང་སོགས་འདོན། མཐར་བསླུ་མེད་སྐྱབས་མཆོག་བླ་མ་འོད་དཔག་མེད། །མགོན་མེད་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དེང་ནས་བྱང་ཆུབ་བར་དུ་ཁྱོད་མིན་པའི། །རེ་ས་གཞན་མེད་བདག་གི་བཤེས་མཛོད་ཅིག །མི་ཁོམ་ངན་སོང་གསུམ་གྱི་གཡང་ལས་སྐྱོབས། །བཟོད་དཀའ་འཇིགས་རུང་སྲིད་པའི་མཚོ་ལས་སྒྲོལ། །རང་ཉིད་གཅེས་འཛིན་འཆིང་བ་ཀུན་བཅད་དེ། །བྱང་ཆུབ་སེམས་གཉིས་འབྱོངས་


GTD003_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་གྱིས་རློབས། །དེ་ལྟར་གདུང་ཤུགས་དྲག་པོས་རྩེ་གཅིག་ཏུ། །གསོལ་བ་བཏབ་པས་དྷཱུ་ཏཱིའི་ལམ་བརྒྱུད་དེ། །སྙིང་གར་བྱོན་ནས་ཕྲ་བའི་རླུང་སེམས་དང། །དབྱེར་མེད་ངང་དུ་བརྟན་པར་བཞུགས་པར་གྱུར། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །ཞེས་སོགས་དང་། འདི་ལྟར་བསྐྲུན་པའི་རྣམ་དཀར་དགེ་བའི་ཚོགས། །ཞེས་སོགས་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་དང་། བདེ་སྨོན་ཡོངས་རྫོགས་སམ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་སྨོན་ལམ་གྱིས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་མཁས་གྲུབ་ཀྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་བའི་ཡི་གེ་པ་ནི་བྷིཀྵུ་རཏྣ་ཨཱ་ནནྟའོ། །༈ འདིར་མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས་སྐྱབས་སེམས་སྔོན་དུ་བཏང་ལ། མདུན་གྱི་ནམ་མཁར་ཀུན་བཟང་མཆོད་སྤྲིན་དབུས། །ཡིད་འོང་རྨ་བྱས་བཏེག་པའི་ནོར་བུའི་ཁྲིར། །རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། །སྐུ་མདོག་དམར་པོ་མཉམ་གཞག་ཕྱག་རྒྱ་ཅན། །མཐའ་སྐོར་དངོས་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་སོ་ལྔ་བདེ་གཤེགས་བདུན་ལ་སོགས། །རྒྱལ་དང་རྒྱལ་སྲས་ཉན་རང་ཆོས་སྐྱོང་བཅས། །སྐྱབས་གནས་མ་ལུས་དགྱེས་བཞིན་བཞུགས་པར་གྱུར། །རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ནས་ཀྱང། །ཐུགས་བསྐྱེད་བདེན་མཐུས་བསྐུལ་ཏེ་རང་རང་གི །ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་དུ། །བསྟིམ་པས་སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བསླུ་མེད་དཀོ༷ན་མཆོ༷ག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་ཐབས་


GTD003_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན༷་ནས། །ཐར་ལམ་གསལ་བར་བྱེད་པ༷འི་སྒྲོན༷་མེ༷་མཆོག །མགོན་པོ་འོད་དཔག་མེད་ལ་གུས་ཕྱག་འཚལ། །ནམ་མཁའི་མཐས་གཏུགས་ཞིང་ཁམས་རབ་འབྱམས་ན། །ཡིད་འཕྲོག་མཆོད་པའི་དངོས་པོ་ཅི་མཆིས་པ། །མཐའ་དག་བློ་ཡིས་བླངས་ཏེ་གུས་འབུལ་གྱི། །བདག་ཅག་བསོད་ནམས་རྫོགས་ཕྱིར་བཞེས་སུ་གསོལ། །ཐོག་མ་མེད་ནས་བླང་དོར་གནས་རྣམས་ལ། །རྨོངས་པའི་མུན་པ་སྟུག་པོའི་དབང་གྱུར་ཏེ། །སྒོ་གསུམ་ཉེས་ཚོགས་མཐའ་ཡས་བསགས་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་མཐོལ་ལོ་བཤགས། །དལ་འབྱོར་ལན་གཅིག་རྙེད་ནས་བསྟན་པའི་སྒོར། །ཞུགས་ཀྱང་བག་མེད་སྨྱོན་པའི་སྤྱོད་པ་བཞིན། །སྡོམ་གསུམ་བཅས་མཚམས་ལས་འདས་སྡིག་ལྟུང་ཀུན། །འགྱོད་པས་བཤགས་ཤིང་ཕྱིན་ཆད་སྡོམ་པར་བགྱི། །བསླུ་མེད་བླ་མ་ལྷ་ཡི་ཐུགས་རྗེའི་མཐུས། །ཉེས་ལྟུང་དྲི་མ་མ་ལུས་བྱང་བ་དང། །རང་གཞན་ཀུན་གྱི་རྣམ་དཀར་དགེ་བའི་དངོས། །མཐའ་དག་གོང་ནས་གོང་དུ་འཕེལ་གྱུར་ཅིག །ཁྱད་པར་འདི་སྣང་འགག་པར་ཉེ་བའི་ཚེ། །གནད་གཅོད་གཤིན་རྗེའི་འཇིགས་པ་མི་འབྱུང་ཞིང། །ངན་སོང་ངན་འགྲོའི་གཡང་དུ་མི་ལྟུང་བར། །བདེ་བ་ཅན་གྱི་ཞིང་དེར་ཁྲིད་དུ་གསོལ། །འོད་གསལ་མཁའ་དབྱིངས་དྭངས་པར་སྣང་མཐའ་ཡས། །ཉེ་སྲས་དང་བཅས་དགྱེས་པའི་འཛུམ་བསྟན་ཅིང། །སྙན་པའི་གསུང་གིས་དབུགས་དབྱུང་མཛད་པའི་མཐུས། །དགའ་དང་དད་པའི་ཤུགས་ཀྱིས་འཕོ་བར་ཤོག །མདོར་ན་དུས་འདི་ནས་བཟུང་བྱང་ཆུབ་བར། །འོད་དཔག་མེད་ཀྱིས་དགེ་བའི་བཤེས་


GTD003_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ། །འབྲལ་མེད་གསུང་གི་བདུད་རྩིས་བསྐྱངས་པ་ཡིས། །ས་ལམ་རྟོགས་པ་མྱུར་དུ་མཐར་ཕྱིན་ཤོག །འདི་ཕྱི་བར་དོའི་གནས་སྐབས་གང་དུ་ཡང། །མགོན་པོ་ཁྱོད་མིན་སྐྱབས་གཞན་མ་མཆིས་པས། །ཐུགས་རྗེ་ལྕགས་ཀྱུས་ནམ་ཡང་མི་གཏོང་བར། །རྗེས་བཟུང་བྱིན་རླབས་དགའ་སྟོན་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་གཙོ་བོ་ལ་ཐིམ་ཞིང་། དེ་ཉིད་རང་ལ་ཐིམ་པས་བྱིན་གྱིས་བརླབ་པར་མོས་ཏེ། ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །ཅེས་སོགས་ཀྱི་བསྔོ་བས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་དད་བརྩོན་ལྡན་པ་རབ་འབྱམས་པ་དཀོན་མཆོག་ཡར་འཕེལ་དང་། དགེ་སློང་དཀོན་མཆོག་རབ་འབྱོར་གཉིས་ཀྱིས་འདི་ལྟ་བུའི་བླ་མའི་རྣལ་འབྱོར་སྟོབས་བཞིའི་གནད་ཚང་བ་ཞིག་དགོས་ཞེས་བསྐུལ་བ་ལྟར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འདིར་བླ་མེད་ཀྱི་ལུགས་དང་འབྲེལ་བར་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས་སྐྱབས་སེམས་སྔོན་དུ་བཏང་ལ་དགེ་བའི་བསམ་པ་ཁྱད་པར་ཅན་གྱི་ངང་ནས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང། །དབྱེར་མེད་སྤྱན་རས་གཟིགས་མགོན་ཕྱག་བཞི་པ། །རབ་འབྱམས་ཞིང་ནས་བླ་མ་ཡི་དམ་ཀུན། །བྱོན་ཏེ་ཐིམ་པས་ཀུན་འདུས་ངོ་བོར་གྱུར། །ཅེས། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མེད་པའི་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་རྩ་ཕྱག་གཉིས་ཐལ་མོ་སྦྱར་ཞིང་། འོག་མ་གཉིས་ཀྱིས་ཤེལ་འཕྲེང་དང་པད་དཀར་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་


GTD003_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ། དེའི་ཐུགས་ཀའི་ཧྲཱིཿ ཡིག་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུའི་ཞིང་རབ་འབྱམས་ཁྱབ་པར་སྤྲོས་ཏེ་དངོས་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས་ནས་ཐིམ་པས་བླ་མ་ཀུན་འདུས། ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པས་ཡི་དམ་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམས་ལ། ཡན་ལག་བདུན་པ་སོགས་ཀྱི་སྒོ་ནས་ཚོགས་གསོག་པ་ནི། སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ཞིང། །ཕྱི་ནང་གསང་བ་དེ་ཉིད་མཆོད་ཚོགས་འབུལ། །སྡིག་ལྟུང་མ་ལུས་སྙིང་ནས་མཐོལ་ཞིང་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །རབ་འབྱམས་ཞིང་ཁམས་དུས་གསུམ་དགེ་ཚོགས་བཅས། །དབུལ་ཞིང་བླ་མེད་བྱང་ཆུབ་རྒྱུ་རུ་བསྔོ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ཡི། །བཅས་མཚམས་མཐའ་དག་ཚུལ་བཞིན་བསྲུང་བར་བགྱི། །ཞེས་ཡན་ལག་བདུན་པ་མཎྜལ་དང་བཅས་པ་དབུལ་ཞིང། སྒྲུབ་པའི་མཆོད་པ་མཆོག་ཏུ་གྱུར་པ་སྡོམ་པ་གཟུང་བ་རྣམས་བློ་འཁུལ་ངེས་སུ་བྱ། དེ་ནས། སངས་རྒྱས་ཀུན་འདུས་བླ་མ་ཐུགས་རྗེའིགཏེར། །དམ་ཆོས་ཀུན་འདུས་བླ་མ་ཐུགས་རྗེའི་གཏེར། །དགེ་འདུན་ཀུན་འདུས་བླ་མ་ཐུགས་རྗེའི་གཏེར། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད། །ཁྱོད་མིན་སྐྱབས་གཞན་ནམ་ཡང་མ་མཆིས་པས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་སྟེ། །སྲིད་དང་ཞི་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །འདི་སྣང་ཞེན་པའི་དྲི་མ་བསལ་དུ་


GTD003_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ལས་དང་ཉོན་མོངས་འཆིང་བ་གཅད་དུ་གསོལ། །གཅེས་འཛིན་རྒུད་པའི་འཕྲང་ལས་བསྒྲལ་དུ་གསོལ། །སྐྱེས་བུ་གསུམ་གྱི་ལམ་བཟང་རིམ་བགྲོད་དེ། །བདེ་ཆེན་ཐར་པའི་ས་ལ་དྲང་དུ་གསོལ། །ཞེས་རང་དང་མཐའ་སྐོར་ན་ཡོད་པའི་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱིས་རང་རང་འཁོར་བ་ཕྲ་རགས་ཀྱི་སྡུག་བསྔལ་མཐའ་ཡས་པས་མནར་ཚུལ་ལ་བསམས་ནས་འཇིགས་ཤིང་སྐྲག་པ་དང་། མདུན་གྱི་ནམ་མཁར་བཞུགས་པའི་བླ་མ་ཐུགས་རྗེ་ཆེན་པོ་ནི་སྐྱབས་གནས་མ་ལུས་པ་འདུས་པའི་ངོ་བོ་རང་གིས་བློ་བཀལ་ན་སྲིད་ཞིའི་འཇིགས་པ་གང་ལས་ཀྱང་སྐྱོབ་པ་ལ་ཐུགས་རྗེ་དང་ནུས་མཐུ་ཐོགས་པ་མེད་པའི་ཚུལ་བསམས་ཏེ་གདུང་ཤུགས་དྲག་པོས་མགྲིན་གཅིག་ཏུ་གསོལ་བ་བཏབ་པའི་མོས་པ་དང་། ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུས་ཡོངས་སུ་རྫོགས་པ་ལ་གཤར་སྒོམ་དང་འབྲེལ་བར་བྱིན་རླབས་ཞུ་བའི་དམིགས་རྣམ་བསྐྱངས་ལ། དེ་ནས་ཐུགས་རྗེ་ཆེན་པོ་དེ་ཉིད་ཀྱི་སྐུ་ལས་རང་འདྲ་གཉིས་པ་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲོས་ཏེ་རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་བཞུགས་པའི་མོས་པ་བྱས་ལ། དེ་ལྟར་གསོལ་བ་བཏབ་པས་གནས་གསུམ་ལས། །འོད་དང་བདུད་རྩི་དཀར་དམར་མཐིང་གའི་ཚོགས། །རིམ་དང་ཅིག་ཅར་བྱུང་ནས་དབང་བསྐུར་བས། །སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ་པར་གྱུར། །ཅེས་སྤྱི་བོའི་ཨོཾ་ཡིག་ལས་བདུད་རྩི་དཀར་པོའི་རྒྱུན་བབ་པས་མགྲིན་པའི་རྩ་འཁོར་གྱི་སྟེང་ཡན་ཆད་གང་། ལུས་ཀྱི་སྒྲིབ་པ་སྦྱངས་བུམ་པའི་དབང་ཐོབ་ཅིང་སྤྲུལ་སྐུ་འགྲུབ་པའི་ནུས་པ་བཞག །དེ་བཞིན་དུ་མགྲིན་པའི་ཨཱཿ ཡིག་གི་བདུད་རྩི་དམར་པོས་ངག་གི་སྒྲིབ་པ་སྦྱངས། གསང་དབང་དང་ལོངས་སྐུ་འགྲུབ་པའི་ནུས་པ་བཞག །ཐུགས་ཀའི་ཧཱུཾ་ཡིག་གི་བདུད་རྩི་སྔོན་པོས་ཡིད་ཀྱི་སྒྲིབ་པ་


GTD003_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། ཤེར་དབང་དང་ཆོས་སྐུ་འགྲུབ་པའི་ནུས་པ་བཞག །དེ་གསུམ་ལས་བདུད་རྩི་མཉམ་དུ་བབ་པས་སྒོ་གསུམ་གའི་དྲི་མ་སྦྱངས། དབང་བཞི་པ་དང་ཟུང་འཇུག་འགྲུབ་པའི་ནུས་པ་བཞག་པར་བསམས། དེ་ནས་སེམས་ཅན་སོ་སོའི་སྤྱི་བོར་བཞུགས་པའི་བླ་མ་སྤྱན་རས་གཟིགས་རྣམས་འོད་དུ་ཞུ་སྟེ་རང་རང་ལ་ཐིམ་པས་དེ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར་གྱུར། དེ་དག་ཀྱང་གཅིག་ལ་གཅིག་ཐིམ་གྱི་ཚུལ་དུ་རིམ་གྱིས་བསྡུས་ཏེ་རང་གི་སྤྱི་བོའི་བླ་མ་སྤྱན་རས་གཟིགས་ལ་ཐིམ། དེ་འོད་དུ་ཞུ་བ་རང་ལ་ཐིམ། རང་གི་སྒོ་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། རང་ཉིད་ཀྱང་སྐུའི་སྟོད་སྨད་ནས་རིམ་གྱིས་འོད་དུ་ཞུ་བས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་གྱུར་ཏེ། སྣོད་བཅུད་འཁོར་འདས་ཀྱི་ཆོས་ཀུན་རང་བཞིན་མི་དམིགས་པ་འོད་གསལ་སྟོང་པའི་དབྱིངས་ལ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་ཆོས་ཀྱི་སྐུ་ལ་ང་རྒྱལ་བཞག །འོད་གསལ་དེའི་ངང་ལས་མངོན་བྱང་ལྔའི་རིམ་པས་སྤྱན་རས་གཟིགས་ཀྱི་སྐུར་བཞེངས་པ་ལོངས་སྐུ་དང་སྤྲུལ་སྐུའི་ང་རྒྱལ་འཛིན་ཅིང་སྐྱེ་ཤི་བར་དོ་གསུམ་སྦྱངས་ཏེ་རྒྱལ་བའི་སྐུ་གསུམ་དུ་བསྒྱུར་བའི་དམིགས་པ་དང་བཅས། འགྲོ་ཀུན་སྤྱན་རས་གཟིགས་ཀྱི་སྐུར་བསྒྱུར་ཅིང། །རིམ་གྱིས་བསྡུས་ཏེ་འོད་གསལ་སྟོང་པར་གྱུར། །སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང། །ཧྲཱིཿ དང་པད་དཀར་ཡོངས་སུ་གྱུར་པ་ལས། །རང་ཉིད་སྤྱན་རས་གཟིགས་ཀྱི་སྐུར་བཞེངས་པའི། །ཐུགས་ཀའི་ཧྲཱིཿ ཡིག་སྔགས་འཕྲེང་དང་བཅས་པར། །གཟུངས་སྔགས་ཀུན་བསྡུས་འོད་ཀྱི་འཕྲོ་འདུ་ཡིས། །སྣོད་བཅུད་སྦྱངས་བསྒྱུར་བྱིན་གྱིས་བརླབས་པར་གྱུར། །ཅེས་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་འཕྲོས་ཏེ་རྒྱུད་སྡེ་བཞིའི་གསང་སྔགས་དང་


GTD003_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་ཐམས་ཅད་བསྡུས་ནས་དེ་ལ་བསྟིམ་པས་གཟུངས་སྔགས་ཀུན་འདུས་ཀྱི་ངོ་བོ་གྱུར་པར་བསམས་ལ། སྣོད་བཅུད་ཀུན་གྱི་མ་དག་པའི་ཉེས་པ་སྦྱངས་ཏེ། གཟུགས་སུ་སྣང་བ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་དང་དག་པའི་ཞིང་ཁམས། སྒྲ་གྲགས་ཚད་འཕགས་པའི་གཟུངས་སྔགས་ཡིད་ཀྱི་དྲན་རྟོག་ཐམས་ཅད་དེའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མོས་པ་འཁྱེར་སོ་གསུམ་དང་མ་བྲལ་བའི་སྒོ་ནས་གཟུངས་རིང་དང་ཡིག་དྲུག་སོགས་ཅི་འགྲུབ་བཟླས་ལ་ཡིག་བརྒྱས་ལྷག་ཆད་བསྐང་། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་བས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་དགེ་སྦྱོར་ལ་མཆོག་ཏུ་གཞོལ་བའི་རི་ཁྲོད་པ་དཀོན་མཆོག་རབ་རྒྱས་ཀྱིས་བླ་མེད་དང་འབྲེལ་པའི་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྱིས་གཞུང་བསྲངས་ཏེ་བཟླས་བརྗོད་བྱེད་ཚུལ་ཟབ་གནད་ཚང་ཞིང་ཤིན་ཏུ་མདོར་བསྡུས་པ་ཞིག་དགོས་ཞེས་བསྐུལ་བ་ལྟར། གྲུབ་ཆེན་ཚེམ་བུ་བ་དང་རྒྱལ་བ་དབེན་ས་པ་སོགས་ཀྱི་མན་ངག་གུང་བསྒྲིགས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་འདིས་ཀྱང་སྐྱེ་བོ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག། །༈ ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང། །དབྱེར་མེད་སྙིང་རྗེའི་ལྷ་མཆོག་སྤྱན་རས་གཟིགས། །སྐུ་མདོག་དཀར་གསལ་ཤེལ་གྱི་རི་བོ་བཞིན། །འཛུམ་པའི་ཞལ་མངའ་རྩ་ཕྱག་ཐལ་མོ་སྦྱར། །ལྷག་མའི་ཕྱག་གིས་ཤེལ་འཕྲེང་པད་དཀར་བསྣམས། །རིན་ཆེན་རྒྱན་ལྡན་དར་གྱི་ན་བཟས་ཀླུབས། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐར། །


GTD003_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དང་བརྒྱུད་པའི་བླ་མ་ཡི་དམ་ལྷ། །རྒྱལ་དང་རྒྱལ་སྲས་ཉན་རང་སྲུང་ཚོགས་བཅས། །སྐྱབས་ཡུལ་ནམ་མཁའ་གང་བ་བཞུགས་པ་རྣམས། །བསོད་ནམས་ཞིང་དུ་བརྟན་པར་བཞུགས་སུ་གསོལ། །བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ལུང་རྟོགས་བཤད་སྒྲུབ་བསྟན་པའི་དཔལ་གྱུར་ཅིང། །ལས་ཉོན་སྒྲིབ་པའི་མུན་སེལ་སྒྲོན་མེ་མཆོག །བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་བདེ་དགེ་མ་ལུས་མཆོད་པར་འབུལ། །མི་བཟད་སྡིག་ལྟུང་མཐའ་དག་སྙིང་ནས་བཤགས། །རླབས་ཆེན་ཐུགས་རྗེའི་སྤྱོད་ལ་རྗེས་ཡི་རང། །སླད་ཀྱང་ཟབ་རྒྱས་ཆོས་ཆར་དབབ་ཏུ་གསོལ། །ཚེ་འདིའི་སྣང་ཤེས་སྲིད་ལ་ཞེན་པ་དང། །རང་ཉིད་གཅེས་འཛིན་མཚན་མར་ལྟ་བ་སོགས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་འགགས་ཤིང། །ལམ་བཟང་གེགས་མེད་སྐྱེ་བར་བྱིན་གྱིས་རློབས། །ཞེས་བརྗོད་ལ་གོང་གི་ཕྱག་འཚལ་གྱི་ཚིགས་བཅད་གསོལ་འདེབས་སུ་བསྒྱུར་བ་གྲངས་གསོག་དང་། ཐུགས་རྗེ་ཆེན་པོའི་གཟུངས་རིང་ཐུང་གི་བཟླས་པ་ཅི་འགྲུབ་བྱ། དེ་ནས། འདིས་མཚོན་བགྱིས་དང་བགྱིད་འགྱུར་དུས་གསུམ་གྱི། །རྣམ་དཀར་དགེ་ཚོགས་ཇི་སྙེད་མཆིས་པ་ཀུན། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་རྒྱ་མཚོ་དང་། །འདྲེས་ཏེ་ཀུན་བཟང་སྤྱོད་པ་རྫོགས་གྱུར་ཅིག །རྟག་ཏུ་བཤེས་གཉེན་དམ་པས་རྗེས་བཟུང་ནས། །དེ་ཡི་བཀའ་བཞིན་སྒྲུབ་པ་ལྷུར་བྱེད་ཅིང། །ཁྱད་པར་འཇམ་མགོན་བསྟན་པའི་སྙིང་པོ་ལ། །ཐོས་བསམ་སྒོམ་པས་དུས་ཀུན་


GTD003_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར་ཤོག །འདི་ཕྱིའི་ཕན་བདེའི་ལེགས་ཚོགས་ཀུན་གྱི་གཞི། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང། །སྡེ་འདིར་བསླབ་གསུམ་འཛིན་པའི་དགེ་འདུན་རྣམས། །བཤད་སྒྲུབ་བྱ་བ་གེགས་མེད་མཐར་ཕྱིན་ཤོག །སྒོ་གསུམ་བགྱི་བ་མ་ལུས་བསྟན་འགྲོ་ལ། །འཕྲལ་དང་ཡུན་དུ་ཕན་པའི་རྒྱུར་གྱུར་ཏེ། །མངོན་མཐོ་ངེས་ལེགས་དགའ་སྟོན་ལ་སྦྱོར་བས། །དོན་གཉིས་གེགས་མེད་ལྷུན་གྱིས་གྲུབ་གྱུར་ཅིག །བླ་མ་ལྷག་པའི་ལྷ་མཆོག་སྤྱན་རས་གཟིགས། །བདག་གི་སྙིང་གར་པདྨའི་ཞེས་སོགས་དང་། སྐྱེ་བ་ཀུན་ཏུ། ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱོར་ཞིང་། སྒོ་གསུམ་གྱི་བྱ་བ་ཀུན་ལ་དེ་ཉིད་དཔང་པོའི་ཚུལ་དུ་དྲན་པ་དང་། ཟས་གོས་གནས་མལ་གང་ལ་ལོངས་སྤྱོད་པའི་ཚེ་དེ་ལ་དབུལ་བར་སེམས་པ་སོགས་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་པར་བྱའོ། །ཞེས་པ་འདི་ནི་བསྟན་པའི་གསལ་བྱེད་དམ་པ་ལུང་བཟང་ནང་སྤྲུལ་པའི་སྐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོའི་ཐུགས་བཞེད་བཞིན༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགོན་དེ་ཉིད་དུ་བྲིས་པའོ། །ན་མོ་གུ་རུ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། གནས་སྤྱི་གཙུག་བདེ་ཆེན་འཁོར་ལོའི་སྟེང། །གདན་སེང་ཁྲི་པདྨ་ཉི་ཟླའི་དབུས། །སྐྱབས་ཀུན་འདུས་རྩ་བའི་བླ་མ་དང། །དབྱེར་མེད་པ་འཕགས་མཆོག་སྤྱན་རས་གཟིགས། །སྐུ་རབ་དཀར་ཤེལ་གྱི་མཆོད་སྡོང་ལ། །དར་སྣ་ཚོགས་དབང་པོའི་གཞུ་ཡིས་སྤྲས། །ཐབས་ཤེས་རབ་ཕྱག་གཉིས་ཐལ་སྦྱར་གྱིས། །མགོན་རྒྱལ་རྣམས་འགྲོ་བའི་དོན་དུ་བསྐུལ། །གཡས་འོག་མས་ཤེལ་དཀར་བགྲང་འཕྲེང་དང། །གཡོན་སྐྱོན་བྲལ་གསེར་གྱི་པདྨ་བསྣམས། །ཡོངས་དུས་


GTD003_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱལ་བའི་ཐུགས་རྗེའི་བདག །མ་འགྲོ་བ་ཀུན་གྱི་མགོན་དང་སྐྱབས། །ཡུལ་གངས་ཅན་འགྲོ་བའི་ལྷ་སྐལ་ཏེ། །མི་བདག་གི་འདི་ཕྱིའི་སྐྱབས་གཅིག་པུ། །མགོན་ཁྱོད་མིན་རེ་ས་གཞན་མེད་ན། །ཐུགས་བརྩེ་བས་བདག་གི་མགོན་མཛོད་ཅིག །ལྷ་དཀོན་མཆོག་གསུམ་གྱི་ཐུགས་རྗེའི་མཁར། །ཆོས་ལུང་རྟོགས་བསྟན་པའི་འོད་སྣང་གིས། །རྒྱུད་རྨོངས་མུན་སེལ་བའི་སྒྲོན་མེ་མཆོག །མགོན་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་ཀུན། །ཕ་ཐུགས་རྗེའི་གཏེར་ཆེན་ཁྱོད་ལ་འབུལ། །མ་འགྲོ་ཀུན་དོན་དུ་བཞེས་ནས་ཀྱང། །སྡིག་ཉེས་ལྟུང་བྱང་བར་བྱིན་གྱིས་རློབས། །གནས་མཐའ་མེད་འཁོར་བའི་རྒྱ་མཚོའདིར། །ལས་ཉོན་མོངས་གདོན་གྱི་དབང་གྱུར་ཏེ། །དུས་ཐོག་མ་མེད་ནས་འཁྱམས་པ་བདག །མཆོག་ཐར་པའི་གནས་དེར་དྲང་དུ་གསོལ། །ཆོས་ཟབ་ཞི་སྤྲོས་བྲལ་དབུ་མའི་ལམ། །བྱམས་སྙིང་རྗེ་ཆེན་པོས་རྒྱས་བཏབ་སྟེ། །སྲིད་ཞི་བའི་མཐའ་ལ་མི་གནས་པའི། །འབྲས་བྱང་ཆུབ་ཆེན་པོ་མྱུར་ཐོབ་ཤོག །དཔལ་འཆི་བ་མེད་པའི་གནས་ཐོབ་སྟེ། །ཆོས་ཟབ་གསང་བདུད་རྩིའི་དགའ་སྟོན་གྱིས། །མ་མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱང། །གཏན་བདེ་བའི་དཔལ་ལ་སྦྱོར་པར་ཤོག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་རབ་འབྱམས་པ་འཇམ་དབྱངས་རབ་རྒྱས་ཀྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའོ། །༈ མདུན་དུ་པད་ཟླར་སེང་གེ་དཀར་མོའི་སྟེང། །བླ་མའི་ངོ་བོ་འཕགས་


GTD003_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སེང་གེ་སྒྲ། །གཡས་གཡོན་རྩེ་གསུམ་པདྨའི་སྣོད་ཀྱིས་མཚན། །དཀའ་ཐུབ་རྣམ་པ་རྒྱལ་པོ་རོལ་སྟབས་ཅན། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །ཨོཾ་ཨཱཿ ཧྲཱིཿ སིདྷ་ནཱ་ད་ཧཱུཾ་ཕཊ། ཅེས་མང་དུ་བཟླས་ལ། བླ་མ་སེང་གེའི་སྒྲ་ཡི་སྐུའི་ཆ་ལས། །བདུད་རྩིའི་རྒྱུན་བབས་རང་གི་ལུས་ཀུན་གང། །སྡིག་ལྟུང་ནད་གདོན་མ་ལུས་ལྷག་མེད་དུ། །བྱང་ཞིང་རྣམ་སྨིན་ཕུང་པོ་འོད་གསལ་དུ། །སྦྱངས་ཏེ་སྟོང་པའི་ངང་ལས་སྐད་ཅིག་གིས། །རང་ཉིད་སྤྱན་རས་གཟིགས་དབང་སེང་གེ་སྒྲ། །གདོང་ལྔའི་གདན་ལ་རོལ་པའི་སྟབས་ཀྱིས་བཞུགས། །སྐུ་མདོག་དཀར་ཞིང་ཤིན་ཏུ་སྐེམ་པའི་ཚུལ། །གཡས་པ་སྐྱབས་སྦྱིན་གཡོན་པ་གདན་ལ་བརྟེན། །མདུན་གྱི་བླ་མ་སྤྱན་རས་གཟིགས་མགོན་ཡང། །འོད་དུ་ཞུ་ནས་རང་དང་དབྱེར་མེད་གྱུར། །ཐུགས་ཀའི་སྔགས་འཕྲེང་འོད་ཀྱི་སྤྲོ་བསྡུ་ཡིས། །སྐྱོན་སྦྱངས་རྒྱལ་ཀུན་བྱིན་རླབས་བསྡུས་པར་གྱུར། །ཅེས་བརྗོད་ཅིང་། ཐུགས་ཀར་ཧྲཱིཿ ལ་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཀླུ་དང་ས་བདག་གི་གནོད་པ་སོགས་ནད་རིམས་གདོན་བགེགས་ཉེར་འཚེ་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བསྡུས་ཏེ་ཐིམ་པ་ལས་བདུད་རྩིའི་རྒྱུན་བབས། ལུས་ཐམས་ཅད་གང་བས་ལེགས་ཚོགས་ཀྱི་ཡོན་ཏན་མ་ལུས་པ་རྒྱས་པར་བསམས་ལ་སྔགས་བཟླ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང་། དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འཕགས་མཆོག་ཐུགས་རྗེས་འབྲལ་མེད་རྗེས་བཟུང་མཐུས། །དམ་ཆོས་སྒྲུབ་པའི་ཉེར་འཚེ་ཀུན་ཞི་ཞིང། །


GTD003_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །ཅེས་སོགས་བསྔོ་བས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་ཨུ་ཅུ་མུ་ཆིན་ཤོག་ནས་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཔལ་ལྡན་བཀྲ་ཤིས་ཀྱིས་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སེང་གེ་སྒྲའི་སྒྲུབ་ཐབས་མདོར་བསྡུས་ཤིག་དགོས་ཞེས་བསྐུལ་བ་ལྟར་༸ བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ངོ་མཚར་མཆོད་སྤྲིན་འཁྲིགས་པ་ནམ་མཁའི་དབྱིངས། །སེང་ཁྲི་པད་ཟླའི་གདན་ལ་བླ་མ་དང། །དབྱེར་མེད་བྱམས་མགོན་བཟང་པོའི་བཞུགས་སྟངས་ཅན། །མཚན་དཔེའི་དཔལ་འབར་ཆོས་འཁོར་ཕྱག་རྒྱ་མཛད། །སྲས་བཅས་རྒྱལ་བས་བསྐོར་ཅིང་གནས་གསུམ་དུ། །འབྲུ་གསུམ་གྱིས་མཚན་ཧཱུཾ་གི་འོད་ཟེར་གྱིས། །དགའ་ལྡན་གནས་ནས་བྱམས་མགོན་ཡེ་ཤེས་པ། །སྤྱན་དྲངས་དབྱེར་མེད་བརྟན་པར་བཞུགས་སུ་གསོལ། །རྒྱལ་ཡུམ་སྦས་དོན་ལམ་གྱི་རིམ་པ་ཀུན། །མ་ནོར་མ་འདྲེས་ཇི་བཞིན་འདོམས་པ་ཡིས། །སྐལ་ལྡན་སྐྱེ་བོ་བྱང་ཆུབ་མཆོག་གི་སར། །འཁྲིད་མཛད་སྐྱབས་ཀྱི་དམ་པར་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རབ་འབྱམས་དང། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །བློ་ཡིས་བླངས་ཏེ་གུས་པས་འབུལ་ལགས་ན། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ངན་སོང་མུ་མེད་མཚན་མོའི་སྨག་རུམ་ནས། །དལ་འབྱོར་གློག་གི་སྣང་བ་སྐད་ཅིག་ཙམ། །ཐོབ་ཀྱང་བག་མེད་སྡིག་ལ་སྤྱོད་པ་ཡི། །རྨོངས་པ་བདག་གི་སྡིག་ལྟུང་སྦྱང་དུ་


GTD003_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །རྒྱུ་མེད་པར་ཡང་འགྲོ་ལ་མཉེས་གཤིན་པ། །བྱམས་མགོན་ཉེ་སྲས་དང་བཅས་ཁྱེད་རྣམས་ཀྱིས། །རྟག་ཏུ་བདག་ཅག་ཁོ་ནའི་དོན་མཛད་པའི། །བཀའ་དྲིན་སྙིང་ནས་དྲན་ཞིང་རྗེས་ཡི་རང། །ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་ཆར་ཕབ་སྟེ། །སྒྲིབ་གཉིས་དྲི་མ་དྲུངས་ནས་འབྱིན་པ་དང། །འགྲོ་ཀུན་སྲིད་ཞིའི་མཐའ་ལས་སྒྲོལ་གྱི་བར། །ནམ་ཡང་མི་འདའ་རྟག་པར་བཞུགས་སུ་གསོལ། །འདིས་མཚོན་གཏོང་དང་ཚུལ་ཁྲིམས་ཐོས་བསམ་སྒོམ། །དགེ་བའི་དངོས་པོ་ཇི་སྙེད་མཆིས་པ་ཀུན། །གཅིག་ཏུ་བསྡོམས་ཏེ་སྲས་བཅས་རྒྱལ་ཀུན་གྱི། །རླབས་ཆེན་ཐུགས་བསྐྱེད་རྒྱ་མཚོར་འཇུག་གྱུར་ཅིག །རྟག་ཏུ་མཐོ་རིས་ཡོན་ཏན་བདུན་ལྡན་གྱི། །རྟེན་ཐོབ་བཤེས་གཉེན་དམ་པས་རྗེས་འཛིན་ཅིང། །འདི་སྣང་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས། །བླང་དོར་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །མི་བཟད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང། །དེར་གནས་ཉམ་ཐག་འགྲོ་ལ་རྗེས་བརྩེ་བས། །རིན་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཐེག་མཆོག་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །ནམ་ཞིག་འདི་སྣང་འགག་པར་རྩོམ་པ་ན། །ཁྱོད་ཞལ་མིག་གི་བདུད་རྩིར་འགྱུར་བ་ཡིས། །ཤུགས་དྲག་དད་པའི་ངང་ནས་ཤི་འཕོས་ཏེ། །ཡིད་དགའ་ཆོས་འཛིན་གནས་སུ་སྐྱེ་བར་ཤོག །མདོར་ན་དེང་ནས་ཇི་སྲིད་བྱང་ཆུབ་བར། །འདྲེན་མཆོག་མ་ཕམ་མགོན་གྱིས་རྗེས་བཟུང་སྟེ། །ས་ལམ་རྟོགས་པ་གེགས་མེད་མྱུར་བགྲོད་ནས། །དཔལ་ལྡན་སྟོབས་བཅུའི་ས་ལ་རེག་གྱུར་ཅིག །ཅེས་པ་


GTD003_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བཟང་པོའི་བག་ཆགས་ཀྱི་མཐུ་བརྟས་པ་ཞབས་དྲུང་དཀོན་མཆོག་ཆོས་འབྱོར་གྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །མདུན་གྱི་ནམ་མཁར་ཀུན་བཟང་མཆོད་སྤྲིན་དབུས། །ནོར་བུའི་འོད་ཆགས་སེང་ཁྲི་པད་ཟླའི་སྟེང། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང། །ངོ་བོ་དབྱེར་མེད་རྒྱལ་ཚབ་བྱམས་པ་མགོན། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །མཚན་དཔེའི་རྒྱན་ལྡན་ཆོས་འཁོར་ཕྱག་རྒྱ་ཅན། །ལྷ་རྫས་གོས་དང་རིན་ཆེན་རྒྱན་གྱིས་སྤྲས། །བཟང་པོའི་བཞུགས་སྟངས་མཛད་པའི་ཐུགས་ཀ་ནས། །འོད་འཕྲོས་དགའ་ལྡན་གནས་ནས་བྱམས་མགོན་ལ། །སྲས་བཅས་རྒྱལ་བས་བསྐོར་བ་སྤྱན་དྲངས་ཏེ། །དབྱེར་མེད་བསྟིམ་པས་སྐྱབས་གནས་ཀུན་འདུས་ཀྱི། །ངོ་བོར་བསོད་ནམས་ཞིང་དུ་བཞུགས་གྱུར་ཅིག །དཀོན་མཆོག་ཀུན་འདུས་ཐུགས་རྗེའི་ཟློས་གར་གྱིས། །ཟབ་རྒྱས་བསྟན་པའི་གནད་ཀུན་གདན་གཅིག་ལ། །སྒྲུབ་པའི་ལམ་བཟང་གསལ་མཛད་སྒྲོན་མེ་མཆོག །བྱམས་མཆོག་བླ་མ་མཆོག་ལ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ཀུན་བཟང་མཆོད་པའི་ངོ་བོར་ལེགས་འབུལ་ན། །ཐུགས་རྗེས་བཞེས་ནས་བདག་སོགས་འགྲོ་ཀུན་གྱི། །ཤེས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྡོམ་གསུམ་བཅས་པའི་མཚམས་ལས་འདས་པ་སོགས། །ཉེས་ཀུན་གནོང་ཞིང་འགྱོད་པས་མཐོལ་བགྱིད་ན། །ཐུགས་རྗེ་ཆེ་ལྡན་བྱིན་རླབས་བདུད་རྩིའི་ཆུས། །


GTD003_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །འདྲེན་པ་ཁྱོད་མིན་སྐྱབས་གཞན་མ་མཆིས་པས། །རྟག་ཏུ་འབྲལ་མེད་བདག་གི་མགོན་མཛད་དེ། །ཟབ་རྒྱས་གདམས་པའི་གྲུ་ཆར་འཇོ་བ་ཡིས། །དགེ་བའི་ལོ་ཏོག་གོང་དུ་སྤེལ་བར་མཛོད། །མ་འོངས་སྐྱེ་བའི་འཕྲེང་བ་ཀུན་ཏུ་ཡང། །དག་པའི་ཞིང་ངམ་དལ་འབྱོར་ཚང་བའི་རྟེན། །རིམ་བརྒྱུད་བཤེས་གཉེན་དམ་པ་མཉེས་བྱས་ནས། །མདོ་སྔགས་ལམ་ལ་ཚུལ་བཞིན་སློབ་གྱུར་ཅིག །མདོར་ན་བླ་མ་ཡི་དམ་ཆོས་སྐྱོང་སོགས། །ཀུན་གྱི་ངོ་བོར་རྩེ་གཅིག་གསོལ་འདེབས་ན། །སྲིད་ཞིའི་འཇིགས་ལས་བསྒྲལ་ཏེ་བླ་མ་ལྷའི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །བཀའ་དྲིན་མཉམ་མེད་བླ་མ་ལྷག་པའི་ལྷ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །ཞེས་སོགས་དང་། འདིས་མཚོན་དགེ་བའི་ཞེས་སོགས་དང་། ནམ་ཞིག་རྡོ་རྗེ་གདན་གྱི་ཞེས་སོགས་བྱམས་མགོན་དང་འབྲེལ་བའི་སྨོན་ལམ་ཅི་རིགས་པས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་ཐོས་བསམ་སྒོམ་པ་ཟུང་དུ་འཇུག་བའི་བསྟན་པའི་གསལ་བྱེད་དམ་པ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་པའི་གསུང་གིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། འདིར་འཇམ་མགོན་བླ་མ་ལ་བརྟེན་པའི་ཟབ་ལམ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་པར་འདོད་པའི་གང་ཟག་གིས་རྗེའི་སྐུ་བརྙན་བྲིས་འབུར་ཅི་རིགས་ཀྱིས་གཙོས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་དགྲམ། མདུན་དུ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་ཚར་གསུམ་ཡན་ཆད་དང་། གཞན་ཡང་མར་མེ་བརྒྱ་རྩ་སོགས་


GTD003_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་གང་རྒྱས། མཎྜལ་དང་བཅས་པ་ལེགས་པར་བསྟར། སྐྱབས་སེམས་རྒྱས་པར་སྔོན་དུ་བཏང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་དབྱིངས་རྟེན་འབྲེལ་བསླུ་བ་མེད་བའི་མཐུ་སྟོབས་ཀྱིས་མཆོད་པའི་ཡོ་བྱད་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་པའི་མཐུ་ལས་སྐྱབས་ཡུལ་རྣམས་ལ་ཟག་པ་མེད་པའི་དགྱེས་པ་སྐྱེད་པར་བྱེད་པའི་མཐུ་དང་ལྡན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མནྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ། དགའ་ལྡན་གྱི་ཞིང་གི་བཀོད་པ་ཡིད་ངོར་ལེགས་པར་གསལ་བཏབ་སྟེ། སྟེང་ཕྱོགས་དགའ་ལྡན་གནས་ཀྱི་བྱེ་བྲག་མཆོག །ཡིད་དགའ་ཆོས་འཛིན་རྒྱལ་བའི་མདུན་ས་ནས། །རྣམ་འདྲེན་སྟོབས་བཅུ་མངའ་བ་མ་ཕམ་མགོན། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་གསེར་རི་བཞིན། །མཚན་དཔེའི་དཔལ་འབར་གཟི་བརྗིད་ལྷམ་མེ་བ། །རིན་ཆེན་རྒྱན་སྤྲས་ཆོས་འཁོར་ཕྱག་རྒྱ་ཅན། །གདོང་ལྔའི་ཁྲི་ལ་བཟང་པོའི་བཞུགས་སྟངས་མཛད། །དེ་ཡི་ཐུགས་མཚན་དཔལ་གྱི་བེ་འུའི་ནང། །འཇམ་མགོན་བླ་མ་ཡབ་སྲས་ལེགས་བཞུགས་ཤིང། །གཞན་ཡང་སར་གནས་དཔའ་བོ་གྲངས་མེད་སོགས། །འཁོར་ཚོགས་རྒྱ་མཚོས་བསྐོར་བ་ཐམས་ཅད་ཀྱང། །བདག་སོགས་ལྷོ་གླིང་གདུལ་བྱའི་ཚོགས་


GTD003_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །བརྩེ་བའི་ཐུགས་ཀྱིས་མངོན་པར་དགོངས་པ་ཡི། །ཉམས་འགྱུར་དང་བཅས་རྣམ་པ་གསལ་བར་གྱུར། །དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང། །རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །དེ་ཡང་སེང་ཁྲི་གསུམ་གྱི་དབུས་མ་ལ། །སྐྱབས་གསུམ་ཀུན་འདུས་འཇམ་མགོན་ཙོང་ཁ་པ། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང། །ཕྱག་གཉིས་ཐུགས་ཀར་ཆོས་འཁོར་ཕྱག་རྒྱ་ཡིས། །རལ་གྲི་གླེགས་བམ་དང་བཅས་ཨུཏྤལ་བསྣམས། །དྲི་མེད་གསེར་མདོག་པཎ་ཞྭས་གཙུག་མཛེས་ཤིང། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །དེ་ཡི་སྤྱི་བོར་སྐུ་ཡི་རྡོ་རྗེའི་དངོས། །ལྷ་མཆོག་སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས། །མགྲིན་པར་གསུང་གི་རྡོ་རྗེའི་ངོ་བོ་ཉིད། །ཤེས་རབ་སྟོང་པའི་རང་བཞིན་འཇམ་པའི་དབྱངས། །ཐུགས་ཀར་ཐུགས་ཀྱི་རྡོ་རྗེའི་བདག་ཉིད་མཆོག །མཐུ་སྟོབས་ནུས་པའི་གཏེར་གྱུར་གསང་བའི་བདག །རིགས་བརྒྱ་རིགས་ལྔ་རིགས་གསུམ་ཀུན་གྱི་དངོས། །ལྷ་མཆོག་གསུམ་དང་དབྱེར་མེད་ངོ་བོ་ཉིད། །གཡས་སུ་ཆོས་ཀྱི་རྒྱལ་པོ་དར་མའི་མཚན། །ཞི་དུལ་ཉམས་ལྡན་ཆོས་འཆད་མཉམ་


GTD003_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་མཛད། །གཡོན་དུ་སྨྲ་བའི་ཉི་མ་དགེ་ལེགས་དཔལ། །ཆོས་འཆད་མཉམ་གཞག་དང་བཅས་འགྱིང་བའི་ཉམས། །ཡབ་སྲས་གསུམ་གྱི་འོད་ཟེར་འཕྲོ་འདུ་ཡིས། །དངོས་དང་བརྒྱུད་པའི་བླ་མ་ཐམས་ཅད་དང། །ཞི་ཁྲོ་རབ་འབྱམས་ཡི་དམ་འཁོར་ལོའི་ཚོགས། །རབ་འབྱམས་རྒྱལ་དང་རྒྱལ་སྲས་མ་ལུས་པ། །དཔའ་བོ་མཁའ་འགྲོ་ཉན་རང་ཆོས་སྲུང་ཀུན། །སྤྱན་དྲངས་བསོད་ནམས་ཞིང་དུ་བཞུགས་སུ་གསོལ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱི་འོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ། །ཞེས་དང།


GTD003_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ས་གསུམ་མ་སོགས་རྗེའི་གསོལ་འདེབས་དང་བསྟོད་པ་ཅི་རིགས་འདོན་ཞིང་། སྤྲོ་ན་ཕྱག་འཚལ་བ་དང་སྦྲགས་ཀྱང་རུང་། ཡིད་འོང་མཆོད་ཡོན་ཞེས་པའི་ཤླཽ་ཀ་གཅིག་པུའམ། རྒྱལ་བ་རྒྱ་མཚོ། མ་སོགས་ཀྱི་མཆོད་འཕྲེང་རྒྱས་པ་དང་། འདོད་ཡོན་རྣམ་ལྔ་རིན་ཆེན་སྣ་བདུན་སོགས་ཀྱང་འབུལ། ལྟུང་བཤགས་དང་སྤྱི་བཤགས་སོགས་ཀྱང་བཏོན་ཏེ། གང་ཞིག་ཐོག་མེད་དུས་ནས་ཞེས་པ་མན་ཆད་མཐར་ཆགས་སུ་བྱ། དེ་ནས་མཎྜལ་སོ་བདུན་མ་རྒྱས་པར་ཕུལ་ལ། ས་གཞི་སྤོས་བྱུགས་མ་གྲངས་བསགས་ཏེ་བདུན་ནམ་ཉེར་གཅིག་སོགས་དབུལ། དེ་ནས་བདུད་རྩི་འབེབས་སྦྱང་གི་དམིགས་པ་ཁྲིད་ཡིག་སོགས་ནས་འབྱུང་བ་ལྟར་བྱས་ལ་དམིགས་བརྩེ་མ་བརྒྱ་སྟོང་སོགས་འདོན། དེ་རྗེས། རྗེ་བླ་མའི་གནས་གསུམ་གྱི་རིགས་གསུམ་མགོན་པོ་སོ་སོའི་ཐུགས་ཀར་རིམ་པ་བཞིན་ཟླ་གདན་ལ་ཧྲཱིཿ ཡིག་དང་དྷཱིཿ ཡིག །ཉི་གདན་ལ་ཧཱུཾ་ཡིག་གི་མཐར་རང་རང་གི་སྔགས་ཀྱིས་བསྐོར་བར་མོས་ཏེ། རིགས་གསུམ་མགོན་པོའི་སྙིང་པོ་བགྲང་། ཁྲུས་ལ་སོགས་པའི་སྒོ་ནས་གཞན་གྱི་དོན་སྒྲུབ་པའི་ཚེ་ཐུགས་ཀའི་གསང་བདག་ཁྲོ་བོའི་རྣམ་པ་དེ་ཉིད་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གྱུར་པར་མོས་ལ། དེའི་ཐུགས་ཀའི་སྔགས་འཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ཏེ། དེའི་སྔགས་བཟླ་ཞིང་བུམ་ཆུ་དེ་ཉིད་ཀྱིས་བཀྲུ་བྱབ་སོགས་དཀྱུས་བཞིན་བྱ། དེས་མཚོན་ཏེ་མགྲིན་པའི་འཇམ་དཔལ་དེ་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་གྱུར་པར་མོས་ལ་དེའི་སྔགས་བགྲང་བ་སོགས་སྐབས་དང་སྦྱར་ན་རུང་བར་གསུངས་སོ། །མཇུག་ཏུ་རྗེ་བླ་མ་རང་གི་སྙིང་གར་བྱོན་པར་མོས་ཏེ། དཔལ་ལྡན་རྩ་བའི་བླ་མ་ཞེས་སོགས་དང་། ཚེ་རབས་རྗེས་འཛིན་གྱི་སྨོན་པ་སོགས་བྱའོ། །


GTD003_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་ཡང་དད་བརྩོན་ལྡན་པ་དགེ་སློང་འཇིགས་མེད་བདེ་ཆེན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཡེ་ཤེས་སྣང་བ་མཆོག་ཏུ་འབར་བའི་གཟིས། །ནང་གི་མུན་པ་སེལ་བའི་ཉིན་མོར་བྱེད། །འཇམ་དབྱངས་ཞབས་ཀྱི་པདྨོ་ལ་བཏུད་ནས། །དེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྲི། །དེའང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བརྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །ཞེས་གསུངས་པ་ལྟར། སྤྱིར་སྲིད་ཞིའི་ལེགས་ཚོགས་གཞན་ཐམས་ཅད་ནི་བདག་རྐྱེན་སངས་རྒྱས་ཀྱི་འཕྲིན་ལས་ལ་བརྟེན་ཅིང་སངས་རྒྱས་དེ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འཁྲུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་པ་ནི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་གདམས་པ་ལ་རག་ལས་པས་མདོར་བསྡུ་ན་ལེགས་ཚོགས་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ཁོ་ན་ལ་ཐུག་གོ །དེས་ན་གནས་སྐབས་མཐར་ཐུག་གི་ཕུན་ཚོགས་གང་ཞིག་བསྒྲུབ་ཀྱང་དེའི་རྟེན་འབྲེལ་ཐམས་ཅད་བླ་མ་ལ་བརྟེན་ནས་བསྒྲིག་དགོས་ཏེ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་འཕགས་ཡུལ་པཎ་གྲུབ་རྣམས་དང་ཇོ་བོ་ཡབ་སྲས། འཇམ་མགོན་བླ་མ་ཡབ་སྲས་ཐམས་ཅད་ཀྱང་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་རྨང་གཞི་བརྟན་པའི་སྟེང་ནས་ས་ལམ་གྱི་རྟོགས་པ་བགྲོད་ཚུལ་དང་བསྟན་འགྲོའི་དོན་ལྷུན་གྱིས་གྲུབ་ཚུལ་རྣམ་ཐར་རྣམས་སུ་གསལ་བ་བཞིན་ནོ། །དེས་ན་བཤེས་གཉེན་བསྟེན་ཚུལ་ནི་དམིགས་སྐོར་


GTD003_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རེ་ཙམ་གྱིས་མི་རྫོགས་པ་ལམ་རིམ་ཆེན་མོར་གསུངས་པ་བཞིན་ཡིན་པས་སངས་རྒྱས་དངོས་སུ་མཐོང་བའི་དད་པ་དང་རྒྱལ་བ་ཀུན་ལས་བཀའ་དྲིན་ཆེ་ཚུལ་རྗེས་སུ་དྲན་པའི་གུས་པ་ཆེན་པོས་ཡིད་གཏིང་ནས་གཡོས་ཏེ་སྒོ་གསུམ་མཐའ་དག་བླ་མའི་དབང་དུ་བཏང་ཞིང་བྱ་བ་ཐམས་ཅད་བླ་མ་མཉེས་པའི་མཆོད་པར་འགྱུར་བ་ཞིག་བྱུང་ན་མགོ་བཤེས་གཉེན་བསྟེན་ཚུལ་གྱི་སརྒ་མ་ལོག་པ་དང་ལམ་གྱི་རྩ་བ་ཚུགས་པ་ཡིན་པས་གནས་འདི་ལ་ཤིན་ཏུ་གཟབ་པར་བྱའོ། །འདིར་བླ་མའི་རྣལ་འབྱོར་སྒོམ་ཚུལ་གྱི་རིམ་པ་ཙམ་ཞིག་ཟུར་དུ་འགོད་པ་ལ་ལྷག་པའི་ལྷ་སོ་སོ་དང་སྦྱར་བའི་བླ་མའི་རྣལ་འབྱོར་རིགས་སྣ་ཚོགས་ཤིག་ཡོད་ཀྱང་རྗེ་བླ་མའི་གདམས་པ་ཐུན་མོང་མ་ཡིན་པ་རྣམས་ཉམས་སུ་ལེན་སྐབས་བླ་མ་དང་འཇམ་པའི་དབྱངས་ངོ་བོ་དབྱེར་མེད་དུ་བྱས་ན་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཡོད་ཚུལ་ཡབ་སྲས་རྣམས་ཀྱི་གསུང་རྒྱུན་དུ་མ་ལས་འབྱུང་བ་ལྟར་ཡིན་པས་འདིར་ཡང་དེའི་དབང་དུ་བྱས་ཏེ་ཉམས་སུ་ལེན་པ་ལ། གནས་ཁང་བྱི་དོར་བྱས། ལམ་གཙོའི་ཚོགས་ཞིང་ངམ་འཇམ་པའི་དབྱངས་དང་རྗེ་བླ་མ། རང་གི་རྩ་བའི་བླ་མ་རྣམས་ཀྱི་སྐུ་བརྙན་བྲིས་འབུར་ཅི་རིགས་ཀྱིས་གཙོ་བྱས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། ཡོན་ཆབ་དང་མར་མེ་སོགས་དྭངས་ཤིང་གསལ་བའི་མཆོད་པ་ལེགས་པར་བཤམ། སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་ཡོངས་གྲགས་ལྟར་དང་། ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་དྲུངས་ནས་ཕྱུང་སྟེ་ཡེ་ཤེས་ཀྱི་སྣང་བ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བྱའོ། །ཞེས་ཁྱད་པར་གྱི་


GTD003_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་བྱ། དངོས་གཞི་ཚིགས་སུ་བཅད་པས་བརྗོད་ན་འཇུག་པ་བདེ་བས་འདི་ལྟར། རྣམ་དག་འོད་གསལ་ཆོས་དབྱིངས་ལྷ་ཡི་ལམ། །བདེ་ཆེན་ཡེ་ཤེས་འཇའ་ཚོན་རྣམ་ལྔའི་ཀློང། །མི་འཇིགས་བཞི་ལྡན་གདོང་ལྔ་འབར་བའི་ཁྲིར། །སྲིད་པའི་སྐྱོན་བྲལ་འདབ་སྟོང་རྒྱས་པའི་རྩེར། །ཐབས་ཤེས་དབྱེར་མེད་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་མགོན་པོ་འཇམ་པའི་དབྱངས། །ཉི་གཞོན་བྱེ་བ་ཕྲག་བརྒྱས་འཁྱུད་པ་ཡི། །གུར་གུམ་རྡུལ་མང་བརྩེགས་པའི་ལྷུན་པོ་བཞིན། །སྐུ་མདོག་དམར་སེར་ལང་ཚོའི་དཔལ་གྱིས་སྒེག །ཞལ་ཁྱིམ་རབ་རྒྱས་ཨུཏྤལ་སྤྱན་ཟུང་གཡོ། །སྨིན་འཁྱོག་བིམྤའི་མཆུ་སྒྲོས་འཛུམ་ཞིང་མཛེས། །མཐོན་མཐིང་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས། །དངོས་འཛིན་འཆིང་བ་དྲུངས་ནས་གཅོད་པ་ཡི། །ཤེས་རབ་རལ་གྲི་གཡས་པའི་ཕྱག་གིས་འཕྱར། །གཡོན་ན་ཆོས་ཀུན་སྙིང་པོ་ཤེར་ཕྱིན་གྱིས། །ཉེ་བར་མཚན་པའི་ཨུཏྤལ་སྡོང་བུ་བསྣམས། །མེ་ཏོག་ཐོད་བཅིང་ནོར་བུའི་དབུ་རྒྱན་དང། །རྣ་ཆ་གདུབ་ཀོར་དོ་ཤལ་ཚོགས་ཀྱིས་མཛེས། །ལྷ་རྫས་དར་གྱི་སྟོད་གཡོགས་ཤམ་ཐབས་བགོས། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡི། །གནས་ལྔར་བདེ་གཤེགས་ལྔ་དང་ཡེ་ཤེས་ལྔའི། །རང་བཞིན་ཡི་གེ་ལྔ་ཡིས་མཚན་པ་ཡི། །ཧཱུཾ་ཡིག་འོད་ཀྱིས་རང་འདྲའི་ཡེ་ཤེས་པ། །སྲས་བཅས་རྒྱལ་བའི་ཚོགས་བཅས་སྤྱན་དྲངས་ཏེ། །བསྟིམ་པས་སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །སྤྲོས་བྲལ་དབྱིངས་དང་དབྱེར་


GTD003_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འོད་གསལ་ཐུགས། །ཟབ་རྒྱས་ཆོས་ཀྱི་དགའ་སྟོན་འགྱེད་པའི་གསུང། །གང་འདུལ་ཅིར་ཡང་འཆར་བ་གཟུགས་ཀྱི་སྐུ། །མི་ཟད་རྒྱན་གྱི་འཁོར་ལོ་དེར་ཕྱག་འཚལ། །གང་གི་ཞབས་སེན་འོད་ཀྱིས་རེག་པ་ཡིས། །མི་ཤེས་རྒུད་པའི་མུན་པ་ཀུན་སེལ་ཞིང། །ཕན་དང་བདེ་བའི་པད་ཚལ་རྒྱས་མཛད་པ། །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡབ་གྱུར་ཀྱང། །རྒྱལ་སྲས་ཚུལ་གྱིས་འགྲོ་ཀུན་སྲིད་ལས་འདྲེན། །ཡེ་ཤེས་ལུས་ཅན་ཐུགས་རྗེའི་གཏེར་ཁྱོད་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །ཀུན་བཟང་སྨོན་པའི་པིར་གྱིས་བྲིས་པ་ཡི། །མཆོད་པའི་རི་མོ་ཞིང་ཁམས་ཀུན་ཁྱབ་པ། །འཁོར་གསུམ་དམིགས་མེད་བློ་ཡིས་འབུལ་ལགས་ན། །ཟག་མེད་བདེ་སྟོང་དགའ་བས་དགྱེས་གྱུར་ཅིག །མ་རིག་དབང་གྱུར་ཉེས་ཚོགས་མཐའ་དག་དང། །ཆོས་དང་བླ་མར་གུས་པ་དམན་པ་སོགས། །ཤེས་རབ་འཆལ་བྱེད་དམ་ཚིག་ཉམས་ཆག་ཀུན། །ཤུགས་དྲག་གདུང་བའི་ཡིད་ཀྱིས་མཐོལ་ལོ་བཤགས། །དུས་གསུམ་དགེ་ཚོགས་ཀུན་དང་ཁྱད་པར་དུ། །མགོན་ཁྱོད་དམིགས་མེད་སྙིང་རྗེའི་དབང་གྱུར་ཏེ། །རྒྱལ་བའི་མཛད་པ་མ་ལུས་བསྒྲུབ་པ་ལ། །སྙིང་ནས་བསམ་པ་ཐག་པས་རྗེས་ཡི་རང། །འགྲོ་བའི་ལས་ཉོན་དྲི་མ་ཀུན་སེལ་བ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་བདུད་རྩིའི་ཆུས། །ལུས་ཅན་སྙིང་གི་གདུང་བ་ཀུན་བཅིལ་ཏེ། །ཡང་དག་ལམ་གྱི་རྟོགས་པ་སྐྱེད་པར་མཛོད་། །རིང་ནས་འགྲོ་ལ་རྗེས་སུ་ཆགས་པའི་


GTD003_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན། །སྲིད་ཞིའི་འཇིགས་ལས་སྒྲོལ་བའི་དེད་དཔོན་མཆོག །མགོན་ཁྱོད་ལས་ལྷག་སྐྱབས་གཞན་མ་མཆིས་པས། །བསྐལ་པ་རྒྱ་མཚོར་བརྟན་པར་བཞུགས་སུ་གསོལ། །འདིས་མཚོན་བདག་གཞན་དགེ་ཚོགས་ཅི་མཆིས་པ། །ཉེས་ཀུན་རྩ་བ་རྨོངས་པའི་གདོན་བཅོམ་སྟེ། །ཡེ་ཤེས་ལྔ་ལྡན་འཇམ་དཔལ་དཔའ་བོ་ཡི། །གོ་འཕང་བདེ་བླག་འཐོབ་པའི་རྒྱུ་རུ་བསྔོ། །དེ་ནས་གོང་གི་ཕྱག་འཚལ་གྱི་ཚིགས་བཅད་གང་ཡང་རུང་བ་གསོལ་འདེབས་སུ་བསྒྱུར་བ་ཅི་མང་བཟླས་ལ། མཐར་འདོད་དོན་ལ་གསོལ་བ་གདབ་པ་ནི། རྣམ་འདྲེན་ཀུན་གྱི་ཡེ་ཤེས་འཇམ་པའི་དབྱངས། །ཁྱོད་ཞབས་གུས་མཆོད་གསོལ་བ་བཏབ་པའི་མཐུས། །ཡང་དག་ལམ་གྱི་རྟོགས་པ་མངོན་གྱུར་ཏེ། །སྐུ་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཀུན་བྱང་བླང་དོར་གནས་རྣམས་མ་ལུས་པ། །ཇི་བཞིན་འབྱེད་པའི་ཤེས་རབ་རླབས་ཆེ་ཞིང། །ཤིན་ཏུ་དཔག་དཀའི་གནས་ཀུན་འབྱེད་པ་ཡི། །ཟབ་མོའི་ཤེས་རབ་ཐོབ་པར་བྱིན་གྱིས་རློབས། །ཀུ་ཤའི་རྩེ་ལྟར་ཕྲ་ཞིང་མཛངས་པ་ཡི། །ཤེས་རབ་རྣོ་གསལ་མྱུར་བའི་མཚོན་རྣོན་གྱིས། །ཐེ་ཚོམ་དྲ་བ་འཕྲལ་དུ་གཅོད་པ་ལ། །ཐོགས་མེད་སྤོབས་པ་འགྲུབ་པར་བྱིན་གྱིས་རློབས། །མ་རྟོགས་ལོག་རྟོག་དྲི་མ་ཀུན་སེལ་ཞིང། །རྒྱ་ཆེན་གཞུང་ལ་ངེས་པ་བདེ་བླག་སྟེར། །ཡང་དག་ལམ་དུ་ཉེ་བར་འཁྲིད་ནུས་པའི། །འཆད་པའི་ཤེས་རབ་ཐོབ་པར་བྱིན་གྱིས་རློབས། །དངོས་སྟོབས་རིགས་པའི་རྣོ་རྒྱུན་འབར་བ་ཡི། །དགག་སྒྲུབ་གནམ་


GTD003_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕྲེང་བས་རྒོལ་ངན་གྱི། །དམ་བཅའི་བྲག་རི་ཕྱེ་མར་འཐག་བྱེད་པ། །རྩོད་པའི་ཤེས་རབ་ཐོབ་པར་བྱིན་གྱིས་རློབས། །རྗོད་བྱེད་སྙན་འཇེབས་རྣ་བའི་བདུད་རྩི་འགྱེད། །བརྗོད་དོན་ཟབ་ལམ་བྱང་གྲོལ་འཇུག་ངོགས་སྟོན། །ཐུབ་བསྟན་མཛེས་པའི་རྒྱན་དུ་གྱུར་པ་ཡི། །རྩོམ་པའི་ཤེས་རབ་ཐོབ་པར་བྱིན་གྱིས་རློབས། །ཚིག་གི་འཁྲུལ་བ་སེལ་བ་སྒྲ་རིག་དང། །དོན་ལ་སྒྲོ་འདོགས་གཅོད་པ་ཚད་མའི་གཞུང། །སྒོ་གསུམ་རྣམ་དཀར་འདུ་བྱེད་བཟོ་ཡི་གནས། །ཉམ་ཐག་གདུང་སེལ་གསོ་རིག་བདུད་རྩིའི་རྒྱུན། །ཐར་པའི་འཇུག་ངོགས་ནང་དོན་རིག་པ་སྟེ། །རིག་གནས་ཆེན་པོ་རྣམ་ལྔ་སྐར་རྩིས་དང། །མངོན་བརྗོད་ལ་སོགས་རིག་གནས་ཆུང་བར་བཅས། །ཀུན་གྱི་མཐར་སོན་གདུལ་བྱའི་མོས་པ་བཞིན། །རྗེས་འཛིན་མཐུ་དང་ལྡན་པར་བྱིན་གྱིས་རློབས། །བསྟན་པའི་རྩ་བ་འདུལ་བ་འབུམ་སྡེའི་གཞུང། །ལུང་དང་རིགས་པའི་མངོན་པ་དབུ་ཚད་མཛོད། །མདོ་སྡེའི་མཆོག་གྱུར་ཕ་རོལ་ཕྱིན་རྣམས་ཀྱི། །དགོངས་དོན་བདེ་བླག་རྟོགས་པར་བྱིན་གྱིས་རློབས། །ལྷ་དྲུག་གིས་བསྡུས་བྱ་བ་སྤྱོད་པར་བཅས། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་རྣལ་འབྱོར་རྒྱུད། །བདེན་གཉིས་གཙོར་གྱུར་བླ་མེད་རྣམ་གཉིས་སོགས། །རྒྱུད་དོན་མཐའ་དག་རྟོགས་པར་བྱིན་གྱིས་རློབས། །མདོར་ན་གཞུང་ལུགས་ཀུན་ལ་ཐོས་པས་ཞུགས། །དེ་དོན་ཚུལ་བཞིན་བསམ་པས་སྒྲོ་འདོགས་བཅད། །རྩེ་གཅིག་བསྒོམས་པས་ཇི་བཞིན་མངོན་གྱུར་ཏེ། །མདོ་སྔགས་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །ཐུགས་རྗེའི་


GTD003_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་ལྷག་པའི་ལྷ་ཁྱོད་ཀྱི། །བྱིན་རླབས་བདུད་རྩིས་སྙིང་ལ་བྲན་པ་ཡིས། །ལམ་བཟང་སྙེ་མ་གཡུར་དུ་ཟ་བའི་རྩེར། །སྐུ་གསུམ་འབྲས་བུ་སྨིན་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་བླ་མ་ལྷ། །སྙིང་གར་བྱོན་ནས་རང་གི་སེམས་ཉིད་དང། །དབྱེར་མེད་བརྟན་པར་བཞུགས་ནས་མཆོག་ཐུན་གྱི། །དངོས་གྲུབ་ཀུན་སྩོལ་རྗེས་སུ་འཛིན་གྱུར་ཅིག །ཚེ་རབས་ཀུན་ཏུ་འཇམ་མགོན་བླ་མ་ཡིས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །ཅེས་པ་འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པའི་དགེ་བའི་བཤེས་གཉེན་རྡོ་རམས་པ་དཀོན་མཆོག་ནམ་མཁས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ། །༈ ཀུན་རྟོག་སྤྲོས་དང་བྲལ་བའི་དབྱིངས་ཀྱི་མཁར། །དམར་སེར་དྷཱིཿ ཡིག་འོད་ཀྱི་འཕྲོ་འདུ་ལས། །དཔལ་ལྡན་བླ་མ་རྗེ་བཙུན་མཁྱེན་པའི་གཏེར། །ཡིད་འོང་མཚམས་སྤྲིན་གཞོན་ནུའི་མདངས་ལྡན་ཞིང། །བརྒྱད་གཉིས་ལང་ཚོ་གསར་པའི་དཔལ་གྱིས་སྒེག །ཕྱག་གཡས་རྨོངས་པའི་འཆིང་གཅོད་རལ་གྲི་དང། །གཡོན་ན་གཞུང་མཆོག་ཤེར་ཕྱིན་གླེགས་བམ་བསྣམས། །གནག་སྣུམ་རལ་པའི་ཟུར་ཕུད་ལྔ་ལྡན་ཞིང། །མུ་ཏིག་འཕྲེང་མཛེས་ནོར་བུའི་རྒྱན་གྱིས་སྤུད། །སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ། །རྡོ་རྗེ་གསུམ་མཚོན་ཡི་གེས་རྒྱས་བཏབ་


GTD003_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང། །ཁྱད་པར་ཐུགས་ཀའི་དྷཱི་ཡིག་འོད་ཟེར་གྱིས། །མི་འགྱུར་ཆོས་དབྱིངས་བདེ་བའི་ཕོ་བྲང་ནས། །རྒྱལ་དང་རྒྱལ་སྲས་འཇམ་དཔལ་ཞི་ཁྲོའི་ཚོགས། །ཡེ་ཤེས་ལྷ་ཡི་འཁོར་ལོ་སྤྱན་དྲངས་ཏེ། །དབྱེར་མེད་བསོད་ནམས་ཞིང་དུ་བཞུགས་པར་གྱུར། །མ་ལུས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་དངོས། །མ་ནོར་ལམ་བཟང་སྟོན་མཛད་དགེ་བའི་བཤེས། །མ་རིག་མུན་པ་སེལ་བའི་སྒྲོན་མེ་མཆོག །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀུན་རྟོག་ཞེན་པའི་འཁོར་གསུམ་ཡོངས་དག་པ། །ཀུན་བཟང་མཆོད་པའི་སྤྲིན་གྱིས་རབ་འབྱམས་ཞིང། །ཀུན་ཏུ་བཀང་སྟེ་དང་བས་འབུལ་ལགས་ན། །ཀུན་ནས་བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །མུ་མེད་འཁོར་བར་འཁྱམས་པའི་གནས་སྐབས་སུ། །མ་རིག་འཁྲུལ་པའི་དབང་དུ་གྱུར་པ་ཡིས། །མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ། །མ་ལུས་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། །མཁྱེན་བརྩེའི་འོད་ཀྱིས་ཐར་ལམ་གསལ་མཛད་པའི། །རྨད་བྱུང་རྣམ་པར་ཐར་ལ་རྗེས་ཡི་རང། །སླད་ཀྱང་འཁོར་བ་སྲིད་དུ་རྟག་བཞུགས་ནས། །ལེགས་གསུང་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །རབ་འབྱམས་རྒྱལ་བའི་ཆོས་ཀྱི་མཛོད་བཟུང་སྟེ། །ནམ་མཁའི་མཐས་གཏུགས་མཁའ་མཉམ་འགྲོ་ཀུན་གྱི། །སྲིད་དང་ཞི་བའི་རྒུད་པ་སེལ་གྱུར་ཅིག །དཀོན་མཆོག་རྒྱལ་བའི་མཁྱེན་རབ་མེ་ཤེལ་ཁམས། །མདོ་སྔགས་བསྟན་པའི་པད་ཚལ་བཞད་པའི་གཉེན། །སྐྱེ་རྒུའི་སྙིང་གི་མུན་སེལ་


GTD003_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མེ་མཆོག །བླ་མ་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །ཀུན་ཏུ་རྨོངས་པའི་དྲ་བ་བཅད་དུ་གསོལ། །རྣམ་འབྱེད་ཤེས་རབ་སྣང་བ་སྩལ་དུ་གསོལ། །འཆད་རྩོད་རྩོམ་པའི་གཟི་བྱིན་སྐྱེད་དུ་གསོལ། །མྱུར་དུ་མགོན་ཁྱོད་ལྟ་བུར་བྱིན་གྱིས་རློབས། །སྙིང་རྗེ་ཆེ་དང་མཐའ་བྲལ་ལྟ་བ་ཡིས། །སྲིད་དང་ཞི་བའི་གཡང་ས་ཀུན་བཀག་སྟེ། །མི་གནས་མྱ་ངན་འདས་པའི་སར་བགྲོད་ནས། །མ་ལུས་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་རྗེ་བཙུན་འཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདི་ནི་བསྟན་པའི་གསལ་བྱེད་སྟག་ལུང་སྤྲུལ་པའི་སྐུ་ནས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རྣམ་དག་འོད་གསལ་དབྱིངས་ཀྱི་རོལ་པ་ལས། །རྒྱ་ཆེན་ཚོགས་གཉིས་འོ་མའི་ཆུ་གཏེར་དབུས། །སྲིད་པའི་སྐྱོན་བྲལ་འདབ་སྟོང་པད་དཀར་རྩེར། །དམིགས་མེད་སྙིང་རྗེ་ཟླ་བའི་དཀྱིལ་འཁོར་སྟེང། །རྩ་བའི་བླ་མ་རྗེ་བཙུན་མཁྱེན་པའི་གཏེར། །སྐུ་མདོག་དཀར་གསལ་བརྒྱད་གཉིས་ལང་ཚོས་སྒེག །ཨུཏྤལ་སྤྱན་ཡངས་སྨིན་མའི་འཁྲི་ཤིང་མཛེས། །མཆུ་སྒྲོས་འཛུམ་ལྡན་ནོར་བུའི་རྣ་ཆ་གཡོ། །ཕྱག་གཉིས་མཆོག་སྦྱིན་ཆོས་སྟོན་ཕྱག་རྒྱ་ཡི། །ཨུཏྤལ་སྡོང་བུ་ལ་གནས་གླེགས་རལ་འཛིན། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ལེགས་བཞུགས་ཤིང། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་ཀླུབས། །ཐུགས་ཀའི་ཧཱུཾ་ཡིག་འོད་ཀྱིས་ཞིང་ཀུན་ནས། །རབ་འབྱམས་རྒྱལ་བའི་འཁོར་ལོ་སྤྱན་དྲངས་ཏེ། །བསོད་ནམས་ཞིང་དུ་དབྱེར་མེད་བཞུགས་པར་གྱུར། །


GTD003_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལས་ཀྱང་དཀོ༷ན་པའི་ཐེག་མཆོ༷ག་ཆོས། །མདོ་སྔགས་ཟུང་འབྲེལ་བསྟ༷ན་པ༷འི་སྒྲོ༷ན་མེ༷་ཡི། །ལུས་ཅན་རྨོངས་པའི་མུན་སེལ་བླ་མ་ལྷ། །དབྱེར་མེད་ཞབས་ཀྱི་པདྨོར་གུས་ཕྱག་འཚལ། །དག་ཅིང་དྲི་མེད་བདུད་རྩིའི་ཆུ་བཞི་དང། །ཉེར་སྤྱོད་རོལ་མོ་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྟགས་རྫས་རིན་ཆེན་མཎྜ་ལ། །དུས་གསུམ་དགེ་ཚོགས་དང་བཅས་མཆོད་པར་འབུལ། །མི་བཟད་ཉེས་ལྟུང་མ་ལུས་སྙིང་ནས་བཤགས། །རྣམ་དཀར་དགེ་བའི་ཚོགས་ལ་རྗེས་ཡི་རང། །བསྐལ་བརྒྱར་བཞུགས་ཏེ་ཆོས་འཁོར་བསྐོར་བར་བསྐུལ། །དགེ་ཚོགས་ཀུན་མཁྱེན་ཡེ་ཤེས་རྒྱུ་རུ་བསྔོ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །ཞེས་པ་ནས། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་པའི་བར་གྱིས་མཎྜལ་གྲངས་གསོག །གོང་གི་ཕྱག་འཚལ་གྱི་ཚིགས་བཅད་དེ་གསོལའདེབས་སུ་བསྒྱུར་བ་དང་། ཨོཾ་ཝ་ཀྱཻ་དཾ་ན་མཿ ཞེས་པ་གཉིས་ཅི་མང་བཟླས་ལ་བདུད་རྩི་འབེབས་སྦྱང་གི་དམིགས་རྣམ་སྐྱོང་། ཕུལ་བྱུང་བྱམས་དང་སྙིང་རྗེའི་ཕྱག་བརྐྱངས་ཏེ། །ངན་སོང་གཡང་ལས་སྒྲོལ་བའི་འདྲེན་པ་མཆོག །ཡབ་གཅིག་བསྟན་པའི་སྒྲོན་མེ་ཐུགས་རྗེའི་གཏེར། །བཀའ་དྲིན་དྲན་པའི་ཡིད་ཀྱིས་གསོལ་འདེབས་ན། །དལ་འབྱོར་རྙེད་དཀའ་འཇིག་པར་སླ་བ་དང། །ངན་སོང་སྡུག་བསྔལ་བསམ་པའི་འཇིགས་སྐྲག་གིས། །སྐྱབས་འགྲོ་ལས་འབྲས་བླང་དོར་ལ་འབད་ནས། །ངན་སོང་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །བསྟན་པའི་གཞི་མ་སོ་ཐར་ཁྲིམས་ནོད་ཅིང། །ཐར་པའི་གྲོང་དུ་འཇུག་པའི་ལམ་སྟོན་པ། །


GTD003_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་གཅིག་བསྟན་པའི་སྒྲོན་མེ་ཐུགས་རྗེའི་གཏེར། །བཀའ་དྲིན་དྲན་པའི་ཡིད་ཀྱིས་གསོལ་འདེབས་ན། །རྣམ་དག་ངེས་འབྱུང་བསམ་པས་རྒྱུད་འཁུལ་ཞིང། །མི་བཟད་ཉེས་པའི་སྒོ་བཞི་ཡོངས་བཀག་སྟེ། །བསླབ་གསུམ་རྣམ་པར་དག་པའི་ཉམས་ལེན་གྱིས། །ཐར་པའི་རྒྱལ་མཚན་ཚུགས་པར་བྱིན་གྱིས་རློབས། །ཐེག་པ་མཆོག་གི་ཚུལ་ཁྲིམས་ལ་བཀོད་དེ། །སྲིད་དང་ཞི་བའི་མཐའ་ལས་ཡོངས་སུ་འཛིན། །ཡབ་གཅིག་བསྟན་པའི་སྒྲོན་མེ་ཐུགས་རྗེའི་གཏེར། །བཀའ་དྲིན་དྲན་པའི་ཡིད་ཀྱིས་གསོལ་འདེབས་ན། །བྱམས་དང་སྙིང་རྗེ་བདག་གཞན་བརྗེ་བའི་བློས། །རིན་ཆེན་བྱང་ཆུབ་སེམས་ཀྱི་རྩ་བརྟན་ཞིང། །ཚོགས་གཉིས་སྤྱོད་པའི་ཡལ་འདབ་རྒྱས་པ་ཡི། །ཐེག་མཆོག་ལམ་བཟང་སྐྱེ་བར་བྱིན་གྱིས་རློབས། །འཇུག་སྒོ་རྣམ་དག་དབང་གིས་སྨིན་བྱས་ཏེ། །གསང་ཆེན་གདམས་པའི་དགའ་སྟོན་ལྷུག་པར་སྩོལ། །ཡབ་གཅིག་བསྟན་པའི་སྒྲོན་མེ་ཐུགས་རྗེའི་གཏེར། །བཀའ་དྲིན་དྲན་པའི་ཡིད་ཀྱིས་གསོལ་འདེབས་ན། །དངོས་གྲུབ་རྩ་བ་དམ་ཚིག་རྣམ་པར་དག །མཚན་བཅས་མཚན་མེད་རིམ་གཉིས་རྣལ་འབྱོར་སོགས། །གསང་ཆེན་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མདོར་ན་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །འདྲེན་པ་ཁྱོད་ཀྱིས་འབྲལ་མེད་རྗེས་འཛིན་ཅིང། །ཟབ་རྒྱས་གདམས་པའི་བདུད་རྩི་མྱང་བ་ཡིས། །སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དད་
བརྩོན་ལྡན་པ་དགེ་སློང་དཀོན་མཆོག་ཆོས་ལྡན་གྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousགསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར།next