Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་སློང་བློ་བཟང་དཀོན་མཆོག་གིས་བསྐུལ་ངོར།
   
   
   
   
   
   
   
   
   
   


 
previousདགེ་སློང་བློ་བཟང་དཀོན་མཆོག་གིས་བསྐུལ་ངོར།next

དགེ་སློང་བློ་བཟང་དཀོན་མཆོག་གིས་བསྐུལ་ངོར།


GTD003_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏིག་ཕྲེང་ལྡན་འོ་མའི་ཆུ་གཏེར་དབུས། །འདབ་མ་སྟོང་ལྡན་པད་དཀར་ལྟེ་བ་ལ། །ཉ་གང་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་སྟེང། །རབ་དཀར་དྷཱིཿ ཡིག་འོད་ཀྱི་འཕྲོ་འདུ་ལས། །སྨྲ་བའི་དབང་ཕྱུག་མཚུངས་མེད་མཁྱེན་པའི་གཏེར། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང། །དབྱེར་མེད་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །བཅུ་དྲུག་ལང་ཚོ་གསར་པའི་འཇོ་སྒེག་ཅན། །སྐུ་མདོག་རབ་དཀར་ཕྱག་གཡས་མཆོག་སྦྱིན་གྱིས། །ཤེས་རབ་རལ་གྲིས་མཚན་པའི་ཨུཏྤལ་དང། །གཡོན་པ་ཆོས་འཆད་ཕྱག་རྒྱས་གླེགས་བམ་བསྣམས། །དྲི་མེད་ནོར་བུའི་དོ་ཤལ་གཡོ་ལྡན་ཞིང། །འོད་བརྒྱའི་སྣང་བ་སྤྲོ་བཞིན་བཞུགས་པ་ཡི། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་དབྱེར་མེད་དུ། །གྱུར་ཏེ་བསོད་ནམས་ཞིང་དུ་བརྟན་པར་བཞུགས། །ཡིད་འོང་མཚན་དང་དཔེ་བྱད་འབར་བའི་སྐུ། །ཡན་ལག་དྲུག་ཅུའི་སྒྲ་དབྱངས་རྫོགས་པའི་གསུང། །དྲི་མེད་མཁྱེན་རབ་བརྩེ་བའི་ཐུགས་མངའ་བ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ནམ་མཁའི་མཐའ་ཀླས་མཆོད་སྤྲིན་རྒྱ་མཚོས་མཆོད། །བཅས་རང་ཉེས་ལྟུང་དྲི་མ་སྙིང་ནས་བཤགས། །བསྐལ་བརྒྱར་བཞུགས་ཏེ་ཆོས་འཁོར་བསྐོར་དུ་གསོལ། །འདིས་མཚོན་དགེ་བ་རྫོགས་བྱེད་རྒྱུ་རུ་བསྔོ། །གཞན་ཡང་ལྷུན་པོ་གླིང་བཞི་ཉི་ཟླ་བཅས། །རང་ལུས་ལོངས་


GTD003_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དགེ་ཚོགས་ཀུན་འབུལ་ན། །ཟབ་གསལ་མྱུར་བའི་ཤེས་རབ་སྣང་བ་ཡིས། །བདག་བློ་རྨོངས་པའི་དྲ་བ་བསལ་དུ་གསོལ། །ཨོཾ་ཝ་ཀྱཻ་དཾ་ན་མཿ ཞེས་ཅི་འགྲུབ་བཟླ། དེའང་འདིའི་ཀླད་ཀོར་ངེས་ཅན་དུ་ནར་གླག་དགོས་ཏེ། ཝ་ཀྱེ་ངག་ལ་འཇུག་པས་ངག་གི་དབང་ཕྱུག་གམ་དངོས་གྲུབ་དང་། དཾ་ཞེས་པའི་ཡི་གེས་སོ་སོར་ཕྲལ་ན་ད་ན་ཞེས་པ་སྦྱིན་པ་ལ་འཇུག་པ་དེ་ལྟར་སྦྲེལ་དགོས་ལ། རང་གི་སྡེ་པའི་ལྔ་པར་བཀླག །ཅེས་ཀྱང་འབྱུང་བས་སོ། །དེ་ནས་ཡིག་བརྒྱས་ལྷག་ཆད་བསྐང་ལ། ནོར་བུའི་འཁྲི་ཤིང་བཞད་པའི་རྩེ་མོ་ན། །ཟླ་བའི་དཀྱིལ་འཁོར་འཛུམ་པའི་ཞལ་མངའ་བ། །བཅོམ་ལྡན་ངག་གི་དབང་ཕྱུག་མཁྱེན་པའི་གཏེར། །བརྩེ་བས་དགོངས་ཏེ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་ཅིང་རྒྱ་ཆེ་ཕ་རོལ་ཕྱིན་པའི་ལམ། །མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་རྡོ་རྗེའི་ཐེག །ཡན་ལག་ཐུན་མོང་རིག་གནས་བཞི་ལ་སོགས། །ཇི་བཞིན་འབྱེད་པའི་ཤེས་རབ་སྩལ་དུ་གསོལ། །འཆད་ལ་མི་འཇིགས་སྤོབས་པའི་ལུས་སྟོབས་རྫོགས། །རྩོད་ངག་ང་རོས་ཕས་རྒོལ་ཀླད་པ་འགེམས། །སྡེབ་ལེགས་རྩོམ་པ་རལ་པའི་ཁུར་འཆང་བའི། །སྨྲ་བའི་སེང་གེ་མཆོག་ཏུ་བདག་གྲུབ་མཛོད། །མདོར་ན་དེང་ནས་སྐྱེ་ཞིང་སྐྱེ་བ་རུ། །འཇམ་དབྱངས་བླ་མ་ཁྱོད་ཀྱིས་རྗེས་བཟུང་སྟེ། །ལེགས་བཤད་བདུད་རྩིའི་དགའ་སྟོན་མྱང་བ་ལས། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །ཅེས་འཇམ་དབྱངས་དཀར་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདི་ནི་དད་བརྩོན་ལྡན་པ་དགེ་སློང་བློ་བཟང་དཀོན་མཆོག་གིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་


GTD003_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ། ༈ འགོག་མེད་མཆོག་ཏུ་དྭངས་པའི་ཡིད་མཁའ་ལ། །རལ་པའི་ཁུར་འཆང་གདོང་ལྔ་འབར་བའི་ཁྲི། །མ་བསྙིགས་འདབ་བརྒྱའི་ཕྲེང་ལྡན་རྣམ་གསུམ་གྱི། །དབུས་སུ་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །ངུར་སྨྲིག་གར་བསྒྱུར་བློ་བཟང་གྲགས་པའི་དཔལ། །གཡས་སུ་ཀུན་མཁྱེན་འཇིགས་མེད་དབང་པོའི་སྡེ། །གཡོན་ན་རྗེ་བཙུན་བསྟན་པའི་སྒྲོན་མེ་རྣམས། །ཐུགས་རྗེའི་འཛུམ་དཀར་སྤྲོ་བཞིན་བཞུགས་པ་ཡི། །ཁོར་ཡུག་དངོས་བརྒྱུད་བླ་མ་ཡི་དམ་སོགས། །སྐྱབས་ཡུལ་མཐའ་ཀླས་སྤྲིན་ལྟར་གཏིབས་པ་རྣམས། །བགྲང་དུ་མེད་པ་རབ་འབྱམས་བསྐལ་པའི་བར། །བདག་ཅག་བསོད་ནམས་ཞིང་དུ་བཞུགས་སུ་གསོལ། །མཁའ་དབྱིངས་གཅིག་ལ་ཉི་ཟླ་རྒྱུ་སྐར་སོགས། །སྣ་ཚོགས་རོལ་པ་ཀུན་ཏུ་སྟོན་པ་ལྟར། །རྣམ་པ་ཐ་དད་སྐྱབས་གནས་ཀུན་གྱི་དངོས། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མིང་གི་ལྷག་མར་གྱུར་པ་རྒྱལ་བའི་བསྟན། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་པ་ལ། །མ་སྨད་སྙིང་སྟོབས་མཆོག་གི་དཔལ་མངའ་བ། །ཐུབ་བསྟན་རྩ་ལག་གསུམ་ལ་གསོལ་བ་འདེབས། །ནམ་མཁའི་མཐའ་ཀླས་ཀུན་བཟང་མཆོད་པའི་སྤྲིན། །རང་གཞན་དུས་གསུམ་དགེ་བའི་དངོས་པོར་བཅས། །བསོད་ནམས་ཞིང་མཆོག་ཁྱེད་ལ་གུས་འབུལ་ན། །ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མུ་མེད་འཁོར་བར་འཁྱམས་པའི་འགྲོ་བ་རྣམས། །བླང་དོར་གནས་ལ་ཀུན་ནས་རྨོངས་པའི་མཐུས། །བརྣག་དཀའི་སྡུག་བསྔལ་སྐྱེད་པའི་ལས་བསགས་པ། །ཀུན་ཀྱང་ཁྱོད་ཀྱི་ཐུགས་རྗེས་


GTD003_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བར་མཛོད། །ཕུལ་བྱུང་གྲགས་པའི་གཞིར་གྱུར་མཛད་པའི་མཆོག །ལེགས་གསུང་བདུད་རྩིའི་དྲ་བ་འགྱེད་པ་ཡིས། །ལུས་ཅན་ཡིད་ཀྱི་གདུང་བ་རབ་བཅིལ་ནས། །རྣམ་གྲོལ་ཀུནྡའི་སྐྱེད་ཚལ་བཞད་པར་མཛོད་། །ལེགས་བྱས་ཁ་བའི་རྡུལ་བརྩེགས་ཏེ་སེའི་རི། །ལེགས་སྨོན་དྲོད་ཀྱིས་ཞུ་བའི་གངྒཱ་མས། །ཉེས་ལྟུང་དུག་ཅན་དྲི་མ་རབ་སྦྱངས་ནས། །དལ་འབྱོར་ཚང་བའི་རྟེན་བཟང་རྙེད་པར་ཤོག །དེ་ཚེ་འཇམ་མགོན་བླ་མ་ཡབ་སྲས་ཀྱི། །ཞབས་རྡུལ་རྙོག་པ་མེད་པ་གུས་བསྟེན་ནས། །ཚང་ལ་མ་ནོར་བསྟན་པའི་གནད་ཀུན་ལ། །ཐོས་བསམ་སྒོམ་པས་ཚུལ་བཞིན་སློབ་པར་ཤོག །དེ་ལྟར་རྒྱལ་བའི་བསྟན་ལ་སློབ་པ་ན། །ཕྱི་རོལ་ཉེར་འཚེའི་བར་ཆད་མི་འབྱུང་ཞིང། །ཆོས་བརྒྱད་འཆིང་བའི་སླད་པ་མི་འཇུག་པར། །རྣམ་དག་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །སྲིད་གསུམ་མཐའ་དག་དམྱལ་བའི་བཙོན་ར་དང། །སྒྱུ་མའི་གྲོང་ཁྱེར་ལྟ་བུར་མཐོང་བ་ཡི། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་ལ། །རྩོལ་མེད་མྱོང་བ་བརྟན་པོ་རྙེད་པར་ཤོག །དེ་ལྟར་ཐུན་མོང་ལམ་གྱིས་རྒྱུད་སྨིན་ཚེ། །དཔལ་ལྡན་བླ་མ་ཐུགས་རྗེའི་གཏེར་ཆེན་རྣམས། །དཀྱིལ་འཁོར་འཁོར་ལོའི་མགོན་པོར་ལེགས་བཞེངས་ཏེ། །གསང་བ་མཆོག་གི་ལམ་དུ་འཁྲིད་པར་ཤོག །དེ་ནས་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །ལས་རླུང་རྒྱུ་བ་ཀུན་རྟོག་ཕྲ་མོར་བཅས། །ཡོངས་སུ་དག་པའི་རྟེན་དང་བརྟན་པ་ཀུན། །བདེ་བའི་རོལ་པ་གཅིག་ཏུ་འཆར་བར་ཤོག །མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ། །ཁྱོད་ཀྱིས་དགྱེས་བཞིན་འབྲེལ་མེད་རྗེས་བཟུང་


GTD003_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །གཅིག་ཏུ་དགེ་བའི་ལམ་ལ་རབ་ཞུགས་ནས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དད་བརྩོན་རྣམ་དཔྱོད་ལྡན་པ་དཀའ་བཅུ་འཇམ་དབྱངས་བཀྲ་ཤིས་ཀྱིས་མཎྜལ་དང་ཐུབ་པའི་སྐུ་བརྙན་བཅས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའོ། ། ༈ སྐྱབས་སེམས་སྔོན་དུ་བཏང་ལ། སྤྱི་བོར་པདྨ་ཟླ་བའི་སྟེང། །དྲིན་ཅན་རྩ་བའི་བླ་མ་དང་། །དབྱེར་མེད་བཅོམ་ལྡན་ཀླུ་ཡི་དབང། །ནམ་མཁའི་མདངས་ལྡན་ཟླ་བའི་ཞལ། །ཀླུ་རྣམས་དབུགས་འབྱིན་ཕྱག་རྒྱ་ཅན། །ཆོས་གོས་དམར་པོ་གསུམ་གསོལ་ཞིང། །བརྒྱ་རྩ་བཅུ་གཉིས་མཚན་དཔེས་སྤྲས། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང། །གནས་རྣམས་འབྲུ་གསུམ་གྱིས་མཚན་པའི་། །ཧཱུཾ་ཡིག་འོད་ཀྱིས་ཡེ་ཤེས་པ། །སྲས་དང་བཅས་པ་སྤྱན་དྲངས་ཏེ། །དབྱེར་མེད་བརྟན་པར་བཞུགས་སུ་གསོལ། །བྱིན་རླབས་བདུད་རྩིའི་ཆར་རྒྱུན་གྱིས། །ཕྱི་ནང་ཉེར་འཚེ་ཀུན་སེལ་ཞིང། །ཕན་བདེའི་དགའ་སྟོན་སྩོལ་མཛད་པ། །ཀླུ་དབང་རྒྱལ་པོར་གུས་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་ཀུན། །དམིགས་མེད་ཐུགས་རྗེས་བཞེས་སུ་གསོལ། །ལས་ངན་ལན་ཆགས་ཀྱིས་བསྐྱེད་པའི། །ཀླུ་གཉན་ས་བདག་གནོད་པ་སོགས། །ཕྱི་ནང་ཉེར་འཚེ་མ་ལུས་པ། །རྒྱུ་བཅས་བྱང་བར་བྱིན་གྱིས་རློབས། ། ཞེས་གསོལ་བ་བཏབ་པས་སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་བར་བསམ་ལ། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏ་བྷ་ག་ཝཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷི་ཥྛཱ་ན་ཨ་དྷི་ཥྛི་ཏེ་སྭཱཧཱ། ཞེས་ཅི་འགྲུབ་བཟླ།


GTD003_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདིས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ཚང་བའི་རྟེན་ཐོབ་ཅིང། །བཅོམ་ལྡན་ཀླུ་དབང་རྒྱལ་པོ་ཡིས། །འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཡུལ་ཕྱོགས་འདིར་ཡང་ནད་མུག་སོགས། །ཕྱི་ནང་ཉེར་འཚེ་ཀུན་ཞི་སྟེ། །སྦྲང་རྩི་ཅན་གྱི་ཞིང་ཁམས་ལྟར། །བདེ་སྐྱིད་དཔལ་འབྱོར་རྒྱས་གྱུར་ཅིག །ཅེས་པ་འདི་ནི་མིར་གན་ཤོག་ནས་དད་ལྡན་དགེ་སློང་བློ་བཟང་བསོད་ནམས་ཀྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ། ། ༈ རང་གི་སྤྱི་བོར་སེང་ཁྲི་པད་ཟླ་དང། །ཁྲི་སྙན་ས་ལའི་པགས་པའི་གདན་སྟེང་དུ། །སྐྱབས་གསུམ་མ་ལུས་འདུས་པའི་ངོ་བོ་ཉིད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང། །དབྱེར་མེད་གྲུབ་མཆོག་བཞད་པའི་རྡོ་རྗེ་ནི། །སྐུ་མདོག་སྔོ་བསངས་སྐེམ་ཞིང་གཟི་བྱིན་འབར། །དཀའ་ཐུབ་སྤྱོད་པའི་དྲང་སྲོང་རྣམ་པ་ཅན། །གཡས་པའི་ཕྱག་གི་ཐལ་མོ་འགྲམ་པར་བརྟེན། །གཡོན་ན་བདེ་སྐྱོང་བདུད་རྩིའི་བཅུད་ལྡན་བསྣམས། །ཀར་ཤིའི་རས་དཀར་འདབ་མའི་ན་བཟའ་གསོལ། །ལྕང་ལོ་སིལ་བུར་གྲོལ་བས་སྐུ་སྟོད་ཁེབས། །ཟབ་རྒྱས་གདམས་པའི་གླུ་དབྱངས་ལྷང་ལྷང་སྒྲོགས། །སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ་ཡི། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གིས། །མི་བསྐྱོད་རྒྱལ་བའི་ཞིང་ནས་ཡེ་ཤེས་པ། །འཁོར་བཅས་སྤྱན་དྲངས་དབྱེར་མེད་བསྟིམ་པར་གྱུར། །དཀོན་མཆོག་ཀུན་འདུས་མི་བསྐྱོད་རྒྱལ་བའི་དབང། །གསང་ཆེན་བསྟན་པའི་སྒྲོན་མེ་སྦར་བའི་ཕྱིར། །གྲུབ་པའི་དབང་ཕྱུག་གར་གྱིས་རྣམ་རོལ་བ། །བཞད་པའི་


GTD003_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རབ་འབྱམས་ཕྱི་ནང་གསང་བ་དེ་ཉིད་ཀྱི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་མ་ལུས་བཤགས། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་དཀའ་ཐུབ་ཀྱི། །སྤྱོད་པ་བསམ་མི་ཁྱབ་ལ་རྗེས་ཡི་རང། །ཟབ་རྒྱས་གདམས་པའི་དགའ་སྟོན་མཆོག་སྩོལ་ཅིང། །བསྐལ་པ་རྒྱ་མཚོར་བརྟན་པར་བཞུགས་སུ་གསོལ། །འདིས་མཚོན་དགེ་བས་བདག་སོགས་འགྲོ་ཀུན་ཀྱང། །ཚེ་རབས་འཕྲེང་བར་ཁྱོད་ཀྱིས་རྗེས་འཛིན་ཤོག །གྲུབ་པའི་དཔའ་བོ་ཁྱོད་ཀྱི་རྣམ་ཐར་བཞིན། །མདོ་སྔགས་ལམ་བཟང་གེགས་མེད་མྱུར་བགྲོད་དེ། །མི་བསྐྱོད་རྒྱལ་བའི་གོ་འཕང་མངོན་གྱུར་ནས། །མ་ལུས་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །དེ་ལྟར་གསོལ་བ་བཏབ་པས་ཚངས་བུག་ནས། །སྙིང་ག་ཆོས་ཀྱི་འཁོར་ལོའི་ཟེའུ་འབྲུའི་དབུས། །བྱོན་ནས་དབྱེར་མེད་བརྟན་པར་བཞུགས་པ་ཡིས། །ཡང་དག་ལམ་བཟང་མངོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་རི་ཁྲོད་པ་དགེ་སློང་བློ་བཟང་དཀོན་མཆོག་གིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་མུ་ནི་ཨིནྡྲཱ་ཡ། དེའང་འདི་ཕྱིའི་ལེགས་ཚོགས་མ་ལུས་པ་འབྱུང་བའི་གནས། ཐེག་པ་མཆོག་གི་ལམ་གྱི་ལུས། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྔོན་འགྲོ་སྦྱོར་བའི་ཆོས་རྣམས་ཚགས་སུ་ཚུད་པར་བྱས་ལ། སྲིད་ཞིའི་རྒུད་པ་མ་ལུས་པ་སེལ་ཞིང་། འཕྲལ་དང་ཡུན་གྱི་ཕན་བདེ་མ་ལུས་པ་འབྱུང་བའི་སྒོ་གཅིག་པུ། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ཕྱིན་ཅི་མ་ལོག་པ་འདི་ལ་རག་ལས་པར་རྒྱལ་བས་མདོ་རྒྱུད་ཐམས་ཅད་ནས་མཐུན་པར་གསུངས་ཤིང་། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་དམ་པ་གོང་མ་ཐམས་ཅད་ཀྱིས་ཀྱང་


GTD003_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཉམས་སུ་བསྟར་བའི་ཚུལ་བསམ་སྟེ་ངེས་ཤེས་ཐུན་མོང་མ་ཡིན་པ་བསྐྱེད། དེ་ནས་རང་རྒྱུད་ལ་བསྐོར་ཏེ་བརྟག་པ་ན། ཉོན་མོངས་པའི་གདོན་ཆེན་ཕུགས་སུ་ཞུགས་པའི་དབང་གིས། རང་གི་སྣང་ཚུལ་ཐམས་ཅད་བདེན་བདེན་ལྟ་བུ་དང་། བླ་མའི་མཛད་པ་སྐྱོན་དང་བཅས་པར་མཐོང་བའི་ཚེ་བློ་ངན་འདིས་ནི་རང་ཉིད་ཕུང་ཁྲོལ་ཆེན་པོ་ལ་སྦྱོར་བའི་བདུད་ཀྱི་བྱེད་པ་ལྟས་ངན་གྱི་གཙོ་བོ་ཡིན་སྙམ་དུ། དམ་པ་གོང་མ་མང་པོའི་ལོ་རྒྱུས་སོགས་དང་སྦྱར་ལ་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་བཀག་སྟེ། སངས་རྒྱས་དངོས་སུ་མཐོང་བའི་མོས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་འདུལ་བའི་ཞིང་དུ་མ་གྱུར་པ་ན། བླ་མ་འདིས་ནི་རང་དང་སྐལ་བ་འཚམ་པའི་སྐུར་བསྟན་ཏེ་རྒྱལ་བའི་མཛད་པ་ཐམས་ཅད་བསྒྲུབ་པས། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པ་ཡིན་ནོ་སྙམ་དུ་གུས་པ་བསྐྱེད་ལ། དངོས་གཞི་ནི་སྐྱབས་སེམས་སྔོན་དུ་འགྲོ་བས་ཚིག་དོན་དྲན་བཞིན་པར། མདུན་གྱི་མཁའ་ལ་སེང་ཁྲི་པད་ཟླའི་སྟེང། །སྐྱབས་གསུམ་ཀུན་འདུས་ངོ་བོ་བླ་མ་ལྷ། །གཡས་གཡོན་ཆོས་འཆད་སྐྱབས་སྦྱིན་ཕྱག་རྒྱ་མཛད། །ཆོས་གོས་གསུམ་གསོལ་གསེར་མདོག་པཎ་ཞྭས་མཛེས། །དགྱེས་པའི་ཚུལ་གྱིས་བཞུགས་པའི་མཐའ་སྐོར་དུ། །དངོས་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང། །སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་སོགས། །མཁའ་དབྱིངས་ཁྱབ་པས་བསྐོར་ཏེ་བརྟན་པར་བཞུགས། །བསླུ་མེད་འདྲེན་པ་དཀོན་མཆོག་གསུམ་གྱི་དངོས། །བཤད་སྒྲུབ་བསྟན་པའི་སྲོག་ཤིང་ཟླ་མེད་པ། །ཐར་འདོད་སྙིང་གི་མུན་སེལ་སྒྲོན་མེ་མཆོག །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གཞན་ཡང་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ཞིང། །དངོས་


GTD003_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང། །འཁོར་བ་མ་སྟོངས་བར་དུ་རྟག་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །ཞེས་པ་ནས་སྤྱོད་པར་ཤོག །ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །ཞེས་པ་ནས། བར་གཅོད་སྲུངས། །ལན་གསུམ། བྱིན་རླབས་དངོས་གྲུབ་གཏེར་ཆེན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངན་སོང་འཁོར་བའི་གནས་ལས་ཡིད་འབྱུང་བས། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །རིན་ཆེན་བྱང་ཆུབ་སེམས་ཀྱི་རྒྱས་བཏབ་སྟེ། །དམ་ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །དངོས་འཛིན་གདོན་ཆེན་བདུད་ཀྱི་དཔུང་བཅོམ་སྟེ། །ལམ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །རབ་དཀར་བདུད་རྩིས་བུམ་པའི་དབང་བསྐུར་ཏེ། །རྒྱལ་བའི་གཟུགས་སྐུ་འགྲུབ་པར་བྱིན་གྱིས་རློབས། །བདུད་རྩི་དམར་པོས་གསང་བའི་དབང་བསྐུར་ཏེ། །རྒྱལ་གསུང་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས། །སྔོན་པོས་ཤེས་རབ་ཡེ་ཤེས་དབང་བསྐུར་ཏེ། །ཐུགས་མཆོག་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། །རྣམ་གསུམ་བདུད་རྩིས་བཞི་པའི་དབང་བསྐུར་བས། །སྐུ་ཐུགས་ཟུང་འཇུག་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་སྲིད་དང་ཞི་བའི་རྒུད་པ་ཀུན། །མ་ལུས་ལྷག་མེད་ཞི་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །བདེ་
བླག་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །དུས་དང་གནས་སྐབས་ཀུན་ཏུ་ཁྱོད་མིན་པ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །དེ་ལྟར་གསོལ་བ་བཏབ་པས་བླ་མ་མཆོག །དགྱེས་བཞིན་དྷཱུ་ཏཱིའི་ལམ་ནས་སྙིང་གར་བྱོན། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །གོང་གི་ཕྱག་འཚལ་གསོལ་འདེབས་སུ་བསྒྱུར་བ་གྲངས་གསོག་དང་། མཐར། ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡིས། །ཐེག་མཆོག་བཤེས་གཉེན། ཞེས་སོགས་དང་། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །ཞེས་སོགས་དང་། སྐྱེ་བ་ཀུན་ཏུ་ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱོར་ཞིང་། རྒྱུན་དུའང་སྙིང་དབུས་ཀྱི་བླ་མའི་འདུ་ཤེས་མ་བརྗེད་པས། དེ་ཉིད་དཔང་པོར་བྱས་ཏེ་དགེ་སྡིག་གི་བླང་དོར་ལ་བག་ཟོན་བྱེད་ཅིང་། སྤྱོད་ལམ་ཀུན་ཏུ་དེ་ལ་བརྟེན་པའི་ཚོགས་གསོག་སྒྲིབ་སྦྱོང་གི་ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལྟར་བྱའོ། །ཞེས་བླ་མའི་རྣལ་འབྱོར་ཤིན་ཏུ་བསྡུས་པ་མདོ་སྔགས་སྤྱིའི་ལམ་གྱི་འགྲོས་དང་སྦྱར་བ་འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པ་རྡོ་རམས་པ་ངག་དབང་རབ་བརྟན་གྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousདགེ་སློང་བློ་བཟང་དཀོན་མཆོག་གིས་བསྐུལ་ངོར།next