Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལམ་ཐུན་མོང་དང་ཐུན་མིན་གྱི་གནད་ཚང་བའི་བླ་མའི་རྣལ་འབྱོར།
   
   
   
   
   
   
   
   
   


 
previousལམ་ཐུན་མོང་དང་ཐུན་མིན་གྱི་གནད་ཚང་བའི་བླ་མའི་རྣལ་འབྱོར།next

ལམ་ཐུན་མོང་དང་ཐུན་མིན་གྱི་གནད་ཚང་བའི་བླ་མའི་རྣལ་འབྱོར།


GTD003_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནད་ཚང་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །ན་མོ་གུ་རུ་མུ་ནཱི་ནྡྲ་བཛྲ་དྷ་རཱ་ཡ། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང། །ངོ་བོ་དབྱེར་མེད་སྟོན་པ་བཅོམ་ལྡན་འདས། །གསེར་གྱི་མདོག་ཅན་ས་གནོན་མཉམ་གཞག་མཛད། །ཐུགས་ཀར་ཁྱབ་


GTD003_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དཔལ་ལྡན་ཧེ་རུ་ཀཿ །སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས། །གར་དགུའི་ཉམས་ལྡན་བདེ་སྟོང་རོལ་པས་དགྱེས། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གིས། །རབ་འབྱམས་རྒྱལ་བའི་འཁོར་ལོ་མ་ལུས་པ། །སྤྱན་དྲངས་དབྱེར་མེད་གཅིག་ཏུ་འདུས་པ་ཡི། །སྐྱབས་གནས་ཀུན་གྱི་བདག་ཉིད་ཐུགས་རྗེའི་གཏེར། །བདག་གི་བསོད་ནམས་ཞིང་དུ་བརྟན་པར་བཞུགས། །ཆེར་སྙིགས་ལྔ་བདོའི་འགྲོ་བ་མགོན་མེད་ལ། །ཐར་པའི་ལམ་བཟང་ཇི་བཞིན་སྟོན་པ་ཡིས། །མ་ལུས་རྒྱལ་བའི་མཛད་པ་སྒྲུབ་མཛད་པ། །བཀའ་དྲིན་མཚུངས་མེད་དམ་པར་གསོལ་བ་འདེབས། །ཁྱད་པར་སངས་རྒྱས་ལས་ཀྱང་དཀོ༷ན་པ་ཡི། །ཐེག་མཆོ༷ག་བསྟ༷ན་པ༷འི་སྙིང་པོ་གསང་སྔགས་ཀྱི། །ལམ་བཟང་གསལ་བར་བྱེད་པའི་སྒྲོ༷ན་མེ༷་མཆོག །འགྲོ་བའི་དེད་དཔོན་དམ་པར་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་ལེགས་བསྟར་ནས། །རྩེ་གཅིག་དང་བའི་ཡིད་ཀྱིས་འབུལ་ལགས་ན། །དགྱེས་བཞིན་བཞེས་ཏེ་བྱིན་གྱིས་བརླབ་ཏུ་གསོལ། །ལེགས་ཚོགས་རྩ་བ་དམ་པའི་མགོན་གྱིས་བཟུང། །མི་རྟག་ལས་འབྲས་བསམས་ནས་འདི་ཕྱི་ཡི། །སྣང་ཤས་བཟློག་སྟེ་འཁོར་བ་མེ་འོབས་ལྟར། །མཐོང་བའི་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །རང་གཞན་དོན་གཉིས་ཕུན་སུམ་ཚོགས་པའི་རྒྱུ། །རིན་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང། །སྲིད་པའི་རྩ་བ་དྲུངས་ནས་འབྱིན་བྱེད་པའི། །ཡང་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཐ་མལ་སྣང་ཞེན་སྦྱོང་བའི་བསྐྱེད་


GTD003_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དང། །རླུང་སེམས་དབུ་མར་གཞུག་བྱེད་དབེན་པ་གསུམ། །ཞུགས་ལས་སྒྱུ་འོད་ཟུང་འཇུག་སྐུར་ལྡང་བའི། །རིམ་གཉིས་རྣལ་འབྱོར་འགྲུབ་པར་བྱིན་གྱིས་རློབས། །མདོར་ན་བློ་བཟང་རྒྱལ་བསྟན་སྙིང་པོའི་བཅུད། །མ་ཚང་མེད་པར་ཐོས་བསམ་བསྒོམ་པ་ཡིས། །ཉམས་སུ་བླངས་ཏེ་བཤད་སྒྲུབ་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་པའི་མཐར། དཔལ་ལྡན་རྩ་བའི་བླ་མ་ཞེས་སོགས་ཀྱིས་སྙིང་གར་བསྟིམ་ཞིང་ཚེ་རབས་རྗེས་འཛིན་གྱི་སྨོན་པས་མཚམས་སྦྱར་བར་བྱའོ། །ཞེས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནད་ཆ་ཚང་བ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་འདི་ནི། ༸འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་རྩ་ལག་དམ་པ་སུམ་པ་མཁན་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་གསེར་གྱི་མེ་ཏོག་དང་བཅས་བསྐུལ་མ་གནང་བའི་བཞེད་པ་བཞིན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ ཆོས་དབྱིངས་སྤྲོས་དང་བྲལ་བ་ལྷ་ཡི་ལམ། །བདེ་ཆེན་སྙིང་རྗེའི་ཆུ་འཛིན་འཁྲིགས་པའི་ཀློང། །མི་འཇིགས་བཞི་ལྡན་གདོང་ལྔ་འབར་བའི་ཁྲི། །སྲིད་པའི་སྐྱོན་བྲལ་ཡིད་འོང་འདབ་བརྒྱ་པ། །ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་སྟེང་དུ། །ཞི་ཁྲོ་རབ་འབྱམས་སྐྱབས་གནས་མ་ལུས་པ། །དབྱེར་མེད་གཅིག་ཏུ་འདུས་པའི་ངོ་བོ་ཉིད། །བཀའ་དྲིན་གསུམ་ལྡན་བླ་མ་རྡོ་རྗེ་འཆང། །ཞི་ཞིང་དུལ་ལ་དགྱེས་པའི་ཉམས་དང་ལྡན། །ཐུགས་རྗེའི་སྤྱན་གྱིས་མཁའ་མཉམ་འགྲོ་ལ་གཟིགས། །ངེས་དོན་རྡོ་རྗེ་ཐལ་མོའི་སྦྱོར་བ་ཡིས། །བདེན་ཟུང་གཉིས་སུ་མི་བྱེད་རྡོ་རྗེ་འཛིན། །པཎ་ཞྭས་གཙུག་མཛེས་ཆོས་གོས་གསུམ་གསོལ་ཞིང། །མི་ཕྱེད་རྡོ་རྗེ་སྐྱིལ་


GTD003_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཀྲུང་གིས་བཞུགས། །གནས་ལྔར་ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །རིགས་ལྔའི་རང་བཞིན་ས་བོན་ལྔས་མཚན་པའི། །ཧཱུཾ་ཡིག་འོད་ཀྱིས་ལྷུན་གྲུབ་ཆོས་དབྱིངས་ནས། །སྲས་བཅས་རྒྱལ་བའི་དཀྱིལ་འཁོར་ཡེ་ཤེས་པ། །མཐའ་དག་སྤྱན་དྲངས་དབྱེར་མེད་བརྟན་པར་གྱུར། །བློ༷་བཟ༷ང་ཐུ༷བ་བསྟ༷ན་འདབ་བརྒྱའི་གཉེན་གཅིག་པུ། །དབ༷ང་ཕྱུ༷ག་བརྒྱད་ལྡན་འཇི༷གས་མེ༷ད་སྟོབས་བཅུའི་བདག །དཀྱིལ་འཁོར་རྒྱ༷་མཚོ༷་སྤྲོ་ཞིང་སྡུད་མཛད་པ། །ཁྱབ་བདག་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །སྙིགས་མའི་འགྲོ་བ་སྤྱི་དང་ཁྱད་པར་དུ། །འཛམ་གླིང་བྱང་ཕྱོགས་འཛིན་མའི་ཁྱོན་ཀུན་ལ། །ཐུབ་བསྟན་སྙིང་པོ་ཉི་ལྟར་གསལ་མཛད་པ། །བཀའ་དྲིན་མཚུངས་མེད་དམ་པར་གསོལ་བ་འདེབས། །རབ་འབྱམས་ཕྱི་ནང་གསང་བ་དེ་ཉིད་ཀྱི། །མཆོད་ཚོགས་མ་ལུས་བློ་ཡིས་བླངས་ཏེ་འབུལ། །རྒྱ་ཆེན་ནམ་མཁའ་མཛོད་ཀྱི་ཏིང་འཛིན་མཐུས། །བྱིན་གྱིས་བརླབས་ཏེ་དགྱེས་བཞིན་བཞེས་སུ་གསོལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་དང། །ཁྱད་པར་སྡོམ་གསུམ་བཅས་འགལ་ཉེས་པ་ཀུན། །ཤུགས་དྲག་གདུང་བའི་ཡིད་ཀྱིས་མཐོལ་ལོ་བཤགས། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །བདག་གིས་དུས་གསུམ་དགེ་ཚོགས་ཅི་བགྱིས་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་འཛིན་ཞིང། །བཀའ་བཞིན་སྒྲུབ་པ་ལྷུར་ལེན་རྒྱུར་གྱུར་ཅིག །ངེས་འབྱུང་བྱང་སེམས་ཟབ་མོའི་ལྟ་བ་སོགས། །ཐུན་མོང་ལམ་སྦྱང་རིམ་པ་སྔོན་འགྲོ་བའི། །གསང་ཆེན་ཐེག་པ་མཆོག་གི་སྒོར་ཞུགས་ཏེ། །དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་གྱུར་


GTD003_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཐབས་ཤེས་ཟུང་འབྲེལ་ཟབ་མོའི་མྱུར་ལམ་གྱིས། །རིང་མིན་སྲིད་པའི་རྒྱ་མཚོ་མཐར་བྱས་ཏེ། །བླ་མ་ལྷ་ཡི་གོ་འཕང་མངོན་གྱུར་ནས། །འགྲོ་ཀུན་ཐར་པའི་གླིང་དུ་འཁྲིད་གྱུར་ཅིག །ཅེས་བླ་མ་རང་གི་སྙིང་གར་སྤྱན་དྲངས་པར་བསམས་ལ། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །ཞེས་སོགས་དང་། སྐྱེ་བ་ཀུན་ཏུ་ཞེས་སོགས་སྨོན་ལམ་གྱིས་མཚམས་སྦྱར་བར་བྱའོ། །ཞེས་བསྟན་འགྲོའི་དཔུང་གཉེན་མཚུངས་ཟླ་མ་མཆིས་པ་རྗེ་བཙུན་དམ་པ་བློ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདི་ནི་ཧལ་ཧ་ཁུ་རེ་ཆེན་མོའི་གྲྭ་རིགས་དད་ལྡན་དགེ་སློང་དཀོན་མཆོག་དགེ་ལེགས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་གུ་རུ་བཛྲ་དྷཱ་ར་སུ་མ་ཏི་ཝ་གིནྡྲཱ་ཡ། དག་པ་རབ་འབྱམས་བྱེད་པོ་བདེ་བ་ཆེ། །སྤྲོས་བྲལ་དབྱིངས་སུ་རྩེན་པའི་སྒྱུ་འཕྲུལ་ལས། །འབྱམས་ཀླས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས། །སེང་ཁྲི་པད་ཟླ་ཉི་མའི་གདན་གྱི་སྟེང། །རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་དངོས། །རྩ་བའི་བླ་མ་ངག་དབང་བློ་བཟང་ཞབས། །ཐལ་མོ་བསྣོལ་ཏེ་ཟབ་རྒྱས་གླེགས་བམ་བསྣམས། །ཆོས་གོས་གསུམ་འཆང་པཎ་ཞྭ་ལེབ་མོར་གསོལ། །རབ་དགྱེས་འཛུམ་པའི་ཉམས་དང་ལྡན་པ་ཡི། །དཔྲལ་མགྲིན་ཐུགས་ཀར་རྡོ་རྗེ་གསུམ་གྱི་དངོས། །ཡི་གེ་གསུམ་མཚན་ཧཱུཾ་གི་འོད་ཟེར་གྱིས། །སྐྱབས་གནས་མ་ལུས་བསྡུས་ཏེ་ཐིམ་པར་གྱུར། །ཛཿ ཧཱུཾ་བཾ་ཧོཿ མདོ་རྒྱུད་མན་ངག༷་ཀུན་ལ་དབ༷ང་འབྱོར་ཞིང། །བློ༷་གྲོས་བུམ་བཟ༷ང་བསླབ་གསུམ་


GTD003_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་གཏམས། །ཟབ་ཅིང་རྒྱ་ཆེའི་རྟོགས་པའི་ཀློང་རྡོལ་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཆེར་སྙིགས་དམུ་རྒོད་གདུལ་དཀའི་འགྲོ་བ་ལ། །རྒྱལ་ཀུན་ཐུགས་བཅུད་གདམས་པའི་མཆོག་སྩལ་ཏེ། །སྐལ་བ་ཇི་བཞིན་སྲིད་ཞིའི་རྒུད་པ་ལས། །སྒྲོལ་མཛད་སྐྱབས་ཀྱི་དམ་པར་ཕྱག་འཚལ་ལོ། །བསླུ་མེད་ཐུགས་རྗེའི་གཏེར་ཆེན་མགོན་ཁྱོད་ཀྱིས། །འབྲལ་མེད་བྱང་ཆུབ་བར་དུ་རྗེས་འཛིན་ཅིང། །འཁྲུལ་མེད་འཇམ་མགོན་ཞལ་ལུང་བདུད་རྩིའི་ཆུས། །ཐོག་མེད་ལས་ཉོན་དྲི་མ་བྱང་བར་མཛོད། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས། །མཐའ་དག་ཞུམ་མེད་བློ་ཡིས་ལེགས་འབུལ་ན། །ཟག་མེད་བདེ་ཆེན་ངང་དུ་རྣམ་རོལ་ཅིང། །མཐར་ཐུག་བྱང་ཆེན་རྒྱུ་རུ་སྨིན་པར་མཛོད། །ས་གཞི་སྤོས་ཀྱིས་བྱུགས་ཤིང་ཞེས་སོགས་ཀྱིས་མཎྜལ་དབུལ། གསོལ་འདེབས་ཀྱི་བཟླས་བརྗོད་བྱ་བར་འདོད་ན། མདོ་རྒྱུད་མན་ངག་ཅེས་སོགས་ཀྱི་ཤླཽ་ཀ་དེ་གྲངས་གསོག་ནས་བཟླ། ཕྲ་རགས་སྲིད་པའི་རྒྱ་མཚོ་བརྒལ་གྱི་བར ། །བླ་མ་ཡི་དམ་ཆོས་སྲུང་ཀུན་གྱི་དངོས། །འདྲེན་པ་ཁྱོད་མིན་སྐྱབས་གཞན་མ་མཆིས་པས། །བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་དྲང་དུ་གསོལ། །དངོས་གྲུབ་རྩ་བ་བླ་མའི་མོས་གུས་དང། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བའི་གནད། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་སོགས་པ། །ལམ་བཟང་གེགས་མེད་སྐྱེ་བར་བྱིན་གྱིས་རློབས། །མདོར་ན་མགོན་ཁྱོད་ཐུགས་རྗེའི་སྤྲིན་ཕུང་ལས། །མཆོག་ཐུན་དངོས་གྲུབ་གྲུ་ཆར་འཇོ་བ་ཡིས། །ཕན་དང་བདེ་བའི་དགའ་ཚལ་རྒྱས་གྱུར་ཏེ། །བླ་མེད་ཐར་པའི་འབྲས་བཟང་སྨིན་


GTD003_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །དེ་ནས་བླ་མ་རང་གི་སྤྱི་བོ་ནས་མར་ཕེབས་ཏེ་སྙིང་གར་རང་སེམས་དང་དབྱེར་མེད་དུ་བཞུགས་པའི་མོས་པ་བྱས་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་ཞེས་སོགས་དང་། ཚེ་རབས་རྗེས་འཛིན་གྱི་སྨོན་པས་མཚམས་སྦྱར་བར་བྱའོ། །རྒྱུན་དུ་ཟས་གོས་གནས་མལ་སོགས་གང་ལ་ལོངས་སྤྱོད་པ་ན་སྙིང་གའི་བླ་མ་ལ་དབུལ་བའི་དམིགས་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བཞིན་དུ་བྱས་ན་དཀོར་སྒྲིབ་སྦྱོང་ཞིང་རང་གཞན་གཉིས་ཀའི་ཚོགས་རྫོགས་པ་དང་། བླ་མ་རྗེས་སུ་དྲན་པ་དང་མི་འབྲལ་ཞིང་དགྱེས་བཞིན་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཡོད་པས་ཐབས་སྣ་ཚོགས་ཀྱི་སྒོ་ནས་དལ་འབྱོར་ལ་སྙིང་པོ་བླང་བར་བྱའོ། །ཞེས་རྗེ་བཙུན་བླ་མ་དམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཆོས་བརྒྱད་ཀྱི་སྣང་བ་བཙན་ཆོད་དུ་བྱེད་པའི་རྗེ་བཙུན་མི་ལ་གཉིས་པ་ཀློང་རྡོལ་གྲུབ་པའི་དབང་ཕྱུག་ངག་དབང་བློ་བཟང་པའི་ཞལ་སྔ་ནས་ཀྱི་བླ་མའི་རྣལ་འབྱོར་འདི་ནི། རྗེ་བཙུན་དེ་ཉིད་ལ་རྩེ་གཅིག་ཏུ་མོས་གུས་ཅན་ཁ་ཀྱའི་རབ་འབྱམས་པ་བློ་བཟང་བརྩོན་འགྲུས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་ནས་བྲིས་པའོ། ། ༈ རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང། །རྩ་བའི་བླ་མ་མཆོག་དང་དབྱེར་མེད་པའི། །རྡོར་སེམས་དཀར་པོ་ཕྱག་གཉིས་རྡོར་དྲིལ་འཛིན། །གྲི་ཐོད་འཛིན་མཛད་དབྱིངས་ཀྱི་དབང་མོས་འཁྱུད། །དེ་ཡི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་གྱུར། །སླར་ཡང་འོད་འཕྲོས་རྡོ་རྗེ་གསུམ་གྱི་ལྷའི། །ཐུགས་ཀའི་ཡིག་བརྒྱ་དཀར་དམར་མཐིང་གའི་ཚོགས། །སྤྱན་དྲངས་སྤྱི་བོའི་རྡོར་སེམས་གནས་གསུམ་དུ། །འཁོད་པའི་བདུད་རྩིས་ལུས་ཀུན་གང་བར་གྱུར། །མི་བཟད་
ཉེས་ལྟུང་དྲི་མ་ཀུན་སེལ་ཞིང། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་མཛད་པ། །བླ་མ་རྡོ་རྗེ་སེམས་དཔར་གུས་ཕྱག་འཚལ། །རང་གཞན་སྡིག་ལྟུང་བྱང་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བཏབ་སྤྱི་བོའི་རྡོར་སེམས་ལས། །འགྲོ་དྲུག་གྲངས་སྙེད་རྡོར་སེམས་ཡབ་ཡུམ་སྤྲོས། །ཀུན་གྱི་སྤྱི་བོར་བཞུགས་པའི་སྦྱོར་མཚམས་ནས། །བདུད་རྩིའི་རྒྱུན་བབས་ཉེས་ཀུན་བྱང་བར་གྱུར། ། དེ་ནས་ཡིག་བརྒྱ་བཟླ། རྡོར་སེམས་འོད་དུ་ཞུ་བས་འགྲོ་བ་ཀུན། །དེ་ཡི་སྐུར་བཞེངས་དེ་དག་ཐམས་ཅད་ཀྱང། །གཅིག་བསྡུས་རང་ལ་ཐིམ་པས་རང་ཉིད་དང། །རྡོར་སེམས་དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། །འདིས་མཚོན་དགེ་བས་ཚེ་རབས་ཀུན་ཏུ་ཡང། །བླ་མ་རྡོ་རྗེ་སེམས་དཔས་རྗེས་བཟུང་སྟེ། །རྣམ་དག་དམ་ཚིག་སྡོམ་པའི་གྲུ་གཟིངས་ལ། །བརྟེན་ནས་ཟུང་འཇུག་ནོར་བུའི་གླིང་བགྲོད་ཤོག །ཅེས་པ་འདི་ནི་ཨོར་དུ་སུ་དར་ཧན་ཤོག་གི་དགེ་སློང་རིན་ཆེན་བཟང་པོ་དང་། དགེ་སློང་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousལམ་ཐུན་མོང་དང་ཐུན་མིན་གྱི་གནད་ཚང་བའི་བླ་མའི་རྣལ་འབྱོར།next