Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་དཔག་མེད་དང་འབྲེལ་བའི་བླ་མའི་རྣལ་འབྱོར།
   
   
   
   
   
   
   
   


 
previousཚེ་དཔག་མེད་དང་འབྲེལ་བའི་བླ་མའི་རྣལ་འབྱོར།next

ཚེ་དཔག་མེད་དང་འབྲེལ་བའི་བླ་མའི་རྣལ་འབྱོར།


GTD003_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །བླ་མ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །རྨ་བྱས་བཏེག་པའི་ཁྲི་ལ་པད་ཟླའི་སྟེང། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང། །གཉིས་སུ་མེད་པ་བཅོམ་ལྡན་ཚེ་མཐའ་ཡས། །ཉི་འོད་སྟོང་འབར་བྱུ་རུའི་ལྷུན་པོ་བཞིན། །སྐུ་མདོག་དམར་གསལ་མཚན་དཔེའི་དཔལ་གྱིས་བརྗིད། །མཉམ་གཞག་ཕྱག་རྒྱས་བདུད་རྩིའི་བུམ་བཟང་བསྣམས། །ལྷ་ཡི་གོས་དང་རིན་ཆེན་རྒྱན་


GTD003_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཛེས། །སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ། །ཡི་གེ་གསུམ་མཚན་ཧཱུཾ་གི་འོད་ཟེར་གྱིས། །བདེ་ལྡན་ཞིང་ནས་མགོན་པོ་ཚེ་དཔག་མེད། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །བསླུ་མེད་དཀོ༷ན་མཆོ༷ག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་སྒྲོལ་ལེགས་པའི་ལམ་བསྟ༷ན་ནས། །ཐར་པར་འཁྲིད་མཛད་འགྲོ་བའི་སྒྲོ༷ན་མེ༷་མཆོག །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་ངོ་མཚར་མཆོད་པའི་སྤྲིན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །བློ་ཡིས་བླངས་ཏེ་གུས་པས་འབུལ་ལགས་ན། །བརྩེ་བས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྲིད་ཞིའི་འཇིགས་པ་ཀུན་ལས་སྐྱོབ་པ་དང། །མཆོག་ཐུན་དངོས་གྲུབ་མ་ལུས་འགྲུབ་པའི་ཕྱིར། །རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །ཐུགས་རྗེས་མྱུར་བ་མྱུར་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་བུམ་ནང་དང། །ཐུགས་ཀའི་སྔགས་འཕྲེང་འོད་ཀྱིས་རང་གི་ཚེ། །ཉམས་པ་གསོས་ཤིང་བརྟན་གཡོའི་བྱིན་རླབས་བཅུད། །ཚེ་དཔལ་ཀུན་བསྡུས་རང་ལ་ཐིམ་པར་གྱུར། །ཅེས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས། ལྷ་དང་དྲང་སྲོང་འཁོར་ལོས་བསྒྱུར་བ་སོགས་ཀྱི་ཚེ་དང་བསོད་ནམས་འབྱུང་བ་ལྔའི་བཅུད། རང་གི་ཚེ་སྔར་གོད་པ་རྣམས་དང་བཅས་པ་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ་པ་ལས་བདུད་རྩིའི་རྒྱུན་འབེབས་པའམ། དང་པོ་ནས་རང་ལ་བསྟིམ་པས་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་ཤིང་། སླན་ཆད་འཚེ་བ་གང་གིས་ཀྱང་མི་ཚུགས་པའི་སྲུང་བ་ཆེན་པོར་


GTD003_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པར་བསམས་ལ་གཟུངས་རིང་ཐུང་རྣམས་བཟླ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང་། ཚེ་དཔག་མེད་མགོན་བདུད་རྩིར་ཞུ་བའི་རྒྱུན། །ཚངས་བུག་ནས་ཞུགས་ལུས་ཀུན་གང་བ་ཡིས། །མི་ཤིགས་གཡུང་དྲུང་ཚེ་ཡི་རྟེན་གྱུར་ཅིང། །གསང་གསུམ་བྱིན་རླབས་མ་ལུས་ཐོབ་པར་གྱུར། །ཅེས་བརྗོད་ཅིང་དེ་ལྟར་བསམས་ལ། དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། ། ཞེས་སོགས་དང་། ཚེ་རབས་ཀུན་ཏུ་ཚེ་དཔག་མེད་པ་ཡིས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །ཞེས་སོགས་སྨོན་པས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་བསྟན་པའི་གསལ་བྱེད་དམ་པ་ཨ་མོ་སྤྲུལ་པའི་སྐུ་བློ་བཟང་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསྐུལ་བ་བཞིན༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ། ། ༈ གནས་སྤྱི་གཙུག་བདེ་ཆེན་འཁོར་ལོའི་སྟེང། །སྐྱབས་དཀོ༷ན་མཆོ༷ག་གསུམ་འདུས་ངོ་བོ་ཉིད། །རྗེ་བློ་བཟང་རྒྱལ་བ་གཉིས་པ་ཡི། །ཆོས་ལུང་རྟོགས་བསྟ༷ན་པ༷འི་སྒྲོ༷ན་མེ༷་མཆོག །སྐུ་ཞི་དུལ་ངུར་སྨྲིག་འཆང་བའི་ཚུལ། །ཕྱག་ཆོས་འཆད་མཉམ་གཞག་ཕྱག་རྒྱ་ཅན། །ཡོངས་སྲས་བཅས་རྒྱལ་བའི་འཁོར་ལོར་བཅས། །མི་བདག་གི་མགོན་དུ་རྟག་པར་བཞུགས། །ཆེས་སྙིགས་མ་བདོ་བའི་དུས་མཐའ་འདིར། །ཡོངས་ཐུབ་བསྟན་སྙིང་པོ་དྲི་མ་མེད། །བཤད་སྒྲུབ་པས་ཉི་ལྟར་གསལ་མཛད་པ། །རྗེ་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །བློས་བླངས་ཏེ་གུས་པས་འབུལ་ལགས་ན། །ཐུགས་བརྩེ་བ་ཆེན་པོས་


GTD003_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཞེས་ནས། །མཆོག་ཐར་པའི་རྒྱུ་རུ་བྱིན་གྱིས་རློབས། །དུས་ཡ་མཐའ་གཏུགས་པ་མེད་པ་ནས། །སེམས་ཉོན་མོངས་བྲན་དུ་གྱུར་པ་ཡིས། །ལས་སྡིག་པའི་དངོས་པོ་གང་བགྱིས་པ། །ཡིད་འགྱོད་པས་མཐོལ་ལོ་བྱང་བར་མཛོད། །རྒྱུ་མེད་པར་འགྲོ་ལ་མཉེས་གཤིན་པ། །མགོན་རྒྱལ་བ་སྲས་བཅས་ཐམས་ཅད་དང། །རྗེ་བླ་མའི་རྣམ་པར་ཐར་པ་ལ། །སེམས་རྩེ་གཅིག་དད་པས་རྗེས་ཡི་རང། །དུས་རིང་ནས་འགྲོ་བའི་དུག་གསུམ་གྱི། །ནད་གདུང་བ་སེལ་བའི་ཐུགས་བསྐྱེད་བཞིན། །ཆོས་ཟབ་རྒྱས་བདུད་རྩིའི་གཏེར་ཕྱེ་སྟེ། །ལས་ཉོན་མོངས་ཉེས་ཀུན་སྦྱང་དུ་གསོལ། །དགེ་འདིས་མཚོན་དུས་གསུམ་བསགས་པ་ཡི། །ལས་རྣམ་དཀར་ཕུང་པོ་བསྡོམས་པའི་མཐུས། །ཡོངས་ལེགས་ཚོགས་རྩ་བ་དྲིན་ཅན་རྗེ། །བསམ་སྦྱོར་བས་ཚུལ་བཞིན་བསྟེན་པར་ཤོག །དུས་རྟག་ཏུ་དལ་འབྱོར་རྟེན་ཐོབ་ཅིང། །ཚེ་འདི་སྣང་གདོན་གྱིས་མི་བསླུ་བར། །ལས་རྒྱུ་འབྲས་ངང་ཚུལ་ལེགས་བསམས་ནས། །སྐྱབས་མཆོག་གསུམ་གཙུག་གིས་སྟེན་གྱུར་ཅིག །གནས་འཁོར་བ་གཤིན་རྗེའི་བཙོན་ར་ལ། །ཡིད་གཏིང་ནས་ལོག་པའི་ངེས་འབྱུང་གིས། །ལམ་བསླབ་གསུམ་གྲུ་གཟིངས་ལ་ཞུགས་ནས། །མཆོག་ཐར་པའི་གླིང་དུ་བགྲོད་གྱུར་ཅིག །མ་མཁའ་མཉམ་འགྲོ་བ་མཐའ་དག་ལ། །སྙིང་བརྩེ་བའི་གཞན་དབང་གྱུར་པ་ཡིས། །ལམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཡོངས་རྒྱལ་སྲས་སྤྱོད་ལ་སློབ་གྱུར་ཅིག །རྒྱུའི་ཐེག་པའི་ལམ་གྱིས་རྒྱུད་


GTD003_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་ཏེ། །ཆོས་ཟབ་གསང་མྱུར་བ་གསང་སྔགས་ཀྱི། །སྒོར་ཞུགས་ནས་དམ་ཚིག་ལེགས་བསྲུང་ཞིང། །ལམ་རིམ་གཉིས་སྤྱོད་ལ་སློབ་གྱུར་ཅིག །ད་མདོར་ན་བློ་དམན་བྱིས་པ་བདག །སྔར་དལ་འབྱོར་ཚང་བའི་རྟེན་ཐོབ་ཀྱང། །དུས་དེ་རིང་ཡན་ཆད་སྟོང་པར་ཟད། །དེང་ཚེ་ལྷག་ཆོས་ཀྱིས་འདའ་བར་ཤོག །མགོན་རྒྱལ་ཀུན་ཐུགས་ཀྱི་བཅུད་བསྡུས་པ། །རྗེ་བློ་བཟང་བསྟན་པའི་སྒོར་ཞུགས་ཀྱང། །སྔོན་ཇི་བཞིན་བསྒྲུབ་པར་མ་ནུས་པས། །ད་ཚུལ་བཞིན་ཉམས་སུ་ལེན་པར་ཤོག །ལམ་འཁྲུལ་བྲལ་ཚང་ལ་མ་ནོར་བ། །རྗེ་བློ་བཟང་རྒྱལ་བའི་བཀའ་རྒྱུད་ཀྱི། །ལམ་བཟང་པོ་ཕྱོགས་བརྒྱར་སྤེལ་བ་ཡིས། །མ་འགྲོ་ཀུན་སྲིད་ལས་སྒྲོལ་གྱུར་ཅིག །ཅེས་པ་འདི་ནི་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་གྲྭ་ཚང་འོག་གི་སློབ་ཟུར་ལྷ་རམས་པ་འཕྲིན་ལས་དཔལ་བཟང་། མཁས་བཙུན་བཟང་པོའི་བདག་ཉིད་གྲྭ་ཚང་བླ་མ་ཞབས་དྲུང་འཇམ་དབྱངས་རྒྱ་མཚོ། ལྷག་བསམ་རྣམ་དཔྱོད་ཡངས་པ་གཞུང་ལས་པ་འཇམ་དབྱངས་བཟང་པོ་རྣམས་ཀྱིས་བསྐུལ་ངོར་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་གསེར་དགོན་དགའ་ལྡན་དམ་ཆོས་གླིང་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་རཏྣ་ཨཱ་ནནྟའོ།། །།


previousཚེ་དཔག་མེད་དང་འབྲེལ་བའི་བླ་མའི་རྣལ་འབྱོར།next