Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས།
   
   
   
   
   
   
   


 
previousམགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས།next

མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས།


GTD003_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་སོགས་བླ་མའི་རྣལ་འབྱོར་གྱི་རིམ་པ་ཕྱོགས་བསྒྲིགས་བཞུགས་སོ། །


GTD003_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མཚོ་ཉམ་ངར་འགྱུ་བའི་འགྲོ་བ་ལ། །རྗེས་ཆགས་ཐུགས་རྗེའི་སྤྱན་ཟུར་གཏོད་བཞིན་དུ། །འཕྲིན་ལས་ཀྱོ་བས་རྟག་ཏུ་གཟས་པ་ཡི། །འདྲེན་མཆོག་སྣང་མཐའ་ཡས་པས་རྗེས་སུ་ཟུངས། །དེའང་མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། སྤྱིར་དམིགས་སྐོར་སོགས་ཡིག་ཆུང་དུ་བྱས་པ་བློ་ལ་ངེས་ཐོག །གཞུང་དངོས་གཞི་ངག་འདོན་བྱས་ན་འཇུག་པ་བདེའང་། ཕལ་ཆེར་ཡིག་ཆུང་རྣམས་མི་དགོས་པ་ཞིག་ཏུ་གོ་ནས་དོན་དུ་མི་འགྱུར་བ་མང་ཞིང་། དམིགས་སྐོར་འཕྲལ་དུ་གསལ་མ་ཐེབས་ཀྱང་ཚིག་ཙམ་ཡང་ཡང་བསྐྱར་ན་རིམ་གྱིས་རྒྱུད་ལ་འཆར་བ་འབྱུང་བས། འདིར་དཀྱུས་གཅིག་ཏུ་ངག་འདོན་བྱེད་རྒྱུའི་དབང་དུ་བཏང་སྟེ་ལྷུག་པར་འགོད་པ་ལ། རང་གི་མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཉན་རང་ཆོས་སྲུང་དང་བཅས་སྐྱབས་ཡུལ་ནམ་མཁའི་ཁམས་གང་བ་བཀྲ་ལམ་


GTD003_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བཞུགས་པར་གྱུར། རང་དང་རང་གི་མཐའ་སྐོར་ན་གནས་པའི་ཕ་མ་རིགས་དྲུག་གི་སེམས་ཅན་འདི་དག་ཐམས་ཅད་ཐོག་མ་མེད་པ་ནས་ཉོན་མོངས་པ་དུག་གསུམ་གྱི་དབང་དུ་གྱུར་ཏེ། སྡིག་པ་མི་དགེ་བའི་ལས་ས་ཆེན་པོའི་རྡུལ་བཞིན་བསམ་གྱིས་མི་ཁྱབ་པ་ཞིག་བསགས། དེའི་དབང་གིས་དམྱལ་བར་མེ་ནང་དུ་བར་མཚམས་མེད་པར་བཙོ་བསྲེག་འབའ་ཞིག་གི་ངང་ལ་བསྐལ་པ་བྱེ་བ་ཕྲག་ཁྲིག་མང་པོར་གནས་པ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་མྱོང་དུ་ཟིན་ཡང་། ད་དུང་དལ་འབྱོར་ཡུད་ཙམ་པ་ལན་གཅིག་ཐོབ་པའི་སྟེང་འདིར་བཙན་ས་ཞིག་མ་ཟིན་ན། འདི་ནས་རྡོག་སྣ་གཅིག་འདྲེད་མ་ཐག་ངན་སོང་གི་གཡང་ས་བརྒྱུད་མ་ནས་བརྒྱུད་མར་ལྷུང་སྟེ་བཟོད་གླགས་མེད་པའི་སྡུག་བསྔལ་ཤུགས་དྲག་ལ་ཡུན་རིང་པོའི་ཕ་མཐར་ཕྱིན་དུས་ཤིག་མི་ཡོང་བར་འདུག །དེས་ན་འཇིགས་པ་ཆེན་པོ་དེ་ལས་སྐྱོབ་པའི་སྐྱབས་ཤིག་ད་ལྟ་ཉིད་དུ་བཙལ་དགོས་ཤིང་། དེའང་སྐྱབས་དཀོན་མཆོག་གསུམ་ལས་གཞན་ན་མེད་དེ། ཁོང་རྣམས་ཀྱི་ངོས་ནས་སྔར་རྒྱུ་ཚོགས་ཐམས་ཅད་བསྒྲུབས་ཡོད་པ་ལ་


GTD003_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་བློ་མ་གཏད་པས་ལན་པར་འདུག་པས། ད་ནི་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་ཤེས་ཀྱིས་བློ་ལིངས་ཀྱིས་བཀལ་ཏེ། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཁྱད་པར་དུའང་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པ་འཁོར་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡང་བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་སོགས་གསུམ་མམ་བདུན་སོགས་བྱ། དེ་ནས། ཕུལ་བྱུང་མཛད་པས་འགྲོ་ལ་མི་ཟད་དཔལ་སྟེར་ཞིང། །ལན་གཅིག་དྲན་པས་འཆི་བདག་འཇིགས་པ་རིང་དུ་དོར། །རྟག་ཏུ་བརྩེ་བས་འགྲོ་ལ་བུ་བཞིན་དགོངས་གྱུར་པ། །ལྷ་མིའི་སྟོན་པ་ཚེ་དཔག་མེད་ལ་སྐྱབས་སུ་མཆི། །ཐུབ་པའི་དབང་པོས་ལན་གྲངས་དུ་མ་རུ། །ལེགས་པར་ཡོངས་སུ་བསྔགས་པའི་ཞིང་གི་མཆོག །བདེ་བ་ཅན་དུ་སྐྱེ་ཕྱིར་སྨོན་པ་ཡི། །རེ་བ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །རིགས་དྲུག་དགྲ་གཉེན་བར་མའི་སེམས་ཅན་འདི་དག་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མཚུངས་པ་ལ། ད་ལྟ་ནི་སྡུག་བསྔལ་གྱིས་མནར་ཞིང་བདེ་བས་ཤིན་ཏུ་ཕོངས་པར་འདུག །བརྒྱ་ལ་ཟག་བཅས་འཁོར་བའི་བདེ་བ་ཙམ་ཐོབ་ཀྱང་ཡིད་བརྟན་མེད་པས་


GTD003_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བྲིད་ཁོ་ན་ཡིན། དེས་ན་ཉེ་རིང་མེད་པར་སེམས་ཅན་འདི་དག་ཐམས་ཅད་སྡུག་བསྔལ་གྱི་མིང་ཡང་མི་གྲགས་ཤིང་། བདེ་བ་ཕུན་སུམ་ཚོགས་པའི་གནས་ལས་སླར་མི་ལྡོག་པ་དག་པའི་ཞིང་བདེ་བ་ཅན་དུ་ཁྲིད་དེ་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཕྱིར་དུ་བདག་གིས་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་འདིའི་སྒོ་ནས་འདྲེན་པ་འོད་དཔག་ཏུ་མེད་པའི་གོ་འཕང་མྱུར་བ་མྱུར་བར་མངོན་དུ་བྱེད་ནུས་པ་ཞིག་བྱུང་ན་ཅི་མ་རུང་། དེ་ལྟར་བྱེད་ནུས་པར་ཤོག་ཅིག །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་འོད་དུ་ཞུ་བ་རང་གི་སྨིན་མཚམས་ནས་ཐིམ་པས་རང་ཉིད་རྒྱལ་བ་འོད་དཔག་ཏུ་མེད་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་ཀྱང་འོད་དཔག་མེད་ཀྱི་སྐུར་གྱུར། ཅེས་ཚད་མེད་པ་བཞིའི་ཚུལ་གྱིས་སེམས་བསྐྱེད་པ་འབྲས་བུ་ལམ་བྱེད་དང་བཅས་གནད་དུ་འགྲོ་ངེས་བྱས་ལ་དེའི་ངང་དུ་དར་ཅིག་བཞག །དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བདེན་པ་ཆེན་པོའི་མཐུ་དང་། ཆོས་ཀྱི་དབྱིངས་རྟེན་འབྱུང་བསླུ་བ་མེད་པའི་སྟོབས་ལས་མདུན་གྱི་ནམ་མཁར་ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་དབུས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་


GTD003_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧྲཱིཿ ཡིག་དམར་པོ་དེ་ཡོངས་སུ་གྱུར་པ་ལས། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མ་མཆིས་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་བྱི་རུའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་བ་མེད་པའི་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། དབུ་གཙུག་ཏོར་དང་ལྡན་ཞིང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་དམར་པོ་གསོལ་ཞིང་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོ་བའི་ཀློང་ན་ཤིན་ཏུ་དགྱེས་ཤིང་འཛུམ་པའི་ཉམས་དང་བཅས་ཏེ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་མཐུ་ཆེན་ཐོབ་ལ་སོགས་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། འདི་ནས་ནུབ་ཕྱོགས་བདེ་ལྡན་ཞིང་ཁམས་ན། །འཚོ་གཞེས་འགྲོ་བའི་བླ་མ་འོད་དཔག་མེད། །བརྩེ་ལྡན་རྒྱལ་བའི་སྲས་ཀྱི་ཚོགས་བཅས་ལ། །རྒྱང་ནས་འོ་དོད་འབོད་དོ་དགོངས་སུ་གསོལ། །བླང་དོར་གནས་རྣམས་མ་རིག་མཐུག་པོས་བསྒྲིབས། །ཁོང་ཁྲོའི་མཚོན་གྱིས་མཐོ་རིས་སྲོག་འཕྲོག་ཅིང། །འདོད་སྲེད་ཞགས་པས་འཁོར་བའི་བཙོན་རར་བཅིངས། །ལས་ཀྱི་ཆུ་བོས་སྲིད་པའི་རྒྱ་མཚོར་ཁྱེར། །ན་རྒའི་སྡུག་


GTD003_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་རྦ་རླབས་མང་པོས་གཡེངས། །མི་བཟད་འཆི་བདག་ཆུ་སྲིན་ཁར་ཆུད་པས། །མི་འདོད་སྡུག་བསྔལ་ཁུར་གྱིས་ནོན་གྱུར་པ། །མགོན་མེད་བདག་གིས་ཉམ་ཐག་ང་རོ་ཡིས། །ཡིད་ལ་སྨོན་པ་འགྲུབ་པའི་དཔང་པོ་རུ། །ཕོངས་པའི་གཉེན་གཅིག་འདྲེན་པ་འོད་དཔག་མེད། །སྤྱན་རས་གཟིགས་དབང་རྒྱལ་སྲས་མཐུ་ཆེན་ཐོབ། །འཁོར་དང་བཅས་ལ་གུས་པས་གསོལ་འདེབས་ན། །དཔག་མེད་བསྐལ་པར་བདག་ཅག་རྣམས་ཀྱི་ཕྱིར། །ཐུགས་མཆོག་བསྐྱེད་པའི་དམ་བཅའ་མ་བསྙེལ་བར། །འདབ་བཟང་གཙོ་བོ་ལྷ་ཡི་ལམ་ལ་བཞིན། །རྫུ་འཕྲུལ་སྟོབས་ཀྱིས་བརྩེ་བས་འདིར་གཤེགས་ཤིག །ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །ཡང་དག་ལམ་བཟང་སྟོན་མཛད་རྫོགས་སངས་རྒྱས། །སྲིད་ཞིའི་འཇིགས་པ་ཀུན་སེལ་དམ་པའི་ཆོས། །བླང་དོར་སྒྲུབ་པའི་གྲོགས་གྱུར་དགེ་འདུན་ཏེ། །སྐྱབས་གསུམ་ཀུན་འདུས་ཁྱོད་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་ཡིད་ལ་དྲན་པས་ཀྱང། །ཕྲ་རགས་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ། །ཟག་མེད་བདེ་བ་མཆོག་ལ་སྦྱོར་མཛད་པ། །བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བསླུ་མེད་དཀོ༷ན་མཆོ༷ག་གསུམ་འདུས་བསྟ༷ན་པ༷འི་བདག །ངན་སོང་འཇིགས་ལས་སྐྱོབ་པའི་དཔའ་བོ་སྟེ། །དག་པའི་ཞིང་གི་ལམ་སྟོན་སྒྲོ༷ན་མེ༷་མཆོག །བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་ཡིད་འོང་དངོས་པོ་ཀུན། །ཞུམ་མེད་བློ་ཡིས་བླངས་ཏེ་དབུལ་བར་བགྱི། །བདག་སོགས་འགྲོ་བའི་བསོད་ནམས་རྫོགས་སླད་དུ། །


GTD003_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་གཏེར་ཆེན་ཉིད་ཀྱི་མཐུས་བཞེས་ཤིག །ཁྱད་པར་རང་གཞན་དགེ་བའི་ཆར་གཏོགས་ཀུན། །དབུལ་ལོ་ཁྱོད་ཐུགས་ཟག་མེད་དགེ་བའི་མཚོར། །འདྲེས་ཏེ་ནམ་ཡང་ཆུད་མི་ཟ་བ་དང། །ཁྱོད་བཞེད་འབྲས་བུ་ཀུན་གྱི་རྒྱུར་གྱུར་ཅིག །གཏིང་མཐའ་མེད་པ་ངན་འགྲོའི་གཡང་ས་རུ། །སྡིག་པའི་ལས་ཀྱི་གར་སྟབས་བསྒྱུར་བ་ཡི། །སྨྱོན་པ་བདག་ལ་བརྩེ་བས་ཉེར་དགོངས་ནས། །ཤེས་རྒྱུད་སྡིག་དང་བྲལ་བར་བྱིན་གྱིས་རློབས། །དུག་གསུམ་ནད་ཀྱི་གདུང་སེལ་སྐྱབས་གཅིག་ཁྱོད། །སྐུ་ཡི་བཀོད་པ་གཡོ་མེད་རྟག་བཞུགས་ཏེ། །རིང་ནས་འགྲོ་ལ་ཕན་དགོངས་ཐུགས་བསྐྱེད་བཞིན། །ཟབ་རྒྱས་ཆོས་ཀྱི་སྨན་མཆོག་སྩལ་དུ་གསོལ། །འདི་སྣང་ཞེན་པའི་འཆིང་བ་བཅད་དུ་གསོལ། །དངོས་འཛིན་རྨོངས་པའི་མུན་པ་བསལ་དུ་གསོལ། །གཅེས་འཛིན་འགོང་པོའི་འཇིགས་ལས་བསྐྱབ་ཏུ་གསོལ། །ཡང་དག་ལམ་བཟང་སྒྲུབ་པར་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་པས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་ནི་དབུལ་བར་བགྱི། །ཐུགས་རྗེས་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་མགོན་དེ་ལ་ཡང། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་སྐྱབས་སུ་གསོལ། །འཕགས་


GTD003_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནམ་མཁའི་སྙིང་པོ་དང། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མ་རྒྱལ་བ་འོད་དཔག་ཏུ་མེད་པ་ཉེ་སྲས་བརྒྱད་ལ་སོགས་པའི་རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པར་གྱུར་པར་བསམས་ལ། བསླུ་མེད་དཀོན་མཆོག་ཅེས་སོགས་ཀྱི་ཤོ་ལོ་ཀ་དེ། ཕྱག་འཚལ་ཞེས་པ་གསོལ་འདེབས་སུ་བསྒྱུར་བ་གང་མང་དང་། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་གྲངས་གསོག །ཚེ་གཟུངས། ཡིག་དྲུག བཛྲ་པཱ་ཎི་སོགས་བཟླས་ལ་སྤྱིའི་དམིགས་པ་སྔ་མའི་སྟེང་དུ་འཆི་བ་མེད་པའི་ཚེ་དང་། རབ་ཏུ་རྣམ་འབྱེད་ཀྱི་ཡེ་ཤེས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། ཆོས་སྒྲུབ་པ་ལ་གདོན་བགེགས་ཀྱིས་མི་ཚུགས་པའི་ནུས་མཐུ་ཐོབ་པ་སོགས་སྐབས་ཐོབ་ཀྱི་དམིགས་པ་གང་མོས་སུ་སྦྱར་ཀྱང་རུང་ངོ་། །མཇུག་ཏུ་ཡི་གེ་བརྒྱ་པ་


GTD003_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འགྲུབ་བཟླ། རང་གི་ལུས་ལོངས་སྤྱོད་ཐམས་ཅད་བློས་ལིང་སྐྱུར་གྱིས་སྐྱབས་ཡུལ་རྣམས་ལ་ཕུལ་བར་མོས་ཏེ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །གནས་ངན་འཁོར་བ་དགྲ་བོའི་བཙོན་རྭ་འདིར། །བདེ་བའི་གོ་སྐབས་ནམ་ཡང་མ་མཆིས་པས། །དེད་དཔོན་མཚུངས་མེད་བླ་མ་ལྷག་པའི་ལྷས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲང་དུ་གསོལ། །ཞེས་གསོལ་བ་བཏབ་པས། འཁོར་རྣམས་གཙོ་བོ་ལ་ཐིམ་ཞིང་། དེ་ཉིད་རང་གི་སྤྱི་བོར་བྱོན་ནས་བཞུགས། དེའི་རྩ་དབུ་མ་སྟོད་ཕྲ་ཞིང་སྨད་ཡངས་པའི་མར་སྣེ་དང་། རང་གི་ལུས་ཀྱང་ཤེལ་སྒོང་བཞིན་དུ་དྭངས་ཤིང་གསལ་བའི་ནང་གི་དབུ་མ་སྨད་ཕྲ་ཞིང་སྟོད་སྦོམ་པའི་ཡར་སྣེ་གཉིས་དབྱེར་མེད་དུ་འདྲེས། བླ་མ་འོད་དཔག་མེད་ཀྱི་ཐུགས་ཀར་ཧྲཱིཿ ཡིག་དང་། རང་གི་སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་རང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ཞིང་འཚེར་བའི་རྣམ་པ་གསལ་བར་གྱུར། སྐྱབས་གསུམ་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཁྱོད་མིན་སྐྱབས་གཞན་མེད་དོ་ཐུགས་རྗེས་གཟིགས། །འདི་སྣང་འཁྲི་བ་ཆོད་པར་བྱིན་གྱིས་རློབས། །ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །ངན་སོང་སྐྱེ་སྒོ་ཁེག་པར་བྱིན་གྱིས་རློབས། །ཞིང་མཆོག་བདེ་བ་ཅན་དེར་ཁྲིད་དུ་གསོལ། །ཞེས་གསོལ་བ་བཏབ་པ་ན་ཐུགས་ཀའི་ཧྲཱིཿ ཡིག་གི་འོད་ཟེར་སྡོམ་གྱི་བ་ཐག་ལྟ་བུས་རང་སེམས་ཐིག་ལེར་གསལ་བ་ལ་རེག་པས་ཁབ་ལེན་གྱིས་ལྕགས་ཕྱེ་དྲངས་པ་བཞིན་ཅུང་ཟད་རེ་སྦར་བའི་དམིགས་པ་བྱས་ཏེ་ཧིཀ་དང་། རབ་གནས་སུ་ཕབ་སྟེ་ཀ་ཞེས་བརྗོད་པ་སྤེལ་ནས་ལན་གསུམ་སོགས་


GTD003_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དེ་ནས། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་དེ་ཉིད་འཆི་མེད་ཚེ་ཡི་བདུད་རྩིའི་རྣམ་པར་འོད་དུ་ཞུ་བ་དབུ་མའི་ལམ་ནས་ཞུགས་ཏེ་ཚངས་པའི་བུ་ག་ཁྲིགས་ཀྱིས་གཏམས་པར་གྱུར། ཅེས་བརྗོད་ཅིང་བསམས། དེ་ནས་རྒྱས་པར་བྱེད་ན། བདག་དང་གཞན་གྱི་དུས་གསུམ་དང་འབྲེལ་བའི་ཞེས་སོགས་བདེ་སྨོན་ཡོངས་རྫོགས་དང་། བསྡུ་ན། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་འོད་དཔག་མེད། །མིག་གི་ལམ་དུ་གསལ་བར་མཐོང་གྱུར་ནས། །དད་དང་སྙིང་རྗེས་བདག་རྒྱུད་གང་བར་ཤོག །བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་པ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །ཇི་སྲིད་ཐུབ་མཆོག་གོ་འཕང་དམ་པ་དེ། །བདག་གིས་མངོན་དུ་མ་བྱས་དེ་སྲིད་དུ། །རྣམ་དག་ལམ་བཟང་སྒྲུབ་པའི་རྟེན་རྙེད་ཅིང། །རབ་ཏུ་འབྱུང་ཞིང་ཚེ་རབས་དྲན་པར་ཤོག །གཟུངས་སྤོབས་ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་སོགས། །མཐའ་ཡས་ཡོན་ཏན་དུ་མའི་མཛོད་འཛིན་ཅིང། །མཁྱེན་བརྩེ་ནུས་པ་ཟླ་དང་བྲལ་ཐོབ་ནས། །བྱང་ཆུབ་སྤྱོད་པ་མྱུར་དུ་མཐར་ཕྱིན་ཤོག །དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསལ་བར་མཐོང་ནས་


GTD003_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག །ཚེ་རབས་ཀུན་ཏུ་ཚེ་དཔག་མེད་པ་ཡིས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །སེམས་ཅན་ཡལ་བར་དོར་ནས་རང་དོན་ལ། །རེ་བའི་བློ་ནི་ནམ་ཡང་མི་སྐྱེ་ཞིང། །གཞན་དོན་བསྒྲུབ་པའི་ཚུལ་ལ་མ་རྨོངས་པའི། །ཐབས་ལ་མཁས་པས་གཞན་དོན་ལྷུར་ལེན་ཤོག །བདག་གི་མིང་ཙམ་བརྗོད་དང་དྲན་པས་ཀྱང། །སྡིག་པའི་ལས་ཀྱི་འབྲས་བུས་མནར་བ་ཀུན། །ཕུན་ཚོགས་བདེ་བའི་དཔལ་རབ་འབྱོར་གྱུར་ནས། །ཐེག་མཆོག་བགྲོད་པའི་ཐེམ་སྐས་འཛེགས་གྱུར་ཅིག །རྒྱལ་བའི་སྲས་ཀྱི་རྣམ་ཐར་ཕྱོགས་ཙམ་ཞིག །མཚོན་པར་བྱས་པས་རྒྱལ་སྲས་སྤྱོད་པའི་གེགས། །མ་ལུས་ཞི་ཞིང་མཐུན་པའི་ཚོགས་ཆས་ཀུན། །ཡིད་ལ་བསམ་པ་ཙམ་གྱིས་འགྲུབ་པར་ཤོག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག ། ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ། རྒྱུན་དུ་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་བ་སོགས་སྒོ་གསུམ་བག་ཡོད་པའི་བརྟུལ་ཞུགས་ལ་གནས་ཏེ་སྒོ་མཐའ་དག་ནས་དགེ་བའི་ལས་ལ་འབད་པ་དང། དགེ་བ་གང་བྱས་ཐམས་ཅད་ཀྱང་ཞིང་མཆོག་བདེ་བ་ཅན་དུ་སྐྱེ་ཞིང་། བླ་མ་འོད་དཔག་མེད་ཀྱིས་རྗེས་སུ་འཛིན་པའི་རྒྱུར་བསྔོས་ཏེ་གཏན་གྱི་འདུན་མ་སྒྲུབ་བའི་ཐབས་ལ་འབད་པ་ལྷུར་བྱའོ། །ཞེས་མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་
ཅེས་བྱ་བ་འདི་ནི་དད་བརྩོན་བློ་དང་ལྡན་པ་བསོད་ནམས་རིན་ཆེན་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousམགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས།next