Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར།
   
   
   
   
   
   


 
previousརྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར།next

རྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར།


GTD003_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་བཞུགས་སོ། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང། །བཀའ་དྲིན་གསུམ་ལྡན་རྗེ་བཙུན་བླ་མ་མཆོག །དགྱེས་འཛུམ་ཆོས་འཁོར་ཕྱག་རྒྱས་གླེགས་རལ་བསྣམས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །མཁའ་དབྱིངས་བཞུགས་པའི་རྗེ་བཙུན་བླ་མ་དང། །གསང་གསུམ་སྒྱུ་འཕྲུལ་ངོ་བོ་དབྱེར་མེད་པར། །བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ། །ཤེས་བྱའི་ཁྱོན་ཀུན་ཡངས་པའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ། །ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང། །དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ། །གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི། །ལུས་ངག་ཡིད་ཀྱིས་མི་དགེ་བཅུ་བགྱིས་དང། །ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །སྙིགས་


GTD003_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེད། །མགོན་པོ་ཁྱོད་ཀྱིས་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། །རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ། །ལྷུན་གྲུབ་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ། །བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང། །ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །ས་གཞི་སྤོས་ཀྱིས༞ སྤྱོད་པར་ཤོག །སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །ཁྱོད་མིན་རེ་ས་གཞན་ན་མ་མཆིས་པས། །སྲིད་དང་ཞི་བའི་རྒུད་པ་ཀུན་སེལ་ཞིང། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། ། དེ་ནས་དམིགས་བརྩེ་མ་དང་། དཀོན་མཆོག་རྣམ་གསུམ་ཐུགས་རྗེ་མེ་ཤེལ་ཁམས། །མདོ་སྔགས་བསྟན་པའི་འདབ་བརྒྱ་བཞད་པའི་གཉེན། །ཐར་འདོད་སྙིང་གི་མུན་སེལ་སྒྲོན་མེ་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཞེས་པ་ལྟ་བུ་གྲངས་བསགས་ཏེ་རྗེ་བདག་ཉིད་ཆེན་པོ་དང་རང་གི་དྲིན་ཅན་རྩ་བའི་བླ་མ་དབྱེར་མེད་དུ་བྱས་ཏེ་གསོལ་བ་འདེབས། དེ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར། ཞེས་སོགས་དང་། མི་རྟག་འཆི་བ་དྲན་པས་རྒྱུད་བསྐུལ་ཏེ། །སྐྱབས་འགྲོ་ལས་འབྲས་བདེན་བཞིའི་བླང་དོར་དང། །ཐེག་མཆོག་སེམས་བསྐྱེད་སྤྱོད་དང་བཅས་པ་ལ། །གེགས་མེད་ཚུལ་བཞིན་སློབ་པར་བྱིན་གྱིས་རློབས། །ཡང་དག་ལྟ་དང་ཉེར་འབྲེལ་སྔགས་ཀྱི་ལམ། །རིམ་


GTD003_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱི་བགྲོད་པ་མཐར་ཕྱིན་ཅིང། །མདོར་ན་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་སྟེ། །ཟུང་འཇུག་གོ་འཕང་བདེ་བླག་ཐོབ་གྱུར་ཅིག ། ཅེས་པ་འདི་ནི་དད་ལྡན་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བླ་མ་མཆོག་གསུམ་ཆོས་དབྱིངས་བདེན་པའི་མཐུས། །འདིས་མཚོན་སྡེ་འདིར་རྣམ་དཀར་ཅི་བགྱིས་དང། །དུས་གསུམ་དགེ་ཚོགས་གཅིག་ཏུ་བསྡོམ་བྱས་ནས། །མཁའ་མཉམ་བསྟན་འགྲོའི་དཔལ་དུ་འགྱུར་བ་དང། །ཁྱད་པར་དཀོན་མཆོག་གསུམ་ལ་སྐྱབས་འཚོལ་བའི། །དམིགས་ཡུལ་དེ་ཉིད་རྟག་ཏུ་དལ་འབྱོར་ཐོབ། །རྣམ་དག་བསླབ་གསུམ་རབ་བརྟན་འཛིན་པའི་གཞིར། །ངེས་ལེགས་ཐར་པའི་འབྲས་བཟང་སྨིན་གྱུར་ཅིག ། ཅེས་པ་འདི་ནི་དགོན་འདིར་དྲིན་ཤིན་ཏུ་ཆེ་བ་དཔོན་པོ་དཀོན་མཆོག་རབ་བརྟན་གྱི་ཆེད་དུ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱིས་བསྐུལ་ངོར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རྒྱལ་ཀུན་ཡབ་གཅིག་མཁྱེན་གཏེར་དཀར་པོ་དང། །དབྱེར་མེད་ཐུགས་རྗེའི་བདག་ཉིད་བླ་མ་མཆོག །བྱང་ཆུབ་བར་དུ་བདག་གི་མགོན་མཛད་དེ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །སྡིག་ལྟུང་རྨོངས་པའི་དྲི་མ་ཀུན་བྱང་ཞིང། །ཟབ་གསལ་མྱུར་བའི་ཤེས་རབ་རྒྱས་པ་དང། །ས་དང་ལམ་གྱི་རྟོགས་པ་མཐར་སོན་ཏེ། །བླ་མེད་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ ཞེས་སོགས་བྱ། ཞེས་པ་འདི་ཡང་དད་བརྩོན་ལྡན་པ་དཀོན་མཆོག་དར་རྒྱས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousརྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར།next