Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་བླ་མའི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར།
   
   
   
   
   


 
previousཀུན་མཁྱེན་བླ་མའི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར།next

ཀུན་མཁྱེན་བླ་མའི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར།


GTD003_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བླ་མའི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །རྣམ་ཀུན་མཆོག་ལྡན་དབྱིངས་དང་དབྱེར་མེད་པའི། །ཡེ་ཤེས་སྒྱུ་འཕྲུལ་དྲ་བར་བཞེངས་པ་ལས། །གདུལ་བྱའི་མོས་པར་འཚམ་པའི་འཕྲིན་ལས་ཀྱི། །འཇུག་པ་དུས་ལས་མི་ཡོལ་ཐུགས་རྗེའི་བདག །གང་གི་བདེན་སྟོབས་གཟུངས་རིག་མོས་པའི་མཐུས། །མདུན་གྱི་མཁའ་ལ་དཔག་བསམ་ལྗོན་པའི་རྩེར། །པད་ཟླ་ཉི་མའི་གདན་བཅས་སེང་གེའི་ཁྲི། །ཡིད་འཕྲོག་ཚར་དུ་དངར་བའི་དབུས་མ་ལ། །སྐྱབས་གསུམ་ཀུན་འདུས་འཇིགས་མེད་དབང་པོའི་སྡེ། །ཆོས་འཆད་མཉམ་གཞག་ཕྱག་རྒྱས་གླེགས་བམ་བསྣམས། །གཡས་སུ་རྒྱལ་སྲས་དྲི་མེད་གྲགས་པའི་ཞབས། །དཔལ་ལྡན་སངས་རྒྱས་བསྐྱངས་དང་ཕྱོགས་ཀྱི་གླང། །ཟླ་བའི་ཞབས་དང་གྲུབ་ཆེན་ཛེ་ཏཱ་རི། །གཡོན་དུ་བདག་ཉིད་ཆེན་པོ་རིན་ཆེན་གསལ། །རྗེ་བཙུན་དབུ་མ་པ་དང་ཞྭ་ལུ་པ། །རྒྱུད་ཆེན་རྣམ་གཉིས་འཇམ་དབྱངས་བཞད་པའི་སྡེ། །གཞན་ཡང་མཁའ་ཁྱབ་གདུལ་བྱའི་མོས་པ་བཞིན། །གང་འདུལ་སྤྲུལ་པའི་ཟློས་གར་མཐའ་ཡས་དང། །སྐྱབས་ཡུལ་ཞི་ཁྲོ་རབ་འབྱམས་མ་ལུས་པ། །བདག་སོགས་འགྲོ་བའི་མགོན་དུ་བརྟན་པར་བཞུགས། །ཇི་ལྟར་དྭངས་པའི་མཚོ་ལ་ཟླ་གཟུགས་བཞིན། །གང་ལ་གང་འདུལ་གཟུགས་སྐུའི་རྣམ་རོལ་གྱིས། །མ་ལུས་འགྲོ་བ་སྲིད་ལས་སྒྲོལ་བའི་གཉེན། །སྐྱབས་མགོན་ཐུགས་རྗེའི་གཏེར་ལ་གུས་ཕྱག་འཚལ། །ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །བདེན་ཚིག་མོས་པའི་ཡིད་མཁར་གཡོ་བ་ཡང། །ལྷན་སྐྱེས་བདེ་བའི་ངང་དུ་རོལ་བ་ཡིས། །བདག་གི་


GTD003_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཚོགས་ཆེན་རྫོགས་པར་མཛོད། །ལེགས་བྱས་མཐའ་དག་རང་ལུས་བཅས་འབུལ་ན། །སྔོན་བསགས་དགེ་ཚོགས་ཆུད་མི་ཟ་བ་དང། །སྒོ་གསུམ་སྤྱོད་པ་བླ་མའི་དབང་གྱུར་ཏེ། །རྟག་ཏུ་དོན་དང་ལྡན་པར་བྱིན་གྱིས་རློབས། །མནོག་ཆུང་སྲིད་འབྱོར་སྦྲང་རྩི་ལ་ཆགས་ཏེ། །མི་བཟད་སྡིག་ལྟུང་མཚོན་རྣོན་བལྡག་པ་ཡི། །རྣམ་སྨིན་སྡུག་བསྔལ་བཟོད་དཀའི་ཡིད་ཀྱི་རྨ། །གསོ་བར་མཛོད་ཅིག་ཐུགས་རྗེའི་སྨན་གྱི་བླ། །ཁྱོད་ཞབས་པདྨོ་གུས་པས་བསྟེན་བྱས་ཏེ། །ཟབ་ཅིང་རྒྱ་ཆེན་གདམས་པའི་ཨ་མྲྀ་ཏ། །འདོད་དགུར་སྤྱད་པས་དུག་གསུམ་ས་བོན་བཅས། །དྲུངས་ནས་འབྱིན་པའི་དགའ་སྟོན་མྱོང་བར་ཤོག །གང་གང་སྐྱེ་བའི་ཕྲེང་བ་དེ་དང་དེར། །སྲིད་དང་ཞི་བའི་མཐའ་ལ་ཞེན་པའི་བློ། །བྱིན་རླབས་ཐུགས་རྗེའི་ཕྱག་གིས་ཡོངས་བཟུང་སྟེ། །མི་གནས་ཞི་བའི་ལམ་དེར་དྲང་དུ་གསོལ། །དུས་གསུམ་རྒྱལ་ཀུན་ཐུགས་ཀྱི་གསང་བའི་མཛོད། །ཟབ་ལམ་ལྟ་བས་རྒྱས་བཏབ་རྡོ་རྗེའི་ཐེག །དབང་བཞིའི་སྒོ་འཕར་ཕྱེ་བའི་གྲོང་མཆོག་ཏུ། །རིམ་གཉིས་འབྱོར་པའི་དཔལ་ལ་སྤྱོད་པར་ཤོག །མི་འགྱུར་ལྷན་སྐྱེས་བདེ་བས་རབ་མྱོས་ཤིང། །མཚན་དཔེའི་དཔལ་འབར་མཛེས་སྡུག་ལང་ཚོས་སྒེག །དམིགས་མེད་སྙིང་རྗེའི་འཛུམ་དཀར་སྤྲོ་བ་ཡི། །ཟུང་འཇུག་དང་པོའི་མགོན་པོར་བདག་གྲུབ་མཛོད། །མདོར་ན་སྐྱབས་གནས་མ་ལུས་འདུས་པའི་དངོས། །འདྲེན་པ་ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། །འདི་ཕྱིའི་བར་དོའི་འཇིགས་ལས་སྒྲོལ་བ་དང། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་
རློབས། །དེ་ལྟར་གསོལ་བ་བཏབ་པས་སྐྱབས་ཡུལ་ཀུན། །རིམ་གྱིས་བསྡུས་ཏེ་རྩ་བའི་བླ་མར་ཐིམ། །དེ་ཉིད་དགྱེས་བཞིན་རང་གི་ཚངས་བུག་ནས། །ཞུགས་ཏེ་གཉུག་མའི་སེམས་དང་དབྱེར་མེད་གྱུར། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་གཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །གངས་ཅན་མཁས་གྲུབ་དུ་མས་རྗེས་གཟུང་ཞིང། །ཟབ་རྒྱས་གདམས་པ་བྱེ་བའི་བང་མཛོད་འཛིན། །སྐལ་ལྡན་སྨིན་ཅིང་གྲོལ་མཛད་ཆོས་ཀྱི་རྗེ། །འཇིགས་མེད་དབང་པོའི་ཞབས་ལ་གསོལ་བ་འདེབས། ། ཞེས་ཅི་འགྲུབ་བཟླས་ལ། མཇུག་ཏུ། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། ། ཞེས་སོགས་དང་། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་བྱའོ། །ཞེས་ཀུན་མཁྱེན་བླ་མ་མཆོག་གི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་འདི་ནི། དད་བརྩོན་དང་ལྡན་པ་དཀོན་མཆོག་ཡར་འཕེལ་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousཀུན་མཁྱེན་བླ་མའི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར།next