Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར།
   
   
   


 
previousབླ་མའི་རྣལ་འབྱོར།next

བླ་མའི་རྣལ་འབྱོར།


GTD003_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་བཞུགས་སོ། །སྤྱི་གཙུག་བདེ་ཆེན་འཁོར་ལོའི་སྟེང། །སེང་ཁྲི་པདྨ་ཉི་ཟླའི་དབུས། །དགྱེས་བཞིན་བཞུགས་ཤིག་དྲིན་ཅན་རྗེ། །བྱིན་གྱིས་རློབས་ཤིག་ཐུགས་རྗེའི་གཏེར། །སྐྱབས་གསུམ་ཀུན་དངོས་མགོན་ཁྱོད་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང། །གསོལ་བ་འདེབས་སོ་དྲིན་ཅན་རྗེ། །བྱིན་གྱིས་རློབས་ཤིག་ཐུགས་རྗེའི་གཏེར། །ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས། །དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་འབུལ། །དགྱེས་བཞིན་བཞེས་ཤིག་དྲིན་༝༝ རྣམ་སྨིན་འབྲས་བུ་མི་བཟད་པའི། །སྒོ་གསུམ་ཉེས་ལྟུང་མ་ལུས་བཤགས། །བྱང་བར་མཛོད་ཅིག་དྲིན་༝༝ འཕྲལ་དང་ཡུན་དུ་བདེ་སྟེར་བའི། །སྔོན་བྱས་དགེ་ལ་རྗེས་ཡི་རང། །སྤེལ་བར་མཛོད་ཅིག་


GTD003_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཅན་༝༝ མཁའ་མཉམ་འགྲོ་ལ་རྗེས་བརྩེ་བས། །མྱ་ངན་མི་འདའ་སྲིད་མཐའི་བར། །བརྟན་པར་བཞུགས་ཤིག་དྲིན་ཅན་རྗེ་༝༝ ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཡིས། །ཉོན་མོངས་ནད་ཀྱིས་གདུངས་པ་ཀུན། །ཞི་བར་མཛོད་ཅིག་དྲིན་ཅན་༝༝ འདི་ལྟར་བསྐྲུན་པའི་དགེ་ཚོགས་མཐུས། །བཟོད་དཀའ་འཁོར་བའི་བཙོན་རྭ་ལས། །ཐར་པར་མཛོད་ཅིག་དྲིན་ཅན་རྗེ་༝༝ ཡང་ཡང་དྲིན་གྱིས་བསྐྱངས་པ་ཡི། །མ་རྣམས་སྲིད་ལས་སྒྲོལ་འདོད་བློ། །སྐྱེ་བར་མཛོད་ཅིག་དྲིན་ཅན་༝༝ བདག་མེད་བདག་ཏུ་གཟུང་བྱས་ཏེ། །ཉེས་ཀུན་བསྐྱེད་པའི་གདོན་ཆེན་འདི། །དབྱུང་བར་མཛོད་ཅིག་དྲིན་ཅན་རྗེ་༝༝ སྐྱེ་ཤིའི་འཁྲུལ་སྣང་ཧ་ལའི་དུག །སྐུ་གསུམ་འཆི་མེད་བདུད་རྩི་རུ། །བསྒྱུར་བར་མཛོད་ཅིག་དྲིན་ཅན་རྗེ་༝༝ ཀུན་རྟོག་ཆུ་འཛིན་སྤང་བའི་མཁར། །ལྷན་སྐྱེས་བདེ་ཆེན་ཉིན་མོར་བྱེད། །འཆར་བར་མཛོད་ཅིག་དྲིན་ཅན་རྗེ་༝༝ མདོར་ན་དེང་ནས་བྱང་ཆུབ་བར། །ཁྱོད་མིན་རེ་ས་གཞན་མེད་དོ། །རྗེས་སུ་ཟུངས་ཤིག་དྲིན་ཅན་རྗེ་༝༝ སྒོ་གསུམ་སྤྱོད་པ་མཐའ་དག་ཀྱང། །དོན་མེད་ལས་སུ་མི་འགྱུར་བར། །ཁྱོད་མཉེས་འབའ་ཞིག་བསྒྲུབ་ནུས་པར། །བྱིན་གྱིས་རློབས་ཤིག་༝༝ ཆོས་ལྡན་སྨོན་པ་མ་ལུས་པའི། །འབྲས་བུ་གེགས་མེད་འགྲུབ་པ་ཡི། །དཔུང་གཉེན་མཛོད་ཅིག་དྲིན་ཅན་རྗེ། །བྱིན་གྱིས་རློབས་ཤིག་ཐུགས་རྗེའི་གཏེར། ། ཅེས་བརྗོད་ཅིང་རྣམ་པ་ཀུན་ཏུ་ཡང་བླ་མའི་སྣང་བ་དང་མི་འབྲལ་བར་བྱའོ། །ཚུལ་འདི་ནི་དད་བརྩོན་རྣམ་དཔྱོད་ལྡན་པ་རབ་འབྱམས་པ་དཀོན་མཆོག་བསྟན་འཛིན་གྱིས་བསྐུལ་ངོར།
བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousབླ་མའི་རྣལ་འབྱོར།next