Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ།
   


 
previousབླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ།next

བླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ།


GTD003_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་བཞུགས་སོ། །འདིར་བླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས་སྐྱབས་སེམས་སྔོན་དུ་བཏང་ལ། རང་གི་སྤྱི་བོར་པད་ཉི་ཚོགས་བདག་སྟེང། །མྱུར་མཛད་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །སྐུ་མདོག་མཐིང་ནག་སྲིན་པོ་ཁྲོས་པའི་གཟུགས། །ཞལ་གཅིག་ཕྱག་དྲུག་སྤྱན་བགྲད་མཆེ་བ་གཙིགས། །གཡས་ན་གྲི་གུག་ཐོད་ཕྲེང་ཌཱ་མ་རུ། །གཡོན་གྱིས་ཐོད་ཁྲག་རྩེ་གསུམ་ཞགས་པ་འཛིན། །ཐོད་སྐམ་དབུ་རྒྱན་མགོ་རློན་ཕྲེང་བ་འཕྱང། །སྦྲུལ་གྱི་རྒྱན་སྤྲས་སྟག་ལྤགས་ཤམ་ཐབས་གསོལ། །བརྐྱང་བསྐུམ་གར་གྱིས་འགྱིང་བའི་སྤྱི་བོ་རུ། །སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་


GTD003_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

འཆང། །གསེར་མདོག་ཕྱག་གཉིས་རིན་ཆེན་དྲིལ་བུ་བསྣམས། །ནོར་བུའི་རྒྱན་སྤྲས་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །གཉིས་ཀའི་གནས་གསུམ་ཡི་གེ་གསུམ་མཚན་པའི། །ཧཱུཾ་ཡིག་འོད་ཀྱིས་དངོས་བརྒྱུད་བླ་མ་དང། །ཕྱོགས་བཅུར་བཞུགས་པའི་སྐྱབས་གནས་མ་ལུས་པ། །བསྡུས་ཏེ་དྲིན་ཅན་རྩ་བའི་བླ་མར་ཐིམ། །བླ་མའི་ཐུགས་ཀའི་འོད་ཟེར་སེར་པོ་དང། །མགོན་པོའི་ཐུགས་ཀའི་འོད་ཟེར་སྔོན་པོའི་ཚོགས། །ཕན་ཚུན་འདྲེས་པ་འོད་དང་བདེ་བའི་ངང། །ཐུགས་རྗེ་མཐུ་སྟོབས་དབྱེར་མེད་བདག་ཉིད་གྱུར། །ན་མོ་བུད་དྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ཎ་ཤྲི་ཡེ། ཌཱ་ཀ་ཌཱ་ཀི་ནི། ཛོ་ཀ་ཛོ་ཀི་ནི། སརྦ་བུད་དྷཱ་ཡ། བོ་དྷི་སཏྭ་ཤཱ་ར་ཎཾ་གཙྪ་མི་ཀྱཻ། ཞེས་ལན་གསུམ། བླ་མ་ཡི་དམ་དཀོན་མཆོག་རིན་ཆེན་གསུམ། །མཁའ་འགྲོ་བསྟན་སྲུང་ཐམས་ཅད་འདུས་པའི་དངོས། །འདི་ཕྱིའི་རྒུད་བའི་མུན་སེལ་སྒྲོན་མེ་མཆོག །བསླུ་མེད་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །འདི་ཕྱི་བར་དོའི་གནས་སྐབས་གང་དུ་ཡང། །ཁྱོད་མིན་རེ་བའི་སྐྱབས་གཞན་མ་མཆིས་པས། །འབྲལ་མེད་ཐུགས་རྗེའི་ཕྱག་གིས་བཟུང་དུ་གསོལ། །ཕྱི་རོལ་གདོན་བགེགས་ཉེར་འཚེ་བསལ་དུ་གསོལ། །ཉོན་མོངས་ཀུན་རྟོག་རྒྱུ་བ་བཅད་དུ་གསོལ། །སྐྱེ་ཤི་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། །མི་ཁོམ་ངན་སོང་སྐྱེ་བའི་སྒོ་བཀག་སྟེ། །ཞིང་མཆོག་བདེ་བ་ཅན་དེར་དྲང་དུ་གསོལ། །ཤུགས་དྲག་སྙིང་རྗེ་ཆེན་པོའི་
དབང་གྱུར་ཏེ། །ནམ་མཁའི་མཐས་གཏུགས་མ་རྒན་འགྲོ་བ་རྣམས། །སྒྲོལ་བའི་མཐུ་དང་ལྡན་པར་བྱིན་གྱིས་རློབས། །ཞེས་བརྗོད་ཅིང་དེ་དག་གི་དོན་དྲན་བཞིན་པའི་སྒོ་ནས། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །མགོན་པོ་བླ་མ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །བར་ཆད་མ་ལུས་སེལ་བར་ཤོག །ཅེས་པའི་གསོལ་འདེབས་ལན་བརྒྱ་རྩ་སོགས་བྱ། དེ་ནས། སྤྱི་བོའི་མགོན་པོ་དབུ་མའི་ལམ་བརྒྱུད་དེ། །སྙིང་གར་བཞུགས་ཤིང་དེ་ཡི་འདབ་མ་རྣམས། །ཟུམ་པའི་རྩེ་མོར་རྩ་བརྒྱུད་བླ་མའི་དངོས། །འོད་འབར་གསེར་གྱི་རྡོ་རྗེས་མཚན་པར་གྱུར། །དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང། །དེ་ཡི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཀུན། །མྱུར་མཛད་མགོན་པོས་གཡེལ་མེད་བསྒྲུབ་གྱུར་ཅིག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ཡང་དད་བརྩོན་བློ་དང་ལྡན་པ་དགེ་སློང་བློ་བཟང་དར་རྒྱས་ཀྱིས་བསྐུལ་ངོར༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །


previousབླ་མགོན་དབྱེར་མེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ།next