Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་གྲིབ་སེལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དམ་ཚིག་རྡོ་རྗེའི་བདུད་རྩི་།


 
previousམགོན་པོ་གྲིབ་སེལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དམ་ཚིག་རྡོ་རྗེའི་བདུད་རྩི་།no next

མགོན་པོ་གྲིབ་སེལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དམ་ཚིག་རྡོ་རྗེའི་བདུད་རྩི་།


GTD003_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་གྲིབ་སེལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དམ་ཚིག་རྡོ་རྗེའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །བླ་མ་མགོན་པོ་དབྱེར་མེད་ཐུགས་རྗེའི་མཐུས། །སྡིག་ལྟུང་བག་ཆགས་བཅས་པ་ཀུན་སྦྱོང་ཞིང། །མཆོག་ཐུན་དངོས་གྲུབ་མ་ལུས་སྒྲུབ་པ་ཡི། །རྣལ་འབྱོར་ཟབ་མོའི་གདམས་པ་འདིར་ཞུགས་ཤིག །དེའང་གྲིབ་སེལ་གྱི་གདམས་པ་གྲུབ་ཆེན་གྱི་གཞུང་ལས།


GTD003_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པ་བྱ་ཞིང་དམ་ཚིག་བསྐང། །དམ་ཚིག་བསྐང་ན་དངོས་གྲུབ་འབྱུང། །ཞེས་པ་ལྟར། མཆོག་ཐུན་མོང་གི་དངོས་གྲུབ་གང་ཞིག་སྒྲུབ་པར་བྱེད་པ་ལའང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་རྒྱུད་གཙང་བ་ཞིག་གལ་ཆེ་ལ། དམ་ཚིག་ཉམས་ཆག་སྐོང་བར་བྱེད་པའི་ཐབས་ཀྱི་རིམ་པ་མང་ནའང་། སྙིགས་མའི་དུས་འདིར་བླ་མ་ཡི་དམ་ཆོས་སྐྱོང་ཐམས་ཅད་ལ་བརྟེན་པའི་ཉམས་ཆག་ཐམས་ཅད་སྦྱོང་བྱེད་དུ་བླ་མ་མགོན་པོ་དབྱེར་མི་ཕྱེད་པའི་སྒོ་ནས་གྲིབ་སེལ་གྱི་རྣལ་འབྱོར་སྐྱོང་བ་འདི་ལས་ཟབ་པ་མེད་པས། དེའི་ཚུལ་འགོད་པ་ལ། མགོན་པོའི་སྐུ་བྲིས་འབུར་ཅི་རིགས་ཀྱི་རྟེན་དགྲམ་སྟེ་མཆོད་པ་ལེགས་པར་བཤམས། སྐྱབས་སེམས་སྔོན་དུ་བཏང་། ཁྱད་པར་བྱམས་སྙིང་རྗེའི་དམིགས་རྣམ་དང་། བླ་མ་མགོན་པོ་དབྱེར་མི་ཕྱེད་པའི་མོས་གུས་ཤུགས་དྲག་པོའི་སྒོ་ནས། །འདི་ལྟར་གདོན་པར་བྱའོ། །རང་གི་སྤྱི་བོར་ཧཱུཾ་ཡིག་འཕྲོ་འདུ་ལས། །ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ། །སྤྱན་གསུམ་བགྲད་ཅིང་རྣོ་བའི་མཆེ་བ་གཙིགས། །དབུ་སྐྲ་སྨིན་མ་སྨ་ར་མེ་ལྟར་འབར། །གྲི་ཐོད་མགོ་ཕྲེང་རྩེ་གསུམ་ཌཱ་མ་རུ། །ཞགས་པ་འཛིན་ཅིང་སྟག་ལྤགས་ཤམ་ཐབས་གསོལ། །སྦྲུལ་དང་རུས་པའི་རྒྱན་སྤྲས་གཡེར་ཁ་འཁྲོལ། །གཡོན་བརྐྱང་སྟབས་ཀྱིས་མེ་དཔུང་འབར་བའི་དབུས། །པད་ཉི་ཚོགས་ཀྱི་བདག་པོའི་གདན་ལ་བཞུགས། །མ་ཅིག་ལས་མཁན་བཞི་སོགས་འཁོར་གྱིས་བསྐོར། །དེ་ཡི་སྤྱི་བོར་བཀའ་དྲིན་གསུམ་ལྡན་གྱི། །རྩ་བའི་བླ་མ་སྐུ་མདོག་དུང་ལྟར་དཀར། །གཡས་པ་ཤེལ་གྱི་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་གསེར་གྱི་དྲིལ་བུ་དཀུར་བརྟེན་པའི། །གནས་གསུམ་ས་བོན་ཡིག་བརྒྱའི་སྔགས་ཀྱི་ཕྲེང། །དཀར་དམར་མཐིང་གས་བསྐོར་བའི་ཧཱུཾ་ཡིག་གིས། །དངོས་བརྒྱུད་བླ་མ་ཡི་


GTD003_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལྷ་ཚོགས་ཀུན། །སྤྱན་དྲངས་རྩ་བའི་བླ་མར་དབྱེར་མེད་བསྟིམས། །རྡོ་རྗེ་གསུམ་གྱི་ལྷ་ཡང་སྤྱན་དྲངས་ཏེ། །འབྲུ་གསུམ་ཡིག་བརྒྱ་བཅས་ལ་ཐིམ་པར་གྱུར། །བློ་བཟང་རྒྱལ་ཀུན་ཐུགས་རྗེའི་ངོ་བོ་ཉིད། །དཀོན་མཆོག་གསུམ་དངོས་བླ་མ་རིན་པོ་ཆེར། །གསོལ་བ་འདེབས་སོ་སྡིག་སྒྲིབ་ཉེས་ལྟུང་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབས་པས་གནས་གསུམ་གྱི། །སྔགས་ཕྲེང་ལས་བབས་བདུད་རྩིས་སྐུ་ལུས་གང། །བླ་མ་ཡི་དམ་ལྷ་ཚོགས་ལ་བརྟེན་པའི། །དམ་ཚིག་ཉམས་ཆག་མཐའ་དག་བྱང་བར་གྱུར། །གདུལ་བྱའི་དོན་སླད་ཞི་ཁྲོའི་སྐུར་བསྟན་ཡང། །ངེས་དོན་བླ་མ་མགོན་པོ་དབྱེར་མེད་པར། །གསོལ་བ་འདེབས་སོ་སྡིག་སྒྲིབ་ཉེས་ལྟུང་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །དེ་ནས་བླ་མགོན་སྐུ་ཡི་འོད་འདྲེས་ཤིང། །བླ་མའི་སྔགས་ཕྲེང་གསུམ་ལས་བདུད་རྩིའི་རྒྱུན། །བབས་ཏེ་མགོན་པོ་འཁོར་བཅས་གནས་གསུམ་གང། །དེ་ལ་བརྟེན་པའི་ཉེས་ཀུན་དག་པར་བྱས། །སླར་ཡང་བླ་མགོན་གཉིས་ཀའི་གནས་གསུམ་གྱི། །ས་བོན་ཡིག་བརྒྱར་བཅས་པའི་བདུད་རྩིའི་ཆུས། །བདག་སོགས་འགྲོ་བ་ཀུན་གྱི་ལུས་གང་སྟེ། །སྒོ་གསུམ་སྡིག་ལྟུང་མ་ལུས་དག་པར་གྱུར། །ཅེས་དམིགས་པ་དང་བཅས་ཏེ་ཡིག་བརྒྱ་བཟླ། འབྲེལ་ནས་འཆར་དཀའ་ན་གོང་གི་བྱང་བར་གྱུར་ཞེས་དང་། དག་པར་བྱས་ཞེས་པའི་མཚམས་གཉིས་སུ་ཡིག་བརྒྱ་ཅི་འགྲུབ་རེ་བཟླས་ཏེ་བླ་མ་དང་མགོན་པོ་ལ་བརྟེན་པའི་དམ་ཚིག་ཉམས་ཆག་སྦྱོང་བའི་དམིགས་པ་སོ་སོར་ཡུན་དུ་བསྐྱངས། དེ་ལྟར་ཡིག་བརྒྱ་ཉེར་གཅིག་གམ་བརྒྱ་རྩ་སོགས་བཟླས་ཏེ། སླར་ཡང་། བློ་


GTD003_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྒྱལ་ཀུན་ཐུགས་རྗེའི་ངོ་བོ་ཉིད། །དཀོན་མཆོག་གསུམ་དངོས་བླ་མ་རིན་པོ་ཆེར། །གསོལ་བ་འདེབས་སོ་མདོ་སྔགས་ལམ་བཟང་ཀུན། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །གདུལ་བྱའི་དོན་སླད་ཞི་ཁྲོའི་སྐུར་བསྟན་ཡང། །ངེས་དོན་བླ་མ་མགོན་པོ་དབྱེར་མེད་པར། །གསོལ་བ་འདེབས་སོ་མདོ་སྔགས་ལམ་བཟང་ཀུན། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ཤོ་ལོ་ཀ་གཉིས་ཅི་མང་བཟླས། སྲིད་ལས་ངེས་འབྱུང་བློ་ཁ་ཆོས་ལ་ཕྱོགས། །ཆོས་ཀུན་བླ་མེད་བྱང་ཆུབ་ལམ་དུ་འགྲོ། །བདེན་ཞེན་གདོན་དང་ཕྱི་རོལ་ཉེར་འཚེ་སོགས། །ལམ་གྱི་བར་ཆད་ཞི་བར་བྱིན་གྱིས་རློབས། །འཇིག་རྟེན་ཕྱི་མའི་གནས་སུ་འགྲོ་བ་ན། །གནད་གཅོད་བར་དོའི་འཇིགས་སྐྲག་མི་འབྱུང་ཞིང། །འཛུམ་པའི་ཞལ་བསྟན་གསུང་གིས་དབུགས་ཕྱུངས་ཏེ། །བདེ་བ་ཅན་གྱི་གནས་དེར་དྲང་དུ་གསོལ། །མདོར་ན་འདི་ཕྱི་བར་དོ་གང་དུ་ཡང། །མགོན་དང་དཔུང་གཉེན་ཁྱོད་མིན་གཞན་མེད་པས། །ནམ་ཡང་འབྲལ་བ་མེད་པར་རྗེས་གཟུང་སྟེ། །སྲིད་ཞིའི་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །བླ་མ་མགོན་པོ་དབྱེར་མེད་ཐུགས་རྗེའི་གཏེར། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་བླ་མ་དང། །མགོན་པོ་དབྱེར་མེད་འདྲེས་ཏེ་རང་ལ་ཐིམ། །གཉུག་སེམས་བླ་མ་མགོན་པོའི་སྐུར་བཞེངས་ཏེ །འདུ་འབྲལ་མེད་པར་སྙིང་དབུས་རྩེན་གྱུར་ཅིག །


GTD003_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྙིང་གར་གསལ་བཏབ་ནས་སྙིང་པདྨའི་རྣམ་པར་གནས་པའི་འདབ་མ་རྣམས་ཟུམ་པའི་ཕྱི་རོལ་ཏུ་སྔགས་ཕྲེང་གིས་བསྡམ་པ་བརྟན་པར་བྱས་པར་བསམ་ལ། དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །ཅེས་སོགས་དང་། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང། །ཞེས་སོགས་བསྔོ་བས་མཚམས་སྦྱར་བར་བྱའོ། །ཞེས་ངེས་དོན་གྱི་བཤེས་གཉེན་དམ་པ་བློ་བཟང་དཀོན་མཆོག་པས་མཚོན་རང་གི་རྩ་བའི་བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པའི་སྒོ་ནས་གྲིབ་སེལ་གྱི་དམིགས་པ་གཙོ་བོར་བཏོན་པའི་བླ་མའི་རྣལ་འབྱོར་དམ་ཚིག་རྡོ་རྗེའི་བདུད་རྩི་ཞེས་བྱ་བ་འདི་ནི་དད་བརྩོན་ལྡན་པ་དཀོན་མཆོག་དགེ་ལེགས་ཀྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །། བཀྲ་ཤིས།


previousམགོན་པོ་གྲིབ་སེལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དམ་ཚིག་རྡོ་རྗེའི་བདུད་རྩི་།no next