Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
  collapse section
རྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས།next

རྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས།

དང་པོ་སྐུ་བལྟམས་པའི་སརྒ།


GTD004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བིམོཀྵཛཱཡསམུདྲསྱཏིརྠཾནཱམཏྲིཀཱལཛཡསྱསམུདཱཡརཱུཔབྷཊྚརཀརཏྣཨབྷཡེནྟྲཔདསྱབིཛཧཱར།
དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


GTD004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ནམོགུརུམཉྫུགྷོཥཱཡ། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
བི མོ ཀྵ ཛ ཡ ས མུ དྲ སྱ ཏཱི རྠཾ ནཱ མ ཏྲི ཀཱ ལ ཛ ཡ སྱ ས མུ དཱ ཡ རཱུ པབྷ ཊྚ ར ཀ ར ཏྣ ཨ བྷ ཡེ ནྟྲ པཱ ད སྱ །
དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་


GTD004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ ལ ཛ ཡ སྱ མུ དཱ ཡ རཱུ བྷ ཊྚ ར ཀ ར ཏྣ ཨ བྷ ཡེ ནྟྲ པཱ ད སྱ།
མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ།
ན མོ ཝ གི ཤྭ ར བྷ ཊྚ ར ཀ ཛྙཱ སྱ ནི ངྷེ།
ངག་གི་དབང་ཕྱུག་རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །


GTD004_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མེ རུཿ ལོ ཀ ཏྲྀ ནུ དྟ རཱ སྭ བྷ ཝར ཏྣཱ ཙྩཻ སྱ སུ ཤྲཱི ཡ ཧི། དགེ་ལེགས་རིན་ཆེན་རང་བཞིན་ལྷུན་པོ་འཇིག་རྟེན་གསུམ་གྱི་བླ་ན་མཐོ། །ཏྲཿ བྷཱུ རྨྨིཿ ཨ བྷིན ནྡི སེན གན ཧ སྐཱར དྭི ཊོ པཱ དརཿ
ཉིན་བྱེད་སྣང་བའི་རྦ་རླབས་མངོན་དགའ་ས་གསུམ་མུན་པའི་དཔུང་ཚོགས་འཇོམས། །


GTD004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ ནྟཾ གོ ཏྲ སུ མ ལ བེ དི ཨཡ ཎཾ བཱ ཏིཿ ཡ ཏི ཏྲཿ དི བཱ།
ཁོར་ཡུག་ཡིད་འོང་གསེར་རིའི་ཕྲེང་མཛེས་སྐབས་གསུམ་བགྲོད་པ་ངལ་གསོའི་སྟེགས། །
ཏྭི ཌྡྷཱམ ཏྲ པརཿ བི ཤུ ཀླ ཡས ཧ སྲཾ ཛྭཱ ལཀྲྀ པཱ སུ སཱ དྷྲ།
རྣམ་དཀར་སྣང་བའི་གཟི་འོད་སྟོང་འབར་མཆོག་གསུམ་ཐུགས་རྗེས་ཤིས་པར་སྒྲུབས། །


GTD004_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གསུང་ཡི་གེ་རྒྱུད་གཅིག་འཁྲོལ་བ་ལས། །མདོ་སྔགས་དབྱངས་ཀྱི་ཡན་ལག་རྫོགས་པའི་སྒྲ། །སྐལ་བཟང་རྣ་བའི་བདུད་རྩིར་འཇོ་བའི་གཉེན། །འཇམ་མགོན་ཙོང་ཁ་པ་ཡིས་དགེ་ལེགས་སྩོལ། །ངག་ལ་དབང་བསྒྱུར་བློ་བཟང་རྒྱལ་བའི་བསྟན། །ཟབ་གསང་སྙན་བརྒྱུད་དབྱིག་གི་བློ་གྲོས་མ། །བརྩོན་འགྲུས་དཔུང་པས་དྲངས་ཚེ་འཇམ་པའི་དབྱངས། །དགྱེས་དགུར་བཞད་པའི་གྲགས་པ་བླ་ན་འབར། །རིས་མེད་ཐུབ་བསྟན་རིན་ཆེན་མུཀྟི་ཀའི། །དོ་ཤལ་མགྲིན་པར་ཆགས་པའི་མེ་ན་ཀ །སྒྱུ་འཕྲུལ་གསང་བ་གསུམ་གྱི་རོལ་གར་མཁན། །འཕགས་བོད་གྲུབ་པའི་སྐྱེས་ཕྲེང་ཚར་དུ་དངར། །ཨེ་མ་གང་གི་ཐུགས་རྗེའི་ཨུཏྤལ་འདབ་ཡངས་གཡོ་བའི་གར་གྱི་རི་མོ་ནི། །སྔོ་བསངས་སྡེ་ལ་གློག་འོད་རྩེ་དགས་འཁྱུད་པའི་ངོ་མཚར་མཛེས་སྡུག་འཛིན་པ་ལས། །སྟོང་ཕྲག་ཉི་མའི་དཔལ་འབར་བུང་བ་སྒྲ་སྒྲོགས་ཆུ་སྐྱེས་གེ་སར་


GTD004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་པའི་གཉེན། །དཀོན་མཆོག་གསུམ་འདུས་འཇིགས་མེད་དབང་པོའི་ཞབས་རྡུལ་ལྷར་བཅས་སྐྱེ་དགུའི་གཙུག་ན་མཛེས། །ཕུལ་བྱུང་ཐུགས་བསྐྱེད་ཡུན་དུ་གོམས་པའི་གྲུ་ཆར་སྙིང་རྗེའི་རླན་གྱི་ཁམས། །ཀུན་བཟང་སྤྱོད་པར་ཡོངས་འཁྱིལ་དངོས་འཛིན་རྙོག་བྲལ་མི་རྟོག་དྭངས་པའི་མཚོ། །བསྲུབས་སྐྱེས་སྐུ་བཞིའི་བང་རིམ་མངོན་མཐོ་འཕྲིན་ལས་ཉི་ཟླའི་རྣ་ཆ་ཅན། །ཐུབ་བསྟན་གླིང་བཞིའི་རྒྱན་གྱུར་གཏམ་འདི་འགྲོ་ལ་ཐོག་མཐའི་བར་དུ་དགེ །གསང་གསུམ་ཟློས་པའི་གར་གྱི་ས་མུ་དྲ། །གྲུབ་རིགས་བྱེ་བའི་མགྲིན་པར་རྫོགས་མིན་ཏེ། །གདུང་སེལ་བདུད་རྩིའི་ཐིགས་ཕྲེང་རེ་རེས་ཀྱང༌། །དལ་བ་དོན་ལྡན་ཉིད་དུ་ཅིས་མི་བྱེད། །སྒྲོ་བཏགས་ཆུ་བོ་གྱེན་དུ་འཐོར་ཡང་མཁའ་ལ་ཆགས་པའི་གནས་མ་མཆིས། །སྐུར་གདབ་མེ་ལྕེ་ཐུར་དུ་ཕྱོགས་པས་རང་གི་དགེ་བའི་ཡན་ལག་སྲེགས། །


GTD004_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་འོས་སྙིང་པོའི་རོ་བྲལ་ཚིག་གི་ཚོགས་པ་རྒྱ་ཆེ་སྦུན་པའི་མཛོད། །སྤངས་ཏེ་དབུ་མའི་ལམ་གནས་རྒྱལ་བསྟན་ཀ་བར་གྱུར་གང་གཏམ་དུ་གླེང༌། །ངོ་མཚར་མཛད་བཟང་མ་ལ་ཡར་སྐྱེས་ཀྱི། །བསུང་ཞིམ་སྡེབ་ལེགས་དྲི་ཡི་བཞོན་པ་ཅན། །སྐལ་བཟང་གྲུབ་པའི་སྙིང་ལ་བདུད་རྩིའི་ཆར། །བདེ་གཤེགས་གཞུང་ལམ་གསལ་བའི་སྒྲོན་མའང་ཡིན། །མཚན་སྙན་བཻ་ཌཱུརྱ་ཡི་མདངས་ཆགས་ཀྱང༌། །རང་མཚང་གསལ་བའི་སྐད་ངན་འབྱིན་པའི་ཝ། །རང་རིགས་རྨོངས་པས་བཀུར་རྣམས་བག་བྱོས་དང༌། །རྣམ་འབྱེད་ཟླ་བའི་འཕེལ་བ་དེང་ནས་རྩོམ། །མི་ཟད་རྒྱན་གྱི་འཁོར་ལོའི་ཏ་མ་ལར། །མིག་ཡངས་གྱེན་དུ་གཡོ་བའི་མདོངས་མཐའ་རྣམས། །དགའ་དད་རོལ་པའི་འཇོ་སྒེག་འཛིན་པའི་སླད། །ལེགས་བཤད་དབྱར་རྔ་དལ་གྱིས་རྒོད་པར་བྱ། །དེ་ཡང་རིས་སུ་མ་ཆད་པའི་འགྲོ་བ་མགོན་མེད་པ་རྣམས་ལ་རྗེས་སུ་བརྩེ་བའི་སྙིང་རྗེ་ཆེན་པོས་གཞན་དབང་དུ་གྱུར་ཏེ། བྱ་དཀའ་བའི་སྤྱོད་པ་མཐའ་དག་ལ་ཡང་ཇི་ལྟར་ངང་པའི་རྒྱལ་པོ་པདྨའི་མཚོ་ལ་འཇུག་པ་བཞིན་དུ་དགྱེས་དགུར་གཞོལ་བ་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་ངང་ཚུལ་ཡིན་ཏེ། མདོ་སྡེ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང༌། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང༌། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲ་འོ། །ཞེས་ངེས་པའི་དོན་དུ་སྐུ་བཞི་


GTD004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་ལ་སོགས་པའི་ཡོན་ཏན་ཡོངས་སུ་རྫོགས་པ་བླ་ན་མེད་པའི་བྱང་ཆུབ་མཆོག་གི་གོ་འཕང་དམ་པ་མངོན་དུ་མཛད་ཟིན་ཀྱང༌། མུ་མཐའ་མེད་པའི་སེམས་ཅན་རྣམས་ཀྱི་སྐལ་བ་ཇི་ལྟ་བ་བཞིན་དུ་སྐུའི་བཀོད་པ་མཐའ་ཡས་པ་ཆུ་ཟླ་དང་གཟུགས་བརྙན་བཞིན་དུ་སྟོན་པར་མཛད་པ་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་རྡོ་རྗེའི་གནས་བདུན་པ་འཕྲིན་ལས་ཀྱི་སྐབས་སུ། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་སྣང༌། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་རྣམས་ཀྱི་གསང་གསུམ་རྨད་དུ་བྱུང་བའི་ཡོན་ཏན་རྗེས་སུ་དྲན་ཏེ་མི་ལྡོག་པའི་དད་པ་སྐྱེད་པ་ནི། བློ་ལྡན་ཆོས་ཀྱི་རྗེས་འབྲང་མཐའ་དག་གི་ལུགས་སྲོལ། ལེགས་ཚོགས་མ་ལུས་པའི་གཞི་རྟེན་མཚུངས་པ་མེད་པ་ཡིན་ལ། ཐ་ན་དེ་ལྟ་བུའི་ཚིག་ཙམ་ཐོས་པས་ཀྱང༌། ཇི་སྐད་དུ། དཔལ་ལྡན་དཔའ་བོས། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་བྱེད། །ཅེས་གསུངས་པ་ལྟར་ལེགས་ཉེས་འབྱེད་པའི་བློ་གྲོས་ཀྱི་རྩལ་དང་ལྡན་ཞིང་གཟུ་བོར་གནས་པའི་མཁས་པ་མཐའ་དག་གི་སྙིང་ལ་བདུད་རྩིའི་ཆར་གྱིས་བྲན་པའི་དགའ་སྟོན་ཅི་ཡང་སྤེལ་བར་བྱེད་དོ། །དེའི་ཕྱིར་བདག་སོགས་ལྷ་དང་བཅས་པའི་འགྲོ་བ་མ་ལུས་པའི་འདྲེན་པ་བླ་ན་མེད་པ། ལན་གཅིག་མ་ཡིན་


GTD004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པར་གོམས་པའི་ཐུགས་བསྐྱེད་རླབས་པོ་ཆེའི་ས་བོན་དུས་སུ་སྨིན་པ་ལས། བློ་བཟང་འཇམ་དཔལ་སྙིང་པོའི་ལུང་རྟོགས་ཆོས་ཀྱི་སྲིད་ལ་བཀའ་ཡི་འཁོར་ལོས་འདོད་དགུར་མངའ་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། འཛམ་གླིང་མཁས་པ་མ་ལུས་པའི་ཟུར་ཕུད་མནྡ་ར་ཡི་ཕྲེང་བ་ཞབས་སྟེགས་ཟླ་བ་ནོར་བུའི་མེ་ལོང་ངོས་ལ་མངོན་པར་གསལ་ཞིང༌། གྲགས་སྙན་མ་ལི་ཀ་ཡི་དྲི་བསུང་མངར་པོར་འཐུལ་བས། རྒྱ་མཚོའི་གོས་ཅན་ཡངས་པའི་ཁྱོད་ཀུན་ཅིག་ཅར་འགེངས་པར་མཛད་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ནོར་བུའི་བང་མཛོད་ལྟ་བུའི་ནང་ནས་རང་གི་བློ་ནུས་དང་བསྟུན་པའི་མཛད་པ་ཐུན་མོང་བ་ལས་བརྩམས་ཏེ་ཉུང་ཟད་ཙམ་ཞིག་གི་ཚིག་སྦྱོར་དར་གྱི་སྲད་བུ་ལ་བརྒྱུས་ཏེ། ཡ་རབས་དམ་པའི་རྗེས་སུ་ཞུགས་པའི་སྐལ་བཟང་སྐྱེ་བོ་ཡོངས་ཀྱི་མགུལ་པའི་རྒྱན་དུ་བསྟར་བར་བྱའོ། །དེ་ཡང་རྗེ་བཙུན་བླ་མ་དམ་པ་འདི་ཉིད་གང་དུ་ཐོག་མར་སྐུ་བལྟམས་པའི་མཛད་པ་ཉེ་བར་བསྟན་པའི་ཡུལ་ནི། དགེ་བཅུའི་ལང་ཚོ་མཆོག་ཏུ་དར་བ་མདོ་སྨད་ས་ཡི་ཐིག་ལེ། འཇམ་མགོན་བརྟན་པའི་འཁོར་ལོ་ངུར་སྨྲིག་འཆང་བའི་སྐུ་ཡི་རྣམ་པར་བཞེངས་པའི་གནས་མཆོག་ཙོང་ཁའི་རྒྱུད་དང་ཧ་ཅང་མི་རིང་ཞིང༌། སྔོན་མཁས་པ་མི་གསུམ་གྱིས་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པའི་བསྟི་གནས་ལོ་པའི་རྡོ་རྗེ་བྲག་དང་ཁད་ཤིན་ཏུ་ཉེ་བ། གྲུབ་པའི་དབང་ཕྱུག་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ཤིས་པར་བརྗོད་པའི་བདེན་ཚིག་མེ་ཏོག་འཐོར་བའི་དགེ་མཚན་གྱི་གཟི་འོད་མངོན་པར་འཕྲོ་བ་སྣང་རའི་གསེར་ཁང་ཞེས་ཡོངས་སུ་གྲགས་པའི་གཙུག་ལག་ཁང་གི་


GTD004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་འདབས་རྩི་བཅུད་སྣ་ཚོགས་པ་དང་ལོ་ཏོག་གི་རིགས་མི་འདྲ་བ་དུ་མ་ཡོངས་སུ་སྨིན་པའི་གང་བུའི་སྙེ་མ་གཡུར་དུ་ཟ་ཞིང་འཆི་མེད་གཞོན་ནུའི་སྐྱེད་ཚལ་ལ་ཅོ་འདྲི་བའི་བཟའ་ཤིང་གི་རྭ་བ་དུ་མས་ཡོངས་སུ་བསྐོར་བའི་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། གདུང་རུས་ནི། སྤྱིར་པུར་རྒྱལ་བོད་ཀྱི་ཡུལ་འདིར་མིའི་འགྲོ་བ་བྱུང་ཚུལ་ལ། རྒྱ་གར་ནང་སྐྱ་བསེང་བུ་ལྔ་དང༌། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་ཚེ། རྒྱལ་པོ་རུ་པ་ཏི་དམག་སྟོང་དང་བཅས་པ་བྲོས་ཏེ་འོང་བ་ལས་མཆེད་པ་སོགས་བཤད་ཚུལ་མང་དུ་ཡོད་ཀྱང༌། གཙོ་བོར་གྱུར་པ་ནི། རང་ཅག་ཁ་བ་རི་པ་རྣམས་ཀྱི་སྤྱི་རྗེ། ལྷ་ཅིག་ཕྱག་ན་པདྨའི་ཐུགས་རྗེའི་སྒྱུ་འཕྲུལ་སྤྲེའུ་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ལས་མཆེད་པ་ཉིད་ཡིན་ཞིང༌། དེ་ལ་ཡང༌། རུས་ཆེན་བཞིར་གྱེས་པའི་ཡ་གྱལ་ལྡོང་གི་རིགས་དེ་ཉིད་ཕྱོགས་སོ་སོར་མང་དུ་འཕེལ་བའི་ཆ་ལས་གཅན་ཚ་བྱ་བ། ཡུལ་མི་རང་བཞིན་པ་རྣམས་ཀྱང་སྙིང་སྟོབས་ཆེ་ཞིང་ཁྲེལ་གཞུང་དང་ལྡན་པ་ཤས་ཆེ་ལ་ཁྱད་པར་གཅན་ཚའི་དཔོན་པོ་འབུམ་ཡག་རྒྱལ་ཞེས་པ་དཔའ་མཛངས་རྟུལ་ཕོད་སོགས་ཀྱི་སྒོ་ནས་ར་མ་ཎཱའི་སྙེམས་པ་འཕྲོག་པར་ནུས་པའི་དཔའ་སྐད་ཀྱི་གྲགས་པ་རྒྱ་བོད་གཉིས་ཀར་དཔེ་འདྲེན་བྱེད་པ་དང་དེའི་ཡང་ཚ་གཙུག་ཏོར་སྐྱབས་ཟེར་བ་ཡང་མེས་པོ་དང་ཆ་མཚུངས་པ་ཞིག་བྱུང༌། དེ་ལ་བུ་བརྒྱད་ཡོད་པའི་ཆེ་བ་ནི་སྟོང་སྐོར་མཉྫུ་ཤྲི་སྐུ་ཕྲེང་ལྔ་པ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རིན་པོ་ཆེས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་ངག་དབང་བསོད་ནམས་རྒྱ་མཚོའི་ཞལ་སྔ་ནས་ཉིད་ཡིན་ཞིང༌། གཉིས་


GTD004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་རྗེ་ངག་དབང་དཔལ་འབྱོར་དང༌། གསུམ་པ་ནི་ངག་དབང་རྣམ་རྒྱལ་བྱ་བ་འདུན་མ་མཁས་ཤིང་རང་བཞིན་དྲང་བ། སྙིང་སྟོབས་ཆེ་ལ་ཕྱི་ཐག་སྲོང་བ་དཔའ་རྩལ་ཆེ་ཡང་སྡིག་ལ་འཛེམ་པ། བརྟན་ཞིང་ཟིལ་ཆེ་བ་སོགས་ལྷ་ཆོས་མི་ཆོས་གང་གི་ངོས་ནས་ཀྱང་བསྔགས་པར་འོས་པའི་ཡོན་ཏན་རིན་པོ་ཆེ་དུ་མའི་རྒྱན་གྱིས་སྤྲས་པ་ཞིག་སྟེ་དེ་ནི་བདག་ཉིད་ཆེན་པོ་འདིའི་ཡབ་ཡིན་ལ། ཡུམ་ནི་གནམ་སྐྱིད་ཅེས་པ། ངོ་ཚ་ཁྲེལ་ཡོད་ཀྱི་གོས་དང་ལྡན་ཞིང༌། དད་པ་དང་གཏོང་བའི་རྒྱན་གྱིས་མཛེས་པ། སེམས་རྒྱུད་བཟང་ཞིང་ཆོས་ལ་དཀར་བ་སོགས་བུད་མེད་ཕལ་པའི་ངང་ཚུལ་ལས་འདས་ཤིང་གཟི་བྱིན་སུས་ཀྱང་བཟོད་པར་དཀའ་བའི་ཌཱ་ཀིའི་མཚན་དང་ལྡན་པ་ཞིག་གོ །དེ་ཡང་ཡབ་ཡུམ་འདི་གཉིས་ལ་སྔར་རིགས་རྒྱུད་དཀོན་པའི་དོན་དུ་གྲུབ་པའི་དབང་ཕྱུག་སྟོང་སྐོར་རིན་པོ་ཆེར་སྲིད་བསྲུང་གི་རིམ་གྲོའི་དོན་དུ་གསོལ་བ་ནན་ཆེར་བཏབ་ཀྱང་གནང་དུ་མ་བཞེད་པ་ལ། ལོ་སྔ་མ་འདིར་ཉིད་ནས་དགོངས་བཅད་ཀྱིས་ངེད་སྣང་རར་འོངས་ཏེ་ཁྱོད་ཀྱི་སྲིད་ཕྱྭ་ལ་རིམ་གྲོ་ཞིག་བྱེད་དགོས་གསུངས། རྣམ་རྒྱལ་གྱི་གཞིས་སུ་ཕེབས་ཏེ་ཞག་བདུན་རིག་བྱེད་མའི་བསྙེན་མཚམས་མཛད་པའི་མཐར་ཐུན་མོང་མ་ཡིན་པའི་རྫས་སོགས་ཕྱག་ལེན་ཞིབ་རྒྱས་དང་བཅས་སྦྱིན་སྲེག་མང་དུ་གནང༌། སླར་མཆོད་རྟེན་ཐང་དུ་ཕེབས་ནས་ཀྱང་དེའི་དོན་དུ་པྲ་འབེབ་ལན་མང་མཛད་དེ་རིམ་གྲོ་ཕོན་ཆེར་བསྒྲུབས། རྗེས་མའི་སྐབས་ཤིག་པྲ་ཕབ་སྟེ་ཉིད་ཀྱི་གཅུང་པོ་ཨུས་ཇང་ནང་སོ་ལ་ལྟར་བཅུག་པས། གསེར་གྱི་རྡོ་རྗེ་ཞིག་འདུག་པ་རིམ་གྱིས་ཇེ་གསལ་དུ་སོང་ནས་མཐར་འོད་ཟེར་འཕྲོ་བ་ཞིག་མཐོང་ཚུལ་ཞུས་པས་ཤིན་ཏུ་དགྱེས་ཤིང་ད་དེ་ཀས་ཡོང་གསུངས། ལྷུམས་སུ་ཞུགས་


GTD004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སྔ་ཕྱི་ཅི་རིགས་པར་ཡུམ་གྱི་རྨི་ལམ་དུ། སྣང་རའི་གསེར་ཁང་ནས་དགེ་འདུན་དཔག་ཏུ་མེད་པས་མཆོད་རྫས་དུ་མ་ཐོགས་ཏེ་ཡབ་ཡུམ་གཉིས་གསེར་ཁང་དུ་སྤྱན་དྲངས་ནས་ཁྲི་མཐོན་པོ་ལ་བཞུགས་སུ་གསོལ་བར་ཡང་ཡང་རྨིས་པ་དང༌། ལྷུམས་སུ་མ་ཞུགས་པའི་སྔོན་ཙམ་ལ། སྟོང་སྐོར་རིན་པོ་ཆེའི་མནལ་ལམ་དུ། ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་གསེར་གྱི་རྡོ་རྗེ་ཞིག་འོངས་ཏེ་མདུན་དུ་བབས་པ་དང་བླ་མ་བགྲེས་པོ་ཞིག་ཏུ་གྱུར་ནས་གདུགས་སེར་པོ་གཅིག་ཁོང་ལ་ཕུལ་ཏེ་འདི་རེ་ཞིག་ཁྱེད་ལ་གཏད་པ་ཡིན་ཟེར་བ་དང༌། ཡང་ལན་གཅིག །ལྷོ་ངོས་ཀྱི་ནམ་མཁའི་དབྱིངས་སུ་སྤྲིན་ཕུང་འཁྲིགས་པའི་གསེབ་ནས་འཇམ་དབྱངས་དམར་སེར་གྱི་སྐུ་ཞིག་ཐོན་བྱུང་བ་ལ་ཤར་ཕྱོགས་ནས་སྐྱེ་བོ་གྲངས་མེད་པས་ཕྱག་མཆོད་བྱེད་པ་རྨིས་ཚུལ་གསོལ་དཔོན་སངས་རྒྱས་བསྟན་འཛིན་ལ་གསུངས་པར། ཁོས་དེ་དཔྱད་ཚུལ་ཅི་ཡིན་ཞུས་པས། ཇི་ལྟར་དཔྱད་ཀྱང་བཟང་བར་འདུག་གསུངས་ཏེ་སླད་ཀྱི་འཕྲིན་ལས་དང་བཅས་པའི་དོན་ལ་དགོངས་པར་མངོན། གཞན་འགའ་ཞིག་གི་རྨི་ལམ་དུ་ཡབ་ཀྱི་ཁང་པ་དེ་ཉིད་ཇེ་མཐོ་ཇེ་མཐོར་སོང་བའི་ཕྱི་ནས་དར་གྱི་ཤམ་བུ་རིམ་པ་མང་པོས་བསྐོར་ཏེ་རྒྱལ་མཚན་གྱི་རྣམ་པར་འགྲོ་བ་དང༌། ཡབ་ཀྱི་ཁང་པར་གསེར་གྱི་མཆོད་རྟེན་བརྩིགས་པ་དང༌། ལྷོ་ངོས་ནས་ཤེལ་དཀར་དམར་གྱིས་སེ་རལ་ཁ་བྱས་པའི་བྱ་རོག་ཆེན་པོ་ཞིག་འོངས་ཏེ་ཡབ་ཀྱི་ཁང་པར་བསྐོར་བ་ལན་གསུམ་བྱས་ནས་སྟེང་དུ་བབས་ཏེ་སྐད་སྙན་པོ་སྒྲོགས་པ་སོགས་དེ་ཕྱོགས་ཀྱི་ཡུལ་མི་དག་སྣང་ཅན་ཕལ་ཆེར་ལ་རྨིས་ལྟས་ཡ་མཚན་པ་མང་དུ་བྱུང༌། སྐུ་བལྟམས་པར་ཉེ་བའི་སྐབས་སུ་ཡུམ་ལ་རང་


GTD004_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁང་སྟེང་དུ་ཉི་ཟླ་གཉིས་མཉམ་དུ་ཤར་བའི་རྨི་ལམ་བྱུང་ཞིང༌། གཞན་ཞིག་གིས་ཡབ་ཡུམ་གཉིས་བཞུགས་པའི་ཁང་པ་དེའི་སྒོ་ན། ཡབ་ཀྱི་གཅུང་པོ་ཨུས་ཇང་ནང་སོས་དངུལ་ཁྲབ་མེ་ཏོག་གི་རི་མོ་ཅན་ཞིག་གྱོན་ནས་ཉི་ཟླ་གཉིས་ཕྲག་པར་བཟུང་སྟེ། ལག་པ་སྒོ་འགྲམ་གཉིས་སུ་བརྐྱངས་ནས་བསྡད་ཡོད་པ་ཞིག་རྨིས་པ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་སྒོ་སྲུང་མཛད་པའི་ལྟས་སུ་གོར་མ་ཆག་གོ །དེ་ནས་ག་ནི་ཀ་རྣམས་མེ་མཁའ་རྒྱ་མཚོ་ལས་འདས་ལོ་དྲུག་ཅུ་སྐོར་ཕྲག་བཅུ་གཅིག་དང་ཉག་མ་ཞེ་གཉིས་བསྲེས་པ། སྟོད་འགྲེལ་ལྟར་ན་ཕུར་བུ་ཞེས་གྲགས་ཤིང་རྒྱ་ནག་སྤོར་ཐང་དང་བསྟུན་ན་ས་ཁམས་སྤྲེའུའི་ལོ། འཇལ་བྱེད་ནག་པ་ཅན་གྱི་ཟླ་བའམ། ཧོར་ཟླ་གསུམ་པའི་ཡར་ངོའི་གྲལ་ཚེས་བརྒྱད་ཀྱི་ཉིན། གཟིགས་པ་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་རང་མདངས་དང་མཐུན་པའི་ཁྱེའུ་མདོག་དཀར་ཞིང་དྲི་མ་མེད་པ། དཔྲལ་བའི་དབྱེས་ཆེ་ཞིང་སྨིན་མ་འཇར་བ། ཡན་ལག་དང་ཉིང་ལག་རྣམ་པར་འབྱེས་ཤིང་དབང་པོ་གསལ་ལ་བཞིན་འཛུམ་བག་དང་བཅས་པ། སྲིད་ཞིའི་མཛེས་སྡུག་གི་སྙིང་པོ་མ་ལུས་པ་གཅིག་ཏུ་བསྡུས་པ་ལྟར་བལྟ་བས་ཆོག་མི་ཤེས་པ་ཞིག་སྐྱེ་བོ་ཡོངས་ཀྱི་འདྲེན་བྱེད་ཡངས་པའི་ལམ་དུ་ལེགས་བྱས་གཟུགས་སུ་རོལ་པའི་འཇོ་སྒེག་བཞིན་དུ་དགེ་མཚན་དུ་མའི་གར་དང་བཅས་ཏེ་བལྟམས་པར་གྱུར་ཏོ། །སྨྲས་པ། ཨེ་མ་སྨིན་ལེགས་དབྱིག་གི་བློ་གྲོས་མར། །རྒྱལ་སྲས་དབྱར་གྱི་ལང་ཚོ་སྦྲུམ་པ་ན། །ད་ནི་དུས་ཀྱི་རྒུད་པ་སངས་སོ་ཞེས། །སྐལ་བཟང་ཀོ་ཀི་ལ་ཡིས་གླུ་དབྱངས་ལེན། །གང་ཚེ་མངལ་ཁུར་འཛིན་མ་དེ། །གྱ་ནོམ་བདེ་བས་མངོན་དགའ་བ། །སྐོམ་པས་བདུད་རྩི་བཏུང་བ་འམ། །བསམ་གཏན་བདེ་ལ་ཞུགས་པ་བཞིན། །མངལ་
གནས་སྤྲིན་གྱི་རྒྱ་ལས་རྣམ་གྲོལ་བ། །གཞོན་ནུ་གསར་ཚེས་ཟླ་བའི་མྱུ་གུ་ཡིས། །རྒྱ་མཚོའི་སྐ་རགས་འཆིང་བའི་ས་ཆེན་འདིར། །དགེ་ལེགས་གོས་དཀར་སྣང་བ་ཅིག་ཅར་བྱིན། །ཀུན་རྟོག་མཛུབ་རྩེའི་པིར་གྱིས་བྲིས་མིན་པར། །ངོ་མཚར་ལྷན་ཅིག་སྐྱེས་པའི་མདངས་བཀྲ་བ། །དགེ་མཚན་དབང་པོའི་གཞུ་ཡི་གུར་ཁང་དུ། །གདུང་སེལ་སྨན་གྱི་མྱུ་གུ་དང་པོར་འཁྲུངས། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་སྐུ་བལྟམས་པའི་སརྒ་སྟེ་དང་པོའོ།། །།

གཉིས་པ་བྱིས་པའི་རོལ་གར་ཆོས་སུ་རྩེན་པའི་ཚུལ་གྱི་སརྒ།


GTD004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཌཱུར་རྒྱུད་མངས་སྒྲར་འཁྲོལ་ཉེར་ཞིའི་དབྱིངས། །ཀུན་སྦྱོར་གྲུ་གཟིངས་མཐར་བྱེད་ནམ་མཁའི་ལྕགས། །འབུམ་འགྱེད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས། །སླར་ཡང་མི་ཟད་ངག་གི་དཔལ་སྩོལ་ཅིག །དེ་ལྟར་ལུས་ཅན་ཡོངས་ཀྱི་བསོད་ནམས་བ་ཀུ་ལ་ཡི་འདབ་བརྒྱ་མཆོག་གསུམ་ཐུགས་རྗེའི་འགྲམ་ཆང་གཟེགས་མས་ཕྱེ་བ་ལས། མཛེས་སྐུའི་གེ་སར་སྙིང་པོ་མངོན་དུ་གསལ་བར་གྱུར་པ་དང༌། ཡབ་ནས་དཔོན་སྔགས་དགེ་འདུན་བྱ་བ་བོས་ཏེ་སྐྱེས་ལྷ་རྡོ་རྗེ་ལེགས་པ་ལ་བསང་མཆོད་རྒྱས་པར་བཏང་ནས་རྭ་སྐྱེས་ཤིག་ཚེ་ཐར་དུ་ཕུལ། བཙས་སྟོན་ཀྱང་ལེགས་པར་བྱས་ཏེ་མཚན་རིན་ཆེན་མཁར་དུ་གསོལ། དེའི་ཚེ་ཡུམ་གྱིས་སྐུ་པང་དུ་བཟུང་སྟེ་སྤྱན་ཟིམ་མེ་བཞུགས་པ་ལས་གཉིད་ཀྱི་ཉམས་ཡེ་མེད་པ་ལ། ལྷོ་ངོས་ནས་བླ་མ་པཎ་ཞྭ་གྱོན་པ་གསུམ་བྱུང་སྟེ་བཟང་གོས་སེར་པོ་མེ་ཏོག་མ་ཞིག་གཡོགས་ནས་འདི་བྱིས་པའི་གོས་གྱིས་ཟེར་བའི་སྣང་བ་བྱུང༌། དེ་འཕྲལ་ཡབ་ལ་སྦྲན་པས། བུ་ཆུང་


GTD004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གེགས་ཤིག་ཡོད་པ་མིན་ནམ་ཞེས་དོགས་པ་བྱས་འདུག་ཀྱང༌། དེ་ནི་བླ་མ་དང་ཆོས་སྲུང་སོགས་ཀྱིས་འབྲལ་བ་མེད་པར་བསྲུངས་པའི་མཚན་མ་ཞིག་གམ། ཡང་ན་ད་ལྟའི་གདུལ་བྱ་རྣམས་ཀྱིས་དངོས་སུ་མཐོང་མ་ནུས་པ་མ་གཏོགས། སྔོན་ལུམྦིའི་ཚལ་དུ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་སྐུ་བལྟམས་མ་ཐག་ཏུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་ཀ་ཤི་ཀའི་རས་ཀྱིས་གཡོགས་པ་དང་ཆ་མཚུངས་པ་ཞིག་གོ །དེ་སྐབས་སྟོང་སྐོར་རིན་པོ་ཆེ་ནས། ཞབས་སྡོད་རྣམས་ལ། ངེད་མཚམས་ཤིག་ཏུ་སྡོད་རྒྱུ་ཡིན་པས་ཁང་པའི་སྟེང་གི་རྒྱལ་མཚན་གསར་དུ་བརྗེ་བ་སོགས་རྟེན་འབྲེལ་གང་ལེགས་སྒྲིགས། སླར་མགྲོན་པོ་གལ་ཆེན་རེ་བྱུང་ན་ངེད་ལ་སྦྲན་ཆོག་གསུངས་ཏེ་བཅད་རྒྱ་གནང་ཡོད་པའི་ཐོག་ཏུ། ཡབ་ངག་དབང་རྣམ་རྒྱལ་གྱིས་གསོལ་སྟོན་དང་བཅས་རྗེ་ཉིད་ལ་སྐུ་ཚ་འཁྲུངས་པའི་གཏམ་སྙན་འབུལ་བར་སླེབས། དེའི་གནས་ཚུལ་ཞུས་མ་ཐག་མཚམས་ནང་དེར་འབོད་པ་གནང་སྟེ། ད་རང་རེ་ཐམས་ཅད་ཀྱི་དོན་འགྲུབ་པ་ཡིན་ཞེས་དགྱེས་ཚོར་བླ་ན་མེད་པ་དང་བཅས་གོས་ཆེན་སེར་པོ་ཁ་གང་ཕྱག་བདར་ནས་དྲས་ཏེ་བྱིས་པའི་གོས་གྱིས་གསུངས། མཚམས་ནང་དེར་ཆེད་གཏད་ཀྱིས་བསྒྲུབས་པའི་བུམ་ཆུ་གནང་སྟེ་ཁྲུས་དང་གཙང་སྦྲ་སོགས་ལ་འབད་དགོས་པའི་བསླབ་སྟོན་ནན་ཏན་དུ་མཛད། དེ་ཡང་འཁྲུངས་མ་ཐག་ནས་སྤྱན་ལེགས་པར་ཕྱེ་ཞིང་འཛུམ་པ་དང་བཅས་ཏེ་བཞུགས་པ་ལས་བྱིས་པ་ཐ་མལ་པ་ལྟར་ཁམས་ཉོག་པ་དང༌། ངུ་བ་སོགས་གནས་ངན་ལེན་གྱི་དྲི་མ་མཐའ་དག་རྒྱང་རིང་དུ་བསྲིངས། ཁྱད་པར་དུ་སྐུ་བལྟམས་པའི་ཟླ་བ་དེའི་རྗེས་མའི་ཚེ་བཅུ་གཅིག་གི་ཉིན། སྤྱན་ནམ་མཁའ་ལ་ཡང་ཡང་གཟིགས་ཏེ། སྐུ་སྟོད་གྱེན་དུ་འཕར་ཞིང་ཕྱག་ཐལ་མོ་བརྡབ་ནས་ཐལ་


GTD004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ལན་གསུམ་བཏང་བས། ཡུམ་སྐྲག་ནས་དེ་ལྟར་མི་མཛད་པའི་ཐབས་སུ་ཁང་པའི་ཕྱི་རོལ་ཏུ་བཏོན་ན་ཉི་འོད་མི་བཟོད་པའི་དབང་གིས་ཕན་དུ་རེ་ནས་སྤྱན་དྲངས་ཡང་ད་དུང་དེ་བཞིན་མཛད། ཕྱོགས་དེའི་ཡུལ་ལུགས་ལ་བྱིས་པ་ཆུང་ངུ་མ་བདེ་ན་ཞ་ཉེ་བཞུས་ནས་བྱིས་པའི་མགོ་ལ་ལན་གསུམ་བསྐོར་ཏེ་ཆུ་ནང་དུ་བླུགས་ན་གང་གི་རྐྱེན་ཡིན་པ་དེའི་གཟུགས་དབྱིབས་འཆར་བས་དེ་ལྟར་བརྟག་སྲོལ་འདུག་པ་བཞིན་བྱས་པར་ཞ་ཉེ་དེ་ལ་པཎ་ཞྭ་སྣེ་རིང་གསོལ་བའི་བླ་སྐུ་བྱོན་ལེགས་པ་གཡས་ཟུར་ན་མཆོད་རྟེན་གྱི་རྣམ་པ་གསལ་བར་ཡོད་པ་ཞིག་བྱུང༌། ཕྱིས་གཙུག་ལག་ཁང་རྣམས་སུ་མཇལ་བའི་ཚེ་ཇོ་བོ་ཨ་ཏི་ཤའི་སྐུ་བརྙན་ཡིན་ཟེར་བ་རྣམས་སྔར་གྱི་ཞ་ཉེའི་སྐུ་འདྲ་དེ་ཇི་ལྟ་བར་འདུག་ཅེས་ཡུམ་གྱིས་གསུངས། ཚུལ་དེ་ལ་དཔག་ན་དེའི་ཚེ་ལྷ་ཅིག་དཱི་པཾ་ཀ་རའི་སྐུའི་གཟིགས་སྣང་ཞིག་བྱུང་བར་ངེས་པས། དེའི་རྒྱུ་མཚན་རྣམ་ཐར་དད་པའི་འཇུག་ངོགས་ལས་གསུངས་པ་ལྟར། ཇོ་བོ་ཆེན་པོ་སླར་ཡང་བྱོན་པ་བཞིན་དུ་མདོ་སྔགས་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་སྒོ་ནས་གདུལ་བྱ་མཐའ་དག་སྨིན་གྲོལ་ལ་འགོད་པའི་ལྟས་སུ་འཁྲུལ་པ་མེད་པ་ནི། ཕྱིས་སུ་ཐུབ་བསྟན་ཡོངས་ཀྱི་མངའ་བདག་གཅིག་པུར་གྱུར་བ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་འདི་ཡིན་ནོ། །དེར་མ་ཟད་དེ་དུས་ཀྱི་མཛད་པ་དེ་དག་ཀྱང་གཟིགས་སྣང་དེ་ལ་བརྟེན་ནས་སྔོན་ནས་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་སོགས་འཕགས་ཡུལ་པཎ་ཆེན་དུ་མའི་སྐུ་ཕྲེང་རིམ་པར་བཞེས་ཏེ་ལུང་རིགས་སེང་གེའི་ང་རོ་བརྒྱུད་མར་བསྒྲགས་པའི་ངང་ཚུལ་གསལ་བར་དྲན་པའི་རྟགས་སུ་གདོན་མི་ཟའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རང་རིགས་མཁའ་འགྲོ་དཀར་པོས་


GTD004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དབྱིངས་སུ། །ཉམས་ལྡན་རོལ་གར་རྩེད་འཇོས་རོལ་པ་ན། །ན་ཚོད་གཞོན་ནུའི་ཆུ་མཚོར་བརྟེན་པ་ཡི། །ངང་མོ་མགྲིན་པའི་རྫ་རྔ་འཁྲོལ་མིན་ནམ། །དེ་ལྟར་ངོ་མཚར་བའི་སྣང་ཚུལ་དུ་མ་བྱུང་བ་ལ་བརྟེན་ནས་ཡབ་ཡུམ་ཉེ་འབྲེལ་སོགས་ཀྱི་བསམ་པར། འདི་སྐྱེས་ཆེན་དམ་པ་ཞིག་གི་ཡང་སྲིད་དུ་གདོན་མི་ཟ་བས་སུ་ཡིན་གྱི་གསལ་ཁ་ཞིག་ཤེས་ན་སྙམ་དུ། དཔེར་ན་རྒྱ་མཚོའི་གླིང་དུ་བགྲོད་པའི་དེད་དཔོན་གྱིས་སྔོན་མེད་པའི་ནོར་བུ་རིན་ཆེན་ཞིག་རྙེད་ནས་དེའི་ཡོན་ཏན་ཤེས་པར་འདོད་པས་རྟབ་རྟབ་པོར་གྱུར་པ་བཞིན་དུ་གནས་པའི་ཚེ། གློ་བུར་དུ་གང་ནས་བྱོན་ཆ་མེད་པར་གྲུབ་ཐོབ་ཉོབ་ཀྱི་སྐུ་སྐྱེ་ཡིན་ཟེར་བའི་རྣལ་འབྱོར་པ་དགེ་སློང་གི་ཆ་བྱད་ཅན་མངོན་ཤེས་ཐོགས་མེད་མངའ་བ་ཞིག་ཕེབས་བྱུང་བ་ཡབ་ཡུམ་གཉིས་ནས་སྤྱན་དྲངས་ཏེ། ཟབ་མོ་གཅོད་ཀྱི་སྒོ་ནས་སྲས་ཀྱི་སྐུ་སྲུང་དང་ཐུགས་དམ་བརྟག་པ་མཛད་དུ་བཅུག་པས། ནུབ་དང་པོར་མནལ་ལམ་དུ་ལྷོ་ཕྱོགས་ནས་འབྲོང་གཡག་ཅིག་འོངས་ཏེ་བསྐོར་བ་ཡང་ཡང་བྱེད་པ་དང༌། དེའི་རྗེས་མར་མི་ནག་པོ་འབྲོང་ལ་ཞོན་པ་ཞིག་གིས་བྱིས་པ་འདི་དགོན་པ་རྒྱབ་བྲག་རི་དང༌། མདུན་སྤང་རི་བྱས་པ། སྔར་སྦ་གུར་ཁང་པ་གསུམ་ཀ་འཕུབ་མྱོང་བ་ཞིག་གི་ཡིན་ཟེར་བ་རྨིས་པས། དེ་འདྲ་ཞིག་གི་བླ་མའི་སྐུ་སྐྱེ་རེད་གསུངས། དེ་ཡང་བཀྲ་ཤིས་འཁྱིལ་གྱི་ས་གནས་དང་སྔར་དགོན་པ་གསར་ཚུགས་སྐབས་ཀྱི་ཆགས་ལུགས་སོགས་རྒྱུས་ཡོད་པ་ཞིག་གིས་དཔྱད་ན་དེ་ལས་ལྷག་བཤད་དུ་མེད་པ་ལྟ་བུར་འདུག་ཀྱང༌། ཁོང་རྣམས་དེ་ཕྱོགས་སུ་དོགས་པ་ཆེར་མ་སྐྱེས་པ་དང༌། ཆ་རྒྱུས་མེད་པའི་དབང་གིས་ངེས་འདྲོང་ཞིག་མ་བྱུང་བར། སྐུ་ཞང་དགེ་སློང་བློ་གྲོས་རྒྱ་མཚོས་ཁོང་ལ་


GTD004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྐྱར་བརྟག་པ་གནང་བཅུག་པས། མ་ཅིག་ལབ་སྒྲོན་གྱིས་དྲེའུ་དཀར་པོ་ཞིག་ཆིབས་ནས་བྱོན་ཏེ་བྱིས་པ་འདི་དབལ་ཤུལ་ངག་དབང་རིན་པོ་ཆེ་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་གསུམ་འབྱོན་རྒྱུ་ཡིན་པས། དེའི་ནང་ནས་ཐུགས་ཀྱི་སྤྲུལ་བ་ཡིན་གསུངས་པ་ཞིག་རྨིས་ཏེ། འདི་སྒོ་མང་དཔོན་སློབ་རིན་པོ་ཆེའི་སྤྲུལ་སྐུ་འཁྲུལ་མེད་དུ་འདུག་ཅེས་ཐེ་ཚོམ་འཆིང་བ་གཅོད་པར་མཛད། འོན་ཀྱང་སྐུ་ཞང་དགེ་སློང་དེ་གང་བྱུང་ལ་ཡིད་མི་རྟོན་པ་ཐུགས་སྒམ་པོ་ཞིག་ཡིན་པས། ཁོང་དང་ཁུ་བོ་ཨུས་ཇང་ནང་སོ་གཉིས་ནས་སྟོང་སྐོར་རིན་པོ་ཆེ་ལ་བྱིས་པ་འདི་དམ་པའི་སྐྱེ་མཐའ་ཞིག་ཏུ་ཐེ་ཚོམ་མི་འདུག་ཀྱང༌། ས་ཆ་ཡུལ་ཕྱོགས་གང་གི་བླ་མ་ཞིག་ཡིན་ཐུགས་བརྟག་བཀའ་གསལ་ཞིག་བཀའ་དྲིན་སྐྱོང་དགོས་ཞུས་པར། སྟོང་སྐོར་རིན་པོ་ཆེ་ནས། ངའི་རྨི་ལམ་དུ་སྟོང་སྐོར་དགོན་པའི་དགེ་བསྐོས་ཀྱིས་ངེད་ལ་གདུགས་གཅིག་ཕུལ་ཏེ། འདི་དབལ་ཤུལ་དཔོན་སློབ་ཀྱིས་མི་ཏྲ་བརྒྱ་རྩའི་དབང་གནང་སྐབས་ཀྱི་གདུགས་ཡིན་ཟེར་བ་གཅིག་རྨིས་གསུངས། དེ་ཅི་ཡིན་ད་དུང་བརྟག་པ་ཞིག་གནང་དགོས་ཞུས་པས། དགེ་འདུན་ཟེར་བ་གཅིག་ཚང་གི་ཡིན་པར་སྣང་གསུངས་ཏེ། སྐུ་གོང་མའི་མི་རྩ་ལ་དབལ་ཤུལ་དགེ་འདུན་སྐྱབས་ཟེར་བས་དེ་ལ་དགོངས་པར་སྣང༌། མནལ་ལམ་དང་པོ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུའི་ཡང་སྲིད་ཡིན་པའི་རྟགས་སུ་མ་ཟད། སྐུ་འཕྲེང་འདི་ལ་མི་ཏྲ་དང་རྡོར་ཕྲེང་སོགས་དབང་ལུང་མན་ངག་གི་རྒྱུན་རྒྱ་བོད་ཧོར་གསུམ་གྱིས་མཚོན་པའི་རྒྱ་མཚོའི་གོས་ཅན་ཡོངས་ལ་སྤེལ་བར་འགྱུར་བའི་རྟགས་སུ་གོར་མ་ཆག་གོ །ཡང་ལན་གཅིག་སྟོང་སྐོར་རིན་


GTD004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ནས། ངའི་རྨི་ལམ་དུ་ནམ་ལངས་ནས་ཉིན་གུང་གི་ཚོད་ལ་མ་སླེབས་བར་དུ་ཉི་མ་མ་ཤར་ཞིང༌། དེ་ནས་ཤར་བའི་འོད་ཀྱིས་འཛམ་གླིང་ཁྱབ་པ་ཞིག་རྨིས་པས་སྤྲུལ་སྐུ་འདི་ལ་ཡ་མཚན་ཅན་ཞིག་འོང་བར་སྣང་ཡང་རེ་ཞིག་སུས་གདན་འདྲེན་མི་བྱེད་པ་འདྲ་ཞེས་འབྱུང་འགྱུར་མངོན་སུམ་དུ་གཟིགས་པའི་གསུང་བྱོན། བརྟག་པ་ཞུས་པའི་ལན་དུ་བླ་མ་འདི་ཡིན་གྱི་གསལ་ཁ་མི་གསུངས་ཀྱང༌། རྒྱུན་པར་རྗེ་འདིའི་མཚན་ལ་སྒོ་བླ་ཞེས་བཏགས་ནས། སྒོ་བླ་བདེ་པོ་ཨེ་ཡོད་ཅེས་ཡང་ཡང་འདྲི་བ་སོགས་སྔོན་ཆོས་རྗེ་དོན་གྲུབ་རིན་པོ་ཆེས་རྗེ་བླ་མ་སྐུ་ན་ཕྲ་མོའི་དུས་ན་ཇི་ལྟར་བསྐྱངས་པ་དང་འདྲ་བར་སྤྱན་གྱི་འབྲས་བུ་བཞིན་དུ་བཙའ་བར་མཛད་དོ། །དགུང་ལོ་གཉིས་བཞེས་པའི་སྐབས་སུ་བུད་མེད་ཅིག་གི་སྐྲ་ཆུ་འཐོར་བ་ཞལ་དུ་སོང་བའི་རྐྱེན་གྱིས་ཐུགས་རིག་སྔར་ལས་ཅུང་ཟད་མི་གསལ་བར་སོང༌། དེའི་ཚེ་ཡུམ་གྱི་མནལ་ལམ་དུ། སྣང་རིའི་གསེར་ཁང་ན་གསེར་དངུལ་གྱིས་བྲིས་པའི་གླེགས་བམ་མང་པོ་འདུག་པའི་སྟེང་དུ་འགོམ་ཡུག་བྱས་པས། ཐང་འཆམ་གྱི་ཆས་དང༌། རྭ་རྩེ་གསེར་ལས་བྱས་པའི་ཞལ་འབག་འཇིགས་སུ་རུང་བ་གྱོན་པ་ཞིག་གིས་ལག་ཏུ་རལ་གྲི་བཟུང་ནས་མོ་རང་ལ་དྲག་ཏུ་བསྡིགས་པ་ཡང་ཡང་རྨིས། དེའི་གནས་ཚུལ་སྐུ་ཞང་དགེ་སློང་བརྒྱུད་ནས་སྟོང་སྐོར་རིན་པོ་ཆེར་སྙན་སྒྲོན་ཕུལ་བར། བྱིས་པ་ལ་གཙང་སྦྲ་མ་ཐུབ་པའི་སྐྱོན་དུ་འདུག་པས། བསྐང་གསོ་གང་མང་ཐོན་གསུངས་པ་ལྟར་བསྒྲུབས། དེ་སྐབས་སུ་ཡང་ཡུམ་གྱི་མནལ་ལམ་དུ། མོ་རང་ལ་མོ་བདེ་ཆེན་གྱི་དགོན་པའི་འདུ་ཁང་དུ་ཡོད་པ་ལ། སྔར་རྨིས་པའི་ཆོས་རྒྱལ་དེ་འདྲ་བ་ཞིག་གིས་དེད་ནས་བྲོས་ཏེ་ཁང་ཐོག་ནས་མཆོངས་པས། སྔོན་ནས་ཆོས་རྒྱལ་གཉིས་ཕྱི་ནས་ཆོས་


GTD004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གཉིས་ཏེ་བཞིས་རང་དབང་མེད་པར་བཟུང་ནས་བརྡུང་བརྡེག་བྱས་པ་ལ་བསྐང་འདོན་པ་རྣམས་ཀྱིས་ངོ་ཆེན་བྱས་ཏེ་གཏོང་བར་རྨིས་པ་ནི་རྨི་ལམ་ཡིན་ཀྱང་རྒྱལ་བའི་བཀའ་དང་མཐུན་པའི་དོན་ཟབ་མོ་ཅན་ཞིག་སྟེ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། བྱང་སེམས་ཆོས་སྨྲ་བ་པོ་ལ་མ་གུས་པ་ཡང་ཆོས་སྤོང་དུ་གསུངས་པའི་ཕྱིར་རོ། །ཆོས་སྨྲ་ནོར་བུའི་མེ་ལོང་རྡུལ་འཆང་ན། །ཆོས་ཚུལ་ཚོན་བརྒྱའི་སྣང་བ་འགོག་འགྱུར་ཞེས། །ཆོས་ཀྱི་རྒྱལ་པོ་ཁྲོས་པའི་གར་གྱི་ཟླ། །ཆོས་དབྱིངས་དགའ་མའི་རྨི་ལམ་ཆུ་མཚོར་ཤར། །ལུང་རྟོགས་སྤྲིན་སྔོན་རོལ་པའི་བླ་མ་དང༌། །མི་འབྲལ་གློག་གི་རོ་འཛིན་གཡོ་བ་ཅན། །ཆོས་སྲུང་སྒྲ་བརྒྱ་རྒོད་པའི་ང་རོ་འདིས། །དགེ་ལྡན་པ་རྣམས་སྙེམས་པ་ཅིས་མི་མཐོ། །དེ་སྐབས་ཡུམ་སྲས་གཉིས་བཞུགས་པའི་ཁང་པའི་ཤོད་ཀྱི་ལྕམ་གཅིག་དོན་མེད་དུ་ཆག་པ་དང༌། ཕོག་ཐུག་གང་ཡང་མ་བྱས་པར་རྫ་མ་ཞིག་ཚལ་པར་གས་པ་སོགས་འཚུབ་ལྟས་ཤིན་ཏུ་ཆེ་ཡང༌། ཆོས་སྲུང་དམ་ཅན་རྒྱ་མཚོའི་གཟི་བྱིན་ལ་བརྟེན་ནས་སྐུ་ལ་གནོད་པ་ཆེར་མ་བྱུང༌། སྐབས་དེར་ཁང་པའི་སྟེང་དུ་འུག་ཆུང་ཡང་ཡང་བབས་ནས་སྐད་བསྒྲགས་པས། ཕལ་ཆེར་གྱིས་ཐན་ལྟས་སུ་བཟུང་ཡང༌། རྗེས་སོར་གྱི་བྱུང་བ་ཚོ་ལ་དཔག་ན། འུག་ཆུང་འདི་སྐུ་གོང་མའི་སྐྱེས་ལྷ་ཨ་བསེའི་ལྷ་བྱ་ཡིན་པས་སྐྱེས་ལྷས་བདག་གིར་བཟུང་བའི་རྟགས་སུ་མངོན། དགུང་ལོ་གསུམ་བཞིའི་སྐབས་སུ་ཡང་གྲིབ་སྟབས་ཀྱིས་སྐུ་ཁམས་ཅུང་ཟད་མི་བདེ་བ་ལན་ཁ་ཡར་བྱུང་བའི་གཅིག་གི་ཚེ་ཡུམ་གྱི་མནལ་ལམ་དུ། ཡུམ་སྲས་གཉིས་ཀ་སྤང་ལྗོངས་ཤིག་ཏུ་བྱོན་པ། དེ་ན་ནོར་རྭ་ཅན་


GTD004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་འདུག་པས། ཡུམ་གྱི་དགོངས་པར་བུ་ལ་གནོད་པ་བྱེད་པ་ལས་ངེད་རང་བསད་པ་དྲག་སྙམ་ནས་སྲས་ཕག་ཏུ་ཁྲིད་དེ་རི་ཆུང་ཞིག་འདུག་པའི་རྩར་ཕྱིན། དེར་ཁུང་བུ་ཆུང་ཆུང་ཞིག་མཐོང་ནས་དེར་ཞུགས་པས། ཕུག་རྒྱ་ཇེ་ཆེར་སོང་བའི་ནང་མུན་ནག་ཅིང་དུད་ཁུ་འབབ་པ་ཞིག་འདུག་པར་སོང་སོང་བས་མཚམས་ཤིག་ནས་དཀར་ཧང་ངེ་བྱེད་པའི་ཕར་སྣེ་ན་རི་འབུར་པོ་གཉིས་མཐོང་ནས་དེའི་བར་དུ་ཕྱིན་ཏེ་བལྟས་པས་རི་ཞིག་གི་རྩ་བ་ན་དགོན་པ་ཆེན་པོ་གསེར་གྱི་རྒྱ་ཕིབས་འབར་བའི་འོད་ཀྱིས་གླིང་དེའི་ཁོར་ཡུག་གསལ་ནུས་པ། མདུན་རི་སྙིང་དང་འདྲ་བའི་ངོས་ལ་ནགས་ཐར་ཐོར་ཡོད་ཅིང་དེའི་རྩ་བར་ཆུ་ཀླུང་ཆེན་པོ་འབབ་པ། ས་ཁད་ཡངས་ཤིང་སྤང་ལྗོངས་མེ་ཏོག་ལ་སོགས་པས་མཛེས་པ། དགོན་པའི་འདབས་ནས་ཧ་ཅང་མི་རིང་བ་ན་ཞིང་བཟང་པོ་ལོ་ཏོག་ཕུན་སུམ་ཚོགས་པ་དུ་མ་ཡོད་པ་ཞིག་འདུག །དེར་སྲས་ཀྱིས། ཨ་མ་ངའི་ཡུལ་ཁྱོད་ཀྱིས་ཨེ་ཤེས་གསུངས་པར་མི་ཤེས་ཞུས་པས། ངའི་ཡུལ་འདི་ཡིན་གསུངས། དེ་ནས་མ་འགྱངས་པར་རབ་ཏུ་བྱུང་བ་མང་པོས་གདུགས་རྒྱལ་མཚན་སོགས་མཆོད་རྫས་དུ་མ་བསྣམས་ནས་ཕྱོགས་གཞན་ཞིག་ཏུ་འབྱོན་གྱིན་སྣང་བས། སྲས་ཀྱི་ཞལ་ནས་འདི་ཚོ་ངེད་ལ་བསུ་བ་བྱེད་མཁན་ཡིན་ཀྱང༌། འདིར་ཡོད་པ་མ་ཤེས་པར་འདུག་གསུངས། འོ་ན་རི་འདིའི་སྒང་བརྒྱུད་ནས་སྔོན་ལ་འགྲོ་ཞུས་པར། དེ་མི་དགོས་རྗེས་ནས་ཁོང་ཚོས་ཤེས་ཡོང་མོད་གལ་ཏེ་མ་ཤེས་ན་སྐྱུར་ཞོག་གསུངས་པ་ཞིག་རྨིས། དེ་ཕྱིན་ས་ཕྱོགས་དང་དགོན་གནས་རྨི་ལམ་དུ་བྱུང་བ་དེའི་རྣམ་པ་ཡིད་ངོར་རྒྱུན་དུ་འཆར་བ་བྱུང༌། ཕྱིས་བཀྲ་ཤིས་འཁྱིལ་དུ་བྱོན་པའི་ཚེ་དགོན་པའི་མདུན་ངོས་ནས་གཟིགས་པ་ན། སྔར་གྱི་


GTD004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རི་འབུར་གཉིས་དང༌། དེའི་བར་ན་ཁུང་བུའི་སྒོ་ཡང་ས་ཚོད་འདི་ཡིན་སྙམ་དུ་ངོས་ཟིན་ཅིང་། དགོན་པའི་བཀོད་པ་དང་རྒྱབ་རི་མདུན་རི་སོགས་དབྱིབས་ཐམས་ཅད་ཀྱང་སྔར་གྱི་རྨི་ལམ་ཇི་ལྟ་བ་བཞིན་འདུག་ཅེས་ཡུམ་གྱིས་འགའ་ཞིག་ལ་གསུངས། དེ་ཡང་གང་ཟག་ཐ་མལ་བ་ཞིག་ལ་རྗེ་འདིའི་ཡུམ་གྱི་སྐལ་བའང་ཡོད་དཀའ་ལ། ལྷག་པར་གཟིགས་སྣང་དེ་དག་ལ་དཔག་ན་ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཞིག་ཏུ་འཁྲུལ་པ་མེད་སྙམ་སྟེ་དེང་དུས་མཁའ་འགྲོ་མར་གྲགས་པ་ཕལ་ཆེར་ལ་དེའི་ཆ་ཙམ་ཡང་ཡོད་པ་མི་སྣང་ངོ༌། །དགུང་ལོ་ལྔ་པའི་སྐབས་ཉིན་གཅིག་བོང་ཕྲུག་ཅིག་གིས་རྗེ་འདིའི་འགྲམ་པར་འཕྲས་ཏེ་ཁྲག་བཏོན་པས། ཀྱལ་ཀའི་ཚུལ་དུ་ལྕི་བ་རློན་པ་ལ་ཟོར་ཞིག་བྱས་ནས་རྡེབས་པའི་སྟངས་ཀ་མཛད་པས། བོང་ཕྲུག་ཉིན་དེར་བྲག་ཐོག་ནས་ལྷུང་སྟེ་ཤིའོ། །དེ་ཡང་དཔག་བསམ་འཁྲི་ཤིང་ལས། གསུང་གི་ཀྱལ་ཀ་ཁོ་ན་ཡིས། །འབིགས་བྱེད་ས་དང་མཚུངས་པར་འགྱུར། །ཞེས་གསུངས་པ་བཞིན། བདེན་པའི་ཚིག་ལ་དབང་བའི་བདག་ཉིད་ཆེན་པོ་རྣམས་ཀྱི་གསུང་གི་ཀྱལ་ཀ་ཙམ་ཡང་སྣོད་བཅུད་གཞན་གྱིས་བཟོད་མི་ནུས་པའི་ངང་ཚུལ་ཡིན་གྱི། དེ་ལ་ཐུགས་ཐག་པས་དམོད་སྦྱོར་མཛད་པ་ག་ལ་ཡིན། ལོ་དེའི་ནང་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཏོག་ནོར་བུའི་མཚན་ཅན་གྱི་དྲུང་ནས་བསླབ་པའི་གཞི་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ནོར་བུ་རྒྱལ་མཚན་དུ་གསོལ། དེ་ནས་རྒྱུན་པར་ཆབ་རིལ་ཞིག་བསྣམས་ནས་ཆབ་ལེན་པ་སོགས་བསླབ་པའི་གནས་ཆེ་ཕྲ་མཐའ་དག་ལ་གཞན་གྱིས་རྟིང་བསྐུལ་མི་དགོས་པར་བརྩོན་པ་ཆུ་བོའི་རྒྱུན་ལྟར་ངང་གིས་འཇུག་པས།


GTD004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གཟུར་ནས་བློ་མིག་དང་ལྡན་པ་མཐའ་དག་གིས་མགྲིན་གཅིག་ཏུ་འདི་ལྟ་བུའི་ན་ཚོད་ཕྲ་མོ་ཞིག་ལ་བཅས་མཚམས་འདི་ལྟར་སྲུང་བ་ཞེས་ཡ་མཚན་པའི་ཚད་དུ་བྱེད། ན་མཉམ་གྱི་བྱིས་པ་རྣམས་དང་ལྷན་དུ་རྩེད་མོ་མཛད་པའི་ཚེ་ཡང་ཕལ་པའི་རྩེད་མོ་ས་འཕེན་རྡོ་འཕེན་ལྟ་བུ་ཡེ་མི་མཛད་པར། དགེ་འདུན་བསྡུ་ཞིང་ཆོས་སྟོན་པ། གར་འཆམ། དབྱངས་ལྟ་སོགས་དང༌། སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་རྣམས་ལ་འདི་དང་འདིའོ་ཞེས་རང་སྟོབས་ཀྱིས་ངོ་སྤྲོད་པ་སོགས་དོན་དང་ལྡན་ཞིང་ལེགས་པའི་རྟེན་འབྲེལ་དུ་གྱུར་པ་ཁོ་ན་མཛད། ལྟ་གྲུབ་མི་མཐུན་པའི་ལྷ་རྟེན་གང་དུ་ཡོད་ཀྱང་མཁྱེན་ནས་མི་མཇལ་ཞིང༌། གཞན་གྱིས་ནན་བཙུགས་ཏེ་དབུ་ལ་འཇོག་པའི་སྟངས་ཀ་བྱས་ན་ཡང་མི་བཞེད་པ་སོགས་རྗེ་བླ་མའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་བསྲེ་སླད་མེད་པར་འཛིན་པའི་ཐུགས་ཀྱི་སྨོན་པ་གྲུབ་པའི་འབྲས་རྟགས་གསལ་བར་བསྟན། ཉིན་གཅིག་ཡུམ་ཞིང་ནང་དུ་བཞུགས་པ་ན། ཞིང་འདེབས་སུ་རྔ་ཆིང་གི་རྣམ་པ་དང༌། དབྱངས་ལྟ་མང་པོ་ཞིག་མཛད་ནས་མཚམས་ཤིག་ཏུ་ཡུམ་ལ་བོས་ཏེ། ཁྱོད་རྨ་ཆུ་ཕ་རི་ནས་ཡོང་དུས་ཨ་བ་དང་ངེད་གཉིས་ཀྱིས་བལྟས་ཡོད་པ་ཨེ་ཤེས་གསུངས། ཡང་མཚམས་ཤིག་ཏུ་རི་མཐོན་པོ་ཞིག་གི་རྩེར་སོང་ན་ཐང་བདེ་པོ་ཞིག་ཏུ་ངས་རྡོ་སྤུངས་ཤིག་བརྩིགས་ཡོད་པ་ད་ཞིག་སོང་ལས་ཆེ་གསུངས། ཡང་མཚམས་ཤིག་ཏུ་མདོ་སྨད་ན་བླ་མ་ཆེན་པོ་སུ་ཡོད་གསུངས་ཀྱང་ལན་མ་ཞུས། རྗེས་སོར་དེ་དག་གི་རྒྱུ་མཚན་བསྐྱར་ནས་དྲིས་པས། སྐབས་དེར་ཁྱོད་ཀྱིས་དྲིས་ན་ཤོད་རྒྱུ་ཡིན་ཡང་ད་བརྗེད་སོང་ཞེས་གསུང་དུ་མ་བཞེད། གསུང་འདི་དག་གི་དང་པོ་ནི་ཡུམ་འདི་ཐོག་མར་རྨ་ཕ་རིའི་ཤཱཀྱ་བུ་རྒྱུད་


GTD004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བའི་གྲོང་ཞིག་ཏུ་བྱོན་པ་ཡིན་ཡང༌། དེར་མ་བཞུགས་པར་རྗེ་འདིའི་ཡབ་ཀྱི་དྲུང་དུ་ཕྱག་ཕེབས་པའི་ཚུལ་གཟིགས་པ་ཡིན་ལ། དེ་ནི་མངོན་པ་མཛོད་ལས། འཁོར་ལོས་བསྒྱུར་དང་རང་བྱུང་གཉིས། །ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། །གཅིག་ནི་ཤེས་བཞིན་དུ་འཇུག་གོ །གཞན་ནི་གནས་པ་ཡང་གཞན་ནི། །འབྱུང་བའོ། །ཞེས་གསུངས་པ་ལྟར། བསོད་ནམས་དང་ཡེ་ཤེས་ཀྱི་འདབ་མ་ཟུང་དུ་འཇུག་པའི་སྒོ་ནས་འབྱུང་འཇུག་གནས་པ་མཐའ་དག་ཤེས་བཞིན་དུ་སྒྱུ་མའི་རོལ་གར་ལྷུར་བསྟན་པའི་རྟགས་སུ་མངོན་ཞིང༌། ཡུམ་དེ་ལྟར་ཕེབས་པ་ཆོས་སྐྱོང་གི་མཐུ་ཡང་ཡིན་ཏེ། སྔ་མ་དེར་བཞུགས་སྐབས་ཨ་ནེའི་རྨི་ལམ་དུ། རྒན་པོ་སྨ་ར་དཀར་པོ་ཅན་ཞིག་གིས་ཡུམ་འདི་ལ་ད་འགྲོ་ཞེས་ཡང་ཡང་བསྐུལ་བ་རྨིས་པ་དང༌། ཚུར་ཕེབས་སྐབས་བྱ་རོག་ཅིག་གིས་ཀྱང་གཤོག་རྩེ་ལུས་ལ་རེག་པའི་ཚོད་ཙམ་དུ་ཡང་ཡང་བཏུད་ནས་སྣང་ར་ངོས་སུ་ལམ་མཁན་སྔོན་ལ་འགྲོ་བ་ཞིག་བྱུང་འདུག་པས། དོན་ཆེན་པོ་འདི་ལ་གཟིགས་ནས་དཀར་ཕྱོགས་ལ་དགའ་བའི་ལྷ་དང་སྲུང་མ་རྣམས་ཀྱིས་རྒྱུད་བསྐུལ་བར་གདོན་མི་ཟའོ། །གསུང་གཉིས་པའི་དོན་ཡང་སྔོན་རི་བོ་དགེ་འཕེལ་དུ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པའི་དུས་ཀྱི་ངང་ཚུལ་ཞིག་རྗེས་སུ་དྲན་པའི་གསུང་ཡིན་ནམ་སྙམ་ཞིང༌། གསུམ་པས་རང་ཉིད་བླ་མ་འདི་ཡིན་གྱི་གསལ་ཁ་ཞིག་གནང་འདོད་པ་ཡིན་འདྲ་ཡང༌། དེ་སྐབས་ཡུམ་གྱིས་གསུང་ལན་གསལ་བར་མ་ཕུལ་བའི་སྟབས་ཀྱིས་འཕྲོ་ཅན་དུ་ལུས་པར་སྣང་བས་བདག་གིས་ཀྱང་དགོངས་གཞི་འདི་ཡིན་ཞེས་གྱ་ཚོམ་དུ་འགྲེལ་མ་ནུས་མོད། ངོ་


GTD004_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བའི་སྣང་ཚུལ་དུ་མ་ཞིག་བྱུང་བ་གོར་མ་ཆག་གོ །དེ་ལྟར་ཡབ་ཡུམ་གཉིས་ཀྱིས་མཐུན་པའི་དངོས་པོ་དུ་མས་བསྐྱེད་བསྲིང་སྟེ། རྫིང་གི་པདྨ་བཞིན་དུ་ཉིན་རེ་ཞིང་ལང་ཚོ་མ་ར་ཏ་ཀའི་མྱུ་གུ་ནི་མངོན་པར་འཕེལ། བག་མེད་པའི་བརྟུལ་ཞུགས་འདམ་རྫབ་ཀྱི་དྲི་མས་ནི་དབེན། དེས་ཤིང་དུལ་བའི་ཡལ་འདབ་གསར་པའི་ཕྲེང་བ་ནི་མངོན་པར་རྒྱས། དད་པ་དང་གཏོང་བའི་དྲི་བསུང་ནི་རིམ་གྱིས་ཆེས་ཆེར་འཕྲོ། ཆོས་ཀྱི་གཙུག་ལག་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་མེ་ཏོག་ནི་ཁ་འབུས་ཤིང་སྙིང་རྗེའི་རླན་གྱིས་ཡོངས་སུ་བཟུང་བའི་རྒྱལ་སྲས་སྦྲང་རྩིའི་རྒྱལ་མཚན་དེ་ནི་རྒྱལ་བའི་མཛད་པ་བླ་ན་མེད་པའི་ཉིན་བྱེད་ཟེར་གྱི་རྗེས་སུ་ཕྱོགས་པར་གྱུར་ཏོ། །སྨྲས་པ། ན་ཚོད་བསིལ་ཟེར་དྲ་བས་བསྡམས་པ་ཡི། །ལང་ཚོ་གསར་པའི་དྲི་བཟང་ཁང་པ་ན། །མཁྱེན་བརྩེའི་འདབ་ཟུང་གཡོ་བའི་བྷྲ་མ་རཿ། །མཆོག་གསུམ་བྱིན་རླབས་སྦྲང་རྩིའི་བཅུད་ཀྱིས་འཚོ། །སྐྱེས་ཐོབ་བློ་གྲོས་ལུས་མཛེས་དད་གཏོང་བག་ཡོད་ནོར་བུའི་དོ་ཤལ་ཅན། །ལག་ལྡན་གཞོན་ནུའི་འགྲམ་པ་ལ་ཆགས་ག་པུར་བསུང་ཞིམ་འཐུལ་བའི་དྲིས། །རབ་མྱོས་ནེའུ་ལྡང་བུང་བའི་ཕྲེང་བ་ཆོས་ལྡན་གླུ་དང་གར་གྱིས་བྲེལ། །ཨེ་མ་དེ་ཡང་དེ་ཡི་སྙན་པ་ཡང་དག་སྒྲོགས་པའི་རྔ་བཞིན་གྱུར། །བྲི་གང་སྒྱུ་མའི་རོལ་པ་གསར་ཚེས་ཀྱང༌། །བདུན་ལྡན་འཕགས་ནོར་རི་དྭགས་མཚན་མ་དང༌། །མཛའ་བའི་རྩེ་དགའ་ནམ་ཡང་གཏོང་མིན་ཏེ། །སྔོན་གོམས་མཚན་མ་བསྔགས་འོས་སྙིང་པོ་ཡིན། །དགེ་ལེགས་བརྒྱས་མཚན་ཡངས་པའི་དོ་ར་རུ། །འཕེལ་བ་རྩོམ་པ་མུ་ཏིག་འཁྲི་ཤིང་རྩེར། །ཚུལ་གནས་ཐོས་པའི་འདབ་བརྒྱ་རྒྱས་འགྱུར་ཞེས། །གྲགས་པའི་འཕྲིན་ཡིག་ཕྱོགས་ཀྱི་མཛེས་མས་བསྒྲོགས། །
ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས། བྱིས་པའི་རོལ་གར་ཆོས་སུ་རྩེན་པའི་ཚུལ་གྱི་སརྒ་སྟེ་གཉིས་པའོ།། །།

གསུམ་པ་དགེ་ཚུལ་གྱི་སྡོམ་པ་བཞེས་ཚུལ་གྱི་སརྒ།


GTD004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེམ་ལྡེམ་ཤེལ་གྱི་ལྕུག་ཕྲན་ཡིད་འོང་རྩེར། །ལྷག་ལྷག་བཞད་པ་པུཎྜ་རཱི་ཀའི་ངོས། །སྨིན་འཁྱོག་རྩེད་འཇོའི་གར་རོལ་བུང་བའི་མིག །གཡོ་ལྡན་ངག་གི་དཔལ་མོས་སླར་ཡང་སྐྱོངས། །དེ་ནས་དགུང་ལོ་དྲུག་བཞེས་པ་ཆུ་མོ་གླང་གི་ལོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་དགེ་ཕྱུག་ཆོས་རྗེ་དོན་གྲུབ་རྒྱ་མཚོའི་ཞལ་སྔ་ནས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་ངུར་སྨྲིག་གི་རྒྱལ་མཚན་བཞེས་ཤིང་མཚན་ངག་དབང་རྒྱལ་མཚན་དུ་གསོལ་ནས་འགྲོ་བའི་ཡོན་གནས་དམ་པར་གྱུར། དེའི་སྐབས་སུ་རྗེས་ཟློས་ཀྱང་སྨྲ་དག་ལ། མ་འདྲེས་པ་དང༌། འབྲེལ་བ་སོགས་འདུལ་བ་རང་ནས་གསུངས་པ་ལྟར་གྱི་བརྗོད་པ་ཤིན་ཏུ་གཙང་བ་བྱིས་པ་གཞན་དང་གཏན་མི་འདྲ་བར་མཛད་པས་བླ་མས་ཀྱང་དགྱེས་ཚོར་དང་ངོ་མཚར་ཆེ་བར་མཛད། དགུང་ལོ་བདུན་པའི་ཚེ་ཀློག་སློབ་པའི་ཕྱིར་གྱེར་ཐང་རི་ཁྲོད་དུ་བྱོན། སྐུ་ཞང་དགེ་སློང་ནས་ཀློག་བསླབས་པར་གཟབ་གཤར་གང་ཡང་མགོ་སྨོས་པ་ཙམ་གྱིས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད་པས་ཐམས་ཅད་ཡ་མཚན་ཞིང་འདི་གང་ཟག་ཁྱད་པར་ཅན་ཞིག་ཏུ་ཐེ་ཚོམ་མི་འདུག་ཅེས་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ། དེ་ན་ཀུན་མཁྱེན་གོང་མའི་དངོས་སློབ་རབ་འབྱམས་པ་གྲགས་པ་ལྷུན་གྲུབ་ཟེར་བའི་དགེ་བཤེས་ཆེན་པོ་ཞིག་བཞུགས་པ་དེས། སྔར་


GTD004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གོང་མས་སླར་ཕྲད་འོང་གསུངས་པ་ཞིག་ཡོད་དེ། འདི་ལ་དགོངས་པར་འདུག་པས་སྤྲུལ་སྐུ་འཁྲུལ་མེད་ཡིན་གསུངས་ནས་དང་པོར་མཇལ་ཁ་ཞུས། དེའི་ཚེ་སྐྱེས་ཐོབ་ཀྱི་ཤེས་རབ་ཐོགས་པ་མེད་པའི་སྟེང་དུ། ཉིན་གཅིག་རྗེའི་སྨན་སྐུ་ཆུང་ངུ་ཞིག་རྙེད་ནས་དེ་ལ་གསེར་གསོལ་དུ་བཅུག་སྟེ་དབུ་སྔས་སུ་བཞག་ནས་ཕྱག་མང་དུ་བཙལ་ཞིང༌། དད་མོས་ཤུགས་དྲག་པོས་ཕུར་ཚུགས་གསོལ་འདེབས་ཡང་ཡང་བྱས་པ་ནས་བཟུང༌། མཁྱེན་རབ་མེ་འབར་བ་ལྟ་བུ་ཞིག་བྱུང༌། དམ་ཅན་ཆོས་རྒྱལ་གྱི་བསྟོད་པ་ཤོ་ལོ་ཀ་གཉིས་བརྩམས་ནས། ངག་དབང་ཆོས་གྲགས་ཟེར་བ་ལ་ཁྱེད་ཀྱིས་འདི་ཐང་ནས་རྙེད་རྫུ་བྱས་ཏེ་དགེ་བཤེས་གྲགས་པ་ལྷུན་གྲུབ་པར་སྟོན་ལ་ཅི་ཟེར་ལྟོས་གསུངས། ཁོས་དེ་བཞིན་བྱས་པས་དགེ་བཤེས་ཀྱིས་ཐང་ནས་རྙེད་པ་རང་མིན་ལས་ཆེ། གང་ལྟར་ན་ཡང་སྐྱབས་སུ་མཆི་གསུངས་ཏེ་དབུར་བཞག་ནས་ཡི་གེ་དེ་ཚགས་མཛད་འདུག་པས་ཁོང་གསུང་སྔ་ཕྱི་ཀུན་ལ་དཔྱོད་ལུགས་ཀྱི་ཉམས་ཆེན་པོ་ཞིག་ཡིན་ཚོད་དུ་སྣང་ལ། ཐོག་མར་རྗེའི་སྐུ་རྙེད་པ་དང་གསུང་རྩོམ་གྱི་དང་པོ་ཆོས་རྒྱལ་བསྟོད་པ་མཛད་པ་སོགས་ནི་དགེ་ལྡན་བསྟན་པའི་བདག་པོར་འགྱུར་བའི་རྟེན་འབྲེལ་རང་འགྲིག་ཏུ་བྱུང་བར་མངོན། གཞན་ཡང་རྡོ་ལེབ་དང་བྱང་བུ་སོགས་ཀྱི་སྟེང་དུ་རྩོམ་པ་མང་པོ་འབྲི་བ་གནང་ཡང་གམ་བཅར་རྣམས་ནས་སྣང་མེད་ཀྱིས་ཚགས་མ་བྱས་འདུག །ཉིན་གཅིག་སྡེར་མ་ཞིག་གི་སྟེང་དུ་རི་མོ་མང་པོ་ཞིག་བྲིས་པས་སྐུ་ཞང་དགེ་སློང་ཁྲོས་ཏེ་མེ་སུག་ཅིག་གིས་བརྡེག །རྗེས་སོར་ན་པོ་མ་བྱུང་ངམ་ཞུས་པས། ངའི་མགོན་རྒན་གྱིས་མེ་སུག་ཕོག་ཏུ་ག་ལ་འཇུག་གསུངས་ཏེ་ཆོས་སྐྱོང་འབྲལ་མེད་དུ་བཞུགས་པའི་རྟགས་སུ་མངོན།


GTD004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་གོང་མས་ཀྱང༌། ངའི་མགོན་རྒན་གྱིས་བར་དོར་ང་ཁྱེད་ཚོར་བསྟན་ཡང་མི་ཡོང་ཞེས་དམ་སྲི་གནོན་སྐབས་གསུངས་པ་ལ་དཔག་ན། སྐུའི་རྣམ་པ་བརྗེས་པ་མ་གཏོགས་གསུང་གི་ཉམས་ཙམ་ཡང་མ་འགྱུར་བར་བྱོན་པ་འདི་ལས་ལྷག་པའི་སྤྲུལ་སྐུའི་ངོས་འཛིན་ཅི་ཞིག་ཡོད། དེ་ལྟར་ཡི་གེ་འབྲི་ཀློག་སོགས་ལ་དཀའ་ཚེགས་ཅི་ཡང་མ་བྱུང་བ་ན། ཞང་པོ་དགེ་སློང་དེ་ཡང་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་ཞིག་ཡིན་པས་སྔགས་ཀྱི་ཀློག་ཐབས་དང་སུམ་ཅུ་བ་དང་རྟགས་འཇུག་སོགས་གཟིགས་རྟོག་གནང་བཅུག་པས་བུད་ཤིང་ཅི་ཙམ་བསྣན་གྱིན་མེ་ལྕེ་ལྷག་པར་མཆེད་པ་བཞིན་དུ་མཁྱེན་པའི་ཀློང་རྡོལ་ནས་མཐའ་ཆོད་པར་ཐུགས་སུ་ཆུད། སྐབས་ཤིག་སྐུ་ཁམས་ཤིན་ཏུ་བསྙེལ་བས་གསུང་ཡང་འབྱོན་དཀའ་བ་ཙམ་དུ་སོང་བ་ན། སྟོང་སྐོར་རིན་པོ་ཆེར་ཐུགས་བརྟག་ཞུས་པས་སྒོ་བླ་ཁོ་རང་ལ་ཞུས་ན་བཟང་གསུངས་རྗེ་རང་ལ་ཞུས་པར། སམ་ཊའི་སྟེང་དུ་ཡི་གེ་བྲིས་ཏེ། ཨ་བསེའི་གསོལ་མཆོད་ཤེས་ན་དེ་དང༌། དེ་མི་ཤེས་ན་བེག་ཙེའི་བསྐང་གསོ་ཐོན་གསུངས། དེ་དུས་ཁོང་ཚོས་ཨ་བསེའི་མིང་ཙམ་ཡང་ཐོས་མ་མྱོང་སྟབས་བེག་ཙེའི་བསྐང་གསོ་བཏང༌། དེ་ལྟར་སྐུ་བསྙུན་སྐབས་བནྡེ་བསེ་ཐེབ་ཅན་དང་བུད་མེད་སྐྲ་གཟེང་བ། རྟ་དམར་དམར་དང༌། སྦྲུལ་རྣམས་ཀྱི་གཟུགས་རིས་ཡང་ཡང་བྲིས་ནས་བསུབ་པར། སྐུ་ཞང་དགེ་སློང་དེ་ཡང་རྟོག་དཔྱོད་མཁས་པས་རྒྱལ་བསེན་དང་ཀླུ་བཙན་ཀུན་བསྡོམས་པའི་གནོད་པ་ཞིག་ཡིན་པར་ཤེས་ནས། དེ་ལུགས་ཀྱི་བཅོས་ཐབས་བྱས། ཕྱིས་བསྙུང་གཞི་གཞན་དྭངས་ནས་ཞབས་ཀྱི་བསྙུན་ཙམ་ལུས་པའི་ཚེ་སྦྲུལ་གཅིག་པུ་འབྲི་བ་དང༌། མཚམས་ཤིག་སྦྲུལ་གྱེན་འགྲེང་གི་མགོ་ཐུར་དུ་


GTD004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་པའི་སྟེང་དུ་རྒྱལ་མཚན་སེར་པོ་ཞིག་བཙུགས་པའི་རི་མོ་ཁ་ཡར་འབྲི་བ་གནང་སྟེ། སྔོན་དཔལ་ལྡན་ཟླ་བའི་དུས་སུ་རི་མོར་བྲིས་པའི་བ་ལས་འོ་མ་བཞོས་པ་ལྟར་ཕྱི་ནང་གི་རྟེན་འབྲེལ་ལ་དབང་བའི་རྣལ་འབྱོར་བ་རྣམས་ནི་ལས་གང་མཛད་ཀྱང་རྔ་བཟུང་གཤང་དཀྲོལ་གྱི་ཆབ་ཆོབ་མང་པོ་མི་དགོས་པ་ཞིག་ཡིན་པར་སྣང༌། དེའི་ཚེ་ལ་མོ་དགེ་སློང་ཟེར་བའི་རི་ཁྲོད་པ་ཞིག་གིས་མཐོང་སྣང་ལ་རྗེ་འདིའི་དབུ་སྔས་སུ་མི་དཀར་པོ་གདོང་ཉག་ཅིང་ཤངས་ཀྱི་གཟེངས་མཐོ་ལ་མིག་ཕུག་ཟབ་པ། སྨ་ར་དཀར་པོ་ཅན་རལ་པའི་ཐོར་ཅོག་བཅིང་ཞིང༌། ཕྱག་ན་རྐང་དུང་བསྣམས་པ་ཞིག་ཡོད་པའི་ཉམས་བྱུང༌། རྗེས་སོར་བསྙུན་དྭངས་སྐབས་ངས་དེ་འདྲ་ཞིག་མཐོང་སྟེ་བྲམ་གཟུགས་ཡིན་འདྲ་ཞུས་པས། བྲམ་གཟུགས་མིན། ཕ་དམ་པ་རྒྱ་གར་རེད་གསུངས། དགེ་སློང་དེ་ཡང་རང་བཞིན་པ་ཞིག་མིན་འདུག་པས་ཁོང་ལ་ཐོལ་བྱུང་གི་ཚུལ་དུ་གསུངས་པ་ལས། རྒྱུན་དུ་ལྷག་པའི་ལྷ་དང་པཎ་གྲུབ་དུ་མའི་གཟིགས་སྣང་མཐའ་ཡས་པ་ཞིག་ཡོད་འདུག་ཀྱང༌། བཀའ་གདམས་གླེགས་བམ་རིན་པོ་ཆེར། བདག་གི་ཡོན་ཏན་སྦ་བྱ་ཞིང༌། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །ཞེས་གསུངས་པ་བཞིན་དུ་བཀའ་གདམས་གཙང་མའི་རྣམ་ཐར་ལྷུར་བཞེས་ཏེ་སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་དོ། །ལོ་དེར་དེ་ཕྱོགས་སུ་ཨ་ཙ་ར་བརྟག་པ་གསལ་པོ་ཅན་ཞིག་འོང་བར། ཡབ་སྐུ་མཆེད་རྣམས་ནས་བུ་འདི་ངེད་ཚོས་བཟུང་བསྡད་ཨེ་ཆོག་དྲིས་པར། དེ་ཡང་ཕན་ཐོགས་ཆེ་རུང༌། ཕར་ཕྱིན་པ་ལྟ་བུ་ཞིག་མི་འོང་ཟེར། ལྷ་མོའི་པྲ་འབེབ་བྱེད་མཁན་ཞིག་ལ་པྲ་འབེབ་ཏུ་བཅུག་པས་ཀྱང༌། མེ་ལོང་གི་ངོས་ལ་དགོན་སྡེ་ཆེན་པོ་ཞིག་གི་སྟེང་དུ་གདུགས་སེར་པོ་གཅིག་གིས་ཁེབས་ཡོད་པ་ཤར་ཏེ། གདན་སར་འབྱོན་དགོས་


GTD004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟས་སུ་མངོན། དེ་མཚུངས་སྟོང་སྐོར་རིན་པོ་ཆེ་ནས་ཀྱང་སྤྲུལ་སྐུ་གསང་སྟབས་ཀྱིས་དོ་དམ་གནང་ནས་བཟུང་ཨེ་ཆོག་དབུས་སུ་ཆོས་སྐྱོང་ཁག་ལ་ལུང་བསྟན་ཞུས་པར་ཕྲལ་དུ་སྐྱོན་མེད་ཀྱང་ཕུགས་མི་ལེགས་ཚུལ་ཕེབས་པས་རིམ་གྱིས་གཏམ་འཁྱར་ཏེ་དབོན་ས་ཆིང་ཝང་ཨེར་ཏི་ནི་ཇུ་ནང་གི་དཔོན་མོ་རྣམ་རྒྱལ་སྒྲོལ་མའི་སྙན་དུ་སོང་ཞིང༌། ལྷག་པར་གཡེར་གཤོང་སྔགས་རམས་པ་འཇམ་དབྱངས་བློ་གྲོས་ཀྱི་སློབ་མའི་གཙོ་བོ་དགེ་སློང་འཇམ་དབྱངས་གྲགས་པ་ཨུརྒེར་ཕེབས་སྐབས། གསུང་འཕྲོས་ཀྱི་ཚེ་དཔོན་མོས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ཞིག་མྱུར་དུ་ཨེ་འཁྲུངས་སྙམ་ནས་རྒྱུན་དུ་གསོལ་བ་བཏབ། མཁན་ཆེན་དགེ་འདུན་རྒྱ་མཚོ་སོགས་བླ་མ་རྣམས་ལ་ཡང་སྤྲུལ་སྐུ་མྱུར་གསལ་གྱི་རིམ་གྲོ་ཞུས། ཚོགས་སུ་ཡང་ཡིག་བརྒྱ་དང་བཟང་སྤྱོད་བླ་མཆོད་འབུམ་ཐེར་སོགས་གང་མང་བསྒྲུབས་པ་ཡིན་ཀྱང༌། ད་དུང་གསལ་ཁ་མ་བྱུང༌། ལས་འདི་འདྲ་བ་ཞེས་ཐུགས་ཤིན་ཏུ་འཚེར་བའི་གསུང་བྱོན་པར། དགེ་སློང་ལགས་ནས་ཁྱེད་དེ་འདྲ་གནང་མི་དགོས། སྔར་སྟོང་སྐོར་རིན་པོ་ཆེ་གཡེར་གཤོང་དུ་ཕེབས་སྐབས་ཤིག །གསུང་གླེང་མང་པོ་གནང་བའི་ཞར་ལ་ཁོང་གི་སྐུ་མཆེད་ཅིག་ཏུ་སྲས་ཡ་མཚན་ཅན་ཞིག་འཁྲུངས་ཚུལ་ནས་བཟུང༌། རྟགས་དང་རྨི་ལམ་ཡ་མཚན་པ་བྱུང་ཚུལ་ཞིབ་རྒྱས་འདི་དང་འདི་ལྟ་བུ་གསུངས་པ་ང་རང་གིས་དངོས་སུ་ཐོས་པས་དེ་ཕྱོགས་སུ་རྩད་གཅོད་གནང་ན། དེར་འཁྲུངས་ཡོད་པ་ཐག་ཆོད་རེད་ཞུས་པས་མིའི་དབང་མོ་མཆོག་ནས་ཀྱང་འབྲུག་སྒྲ་ཐོས་པའི་རྨ་བྱ་བཞིན་དུ་དགྱེས་ཚོར་དཔག་མེད་མཛད། དེས་རྐྱེན་བྱས་ཏེ་མོ་རང་ཡང་སྣང་ར་དང་ཉེ་བའི་ཕྱོགས་ཤིག་ཏུ་ཆུ་སྤོ་ཁུལ་གྱིས་ཕེབས་ནས་མི་མངོན་པའི་རྣམ་པས་ཡུན་རིང་པོར་རྩད་


GTD004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་མཛད་དོ། །རྣམ་པ་གཅིག་ཏུ་རྗེ་འདི་ཉིད་ཕྱོགས་དེར་འཁྲུངས་རྒྱུ་ཡིན་པ་རྗེ་གོང་མའི་ལུང་གིས་ཐག་བཅད་ཟིན་པ་ལྟ་བུ་ཡིན་ཏེ། རྗེ་གོང་མས་དགོན་པའི་གནས་ཀྱི་དོན་དུ་བཅད་རྒྱ་གནང་བ་གྲོལ་སྐབས། གྲུབ་པའི་དབང་ཕྱུག་བློ་བཟང་དོན་གྲུབ་པས། སྐུ་མཚམས་ནང་དུ་རྟགས་ཅི་འདྲ་འོང་ཞུས་པར། སྐུ་ཕྲེང་སྔ་མ་འགའ་ཞིག་དྲན་ཚུལ་དང༌། སྐུ་ཚེ་རྗེས་མ་རྒྱ་བོད་མཚམས་ཤིག་ཏུ་འཁྲུངས་རྒྱུ་ཡིན་ཚུལ་གསུངས་པ་ཁོང་གིས་དེ་སྐབས་ཅོ་ནེ་ཕྱོགས་ཨེ་ཡིན་དགོངས་ཀྱང་ཕྱིས་འདི་ཉིད་ཡིན་པར་མཁྱེན་པ་དང༌། ཡང་རྗེ་གོང་མ་དེ་ཉིད་སྟོང་སྐོར་དུ་ཕེབས་པའི་ལམ་བར་ཞིག་ཏུ་ཆིབས་པའི་ལག་དྲུས་ཀྱི་ཆུ་རྡོལ་བར་འདི་ངའི་འཐུང་ཆུ་ཡིན་གསུངས་ཤིང༌། དེའི་ཉེ་འཁོར་ཞིག་ཏུ་ཆིབས་པ་ཉལ་བའི་ཆིབས་སྒ་ལེན་དུ་བཅུག་སྟེ་རེ་ཞིག་དེར་ཐུགས་དགྱེས་ཉམས་དང་བཅས་བག་ཕབ་ནས་བཞུགས་པ་ནི་དེར་འཁྲུངས་པའི་བརྡ་ཐབས་འཁྲུལ་མེད་ཡིན་པ་དཔེར་ན་སྔོན་དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོ་སྐུ་མྱ་ངན་ལས་འདའ་ཚུལ་སྟོན་པར་ཉེ་བའི་སྐབས་ཤིག་སྟོད་ལུང་ངོས་སུ་ཕེབས་པའི་ལམ་ནས་ཁང་གསར་གོང་གི་ཐང་དུ་ཆིབས་པ་ཉལ་ཏེ་བརྗེ་དགོས་བྱུང་བ་སྐུ་ཕྲེང་རྗེས་མ་རྒྱལ་དབང་བསོད་ནམས་རྒྱ་མཚོ་དེར་འཁྲུངས་རྟགས་སུ་དམ་པ་གོང་མ་རྣམས་ཀྱིས་གསུངས་པ་བཞིན་ནོ། །ཀུན་དགའི་རོལ་པ་གསར་པས་རྩེན་ནོ་ཞེས། །གར་དབང་བུ་མོའི་དབྱངས་ཀྱི་མཚན་མ་ལ། །མི་རྟོག་ལྟས་མོའི་མི་ལ་གཏམ་འདྲི་བ། །དེ་འདྲ་བྱིས་པའི་བློ་གྲོས་མ་ཡིན་ནམ། །ཡང་སྐབས་ཤིག་སྤྲུལ་སྐུའི་དོན་སྐོར་ལ་རྗེ་གོང་མའི་ཐུགས་སྲས་ངག་དབང་བཀྲ་ཤིས་པས་ཀྱང་མནལ་ལམ་བརྟག་པས་སྲེ་མོང་ཞིག་རྨིས་ཏེ་དཔྱད་དཀའ་ཙམ་བྱུང་ནས། གྲུབ་དབང་རིན་པོ་ཆེ་བློ་བཟང་དོན་གྲུབ་པར་དྲིས་པས། དེ་སྤྲུལ་སྐུ་འཁྲུལ་མེད་ཡིན་པའི་གནད་ཀྱིས་རྒྱལ་འགོང་ཞིག་


GTD004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བར་ནས་མཐོ་བརྩམ་པ་ཡིན་འདུག །སྔོན་ཀུན་མཁྱེན་གོང་མ་དེ་སྐུ་འདས་ནས་ཞག་ལྔའི་མཚམས་སུ་ངེད་ཀྱི་རྨི་ལམ་དུ། ངེད་རྣམས་གཟིམས་ཆུང་ནང་དུ་བསྡད་འདུག་པར་གཅིག་གིས་སྐུ་ཞབས་རིན་པོ་ཆེ་ཕེབས་ཀྱིན་སྣང་ཟེར་ནས་ཐམས་ཅད་འུར་ལངས། ངེད་ཀྱང་ལས་ཀ་མང་པོ་ཞིག་མ་འཛོམ་པར་ཡོད་ཐོག་སྡིག་པ་ར་ཙ་ཞིག་རྐང་པར་འཐམ་བྱུང་བ་ངས་འཕྲལ་དུ་བསད་སོང། དེ་ནས་སྐུ་ཞབས་རིན་པོ་ཆེ་གཟིམས་ཆུང་ཕུར་ཕེབས་སོང་བའི་རྗེས་སུ་ང་ཡང་ཕྱིན་པས། སྐུ་དངོས་མི་བཞུགས་པར་རྒྱལ་མཚན་གསར་པ་ཞིག་འདུག་པའི་དེ་ལ་སྙན་ཤལ་ཞིག་འབུལ་བ་རྨིས། ངས་རྨིས་པའི་སྡིག་པ་དེ་དང་ཁྱེད་ཀྱིས་རྨིས་པའི་སྲེ་མོང་གཉིས་ཆ་འདྲ་བར་འདུག །ང་ཡིན་ན་སྲེ་མོང་དེ་ཡང་གཅུར་ཡོད་ཅེས་ཀྱལ་ཀ་མཛད། གྲུབ་དབང་རིན་པོ་ཆེའི་མནལ་ལམ་འདི་ལ་ཞིབ་ཏུ་དཔྱད་ན། བར་ནས་ལོ་ཧྲིལ་པོ་ལྔ་རྫོགས་པར་སོང་མཚམས་ལྷུམས་སུ་འཇུག་རྒྱུ་དང། དེ་ནས་གདན་འདྲེན་སོགས་ཀྱི་ཐུགས་ཁུར་ཁོང་གིས་བཞེད་དགོས་ཚུལ། དེ་ལ་དམ་སྲིའི་བར་ཆད་བྱུང་ཡང་དེའི་དབང་དུ་མི་གཏོང་བར་གདན་སར་འགོད་ལུགས། རྗེ་འདིའི་མཚན་སྒྲའམ་འཕྲིན་ལས་དང་བཅས་པ་ཐམས་ཅད་ཆ་ཚང་བར་གསུངས་འདུག་པས་དཔྱོད་ལྡན་རྣམས་ཀྱིས་སྙིང་གི་དཔལ་བེའུར་ཆོངས་ཤིག །དེ་ནས་དགུང་ལོ་བརྒྱད་པ་ཤིང་ཡོས་ཀྱི་ལོར་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་ནས་རྒྱུད་པ་དཔོན་སློབ་འཇམ་དབྱངས་དཔལ་ལྡན། རྗེ་གོང་མའི་སྐུ་ཚ་ཏོག་ཤིན་དབོན་པོ་འཇམ་དབྱངས་མཁས་མཆོག་སོགས་དྲག་གྲས་འགའ་ཞིག་དང། ཨུརྒེ་ནས་མགོ་རྟ་ཤི་རེ་ཐུ་དཔོན་གཡོག་སོགས་སྤྲུལ་སྐུ་ངོས་འཛིན་གྱི་དོན་དུ་འོང་བ་རྣམས་གྱེར་ཐང་རི་ཁྲོད་དུ་འབྱོར། ཁོང་རྣམས་ཕྱི་རོལ་ཏུ་རས་གུར་ཕུབ་ནས་བསྡད་དེ་མ་


GTD004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་གོང་དུ། སྐུ་ཞང་དགེ་སློང་ནས་ཉམས་སད་ལྟ་བུར་ཏོག་ཤིན་དབོན་པོ་དེ་མི་གཟུགས་མཛེས་ཤིང་བརྗིད་ཆགས་པ་ཤོམ་ཅན་ཞིག་འདུག་ཞུས་པར། དེ་ངས་ཤེས་གདོང་ཆོ་སློབ་རོ་འདྲ་བ་ཞིག་ཡོད། ཅེས་སྔར་འདྲིས་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་གསུངས། དེ་ནས་ཁོང་རྣམས་མདུན་དུ་འོངས་ཏེ་ངོས་འཛིན་ལ་སྐུ་གོང་མའི་ཉེར་སྤྱད་མང་པོ་ཞིག་འདྲ་མིན་རེ་དང་བཅས་ཏེ་ཁྱེར་འོང་བ་རྣམས་རིམ་གྱིས་གཟིགས་ཕུལ་བས་ཕྱེད་ཙམ་གྱི་བར་དུ་དངོས་གནས་པ་གང་ཡིན་དེ་ཐོགས་པ་མེད་པར་བཞེས་ནས་ཐུགས་མཉེས་ཤིང་ཕྱག་ཏུ་བསྣམས་ལུགས་ཚུན་ཆོད་སྐུ་གོང་མའི་དུས་ལྟར་མཛད། དེའི་སྐབས་དགོན་པར་ཡང་ཉིད་སྤྲུལ་སྐུ་ཡིན་མིན་གྱི་འཐེན་ཁྱེར་མང་པོ་བྱུང་བའི་ཀུན་སློང་ལ་བརྟེན་ནས་འགའ་ཞིག་གིས་མ་བཟོད་པར་གཡོ་སྒྱུའི་སབ་སུབ་མང་པོ་བྱས་པས་མཁྱེན་ཏེ། འཕྲོ་མི་ལེན་པར་ཞལ་གཅུས་ནས་བཞུགས། ཞང་བོ་དགེ་སློང་གིས་ལོང་ཞེས་ནན་བྱས་པས། དེ་ཕྱིན་ཆད་གང་མིན་པ་དེ་ཁོ་ན་བཞེས་ནས་དེ་དག་དགའ་བར་མཛད་ཅིང༌། སྐུ་གོང་མའི་ཉེར་སྤྱད་རྣམས་མ་ནོར་བར་ལོགས་སུ་བཞག་པས་རྟོག་དཔྱོད་བཏང་ན་གཞན་རྣམས་དགའ་བའི་འོས་ཡིན་པར་སྣང༌། དེའི་ཚེ་ཏོག་ཤིན་དབོན་པོ་དེ་གྲལ་གཤམ་ཞིག་ཏུ་མངོན་ཆུང་གིས་བསྡད་པས། གཞན་སུ་ཡང་མི་འདྲི་བར་གཉེར་པ་འདྲ་བ་འདི་སུ་ཡིན་ཞེས་དྲིས་པས། ཁོ་བོ་ཡང་མོས་གུས་དང་སྐྱོ་ཤས་ཀྱིས་རང་དབང་མེད་པར་མིག་ནས་མཆི་མ་འཆོར་བ་བྱུང༌། དེ་ནས་ཁོང་རྣམས་ཕྱིར་འགྲོ་ཁར་ངེད་ཚོ་སོང་ནས་སྡེ་པ་ཚང་དང་ཨལ་དར་ཨཱ་བུ་སོགས་ལ་ཅི་ཞུ་རྒྱུ་ཡིན་ཞུས་པས། ཁྱེད་ཚོ་རང་རང་གིས་གང་འདོད་པ་དེ་ཞུས་ཤིག་གསུངས་ཏེ། གསུང་གཅིག་ཉིད་དུ་གསུངས་ན་ཡང༌། དུ་མ་ཉིད་དུ་སོ་སོར་གོ་དགོས་པའི་གསུང་དབྱངས་འཕྲོག་བྱེད་གཞོན་ནུའི་ང་རོ་གཅིག་གིས་གཉིས་འཐུང་རྒན་


GTD004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དུ་མའི་སྤོབས་པ་འཕྲོག་པར་མཛད། དེའི་ཚེ་སྡེ་པ་ཚང་ནས་གྲྭ་པ་གཅིག་ཕན་ཚན་ཀུན་གྱི་ཉམས་རྟོག་པར་བཏང་སྟེ་ཁ་བཏགས་ཤིག་བསྐུར་ནས། འདི་ལྐོག་ཏུ་ཕུལ་ལ་ངའི་ཡིན་པའི་རྒྱུ་མཚན་ཞུས་གསུངས་པ་བཞིན་བྱས་པས། ལན་དུ་ཕྱག་མདུད་གཅིག་གནང༌། ཁོའི་བསམ་པར་གང་དུ་ཡང་ཐག་མ་ཆོད་པའི་བྱིས་པ་ཞིག་གིས་བླ་ཆེན་ཞིག་ལ་འདི་འདྲ་བྱེད་པ་སྙམ་དུ་ཡིད་ལ་མ་བབས། སླར་འོངས་ནས་ཕྱག་མདུད་འབུལ་རྒྱུར་ཤིན་ཏུ་ཡ་ང་བ་བྱུང་ཡང་སྡེ་ཁྲི་རིན་པོ་ཆེ་ནས། དེ་མ་ཐག་ཏུ་མདུད་པ་མགུལ་དུ་བཞེས་ཏེ་ཕྱག་ཐལ་མོ་སྦྱར་བས་ཁོ་ལྷག་པར་ཡ་མཚན་སྐྱེས་ཤིང་དེ་ནི་ཡབ་སྲས་གཉིས་ཕན་ཚུན་ལ་གསང་བ་ལྐོག་ཏུ་མ་གྱུར་པའི་རང་རྟགས་སུ་མངོན། དེ་སྐབས་ཀྱི་གསུང་དང་མཛད་ཚུལ་དེ་རྣམས་དཔྱོད་ཤེས་པ་ཞིག་གིས་དཔྱད་ན་སྐུ་ཚེ་སྔ་མའི་འཁོར་དང་ཉེར་སྤྱད་སོགས་ལ་མི་འཁྲུལ་བའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཙམ་དུ་མ་ཟད། ཡུལ་ཐག་རིང་པོས་བསྐལ་བའི་ཕྱོགས་སུའང་བརྗོད་གླེང་དང་བྱ་སྤྱོད་སྣ་ཚོགས་ཡོད་པ་དེ་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་གསན་པའི་ལྷའི་མིག་དང་རྣ་བའི་མངོན་ཤེས། དེའི་རྩ་བ་དེ་དག་གི་རྒྱུད་ཀྱི་ཆགས་སྡང་དང་གཡོ་སྒྱུའི་ཀུན་སློང་ཇི་ལྟ་བུ་འགྱུ་བ་ཐམས་ཅད་གཟིགས་པའི་གཞན་སེམས་ཤེས་པའི་མངོན་ཤེས། དེ་དག་གིས་ཉིད་ལ་མི་བཟོད་པ་སྐྱེས་ན་ངན་སོང་མུ་མཐའ་མེད་པར་འཁོར་བ་མཁྱེན་ཅིང་རྗེས་སུ་བརྩེ་བའི་འཆི་འཕོ་དང་སྐྱེ་བ་ཤེས་པ། དེ་ལྟར་གུས་མི་གུས་ཐམས་ཅད་ལ་ཆགས་སྡང་གི་དྲི་མ་སྤངས་ཏེ་ཕན་པར་དགོངས་པས་ན་ཟག་པ་ཟད་པའི་མངོན་ཤེས་དང་བཅས་མངོན་ཤེས་དྲུག་ཀའི་རང་འོད་གསལ་བར་བསྟན་པ་ཡིན་ངེས་པས་དེ་ལ་འདི་སྐད་ཅེས་བྱ་སྟེ། སྒྲིབ་བྲལ་


GTD004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་མེ་ལྕེ་པ་ཏྲ་རིས། །བསྒྲིབ་པའི་ཟོལ་སྦྱོར་སོག་མའི་ཕོན་པོ་དེ། །གྲགས་པའི་ན་ཆུང་བྱུ་རུའི་འཁྲི་ཤིང་གི །ཡལ་གས་མཁའ་ལ་འཁྱུད་པའི་སྟེགས་མིན་ནམ། །ཀྱེ་མ་དམུས་ལོང་སྐྱེ་བོ་ཡིས། །མིན་ལྡན་ལོག་པར་བྲིད་པ་ན། །དཀར་ཕྱོགས་ལྷ་རྣམས་ཁྲེལ་བ་ཡིས། །ཧ་ཧ་ཧི་ཧིའི་གད་མོ་རྒོད། །མངོན་ཤེས་རྐང་པ་དྲུག་ལྡན་སྦྲང་རྩིའི་བུ། །ཆགས་སྡང་སྤངས་པའི་བར་སྣང་ཡངས་པོ་རུ། །བདེ་ཆེན་སྣང་གླུས་ཁོལ་དེར་རྒྱལ་རྣམས་ཀུན། །ཅིག་ཅར་གསན་པས་ཞིང་བརྒྱ་དར་ཅིག་འཇམ། །ཞེས་མགྲིན་པ་བསངས་ཏེ་སྨྲ་བར་བྱའོ། །དགུང་ལོ་དགུ་བའི་ཚེ་ཡང་གྱེར་ཐང་རི་ཁྲོད་དུ་བཞུགས་པའི་ཉིན་གཅིག་རྗེ་ཉིད་ཀྱིས་ཞབས་འབྲིང་བ་ངག་དབང་ཆོས་གྲགས་ལ། སྟོང་སྐོར་རིན་པོ་ཆེའི་ཞབས་གྲས་ཤི་དར་དབོན་པོ་དང༌། ཏུ་རལ་དབོན་པོ་གཉིས་ཤི་སོང་བ་འདྲ་ངའི་རྨི་ལམ་དུ་ཤི་དར་དབོན་པོས་ཁོང་ལ་འདི་སྐད་ཅེས་ངའི་གྲོགས་མཆེད་ཏུ་རལ་དབོན་པོ་དམྱལ་བའི་ཟངས་ཆེན་དུ་བཙོ་བཞིན་པར་ཡོད། ངས་ལག་པ་ཞིག་བྱན་ན་ཆོག་ཟེར་བ་རྨིས་གསུངས། དེ་རྗེས་ངག་དབང་ཆོས་གྲགས་སྟོང་སྐོར་རིན་པོ་ཆེར་འཚམས་ཞུས་སུ་སོང་སྐབས་སྔར་གསུངས་པ་བཞིན་ཁོང་གཉིས་ཚེའི་དུས་བྱས་ཟིན་འདུག་པས་གསུངས་དེ་ལ་ཡིད་ཆེས་ཀྱི་ངེས་པ་རྙེད། དེ་སྐབས་སུ་ཡུམ་གྱི་མནལ་ལམ་དུ། ལ་མོ་བདེ་ཆེན་དུ་མཇལ་བར་ཕྱིན་པས། ཁྲི་མཐོན་པོ་ཞིག་གི་སྟེང་ན་བླ་མ་སྐུ་ཤ་རྒྱས་ཤིང་བྱིན་ཆགས་པ་ཞིག་བཞུགས་འདུག་པ་དེས་རང་གི་སྲས་ངག་དབང་རྒྱལ་མཚན་ཁྲི་དེར་བཀོད་ནས། གདུགས་དཀར་པོ་གཅིག་དང་རྒྱལ་མཚན་སེར་པོ་གཅིག་ཕྱག་ཏུ་གཏོད་པ་དང༌། ཡང་ལན་གཅིག་ལྷོ་ངོས་ནས་རྟ་ནག་ཞོན་པའི་སྔགས་པ་ཞིག་འོངས་ནས་ཁྱེད་ཚང་ན་ངའི་བླ་མའི་སྤྲུལ་སྐུ་ཡོད་པ་དེ་ང་ལ་བྱིན་ཟེར། དེ་འདྲ་


GTD004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱས་པས་འདི་ང་ཚོས་པཎ་ཆེན་རིན་པོ་ཆེ་དང་འགའ་ཞིག་འགའ་ཞིག་ལ་ཞུས་པ་ཡིན། ངེད་དབལ་ཤུལ་གསར་པ་རྙིང་པ་ཞེས་སོགས་མང་པོ་ཞིག་བཤད་ནས་ངར་ངར་བྱེད་པ་རྨིས། དེང་སང་བླུ་ཡོན་ལ་རྔམས་ཏེ་བྱིས་པའི་སྐེ་ལ་ཁ་དར་བཏགས་ནས་ཁྲོམ་དུ་མ་བཏོན་ཙམ་རེ་བྱེད་པའི་ཕ་མ་དག་ལ་ལྟོས་ན་ཡུམ་གྱིས་དེའི་ཚེ་རྨི་ལམ་དུ་ཡང་གསང་སྟབས་མཛད་པ་ཡ་མཚན་ཆེ་བར་སྣང༌། དགུང་ལོ་བཅུ་པའི་ཚེ་མཁས་ཤིང་གྲུབ་པའི་དབང་ཕྱུག་སྟོང་སྐོར་རིན་པོ་ཆེའི་མདུན་དུ་བྱོན་ནས་རྒྱུན་ཆགས་བཞུགས་པར། གྲུབ་དབང་དེ་ཉིད་ནས་ཀྱང་སྒོ་བླ་ཞེས་ཐུགས་ཤིན་ཏུ་བརྩེ་ཞིང༌། ལུགས་གཉིས་ཀྱི་བསླབ་སྟོན་སྒོ་དུ་མ་ནས་མཛད་དེ་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས། ཉིན་གཅིག་སྟོང་སྐོར་རིན་པོ་ཆེ་ནས། ཕྱག་མཐིལ་སྟོན་པ་གནང་སྟེ། ཇི་འདྲ་ཞིག་འདུག་གསུངས་པར། དཀྱིལ་ན་སྨེ་བ་ལྟ་བུའི་ཅུང་ཟད་ཅིག་མ་གཏོགས་པ་ཤེལ་ལྟར་དྭངས་ཤིང་གསལ་བས་ཕན་ཚུན་མི་སྒྲིབ་པ་ཞིག་སྣང་ཞུས་པ་ལ། ཁྱེད་ཀྱིས་ཇི་ལྟ་བ་བཞིན་གཟིགས་པར་འདུག །དབུས་ཀྱི་འདི་མེད་ན་ངས་ཚེ་འདིར་སྒྱུ་ལུས་མངོན་དུ་བྱེད་ནུས་རྒྱུ་ལ་འདི་སྐྱོན་གྱི་མཚན་མ་ཞིག་ཏུ་འདུག་གསུངས། ལན་གཅིག་ཉིད་ཀྱི་ཁུ་བོ་དཀའ་བཅུ་དར་རྒྱས་རྒྱ་མཚོར། ཁྱོད་ཀྱི་མ་དམྱལ་བར་སྐྱེས་འདུག་གསུངས་ཀྱང༌། ཁོང་ཡིད་མ་ཆེས་ནས་སྟོང་སྐོར་རིན་པོ་ཆེར་ཞུས་པས་ཐུགས་བརྟག་མཛད་དེ། དེ་ཁོ་ན་བཞིན་དུ་འདུག་གསུངས། འོ་ན་དེ་ལས་ཐར་པའི་ཐབས་ཤིག་ཐུགས་རྗེས་གཟིགས་དགོས་ཞེས་གསོལ་བ་བཏབ་པར། སྤྲུལ་སྐུ་ཚང་ལ་ཞུས་གསུངས་པ་བཞིན་རྗེ་འདི་ལ་བསྔོ་རྟེན་ཕྲན་བུ་ཕུལ་ཏེ་ཞུས་པས་ཚེ་འདས་དེ་ཉིད་ཀྱི་མིང་ནས་སྨོས་པའི་ཞལ་


GTD004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་མང་དུ་མཛད། རྗེས་སོར་དཀའ་བཅུས་བླ་མ་མངོན་ཤེས་མངའ་བ་གཞན་ཞིག་ལ་ཡང་བརྟག་པ་ཞུས་པར་ད་ངན་སོང་ནས་ཐར་འདུག་གསུངས་ཏེ་རྗེ་འདི་ཉིད་ཀྱི་ཐུགས་རྗེའི་ནུས་མཐུར་གོ །དགུང་ལོ་བཅུ་གཅིག་བཅུ་གཉིས་ཀྱི་ཚེ་སྟོང་སྐོར་དགོན་དང་གྱེར་ཐང་རི་ཁྲོད་གཉིས་ལ་རེས་མོས་ཀྱིས་འབྱོན་བཞུད་མཛད། ཐང་གཅིག་སྟོང་སྐོར་རིན་པོ་ཆེའི་ཞལ་ནས། ཁྱོད་ཀྱིས་རྩོམ་པ་གནང་འདོད་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དབྱངས་ཅན་མའི་བསྟོད་པ་དེ་ཁ་འདོན་བྱས་ན་བཟང་གསུངས་པ་ལྟར་གནང་བས་རྩོམ་ལ་ཁྱད་ཆེ་བར་བྱུང་ཞེས་རྗེ་རང་གི་ཞལ་ནས་ཕྱིས་སུའང་ཡང་ཡང་གསུངས། སྟོང་སྐོར་རིན་པོ་ཆེ་ནས་ས་དགེའི་རྩོད་མེད་ཀྱི་གཞུང་ཆེན་མོ་རྣམས་གཟིགས་པའི་ཚེ་རྗེ་འདི་མདུན་དུ་ཕེབས་ན་འདི་ལ་བཤད་པ་ཞིག་གྱིས་གསུངས་ངོམས་ངོམས་གནང་སྟེ་ཕྱག་ཏུ་འཇོག །རྙིང་ཕྱོགས་ཀྱི་ཆོས་སྐོར་ལྟ་བུ་གཟིགས་པའི་ཚེ་བྱོན་ན་སྦེད་པའི་ཚུལ་གནང་བ་ཞིག་ཡོད་པར་རྒྱུས་ཡོད་རྣམས་གླེང་བ་ཡང་དགོངས་པ་ཤིན་ཏུ་ཟབ་པར་མངོན། སྐབས་ཤིག་ཏུ་སྟོང་སྐོར་རིན་པོ་ཆེ་ཇུ་ནང་ཨུརྒེར་ཕེབས་སྐབས་རྗེ་འདི་ཡང་ཞབས་གྲས་ཀྱི་ཚུལ་དུ་བྱོན་པ་ལ་ཇུ་ནང་ནས་ཆིབས་པ་ངང་པ་གཅིག་དང་བཅས་འབུལ་བ་ཟུར་དུ་ཕུལ། དེ་སྐབས་སྐུ་གོང་མའི་ཐུགས་སྲས་ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས་པར་སྙུན་ལྕི་བ་ཞིག་བྱུང་སྟེ། ཁྱ་དགེ་སྒོམ་ཆེན་བློ་གྲོས་རྒྱ་མཚོར་བརྟག་པ་ཞུས་པས། ཐུབ་པ་མདུན་དུ་བྱོན་ནས། མདུན་སར་ཆོས་བསྒྲགས་ཆོས་སྒྲ་སྒྲོགས། བཟང་པོ་སྤྱོད་པ་ཞེས་གསུངས་པ་ཞིག་བབས་གསུངས་ཏེ། གདན་ས་འདིར་ཆོས་བསྒྲགས་ཟིན་པ་དང་སླར་ཡང་སྒྲོགས་པའི་བྱ་བ་གཉིས་ཀ་རྗེ་འདི་ལ་ཐུན་མོང་མ་ཡིན་པར་འབྲེལ་བས། ཁོང་གིས་ཀྱང་དེར་བསྔོ་སྨོན་གྱིས་མཐུན་འགྱུར་


GTD004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ལྡན་མཛད་དགོས་ཤིང༌། སྐུའི་རིམ་གྲོར་ཡང་དེ་ལས་ལྷག་པ་མེད་པའི་དོན་དུ་བློ་གྲོས་དང་ལྡན་པ་འགའ་ཞིག་སྨྲ་བ་འཐད་པར་སེམས་ཏེ། དེ་མཚུངས་ངག་སྒྲོས་ཀྱང་ཡ་མཚན་པ་མང་དུ་སྣང་ངོ༌། །དགུང་ལོ་བཅུ་གསུམ་ལ་ཕེབས་པ་ལྕགས་ཕོ་སྤྲེའུའི་ལོ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རིན་པོ་ཆེ་དུ་མས་ཐུགས་ཀྱི་གན་མཛོད་ཕྱུར་བུར་གཏམས་པ། ཡུལ་མདོ་སྨད་ཀྱི་འཕགས་པ་ཉེ་བར་འཁོར། སྟོང་སྐོར་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ། མཚན་ངག་དབང་འཇམ་དབྱངས་འཕྲིན་ལས་རྒྱལ་མཚན་དཔལ་བཟང་པོར་གསོལ་ཞིང༌། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ཀྱང་མགོ་ཟླུམ་བརྟུལ་ཞུགས་འཛིན་པ་ལས་གློ་བུར་ཉིད་དུ་ནོར་བུའི་གཟི་འོད་བརྒྱ་ཕྲག་མངོན་པར་འཕྲོ་བའི་གསེར་གྱི་པྲོག་ཞུ་བཅིངས་པ་བཞིན་དུ་གྱུར་ཏོ། །སྨྲས་པ། དམར་སེར་ཉིད་དོ་ཡངས་པའི་ཀུན་གསལ་མ། །ཡིད་འོང་ལི་ཁྲིའི་མཚམས་སྤྲིན་གསར་པས་ཏེ། །ཏིང་འཛིན་པིར་གྱིས་བྲིས་འདྲ་མཚན་དཔེའི་སྐུ། །གུར་ཀུམ་དྲིས་བསྒོས་ངུར་སྨྲིག་གོས་ཀྱིས་སོ། །འདོད་ལ་སྲེད་པའི་འཆིང་བ་མཐར་མཛད་པའི། །ངེས་འབྱུང་གེ་སར་རྫོགས་པའི་དྲི་བཟང་གིས། །ཚུལ་ཁྲིམས་བུང་བའི་བུ་མོ་ཉེར་བཀུག་ནས། །གྲགས་པའི་སྲིང་མོ་ཕྱོགས་ཀྱི་མགོན་དུ་བྱས། །ང༷ག་ལ་དབ༷ང་བསྒྱུར་འཇ༷མ་དབྱང༷ས་བླ་མ་ཡི། །བཤད་སྒྲུབ་འཕྲི༷ན་ལ༷ས་གསེར་གྱི་རྒྱལ༷་མཚ༷ན་ཆེ། །སྲིད་པའི་རྩེ་མོར་བསྒྲེང་བའི་མཚན་སྙན་པོ། །བཏགས་མིན་ལྷན་ཅིག་སྐྱེས་པའི་རོལ་མོར་ཆེ། །གོས་དཀར་རྟགས་ཀྱི་ཟླ་བ་གཞན་གྱུར་ཉི་འོད་འཁྱིལ་བ་ཀ་ཤིའི་
གོས། །འདོད་སྲེད་བསམ་པའི་མུན་པ་གཞན་གྱུར་ཐར་འདོད་སྣང་བའི་འོད་བརྒྱ་འབར། །བཏགས་མིང་འུག་པའི་ཧཱུཾ་སྒྲ་གཞན་གྱུར་ཆོས་ལྡན་ཀ་ལ་པངྐིའི་གླུ། །རང་རིགས་ཙམ་གྱི་འདྲེན་པ་གཞན་གྱུར་ལྷར་བཅས་སྐྱེ་དགུའི་བསོད་ནམས་ཞིང༌། །འབྲི་ཀློག་སྡེབ་སྦྱོར་ལ་སོགས་གཙུག་ལག་གི །མུ་ཏིག་དོ་ཤལ་སྙིང་ལ་བཟུང་བ་ཡི། །གཞོན་ནུ་འགྲོ་གསུམ་དགའ་བའི་སྙེ་མ་དེས། །ལུས་ཅན་ཀུན་ཡིད་བདུད་རྩིའི་ཆར་གྱིས་བྲན། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔར་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་རབ་བྱུང་དང༌། དགེ་ཚུལ་གྱི་སྡོམ་པ་བཞེས་ཚུལ་གྱི་སརྒ་སྟེ་གསུམ་པའོ།། །།

བཞི་པ་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་མི་འཇིགས་གདོང་ལྔའི་ཁྲི་ལ་རྫོགས་པར་མངའ་གསོལ་བའི་སརྒ།


GTD004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་སྐྱེས་བཻ་ཌཱུརྱ་ཡི་རྒྱུད་མངས་ཀྱི། །སྒྲ་ལས་དྲངས་པའི་སྙན་ཚིག་བདུད་རྩིའི་ཆར། །མཁས་མང་འཛིན་མར་ཁྱབ་པ་ཡོངས་ཀྱི་བཅུད། །བདག་ཡིད་དྭངས་པའི་མཚོ་ལ་བསྒྲིལ་བར་མཛོད། །དེ་ནས་ཀ་རི་ཀ་རྩ་འགྲེལ་སོགས་ལ་ཞིབ་ཏུ་གཟིགས་ཏེ། བླང་འདས་སོ་དྲུག་ཕྱོགས་མཐུན་དང་བཅས་པ་ཐམས་ཅད་ལ་སྤང་བླང་དོག་མཐའ་ནས་མཛད་ཅིང༌། ཉེས་ལྟུང་གི་དྲི་མ་མཐའ་དག་རྒྱང་རིང་དུ་བསྲིངས། སྔ་ཕྱི་ཅི་རིགས་པར་སྟོང་སྐོར་རིན་པོ་ཆེའི་མདུན་ནས་འཇམ་དཔལ་ཞལ་ལུང་གི་ཁྲིད། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་སོགས་དམ་པའི་ཆོས་ཀྱི་བདུད་རྩིའི་བགོ་སྐལ་མང་དུ་བཞེས། ཞལ་ལུང་གི་ཁྲིད་ལ་ཟིན་བྲིས་ཤོག་བུ་ལྔ་བཅུ་ཙམ་ཡོད་པ་ཞིག་ཀྱང་འདེབས་པར་མཛད། དེ་ནས་སྣང་རར་བྱོན་ཏེ་རེ་ཞིག་གི་བར་དུ་བཅད་རྒྱ་དམ་པོར་མཛད་ནས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་སྒྲུབ་ལ་བརྩོན་པ་ལྷུར་བཞེས་གནང༌། མཇུག་ཏུ་སྟོང་སྐོར་རིན་པོ་ཆེ་ནས་བསྐུལ་མ་མཛད་པ་ལྟར་ཁོང་གི་ཞབས་བརྟན་དུ་ལྷ་མོའི་


GTD004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་གསོ་གང་མང་བཏང༌། གཞན་ཡང་བཟླས་བརྗོད་ཕྱག་མཆོད་དཔེ་གཟིགས་འཛིན་སྐྱོར་སོགས་ཆོས་ཀྱི་བྱ་བས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད། དགུང་ལོ་བཅུ་བཞི་པར་མཆོད་རྟེན་ཐང་དུ་བཞུགས་སྐབས་ཤིག་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་དང༌། འཇམ་དབྱངས་སྨྲ་སེང་གི་བསྟོད་པ་དོན་ཟབ་ཅིང་ཚིག་རྒྱན་དུ་མས་སྤྲས་པ་ཞིག་ལྗགས་རྩོམ་མཛད་དེ་སྙན་དངགས་པ་རྒན་པོ་དག་གི་སྙེམས་པའི་བྲག་རི་ཕྱེ་མར་བརླགས། ལོ་འདིར་ཆོས་ཚ་དང་གཅན་ཚའི་དཔོན་པོ་ནང་མ་འཆམ་པར་སྟོང་སྐོར་རིན་པོ་ཆེ་དང༌། རྒྱ་དཔོན་དུ་མ། ཆིང་ཝང་གི་ཨེལ་ཆི་སོགས་ནས་གཟུ་བྱས་ཏེ་རིམ་སེལ་གྱི་མཇུག་ཏུ་སྡེ་པ་མང་ནས་འདོད་མཐུན་གྱིས་ཞུས་པ་ལྟར་རྗེ་འདིའི་ཡབ་ངག་དབང་རྣམ་རྒྱལ་ལ། གོང་ནས་འབུམ་རྒྱལ་བུ་རྒྱུད་དུ་གྲགས་པའི་དུད་ཉིས་སྟོང་ཙམ་གྱི་ལས་དོན་ཤེས་དགོས་པའི་ལས་ཀ་དང་པེའི་ཧུའི་ཐོབ་གནང༌། དགུང་ལོ་བཅོ་ལྔ་བཞེས་པའི་དཔྱིད་ཐོག་དཔོན་ཚང་ནས་དབུས་སུ་རྫོངས་རྟ་བྱས་པའི་ཨེལ་ཆི་ཡང་འཁོར་ཏེ་ལུང་བསྟན་གྱི་ཡི་གེ་དཔོན་མོའི་ཕྱག་ཏུ་འབྱོར་བ་མི་སྣ་ཆེད་མངགས་ཀྱིས་ཐོག་མར་སྡེ་ཁྲི་རིན་པོ་ཆེར་ནང་སྦྱར་གྱིས་ཞུས། དེ་ནས་ཁོང་གིས་རྒྱུད་པ་དཔོན་སློབ་འཇམ་དབྱངས་དཔལ་ལྡན་སོགས་ཆེ་བགྲེས་རྣམས་དང་མོལ་བསྡུར་གྱིས་འདུ་ཁང་ཆེན་མོའི་རྡོ་བཅལ་དུ། གྲྭ་མང་འཚོགས་སུ་བཅུག་ནས་ལུང་ཞུས་ཀྱི་ཡི་གེ་བཀླགས་པར་འབྲས་སྤུངས་ཆོས་སྐྱོང་ནས། ཧྲཱིཿཞྭ་སེར་བསྟན་ལ་ཕན་པའི་སློབ་དཔོན་གྱི། །ཡང་སྲིད་ངོས་ཕྲད་རང་གནས་དགོན་དེ་རུ། །མང་མས་འདུན་གཅིག་འབད་པས་བརྩོན་ཐུབ་ན། །བསྟན་དང་འགྲོ་ལ་ཕན་པའི་རྟེན་འབྲེལ་ལེགས། །གངས་ཅན་


GTD004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་བསྟན་འགྲོའི་བདེ་ཐབས་ལ། །ཐུགས་འདུན་ཆེ་ཞིང་ལྷག་པར་ཞྭ་སེར་གྱི། །བསྟན་པ་ཐུགས་ལ་བཞག་ནས་འབད་པའི་སྐབས། །མོལ་བསྡུར་དེ་ཡི་ངག་བཀོད་དང་བླངས་ན། །མཐའ་དབུས་བདེ་ཞིང་སྤྱི་སྒེར་ལ་རྒྱར་བཟང༌། །ཞེས་རྗེ་བཙུན་བླ་མ་མཆོག་གི་ཡང་སྲིད་འཁྲུལ་བྲལ་གདན་སར་འབྱོན་པ། རྗེ་བླ་མ་རང་གི་ངོས་ནས་ཇི་སྐད་དུ། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལུང་ཀུན་མཁྱེན་གོང་མའི་རྣམ་ཐར་དུ་དྲངས་པ་ལྟར་གངས་ཅན་གྱི་ལྗོངས་འདིའི་བསྟན་འགྲོའི་ཕན་བདེ་སྤྱི་དང་ཁྱད་པར་འཇམ་མགོན་བླ་མའི་རིང་ལུགས་དྲི་མ་མེད་པ་བྱང་ནས་བྱང་དུ་སྤེལ་བའི་ཐུགས་བསྐྱེད་ལྷོད་པ་མི་མངའ་ན་ཡང༌། ལྷན་ཅིག་བྱེད་པའི་རྐྱེན་བུ་སློབ་རྣམས་ཀྱི་མོས་གུས་ལ་ཡང་ལྟོས་པས་གྲྭ་སློབ་ཐམས་ཅད་ཀྱིས་འདུན་པ་རྩེ་གཅིག་པས་སྡེ་ཁྲི་རིན་པོ་ཆེའི་གསུང་བཀོད་དང་དུ་བླངས་ན་རང་གཞན་ཐམས་ཅད་ལ་འཕྲལ་ཡུན་ཀུན་ཏུ་ལེགས་ཚུལ་གསུངས་ཤིང༌། ལ་མོ་དང་དགའ་གདོང་གི་ལུང་བསྟན་གྱི་བབས་ཀྱང་སྔ་མ་དང་འདྲ་ཡང༌། ལྷག་པར་དགའ་གདོང་ནས། ད་བར་དུ་གདན་འདྲེན་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། ཁྱོད་མི་མཐུན་པར་བྱེད་མཁན་ཚོ་ལ་ཆུ་སྲིན་གྱི་སྡེར་མོ་བཏབ་ཡོང་ཞེས་བཀའ་བཀྱོན་དང༌། མྱུར་དུ་གངས་ཅན་འགྲོ་བའི་མགོན་པོ་བསྟན་པའི་བདག་པོ་གདན་སར་ཕོབ་ཅིག་ཅེས་ལུང་ཕེབས་ཀྱི་ཡི་གེ་སོ་སོ་ནས་ཁྲོམ་བསྒྲགས་སུ་བྱས་ཏེ་ནག་ཕྱོགས་ཀྱི་གཏེ་པོ་རྣམས་ཚར་བཅད་ནས་ཐམས་ཅད་མོས་གུས་རྩེ་གཅིག་པར་འདི་སྐོར་དང་བླང་བྱེད་དགོས་ཀྱི་བཀོད་ཁྱབ་བཙན་བརྗིད་གནང་


GTD004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཟུ་བོར་གནས་པ་ཐམས་ཅད་ཀྱི་ཡིད་དགའ་བདེས་ཁྱབ་པར་གྱུར། དེ་ཡང་མཆོག་སྤྲུལ་རིན་པོ་ཆེ་དེ་ཉིད་གདན་འདྲེན་ཞུ་རྒྱུའི་དོན་སྐོར་ཆེ་ཕྲ་མཐའ་དག་ལ་མཐུ་སྟོབས་ནུས་པའི་མངའ་བདག་གྲུབ་པའི་དབང་ཕྱུག་ཆེན་པོ་བློ་བཟང་དོན་གྲུབ་པའི་ཞལ་སྔ་ནས་དང༌། ཡུལ་མདོ་སྨད་ཀྱི་མ་ག་དྷ་བཟང་མོ་རྣམ་རྒྱལ་སྒྲོལ་མ་གཉིས་ཐུགས་ཀྱི་འདུན་པ་ཆིག་དྲིལ་མཛད་དེ། ཇི་སྐད་དུ། ངང་པའི་སྐྱེས་རབས་ལས། དེ་གཉིས་ངང་པའི་ཚོགས་རྣམས་འཁོད་པ་དེའི། །བདེ་བའི་ལུས་འདེགས་སྤྱོད་པ་གཅིག་ཏུ་གྱུར། །ཅེས་གསུངས་པ་ལྟར། བྱ་ནམ་མཁའ་ལ་འཕུར་བའི་ཚེ་འདབ་མ་གཉིས་ཀ་ལུས་འདེགས་པའི་བྱ་བ་གཅིག་ལ་འཇུག་པ་ལྟར་ཁོང་མཆོད་ཡོན་གཉིས་ནས་ཀྱང་བསམ་པ་གྲུ་ནང་མའི་དཔེ་བཞིན་དོན་ཆེན་པོ་འདི་ཉིད་སྒྲུབ་པ་ལ་ལྷག་བསམ་རྣམ་པར་དག་པའི་དགོངས་པ་གཅིག་གི་སྒོ་ནས་ཐུགས་ཁུར་ཆེ་བཞེས་མཛད་པས། ཆེ་བགྲེས་འགའ་ཞིག་གིས་གྲུབ་དབང་རིན་པོ་ཆེར། ཁྱེད་ཀྱི་འདི་ལ་ཐུགས་རྩེ་གཏད་ས་བཟང་པོ་ཞིག་ཡོད་པ་གལ་ཆེ། རྟིང་སོར་སྤྲུལ་སྐུའི་ལེགས་ཉེས་ཤིག་ལ་ཁྱེད་ཀྱི་སྟེང་དུ་ཁག་ཆེན་པོ་ཞིག་ཡོང་ཞུས་པས། འོ་སྟོང་སྐོར་ན་ཡོད་པའི་སྤྲུལ་སྐུ་འདི་ལ་ཁྱེད་ཚོས་འཇུ་ས་འཆང་ས་ཞིག་མ་བྱུང་ན་ངས་ཁྱེད་ཚོ་བསླུས་པ་ཡིན་ཞེས་འབྱུང་འགྱུར་རྗེན་པར་གཟིགས་པའི་སྟོབས་ཀྱིས་འཇིགས་པ་མེད་པའི་གསུང་བྱོན། དེར་མ་ཟད་ཕྱིས་གདན་འདྲེན་དངོས་གཞིའི་སྟ་གོན་གྱི་སྐབས་སུ་ཡང༌། སྟོང་སྐོར་གྱི་ཆེ་བགྲེས་རྣམས་ནས་སྤྲུལ་སྐུ་འདི་ཁྱེད་ཚོས་གདན་འདྲེན་ཞུས་ཀྱང༌། རང་རེ་ཀུན་གྱི་སྤྱི་བླ་བྱེད་དགོས་བྱས་པས། ཆིང་ཝང་བསྟན་འཛིན་དབང་ཕྱུག་གིས་དེ་ལྟར་བྱས་པ་ལ་དགོས་པ་མེད་པ་འདྲ། ཞེས་


GTD004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དབང་རིན་པོ་ཆེར་གསོལ་བ་ན་དེ་ཀ་རང་བྱས་ཆོག །སྟོང་སྐོར་དང་ངེད་རང་ཁ་གཉིས་ལག་མཐིལ་ཙམ་ཞིག་ཡིན། རེ་ཞིག་བསྡད་ན་ངའི་བླ་མ་དེའི་སྤྲུལ་སྐུ་ལ་འཛམ་གླིང་ཡོངས་ཀྱི་སྤྱི་བླ་ཞིག་འོང་བསམ་པ་ཡོད་གསུངས་ཏེ། དེང་དུས་མཛད་འཕྲིན་གྱི་གདུགས་དཀར་པོ་གཅིག་གིས་འཛམ་གླིང་མཛེས་པར་བྱེད་པའི་ངང་ཚུལ་འདི་ཉིད་མཐོང་ཞིང་རྗེ་བླ་མ་མཆོག་འདིའི་བཀའ་དྲིན་གྱིས་འཚོ་བ་རྣམས་ཀྱིས་གྲུབ་དབང་རིན་པོ་ཆེ་དེ་ལ་ཡང་དད་པ་ལྷག་པར་བསྐྱེད་དེ་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཡོད་དོ། །དེ་ལྟར་གྲུབ་དབང་རིན་པོ་ཆེ་བློ་བཟང་དོན་གྲུབ་པས་གཙོས་ཆེ་བགྲེས་རྣམས་དང༌། དཔོན་མོ་རྣམ་རྒྱལ་གྲོས་མཐུན་གྱི་སྒོ་ནས། གདན་འདྲེན་ཞུ་རྒྱུར་བྱས་ཏེ། དེའི་གནས་ཚུལ་དཔོན་ཚང་གིས་མི་སྣ་ཆེད་མངགས་ཀྱིས་སྟོང་སྐོར་རིན་པོ་ཆེར་སྙན་སྒྲོན་ཕུལ་ནས་སྟོན་ཙམ་ལ་འབྱོན་རྒྱུར་ཐག་བཅད། དེ་ནས་སྟོང་སྐོར་རིན་པོ་ཆེ་དང་རྗེ་འདི་པ་ཡབ་སྲས་གཉིས་མཆོད་རྟེན་ཐང་དུ་འབྱོན་པའི་ལམ་ཞོར་ལ་དགོན་ལུང་དུ་ཕེབས། དེ་སྐབས་ཐུའུ་བཀྭན་རིན་པོ་ཆེ་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ཡིན་ཀྱང་མཇལ་ཕྲད་ཀྱི་ཚེ་སྟོང་སྐོར་ཚང་ལ་མི་མཇལ་བར་ངས་འདི་ལ་མཇལ་རྒྱུ་ཡིན་གསུངས་ནས་རྗེ་འདིར་ཕྱག་ཕུལ་ཞིང་སྐུ་ལ་འཁྲིལ་ཏེ་བཤུམ་པ་སོགས་སྐུ་ཕྲེང་དུ་མར་འབྲེལ་བའི་རྣམ་ཐར་མངོན་དུ་བསྟན། རྗེ་འདིས་ཀྱང༌། རྟེན་འབྲེལ་བསྟོད་པ་དང༌། མངོན་རྟོགས་རྒྱན་གྱི་དཔེ་ཞིག་གནང་སྟེ་ཟབ་རྒྱས་གཉིས་ཀའི་ལམ་གྱིས་སྲིད་ཞིའི་མཐའ་གཉིས་འགོག་པའི་ཡོངས་འཛིན་མཛད་པའི་རྟེན་འབྲེལ་གྱི་སྒོ་དང་པོར་བསྒྲིགས། རྗེས་སུ་ཁོང་གིས་ཀྱང་དཔེ་དེའི་སྟེང་ནས་གཞུང་གཉིས་ཀ་ཐུགས་འཛིན་གནང་བ་ཡིན་གསུངས་པ་ཞལ་ནས་ཐོས། ལན་གཅིག་སྟོང་སྐོར་རིན་


GTD004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ནས། ངའི་རྨི་ལམ་དུ་སྤྲུལ་སྐུ་ཚང་གི་གསོལ་སྟིར་ཆག་འགྲོ་བ་ཞིག་རྨིས་པས། ཁོང་གི་སྦྱིན་བདག་གཅིག་ལ་མི་བཟང་བ་འདྲ་གསུངས་ཤིང་དེ་དང་དུས་མཚུངས་པར་དཔོན་མོ་རྣམ་རྒྱལ་སྐུ་གཤེགས། དེ་ཡང་ཁོང་གཤེགས་ཁར་ཆིང་ཝང་བསྟན་འཛིན་དབང་ཕྱུག །དཔོན་མོ་ཨེར་ཁེ་ཤར། མི་བཟང་སེའི་དོད་ཐམས་ཅད་མདུན་དུ་བོས་ཏེ། ངའི་ཚེ་གཅིག་གི་དོན་ཆེན་པོ་ཞིག་མ་འགྲུབ་པ་ནི། ངའི་བླ་མ་ཐུགས་རྗེ་ཅན་དེའི་སྤྲུལ་སྐུ་གདན་སར་འབེབས་མ་ཐུབ་པ་འདི་ཡིན་པས། ད་ཁྱེད་ཚོས་གདན་འདྲེན་བྱེད་རྒྱུ་ཡིན་ནམ་མིན་ཤོད་དང༌། ངས་དེ་སེམས་ལ་བཟུང་ནས་འཆི་རྒྱུ་ཡིན་གསུངས་པར། ཆིང་ཝང་གིས་གདན་འདྲེན་བྱེད་པར་ཁས་བླངས་པས། ད་བཟང་ངའི་སྔས་མགོ་འདི་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་བཞུགས་ཡོད་སྙམ་ནས་འཆི་རྒྱུ་ཡིན་གསུངས་ཏེ་མིའི་དབང་མོ་སྡེ་དགོན་ཀུན་ལ་བརྩེ་ཞིང་བྱམས་པའི་མ་ལྟ་བུ་དེ་ནི་རང་བསྟན་གྱི་གེགས་ཆག་བདོ་བ་ལྟ་བུས་ཡིད་ཀྱི་དྲན་པའི་ཡུལ་དུ་གྱུར། དེའི་སྔ་གོང་ཞིག་ཏུ་ཀུན་མཁྱེན་གོང་མའི་ནང་ཐུགས་ཀྱི་སྲས་པོ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་ཡང་སྲིད་ངག་དབང་བསྟན་པའི་རྒྱལ་མཚན་པས་ཀྱང༌། རྗེ་འདི་གདན་སར་མྱུར་དུ་འབྱོན་ཨེ་ཐུབ་བརྟག་པ་མཛད་པའི་མནལ་ལམ་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཛཿའཇམ་དཔལ་རང་བཞིན། ཞེས་སོགས་ཀྱི་དབྱངས་འཐེན་པས་མཇུག་གི་ཚིག་འགའ་བློར་མི་འོང་བ་ཞིག་རྨིས་ཏེ། རྗེ་གོང་མའི་ཐུགས་ཀྱི་སྤྲུལ་བ་འཁྲུལ་མེད་དུ་འདུག་ཀྱང་འདི་ལོ་གདན་འདྲེན་མི་ཐུབ་པ་འདྲ་གསུངས། དེ་ཡང་གདན་འདྲེན་གྱི་སྐོར་འདི། ཕལ་པས་བལྟས་ཚོད་ལ་ཤིན་ཏུ་


GTD004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་ཆེ་བས་ཡང་ཡང་གྲ་མི་འགྲིག་པ་ཞིག་བྱུང་འདུག་ཀྱང༌། ཀུན་མཁྱེན་གོང་མ་དེས་རང་གི་ཞབས་འབྲིང་བ། ཨུས་ཇིང་དཔོན་པོ་དང༌། གཟིམས་འགག་རྒྱལ་མཚན་དར་རྒྱས་སོགས་ལ། བླ་མའི་སྤྲུལ་སྐུ་འདི་ཆུང་ངུ་ནས་མངོན་ན་མི་དགའ། ནར་སོན་ནས་གདན་སར་བཀོད་ན་ཚུགས་ཟིན་པོ་ཞིག་འོང་ཞེས་ཡང་ཡང་གསུངས་པ་དང༌། སྟོང་སྐོར་རིན་པོ་ཆེའི་མནལ་ལམ་དུ་རྒྱལ་མཚན་དེ་ད་དུང་ཁྱེད་ལ་རེ་ཞིག་བཅོལ་དགོས་གསུངས་པ་ལ་དཔག་ན། ཇི་སྐད་དུ། དམ་ཆོས་པདྨ་དཀར་པོ་ལས། ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །ཞེས་གསུངས་པ་ལྟར་རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ནི་བརྟན་གཡོའི་དངོས་པོ་ཐམས་ཅད་འདོད་དགུར་བསྒྱུར་ནུས་པའི་གང་ཟག་རང་དབང་ཅན་ཡིན་པས། རེ་ཞིག་གདན་འདྲེན་མི་ཐུབ་པ་ཡང་དུས་ལ་གཟིགས་པའི་དགོས་དབང་ཁྱད་པར་ཅན་ཞིག་ཡིན་པར་དྲན་དབང་དུ་མས་གསུངས་པ་ལྟར་རམ། སྣང་ཚོད་ལྟར་གྱི་རྣམ་པ་གཅིག་ཏུ་ན་མ་ཅིག་གི་ལུང་བསྟན་དུ། བཅུ་དྲུག་བར་དུ་རྟ་བདུན་བདག་པོ་ལ། །དྲང་སྲོང་དབང་པོའི་གནོད་འཚེ་ཇི་བཞིན་དུ། །ཞེས་ལོ་བཅུ་དྲུག་བར་དུ་ཉི་མ་སྒྲ་གཅན་གྱིས་བསྒྲིབས་པ་ལྟར་གསལ་མི་ཐུབ་ཀྱང༌། དེ་ནས་བདུད་རིགས་ཀྱི་ཉེར་འཚེ་ཐམས་ཅད་བཅོམ་ནས་འཇིག་རྟེན་གསུམ་གྱི་མིག་ཏུ་འགྱུར་བར་ལུང་བསྟན་པ་ཡང་རྗེ་འདི་ཉིད་ཡིན་པར་མངོན། དེ་ནས་མིའི་དབང་མོ་ཞི་བར་གཤེགས་པའི་བསྔོ་རྟེན་སྟོང་སྐོར་རིན་པོ་ཆེ་དང་ཡབ་སྲས་གཉིས་ཀའི་མདུན་དུ་འབྱོར་བས་ཐུགས་དམ་སྤྱན་དམིགས་ཀྱིས་མཚམས་སྦྱོར་གནད་སྨིན་བཀའ་དྲིན་བསྐྱངས། དེ་རྗེས་མ་འགྱངས་པར་ཡང་བླ་བྲང་དཔོན་ཚང་གཉིས་ཀ་ནས་ཨེལ་ཆི་འོངས་ཏེ་


GTD004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དེར་ཕེབས་དགོས་ཞེས་ཞུ་བ་ནན་ཏན་ཕུལ་ཡང་རྟེན་འབྲེལ་ལེགས་ཉེས་སོགས་ཀྱི་དགོས་དབང་འགའ་ཞིག་དང༌། ཞབས་ཅུང་ཟད་བསྙུན་པ་བཅས་ལོ་དེ་ནང་དུ་མི་འབྱོན་པར་ཐག་བཅད། དགུང་ལོ་བཅུ་དྲུག་བཞེས་པ་ཆུ་མོ་ཕག་གི་ལོའི་དཔྱིད་ཀ་ཡང་བསྐྱར་གྱིས་བླ་བྲང་དཔོན་ཚང་གཉིས་ནས་མི་སྣ་མངགས་ཏེ། དཔོན་མོ་ཨལ་དར་ཨ་བུའི་ཞལ་ཆེམས་སོགས་རྒྱུ་མཚན་ཐམས་ཅད་ཡང་ཡང་ཞུས་ནས་ལོ་དེ་ནང་དུ་འབྱོན་རྒྱུའི་སྟ་གོན་བརྩམས། དབྱར་ཐོག་གདན་ས་ཆེན་པོ་ནས་གླིང་རབ་འབྱམས་པ་དོན་གྲུབ་རྒྱ་མཚོ། རྗེ་སང་བླ་མ་སོགས་ངོ་གཡོག་ལྔ་བཅུའི་སྐོར་དང༌། ཆིང་ཝང་གི་ཨེལ་ཆི་ཚེ་ཚེན་དགེ་སློང༌དང་། ཨེར་ཁེ་མེརྒེན་དཔོན་གཡོག་རྣམས་གདན་འདྲེན་དུ་འབྱོར། དེ་སྐབས་སྡེ་བ་ཚང་ནས། སྟོང་སྐོར་རིན་པོ་ཆེར། སྤྲུལ་སྐུའི་སླད་ཀྱི་སྐུ་དོན་སོགས་ལ་བརྟག་པ་གནང་བཅུག་པས། ཁོང་གི་མནལ་ལམ་དུ། མདུན་ཅོག་སྟེང་ན་ཛྷཻ་ཀྵིཾ་ལས་གྲུབ་པའི་སེང་གེའི་ཕྲུ་གུ་ཞིག་ཁ་ཤར་དུ་བལྟས་ནས་བསྡད་ཡོད་པ་རྨིས་པས། ཁྱེད་བཀྲ་ཤིས་འཁྱིལ་བ་ཚང་ལ་ཕན་ཐོགས་ཅན་ཞིག་ཡོང་ངེས་ཤེས་ཡིན་ཀྱང༌། རྒྱ་ནག་ཕྱོགས་སུ་དོགས་གཞི་ཆེ་བས་དེ་བཟློག་ཐབས་ཀྱི་རིམ་གྲོར་འབད་དགོས་གསུངས། དེ་ནས་ཧོར་ཟླ་དྲུག་པའི་ནང་དུ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་སྟོང་སྐོར་རིན་པོ་ཆེའི་དྲུང་འཁོར་དྲག་རིམ་དང༌། སྟོང་སྐོར་དགོན་དང་མཆོད་རྟེན་ཐང་གཉིས་ཀའི་བླ་མ་ལས་སྣེ། ཕྱག་རྡོར་པེའི་སི་སོགས་དེ་ཕྱོགས་ཀྱི་བླ་དཔོན་ཆེ་ཕྲ་དུ་མའི་མི་སྣ་སོགས་ཕེབས་སྐྱེལ་ཞུ་མི་དང༌། གདན་ས་ནས་འོང་བའི་བསུ་མི་བཅས་འཁོར་ཚོགས་བརྒྱ་ཕྲག་དུ་མས་བསྐོར་ཏེ་སྟོང་སྐོར་དགོན་


GTD004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱག་བཏེགས། དེའི་ཚེ་སྟོང་སྐོར་རིན་པོ་ཆེ་ནས་ཀྱང་ཞབས་ཐང་དུ་གཟིམས་ཆུང་གི་རྭ་བའི་ཕྱི་སྒོ་བར་དུ་བྱོན་ཏེ། ཡབ་སྲས་གཉིས་འབྲལ་མི་ཕོད་པ་ལྟར་མཛད། དེ་ནས་རིམ་པར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་རྨ་ཆུ་ཁར་བྱོན་པ་ན་བླ་བྲང་དཔོན་ཚང་གཉིས་ཀའི་བསུ་བ་དང་པོ་དེར་འབྱོར་ཞིང༌། དེ་ནས་གདན་སར་ཕེབས་ཀྱི་བར་དུ་ཚ་འབོག །ཞག་བབ། འུལ་མི། ཁལ་རྟ་སོགས་གང་དགོས་ཐམས་ཅད་དཔོན་ཚང་ནས་གྲ་བསྒྲིག་ཞུས། རྨ་ཆུ་ཚུར་ཐོན་པ་ནས་རིམ་གྱིས་དཔོན་མེརྒེན་ཏཱའི་ཆིང་ངོ་གཡོག་དུ་མ་དང་ལ་མོ་ཞབས་དྲུང་རིན་པོ་ཆེའི་མི་སྣ་ཚེ་དཔག་ཐའི་ཇི། ཨེར་ཏེ་ནི་བུ་ལག་བྱ་བར་རྗེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྦྱིན་བདག་གི་རྩ་བ་ནོར་འཛིན་ཆོས་བཞིན་སྐྱོང་བའི་མི་རྗེ་དམ་པ་ཆིང་ཝང་བསྟན་འཛིན་དབང་ཕྱུག །དཔོན་མོ་ཨེར་ཁེ་ཤ་ར། གུང་བཀྲ་ཤིས་རྣམ་རྒྱལ། ཇ་སག་དར་རྒྱས་སོགས་བསུ་བ་གཏོས་ཆེ་བ་རིམ་པར་འབྱོར། དེ་ནས་མཆོད་ཡོན་ཉི་ཟླ་ཟུང་དུ་འབྲེལ་ཏེ་རིམ་གྱིས་བྱོན་པ་མདའ་ཆེན་ཕར་རྒྱབ་ནས་འགྱང་རོ་སྤྲུལ་བའི་སྐུ་སོགས་གདན་སའི་བསུ་བ་བར་མ་རྣམས་ཀྱིས་བསུས། དེ་སྐབས་སྡེ་པ་ཚང་ནས་སྐུ་གོང་མའི་དངོས་སློབ་ཕྱོགས་གཞན་དུ་བཞུགས་པ་རྣམས་ལ་ཡང་ཆིབས་བསུར་འགྲོ་དགོས་ཞེས་གསུང་ཤོག་བཀྲམ་པས། ཙ་ཡུ་འཕྲིན་ལས་རབ་བརྟན་བྱ་བ་ཤ་ར་བའི་རྣམ་འཕྲུལ་དུ་གྲགས་པའི་གྲུབ་དབང་དེ་ཉིད་ལ་ཡི་གེ་སང་འབྱོར་རྒྱུའི་དགུང་མོ་རྨི་ལམ་དུ། ཁྱོད་ཀྱི་བླ་མ་དགེ་བཤེས་པོ་ཏོ་བ་ཕེབས་གིན་ཡོད། ཁྱོད་ཀྱིས་བསུ་བ་བྱེད་རྒྱུ་མིན་ནམ་ཟེར་བ་ཞིག་རྨིས་གསུངས་པའི་ཕྱི་ཉིན་ཡི་གེ་འབྱོར་པས་ཀུན་ལ་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་སྐྱེས། སྔ་ཕྱིར་བསུ་ལུགས། གསོལ་སྟོན་འདྲེན་ཚུལ། ལམ་བཅོས་


GTD004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཚུན་ཆོད་གང་ཅིའི་བཀོད་ཁྱབ་མཐའ་དག་སྡེ་པ་ཚང་ནས་གནང༌། བདུན་པའི་ཚེས་བཅུ་གཅིག་ལ་བསང་གི་གྱེ་མོ་གོང་བ་ཞེས་བྱ་བ་རྭ་སྒྲེང་གི་བཀའ་གདམས་བསྟན་པའི་ཆུ་རྒྱུན་ཕྱོགས་མཐར་རྒྱས་པའི་རྟེན་འབྲེལ་དུ་བསྔགས་པའི་ས་གནད་དང་ཤིན་ཏུ་ཆ་མཚུངས་པ་ཞིག་ཡོད་པ་དེར། དེ་སྐབས་ཀྱི་དགོན་པའི་ཁྲི་ལས་ཐོག་པ་གྲུབ་པའི་དབང་ཕྱུག་བློ་བཟང་དོན་གྲུབ་ཅེས་ཀུན་མཁྱེན་བླ་མ་འདི་ཉིད་ཀྱི་རྣམ་པར་དཀར་བས་འཕྲིན་ལས་ཀྱི་གདུགས་དཀར་སྲིད་རྩེའི་བར་དུ་བསྒྲེང་བའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་གྲུབ་པ་དེ་ཉིད་ཀྱིས་གཙོ་མཛད། ཁྲི་ཆེན་དགེ་འདུན་ཕུན་ཚོགས་པའི་ཡང་སྲིད་ངག་དབང་བསྟན་པའི་རྒྱལ་མཚན། ཁྲི་ཆེན་དཔལ་ལྡན་གྲགས་པའི་ཡང་སྲིད་བློ་བཟང་འཇམ་དཔལ་རྒྱ་མཚོ། རྒྱུད་པ་དཔོན་སློབ་སོགས་ཆོས་སྡེ་ཆེན་པོ་རང་གི་ལས་སྣེ་མོ་བ། དབོན་ཆོས་མཛད། གྲྭ་བགྲེས་མང་པོ་དང༌། རྗེ་གོང་མའི་གསོལ་དཔོན་གནས་ལྔ་རིག་པའི་དབང་ཕྱུག་དབྱིག་ཀྱ་རབ་འབྱམས་པ་ངག་དབང་འཇམ་དབྱངས། ཙ་ཡུ་ཨ་ལགས་འཕྲིན་ལས་རབ་བརྟན། རིག་པའི་དབང་ཕྱུག་ཨ་ཁྱུང་མཁས་མཆོག །མགར་རྩེ་ཁྲི་པ། ཧོར་ཚང་བླ་མ་ཡེ་ཤེས། ཧམ་མཐའ་སྐུ་སྐྱེ་སོགས་ཕྱོགས་རིས་མེད་ཀྱི་བསུ་བ་གྲངས་མེད་པ་དང་བཅས་ཏེ་མཇལ་ཁ་ཞུས། དེ་སྐབས་གྲུབ་དབང་རིན་པོ་ཆེ་ནས། ཕན་ཚུན་གྱི་མི་འཚོགས་ཤིན་ཏུ་ཆེ་བའི་དབུས་དེར། འཇིགས་པ་མེད་པའི་གསུང་གི་གདངས་དང་བཅས་ཏེ། ས་འདིའི་མིང་ལ་གྱེ་མོ་གོང་བ་ཟེར། དེའི་རྒྱུ་མཚན་ཡང་ཆུ་ཆེན་གསུམ་གྱི་གྱེས་མདོ། ལུས་པ་གསུམ་གྱི་གོང་བ་ཡིན། དེ་ཡང་གཡས་ཀྱི་ཆུ་འདི་ཀླུ་ཆུ་དང་འདྲེས། གཡོན་


GTD004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུ་འདི་དགུ་ཆུ་དང་འདྲེས། མདུན་གྱི་ཆུ་མགོ་འདི་བསང་ཆུའི་མགོ་ཡིན། ཆུ་ཆེན་འདི་གསུམ་ཡང་རྒྱུན་མི་འཆད་པར་ཇེ་ཆེ་ཇེ་ཆེར་སོང་ནས་རྒྱ་མཚོ་ཆེན་པོའི་ནང་དུ་འདྲེས་པ་ཡིན། དེ་བཞིན་དུ་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་གདུལ་བྱ་དང་འཕྲིན་ལས་ཀྱང་ཕྱོགས་ཐམས་ཅད་དུ་ཁྱབ་པའི་རྟེན་འབྲེལ་གྱི་དཔྱད་ཤིན་ཏུ་ནས་ཀྱང་ཆེ། དེ་རིང་སྐར་མའི་བཟང་ངན་ལྟ་རྟོག་མ་བྱས་ཏེ། གང་ཡིན་ཀྱང༌། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་བཟང་ངན་ཐམས་ཅད་ཀྱི་རང་བཞིན་རོ་གཅིག་ཏུ་མངོན་སུམ་དུ་མཁྱེན་པའི་ཏིང་ངེ་འཛིན་གྱི་མཐུས་མི་མཐུན་པའི་ཕྱོགས་ཐམས་ཅན་ཟིལ་གྱིས་གནོན་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡིན་པས་དེ་འདྲའི་ཐེ་ཚོམ་མི་དགོས། ཞེས་སོགས་དོན་ཟབ་ཅིང་ཚིག་བཀྲ་མཛེས་པས་སྐབས་དེར་རྟེན་འབྲེལ་འགྲིགས་ཤིང་སླད་ཀྱི་འབྱུང་འགྱུར་དང་མཐུན་པའི་བཤད་པ་མདོར་བསྡུས་ཤིག་གསུངས། དེའི་ཕྱི་ཉིན་ཁྱུང་རྩེར་ཞག་བཞུགས་མཛད། དེ་ནས་ཧོར་ཟླ་བདུན་པའི་ཚེ་བཅུ་གསུམ་གྱི་ཉིན་བསུ་སྐྱེལ་གྱི་རྟ་པ་བགྲང་ལས་འདས་པའི་དབུས་ན་སྐུའི་གཟི་བྱིན་རབ་ཏུ་རྒྱས་པས་ལྷམ་མེ། ལྷན་ནེ། ལྷང་ངེར་འཕགས་པ་ནི་རྒྱུ་སྐར་བྱེ་བའི་ཁྲོད་ན་ཉ་རྒྱས་ཟླ་བ་ལྟ་བུ། གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པ་མཆོད་པའི་བྱེ་བྲག་མཐའ་ཡས་པས་མཆོད་ཅིང་འབུད་རྡུང་རྒྱུད་དཀྲོལ་གྱི་རོལ་མོ་དུ་མའི་དབྱངས་སྙན་དལ་གྱིས་རྒོད་པ་ནི་བརྒྱ་བྱིན་སྐྱེད་མོའི་ཚལ་དུ་ཆས་པ་ལྟ་བུ། ངུར་སྨྲིག་འཆང་བའི་དགེ་འདུན་སྟོང་ཕྲག་དུ་མས་སྔོན་ནས་བསུས་ཏེ་ཆོས་ཀྱི་ཀུན་དགའ་ར་བ་ཆེན་པོར་འབྱོན་པ་ནི་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཟག་པ་ཟད་པའི་དགྲ་བཅོམ་ཆེན་པོ་རྣམས་ཀྱིས་


GTD004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བདར་ཏེ་བུ་རམ་ཤིང་འཕེལ་དུ་གཤེགས་པ་ལྟ་བུ། མདོར་ན་མིག་དང་ཡིད་ལ་ཀུན་དགའ་གསར་པའི་བདུད་རྩིའི་མཆོད་ཡོན་ཅི་ཡང་སྦྲེང་བར་བྱེད་པའི་ངོ་མཚར་གྱི་རོལ་བ་བསམ་གྱིས་མི་ཁྱབ་པས་ཕྱོགས་རིས་མེད་ནས་དད་འདུས་ཀྱི་མཇལ་བ་སའི་དྲེག་པ་ལྟར་བགྲང་གིས་མི་ལང་བ་མཐའ་དག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་སྟེ། ལ་ལ་ནི་ཐལ་སྦྱར་སྙིམ་པའི་མེ་ཏོག་སྤྱི་བོའི་རྒྱན་དུ་འགོད། ཁ་ཅིག་ནི་ཨ་ལ་ལ་ཞེས་ངོ་མཚར་བའི་བསྟོད་བསྔགས་ཀྱི་གླུ་དབྱངས་ལེན། ལ་ལ་ནི་རང་གི་ལུས་ཀྱི་རྒྱན་ལ་སོགས་པ་ཡང་ལྷའི་མེ་ཏོག་བཞིན་དུ་འཐོར་ཞིང་གསོལ་བ་འདེབས། ལ་ལ་ནི་ལྗོན་པ་དྲུངས་ནས་བཅད་པ་བཞིན་དུ་ལུས་ཀུན་ས་ལ་ཕབ་པའི་ཕྱག་ཡང་ནས་ཡང་དུ་བཙལ། ཁ་ཅིག་ནི་ཀུན་མཁྱེན་གོང་མའི་རྣམ་ཐར་རྗེས་སུ་དྲན་པས་མིག་ཟུམ་སྟེ་དགའ་དད་སྐྱོ་གསུམ་གྱི་འདུ་ཤེས་ཡིད་ལ་བྱེད། ཕལ་ཆེར་ནི་ཤིན་ཏུ་ངོ་མཚར་ཆེས་པས་གཏམ་གྱི་འཕྲོ་ཆད་དེ་མིག་མི་འཛུམ་པར་བལྟ། གཞན་དག་ཀྱང་རབ་ཏུ་དགའ་ཞིང་དད་པའི་ཤུགས་བརྟས་པར་གྱུར་ཏེ། ཇི་སྐད་དུ། རྒྱལ་བ་མི་ཕམ་མགོན་པོས། གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་ཉན་ཐོས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་པའི་ཆོས་སུ་གསུངས་པ་ལྟར་གདུལ་བྱ་རྣམས་མཐོང་ཐོས་དྲན་རེག་ཙམ་གྱི་སྒོ་ནས་ཀྱང་འཁོར་བ་མཐའ་ཅན་དུ་མཛད་ཅིང་ཐར་པའི་ས་བོན་ཁྱད་པར་ཅན་བསྐྲུན་ཏེ། དད་པའི་ས་ལ་འགོད་བཞིན་པའི་མུ་ནས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་བླ་བྲང་ཆེན་མོ་


GTD004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་རྣམ་པར་རྒྱལ་བའི་ཐུབ་བསྟན་ཕོ་བྲང་དུ་མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པདྨོ་ཉེ་བར་བཀོད་དེ་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་དགེ་མཚན་དང་པོའི་ཡི་གེ་དགའ་ལྡན་ཆོས་ཀྱི་མདུན་སར་སྤྲིངས་སོ། །གསེར་གྱི་ཏ་ལ་ཡངས་པའི་ས་འཛིན་རྩེར། །དགེ་ལེགས་བདུད་རྩིའི་མཆོད་སྦྱིན་སྤྲོ་བ་ཡི། །རྒྱལ་སྲས་གཞོན་ནུ་སྨྲ་བའི་ཟླ་བ་ཞིག །རྨད་བྱུང་ཐུགས་བསྐྱེད་རླུང་གི་ཤིང་རྟས་དྲངས། །ཆོས་སྲིད་དཔལ་དང་འབྱོར་པས་མངོན་དགའ་བ། །ཡིད་འོང་ལྟ་ན་སྡུག་གི་གྲོང་ཁྱེར་ཆེ། །སྐྱབས་གཅིག་གྲགས་པའི་མུ་ཁྱུད་ཀྱིས་བཟུང་ཚེ། །དཀར་ཕྱོགས་ལྷ་རྣམས་ཀུན་དགའི་སྤུ་ལོང་གཡོ། །དེ་ནས་མཆོད་ཡོན་གཉིས་དང་སྡེ་ཁྲི་རིན་པོ་ཆེ་སྟོང་སྐོར་ནས་འོང་བའི་ཞབས་གྲས་རྣམས་དང་བཅས་པར་བཞེས་སྟོན་བསྡུས་ཙམ་ཞིག་ཞུས། དེ་སྔོན་གཟིམས་ཆུང་དུ་སོང་ཚད་ལ་འཚུབ་ཆེ་བས་འགའ་ཞིག་གིས་གཟིམས་ཆུང་མདོ་ནས་གཟིམས་མལ་བྱས་ཏེ་དེ་ལུགས་ཀྱི་རྒྱུ་མཚན་ཞང་པོའི་མདུན་དུ་ཚ་བོས་སྔར་གཏམ་ཞུས་འདུག་ཀྱང་མ་གསན་པར་ཕུགས་སུ་བྱོན་ནས་རྗེ་གོང་མའི་བཞུགས་མལ་དུ་གཟིམས་པས་ལོག་རྟོག་ཅན་འགའ་ཞིག་ཀྱང་ཐེ་ཚོམ་གྱི་དྲ་བར་ཆུད། དེ་ནས་ཚོགས་དབུར་སྤྱན་དྲངས་ཏེ་རྗེ་གོང་མའི་ཁྲི་ལ་ཞབས་སེན་བཀོད། ཆིང་ཝང་ནས་སྐུའི་ཉེར་སྤྱད་དང་མཁན་ཆས་ཆ་ཚང་སོགས་ཁྲི་འབུལ་གཟབ་རྒྱས་དང་ཚོགས་པར་མང་འགྱེད། སྡེ་ཁྲི་རིན་པོ་ཆེ་སོགས་དགོན་པའི་བླ་མ་རྣམས་དང་གྲྭ་ཚང་སོ་སོ། ཕྱོགས་ཀྱི་དགོན་ལག་རྣམས་དང་བཅས་པས་ཁྲི་འབུལ་རྒྱས་པར་བསྟར། མཇུག་ཏུ་རྗེ་ཉིད་ནས་ལྗགས་བསྔོ་དང་ཚོགས་མང་ལ་ཕྱག་དབང་སྩལ། དེ་ནས་གཉུག་


GTD004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མར་གནས་པ་དང་གློ་བུར་དུ་ལྷགས་པའི་བླ་གྲྭ་ཐམས་ཅད་ལ་ཆོས་གྲྭར་ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་གནང་སྟེ། ཤིང་རྟ་ཆེན་པོའི་ལུགས་འདི་འཆད་པ་ལ། །བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར། །ཅེས་པའི་ཚིག་མཚམས་སུ་འཇོག་པ་གནང་བས། གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་ཐུགས་ཤིན་ཏུ་མཉེས་ཏེ། འདི་འདྲའི་སྤྲུལ་སྐུ་ཁྱད་པར་དུ་འཕགས་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་དཀའ་བ་ཁྱད་དུ་བསད་ནས་བརྩོན་འགྲུས་བསྐྱེད་དེ་སྤྱན་དྲངས་པ་ཡིན་གསུངས། ཉིན་ལྔའི་རིང་ལ་བཞུགས་གྲལ་སྟོན་ཆེན་བྱས་པའི་ཐོག །རིགས་པ་སྨྲ་བའི་ཁྱུ་མཆོག་ལྷ་རམས་པ་བློ་བཟང་གནས་བརྟན་སོགས། དགེ་བའི་བཤེས་གཉེན་ཆེན་པོ་དུ་མས་ཆོས་ཀྱི་བགྲོ་གླེང་མཛད། དེ་སྐབས་མཆོད་རྟེན་ཐང་གི་བླ་ཟུར་བདེ་དགུ་ཞབས་དྲུང་གིས། སྐྱབས་མགོན་མཆོག་གི་སྐུ་ཕྲེང་སྔ་ཕྱིའི་རྣམ་པར་ཐར་པ་ལས་བརྩམས་པའི་འབེལ་གཏམ་ཚིག་དོན་ཕུན་སུམ་ཚོགས་པ་སྨྲ་དག་ཅིང་བརྗོད་པ་མ་ནོར་བས་མཉན་པར་འོས་པ་ཞིག་གྲལ་འཕྲོས་ཀྱི་ཚུལ་དུ་གླེང༌། ཆིང་ཝང་ནས་དཔོན་གོང་མའི་དུས་ཀྱི་གཟིམས་ཁང་བཀྲ་ཤིས་མཐོང་སྨོན་དུ་སྤྱན་དྲངས་ཏེ་གསོལ་སྟོན་རྒྱས་པར་ཞུས་ཐོག་གཟིམས་ཁང་དེ་ཉིད་དང༌། མི་ཁྱིམ་བཅུ་གཉིས་སོགས་འབུལ་བ་སྤམ་མཐོ་བ་ཕུལ། ཡབ་བེ་ཧུ་ངག་དབང་རྣམ་རྒྱལ་ལ་ཏུ་རལ་ཐེའི་ཇི། ཁུ་བོ་ཨུས་ཇིང་ནང་སོ་ལ་ཨ་ཆི་ཐུ་ནོ་ཡོན་སྡེ་པ་སོགས་བབས་འོས་ཀྱི་ཆོ་ལོ་གནང་སྟེ་གཟེངས་བསྟོད་མཛད། དེ་སྐབས་སྐུ་འཁོར་དུ་འོང་མི་ཐམས་ཅད་ལ་རྟ་གོས་སོགས་ཀྱི་སྟེར་སྦྱིན་བྱས་པར་དཔོན་ཚང་ནས་རྟ་བརྒྱ། སྡེ་ཁྲི་རིན་པོ་ཆེ་ནས་རྟ་ལྔ་བཅུ། དབལ་ཤུལ་དགེ་འདུན་


GTD004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སོགས་ནས་རྟ་ལྔ་བཅུ་ལྷག་དང་བཅས་སོང༌། ཁྲི་སྟོན་གྱི་མཇུག་རྫོགས་པར་གྲུབ་མ་ཟིན་པའི་མཚམས་དེར། ཇུན་གར་རྒྱལ་པོས་གདན་ས་འདིར་མང་འགྱེད་འབུལ་བའི་མི་སྣ་གཏོས་ཆེ་བ་གཏོང་རྩིས་ཀྱིས་གོང་མར་སྙན་སྒྲོན་བཏང་བས། གོང་མ་ནས་ཀྱང་རྒྱ་དཔོན་ཞིག་ཆེད་མངགས་གནང་བ་བཅས་རྒྱ་སོག་གི་མི་དྲག་མང་དུ་འབྱོར་ཏེ། རྗེ་ཉིད་ལ་དབུ་གདུགས་ཁྱད་འཕགས་ཀྱིས་མཚོན་པས་འབུལ་ནོད་རྒྱ་ཆེ་ཞིང་ངོས་གཙང་བ་དང༌། དགེ་འདུན་མང་ལ་ཡང་དངུལ་སྲང་འགྱེད་ཅིག་གིས་གཙོ་བྱས་སྐུ་འགྱེད་རིམ་པ་དུ་མ་ཉིན་མང་པོའི་བར་དུ་བཏང༌། རྗེ་འདི་ནི་གསེར་མདོག་ཅོད་པན་འཆང་བའི་བསྟན་པའི་སྲོག་ཤིང་ཡིན་པ་དང༌། ཁོང་ཚང་ཡང་རང་བསྟན་གྱི་སྦྱིན་བདག་གཙོ་བོ་ཡིན་པ་བཅས། ཁྲི་འདོན་ལ་ཆེད་གཉེར་གྱིས་འོང་བ་བཞིན་དུ་དུས་འཛོམ་སྟེ་རྟེན་འབྲེལ་རང་འགྲིག་ཏུ་སོང༌། དེ་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འགྱང་རོ་སྤྲུལ་བའི་སྐུ་ངག་དབང་བསྟན་འཛིན་དགེ་རྒན་དུ་བསྟེན། ཆོས་གྲྭར་ཕེབས་བཞེད་ཆེ་ཡང་གདན་སའི་སྟབས་ཀྱིས་མི་བདེ་ཚུལ་ལ་བརྟེན། དགེ་བཤེས་རིན་ཆེན་ཆོས་བཟང༌། སྐྱོར་དཔོན་བློ་བཟང་སྦྱིན་པ། སྐྱོར་དཔོན་བློ་བཟང་རིན་ཆེན། བློ་བཟང་སྙན་གྲགས། བསོད་ནམས་གྲགས་པ། ངག་དབང་མཆོག་གྲུབ་སོགས་མཚན་ཉིད་ཞབས་ཕྱི་ཟུར་དུ་བཞག་ནས་རྩོད་པ་གནང༌། དང་པོའི་ཉིན་རྗེ་ཉིད་ཐོག་མར་བཞེངས་ཏེ་ཚད་མ་སྡེ་བདུན་གྱི་རིགས་ལམ་སྣ་ཚོགས་དམ་པ་གོང་མ་རྣམས་ཀྱིས་ཕྱོགས་གཅིག་བསྡུས་པ་ལ་བསྡུས་གྲྭ་ཞེས་གྲགས་པ་དང༌། དེ་ལ་བློ་ཁ་མཐོ་དམན་དང་སྦྱར་ཏེ་རིགས་ལམ་ཆུང་འབྲིང་ཆེ་གསུམ་ཡོད་ཅིང༌། ཐོག་མ་ཁོ་ནར་རྟེན་འབྲེལ་


GTD004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་གིས་ཆོས་དུང་དཀར་པོའི་ཁ་དོག་རྩོད་གཞིར་བཟུང་བ་ཡིན་ཚུལ་སོགས་ཀྱི་བཤད་པ་དང་འབྲེལ་བའི་ཁྱབ་མཐའ་མདོར་བསྡུས་ཤིག་བཀོད་ནས་བགྲོ་གླེང་གནང༌། མཇུག་ཏུ་མཚན་བརྗོད་ལས། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པའི་ལུང་འདི་འདྲེན་པར་མཛད་པས། སྐྱོར་དཔོན་བློ་བཟང་རིན་ཆེན་གྱིས་ཟླ་བོ་རྣམས་ལ། སྤྲུལ་སྐུ་རིན་པོ་ཆེས་བསྡུས་གྲྭ་ཐམས་ཅད་རྟགས་གསལ་གཅིག་གི་ནང་དུ་བསྡུས་ནས་འཕེན་ལུགས་ལ་བལྟས་ན། ངེད་རྣམ་པས་ཁོང་ལ་བློ་སྐྱེད་འབུལ་རྒྱུ་ག་འདྲ་ཡིན་ཞེས་ཉམས་འཆར་གྱི་རྩེད་མོ་ཡང་བྱས་འདུག་ཅིང༌། ཐམས་ཅད་ཧ་ལས་ཏེ་ཀུན་མཁྱེན་གོང་མ་ཉིད་དང་དངོས་སུ་རྩོད་པ་བྱེད་དགོས་པ་ལྟ་བུའི་ཉམས་ཀྱིས་ཤིན་ཏུ་འཇིགས་ཞུམ་པ་ཞིག་བྱུང༌། བསྡུས་གྲྭའི་རྟགས་གསལ་གྱི་འགྲོ་ལུགས་སོགས་ཐེངས་རེ་རེ་གསན་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན་པས་རིང་པོར་མ་ཐོགས་པར་རྟོག་གེའི་གསང་ཚིག་མཐའ་དག་ཐུགས་སུ་ཆུད། འགྲེལ་ཆུང་དོན་གསལ་ཐུགས་འཛིན་གནང་ཞིང་དོན་ལ་དཔྱད་པ་ཞིབ་མོ་དང་བཅས་མཚན་ཕྱེད་ཡོལ་ཙམ་གྱི་བར་དུ་སྐྱོར་སྦྱངས་གནང་བ་སོགས་ཆོས་ཀྱི་དཀའ་སྤྱད་དྲག་པོ་ལྷུར་བཞེས། ལན་གཅིག་སྡེ་ཁྲི་རིན་པོ་ཆེ་དང་འགྱང་རོ་སྤྲུལ་བའི་སྐུ་རྣམ་གཉིས་ཕེབས་ནས། ཕྱག་དཔེ་རྣམས་ཀྱི་ཁྲོད་ན་ངོ་མཁྱེན་པ་ཨེ་འདུག་ཞུས་པར། དེའི་ཁྲོད་ནས་ཀུན་མཁྱེན་གོང་མས་རྒྱུན་པར་གཟིགས་རྒྱུའི་ཕྱག་དཔེ་པོ་ཏི་མང་པོ་ཞིག་མ་ནོར་བར་བཞེས་པར་འགྱང་རོ་སྤྲུལ་བའི་སྐུ་ཡིད་ཆེས་བླ་ན་མེད་པ་འཁྲུངས་ཏེ་སྤྱན་ཆབ་བཏང། སྡེ་ཁྲི་རིན་པོ་ཆེ་ཐོག་མ་ནས་ངེས་ཤེས་ཀྱི་


GTD004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་ཐོབ་པ་ཡིན་ཡང་དགྱེས་ཚོར་ཆེ་བར་མཛད། དེ་ཡང༌། གཞན་གྱིས་མནོ་བསམ་མི་ཤེས་པའི་ཚོད་ནས་སྐྱེ་བ་སྔ་ཕྱི་ཤེས་ཀྱང་ནར་སོན་པ་ན་དེའི་བག་ཆགས་ཙམ་ཡང་མེད་པ་དང༌། གཉེན་འཁོར་ལོངས་སྤྱོད་སོགས་ངོས་འཛིན་ཡང་ཆོས་ཕྱོགས་ལ་ཚུལ་བསྟན་ཁོ་ན་ལས། དངོས་གནས་ཀྱི་རེ་བ་མེད་པ་དག་ལ་ལྟོས་ན་དེ་ཙམ་ཡང་ཀུན་དང་མ་འདྲེས་པའི་ཁྱད་ཆོས་ངོ་མཚར་བ་ཞིག་ཏུ་སྣང༌། སྐབས་དེ་དག་ཏུ་ཕྱག་དཔེ་གཟིགས་རྟོག་དང་རྩོད་པ་གཙོ་བོར་གནང་ཞིང༌། བར་སྐབས་སུ་ཡང་ཆོས་ཀྱི་གསུང་འཕྲོས་འབའ་ཞིག་མཛད་དེ་ཞལ་འདོན་སོགས་མངོན་མཚན་ཆེ་བ་ཞིག་མ་གནང་བས། གྲྭ་རྒན་འགའ་ཞིག་གི་སེམས་ལ་མ་བདེ་བར། ཞལ་འདོན་སྐུ་རིམ་གལ་ཆེ་ཚུལ་དངོས་དང་བརྒྱུད་པའི་སྒོ་ནས་སྙན་བསྐུལ་ཡང་ཡང་ཞུས་པར། བཀའ་ལས། ཁྱེད་ཚོས་ང་འཇམ་དབྱངས་བཞད་པ་ཡིན་བྱས་ནས་བླུས་པ་ཡིན་མོད། དེ་ཡིན་ན། འཇམ་དབྱངས་བཞད་པས་ཡ་མ་རཱ་ཛཱ་དུང་ཕྱུར་ཞིག་བཏོན་པ་དེས་ང་ལ་མི་ཕན་པ་ཨེ་རེད། ཅེས་སྔ་ཕྱིའི་རྒྱུ་འབྲས་ཐམས་ཅད་དང་འབྲེལ་མཚུངས་པའི་གསུང་ཟབ་ཅིང་བརླིང་བ་གཅིག་གི་སྒོ་ནས་དེ་དག་གི་སེམས་བྱིས་པའི་རྣམ་རྟོག་འགྲོ་ལྡིང་བའི་ངང་དུ་ཡོད་པ་རྣམས་རྣལ་དུ་འབེབས་པར་མཛད། ཉིན་གཅིག་རྒྱབ་རིའི་ངོས་ལ་སྐྱོ་སང་དུ་ཕེབས་སྐབས་དབུ་མཛད་སྐུ་སྐྱེ་ཟེར་བས་ཐོད་པ་ཞིག་དང་མེ་ཏོག་མང་དུ་ཕུལ་ཏེ་ཁྱེད་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ཡིན་ན་རྗེ་རིན་པོ་ཆེའི་སྐུ་བསྟོད་སྙན་དངགས་ཀྱི་རྒྱན་དང་བཅས་པ་གཅིག་ལྗགས་རྩོམ་གནང་དགོས་ཞུས་པས་ཤིན་ཏུ་མཉེས་ནས་དེ་འཕྲལ་དུ་རྗེ་བླ་མའི་བསྟོད་པ་ངང་པའི་བུ་མོའི་འཕང་འགྲོའི་སྒྲ་དབྱངས་ཞེས་བྱ་བ་བརྗོད་བྱ་རྗོད་བྱེད་


GTD004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་ཆ་ནས་མཁས་པའི་རང་རྩལ་རྫོགས་པའི་དན་རྟགས་འདི་ཉིད་གསར་རྩོམ་མཛད་པར་དཔོན་ཚང་ནས་དགེ་འདུན་དབུ་མཛད་ཟེར་བ་སྐུ་མདུན་དུ་བཀའ་རྩོམ་སོགས་ཀྱི་ཡིག་མཁན་དུ་ཆེད་གཏད་བཞག་ཡོད་པས་ཁོང་གིས་ཡིག་མཁན་བྱས། སྐུ་བསྟོད་དེ་སྡེ་ཁྲི་རིན་པོ་ཆེ་ནས་གཟིགས་ཏེ། གཞན་མཚན་ཉིད་ལ་མ་སྦྱངས་པའི་བྱིས་པ་ཞིག་གིས། ཤེས་རབ་མེ་ལྕེས་བདེན་ཞེན་བུད་ཤིང་བསྲེག །ཟེར་བ་ཙམ་ཡང་དཀའ་གསུངས་ཏེ་ཤིན་ཏུ་དགྱེས། ལན་གཅིག་མནལ་ལམ་དུ་རིན་པོ་ཆེའི་ཁྲི་ཞིག་གི་སྟེང་དུ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་དེའི་མདུན་ན་རྗེ་བཙུན་སྒྲོལ་མའང་བཞུགས་འདུག་པ་ལ་ད་ལན་ཚེ་གང་གི་བྱ་སྤྱོད་ཞུ་དགོས་དགོངས་ནས་ཕྱག་གསུམ་ཕུལ་ཏེ་ཞུས་པར་རྗེ་རིན་པོ་ཆེ་ནས་གསུང་གིས་ལན་མི་གནང་བར་ཕྱག་གིས་གནས་གསུམ་དུ་རེག་པས། ཉིད་ཀྱི་ཐུགས་ལ་སྤྱི་བོར་རེག་པ་ལུས་ཀྱི་བརྟུལ་ཞུགས་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བཟུང་ནས། མགྲིན་པར་རེག་པ་གསུང་རབ་མཐའ་དག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ། ཐུགས་ཀར་རེག་པ་ཐོས་དོན་རྒྱུད་ལ་སྦྱར་ནས་བསྒོམ་པས་ཉམས་སུ་ལེན་དགོས་པའི་བརྡར་འདུག་དགོངས་པ་ཞིག་རྨིས་གསུངས་ཏེ་རྨི་ལམ་དུ་ཡང་བརྡ་ཙམ་གྱིས་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་རྫོགས་པར་ཐུགས་སུ་ཆུད་པ་ནི། དཔལ་ལྡན་ཟླ་བས། རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤོང༌། །ཞེས་གསུངས་པ་དང༌། རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་སོགས་གསུངས་པ་བཞིན་དུ་དཔག་པར་དཀའ་བའི་རྣམ་པར་ཐར་པ་དེང་དུས་ཀྱི་ལྷ་མཐོང་འདྲེ་


GTD004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་རྣམས་ཀྱིས་ཆ་ཙམ་དུ་ཡང་བསྒྲུན་དུ་མེད་པ་ཞིག་གོ །དགུང་ལོ་བཅུ་བདུན་པ་ཤིང་བྱིའི་གནམ་ལོ་གསར་དུ་ཚེས་པའི་དུས་སྟོན་རྒྱས་པར་གནང༌། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་སུ་སྐྱེས་རབས་སོ་བཞི་པ་དང༌། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གི་གཟབ་བཤད་ཚིག་དོན་གཉིས་ཀའི་ཆ་ནས་ལེགས་པར་བཀྲོལ་ཏེ་དེའི་སྟེང་དུ་སྒྲུབ་བྱེད་ཀྱི་རིགས་པ། རྒྱབ་རྟེན་གྱི་ལུང༌། གསལ་བྱེད་ཀྱི་དཔེ་དང་བཅས་པའི་སྒོ་ནས་བློ་རབ་འབྲིང་ཐ་མ་ཀུན་གྱི་སེམས་སྟེང་དུ་འབྱར་འགྲོ་བ་ཞིག་མཛད་པས། གཟུ་བོར་གནས་པ་རྣམས་ནི་ཚིག་གི་བདུད་རྩི་བཏུང་བ་བཞིན་དུ་དགའ་བ་དང་དད་པས་ཡིད་ཀྱི་བརྟན་པ་ཉམས་པར་གྱུར། ཕྱོགས་ལྷུང་གི་གདོན་གྱིས་བརླམས་པ་དག་ལས་ཀྱང་ལ་ལ་ནི་ཡིད་འགྱུར་ཞིང༌། གཞན་དག་ནི་སྦྲུལ་ལ་བྱེ་ཚན་གྱི་ཆར་བབས་པ་བཞིན་དུ་བག་འཁུམས་ཏེ་མི་བཟོད་པའི་གྱ་གྱུའི་རྣམ་འགྱུར་མང་དུ་བསྟན། དེའི་ཚེ་དཀའ་བཅུ་གནས་བརྟན་ཞེས་སེ་འབྲས་དགེ་གསུམ་གྱི་མཁས་པའི་ཡང་རྩེར་གྲགས་པ་དེ་ཉིད་ཀྱང་ཧ་ལས་ཏེ་གསུང་རབ་ཀྱི་དགོངས་པ་དམར་རྗེན་དུ་བཤད་པ་བླ་མ་ཁྲི་རྒན་འདྲ་བ་ཞིག་ད་ཕྱིན་ཆད་མི་མཐོང་སྙམ་པ་ཡོད་ཀྱང་སྤྲུལ་སྐུ་འདིས་དེ་ལས་ལྷག་ཅིག་འཆད་པ་འདྲ་གསུངས་ཏེ། ས་པཎ་གྱིས། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །གསུངས་པ་དེ་ཁོ་ན་བཞིན་དུ་གྱུར། མདོར་ན་འདི་སྐབས་སྤྱོད་འཇུག་གསུངས་པ་དེར། སྔོན་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཉིད་ལ་ཞེ་འགྲས་པའི་སྐྱེ་བོ་རྣམས་ཀྱིས་མཐོ་འཚམ་པའི་ཕྱིར་ཆོས་སྟོན་པར་ཞུས་ནས་ཁྲི་མཐོན་པོ་བཤམས་པའི་སྟེང་དུ་བྱོན་ཏེ་གསུང་ཚངས་པའི་དབྱངས་ཀྱི་སྒོ་ནས་སྤྱོད་འཇུག་གསར་དུ་གསུངས་


GTD004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ཀྱི་ངང་ཚུལ་ཇི་ལྟ་བ་ཞིག་མངོན་དུ་གྱུར་སྣང་ངོ༌། །སྨྲས་པ། ལེགས་སྨོན་རྩིབས་སྟོང་འབར་བའི་མུ་ཁྱུད་ལ། །འཕྲིན་ལས་དཔུང་ཚོགས་བཞི་ལྡན་འཁོར་ལོས་བསྒྱུར། །དམོད་པའི་དྲང་སྲོང་དྲེགས་པའི་རལ་བཅད་ནས། །ཆོས་བཟང་མདུན་སར་ཆོས་ཀྱི་ཁྲི་ལ་འཁོད། །མི་འཇིགས་སྤོབས་པ་རྒྱས་པའི་ལྡིང་ཁང་རྩེར། །ཟབ་ཡངས་མཁྱེན་པ་ལྷ་ཡི་རྔ་བོ་ཆེ། །དྲི་མེད་ལུང་དང་རིགས་པའི་སྒྲ་བརྒྱ་པ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་དབྱངས་སུ་བཞད། །དེ་ཚེ་གསུང་སྙན་ནོར་བུའི་རྔ་ཡབ་རྩེས། །དོན་བཟང་བདུད་རྩི་སྙིང་ལ་བྲན་པ་ཡིས། །ཡིད་ཀྱི་གདུངས་པ་འཕྲོག་པའི་མཻ་ན་ཀ །རབ་དགའི་གླུ་དབྱངས་རོལ་པའི་གར་གྱིས་བྲེལ། །འོན་ཏང་ཡིད་སྲུབས་བྱིན་གྱིས་བརླམས་པ་ཡི། །སྡིག་པའི་མ་མོ་རྣམས་ནི་ཕྱིར་ཞིང་གདུངས། །ཀྱེ་མ་ཟླ་བའི་ཟེར་གྱིས་བསྲེགས་པ་ཡི། །ཡི་དྭགས་མངོན་སུམ་འདི་དག་སྙིང་རྗེའི་ཡུལ། །དེ་ལྟ་ན་ཡང་ཡོན་ཏན་ལི་ཤིའི་ཚལ། །གཟུར་གནས་གླང་པོས་ཉེར་སྤྱད་སྒྲེག་པའི་བསུང༌། །ཕྱོགས་ཀྱི་འཁོར་ལོ་འགེངས་པའི་བཀའ་ཡིག་གིས། །ཕུན་ཚོགས་སྡེ་བཞིའི་བུང་བ་ངང་གིས་འདུ། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་མི་འཇིགས་གདོང་ལྔའི་ཁྲི་ལ་རྫོགས་པར་མངའ་གསོལ་བའི་སརྒ་སྟེ་བཞི་པའོ།། །།

ལྔ་པ་ཡུལ་མདོ་སྨད་དུ་གསན་སྦྱོང་ཇི་ལྟར་མཛད་པ་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་སརྒ།


GTD004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་འཁྲི་ཤིང་བཞད་པའི་མཚར་སྡུག་ལས། །ལེགས་གསུང་ཀཏྤུ་ར་ཡི་དཔྱིད་འཇོ་བ། །རྒྱལ་ཡུམ་དབྱངས་ཅན་ངང་པའི་བུ་མོ་དཀར། །བདག་གི་སྙིང་ལ་མངོན་དགའི་གར་མཛོད་ཅིག །དེ་ནས་ཧོར་ཟླ་གཉིས་པའི་ཚེས་ལ་ཀུན་མཁྱེན་གོང་མའི་དུས་ཀྱི་མགོན་ཁང་གི་གཏོར་མ་བརྗེས་ཏེ་བསྐང་གསོ་རྒྱས་པར་བཏང་བའི་མཇུག་ཏུ། མགོན་ཆོས་ཀྱི་ཞལ་ཐང་རྣམས་ལ་རྗེ་གོང་མའི་ཕྱག་དམ་མནན་ཡོད་པའི་རྒྱ་དཀྲོལ་ཏེ་ཆོས་སྐྱོང་སོ་སོར་རྔམས་ཤིང་བརྗིད་པའི་བཀའ་རྩོམ་ཚིགས་བཅད་ཀྱིས་སྤྲས་པའི་སྙན་ཤལ་ཕུལ། གཏོར་སྒམ་དུ་བེག་ཙེའི་གཏོར་མ་གཅིག་གསར་དུ་བཞག་པར་འགའ་ཞིག་གིས་དོགས་པ་ཞུས་པས་སྐྱོན་མེད་མོད་གསུངས། སླར་ནན་བསྐྱེད་ནས་ཞུས་པར་ཁྱེད་ཚོས་ངའི་ཚོད་ཐིག་པ་རེད་ཨང་གསུངས་ཏེ་སྤོབས་པ་རྨེག་མེད་དུ་བཅོམ། དེའི་ཚེ་སྡེ་ཁྲི་རིན་པོ་ཆེ་སྐུ་ན་སྨིན་ཆེ་བས་ཁྲིའི་དགོངས་པ་ཞུས་པར་དགེ་བའི་བཤེས་གཉེན་ཆེན་པོ་འགྱང་རོ་སྤྲུལ་བའི་སྐུ་དེའི་ཚབ་ཏུ་བསྐོ་བཞག་མཛད་དེ་བླ་བྲང་ནས་ཁྲི་འབུལ་ཡང་རྒྱས་པར་བསྟར། སོས་ཀ་གྲུབ་དབང་རིན་པོ་ཆེ་བློ་བཟང་དོན་གྲུབ་པ་དང་ལྷན་དུ་ཐེ་བོའི་ཆབ་ཚན་ལ་བྱོན་ནས་སྐུའི་འཕྲོད་བསྟེན་མཛད། དང་པོ་ཕེབས་སྐབས་གྲུབ་དབང་རིན་པོ་ཆེས། ད་རེས་གདན་ས་ནས་ཕྱོགས་སུ་ཆིབས་བསྒྱུར་གྱི་ཐོག་མ་ཡིན་པས་དང་པོར་ཕྱོགས་གང་དུ་འབྱོན་ལྟོས་གསུངས། མ་གཞི་ཆུ་ཚན་གྱི་ལམ་ལྷོ་ནུབ་ངོས་ཡིན་ཀྱང༌། དེ་ཉིན་ཆོས་གྲྭའི་བཙུགས་ཤིང་ལ་གཟིགས་ཆེད་ཤར་ངོས་སུ་ཐོག་མར་ཆིབས་བསྐྱོད་པས་རྒྱ་ནག་ཕྱོགས་ཀྱི་དོགས་གཞིར་བརྟེན་ཅུང་ཟད་མི་མཉེས་པའི་ཚུལ་གནང་ཡང༌། དེང་དུས་འཕྲིན་ལས་ཀྱི་འཇུག་པ་དེ་ཕྱོགས་སུ་ལྷག་པར་རྒྱས་ཏེ་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཆད་དགོན་པའི་གྲྭ་རྒྱུན་དང་སྦྱིན་བདག་གི་རྩ་བ་ལྟ་བུར་གྱུར་པའི་དགེ་མཚན་འདིའི་ལྟས་སུ་མངོན། གྲུབ་


GTD004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རིན་པོ་ཆེས་ཀྱང༌། སུ་ལ་ཐེ་ཚོམ་ཙམ་ཡང་སྐྱེ་དོན་མེད་པའི་གནས་ཤིག་ལ་དོགས་པ་མཛད་ལུགས་ཀྱིས་ཕུགས་མཁྱེན་ཡོད་པ་གདོན་མི་ཟའོ། །ཕྱིར་ཕེབས་ནས་རེ་ཞིག་གཟིམས་ཆུང་བཀྲ་ཤིས་མཐོང་སྨོན་དུ་བཞུགས། མཚན་མོ་ལུས་སྦྱིན་ཡང་ཡང་གནང་བར། གྲུབ་དབང་རིན་པོ་ཆེ་ནས་རྒྱུ་མཚན་ཞུས་པས། འཚུབ་ཆེ་བ་ཞིག་འདུག་སྟེ་དཔོན་ཚང་ལ་མི་བཟང་བ་འདྲ་བས་དེའི་ཆེད་ཡིན་གསུངས། དབྱར་ཐོག་རིགས་གྲྭ་དང་གླིང་བསྲེའི་ཚོགས་དབུར་བྱོན། དོན་གཉེར་ཅན་འགའ་ཞིག་ལ་སྐུ་གོང་མའི་འཇམ་དཔལ་ཞལ་ལུང་གི་ཁྲིད་ཡིག་དང༌། གསང་འདུས་བསྐྱེད་རིམ། འདུས་པའི་རྩ་རྒྱུད་སོགས་འདོད་ཆོས་ཅི་རིགས་སྩལ། དེ་དག་གི་སེང་བར་ཐམས་ཅད་ལ་འཛིན་སྐྱོར་དང་དཔེ་གཟིགས་རྩོད་པ་སོགས་ཐུགས་ཁུར་ཆེ་བཞེས་མཛད་པས་རྩོད་པ་ཤིན་ཏུ་འཕེལ། ཁྱད་པར་རྗེ་དགེ་འདུན་རྒྱ་མཚོའི་གྲུབ་མཐའ་ཐུགས་འཛིན་གནང་སྐབས། བ་དན་དུ་མ་འཕྱར་བའི་གྲུ་གཟིངས་གཅིག་ཏུ་ཞུགས་ནས་མཚོ་ཆེན་པོ་ཞིག་གི་ཀློང་དུ་འབྱོན་པའི་མནལ་ལམ་བྱུང་སྟེ་རིས་མེད་ཀྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་ངེས་པའི་རྟགས་སོ། །དེ་ནས་དགུང་ལོ་བཅོ་བརྒྱད་པ་ཤིང་མོ་གླང་གི་ལོ་གསར་གྱི་དགའ་སྟོན་བཏང༌། སྨོན་ལམ་སྟེང་དུ་གསུང་ཆོས་ལ་སྐྱེས་རབས་དང་སྤྱོད་འཇུག་གི་འཕྲོ་ནས་གནང༌། མཚན་ཉིད་ཞབས་ཕྱི་རྣམས་དང་ལྷན་དུ་རྩོད་པའི་འཕྲོ་བསྐྱངས་ཤིང༌། གནས་ལྔ་རིག་པའི་དབང་ཕྱུག་དབྱིག་ཀྱ་རབ་འབྱམས་པ་ངག་དབང་འཇམ་དབྱངས་པ་ལ་བརྟེན་ནས། དབྱངས་ཅན་སྒྲ་མདོ་དང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་རིག་པའི་གནས་དུ་མར་གསན་


GTD004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་མཛད་པས། བྱིངས་དང་མིང་གིས་བསྡུས་པའི་རང་བཞིན། བྱེད་ལྡན་དང་དེ་ཕན་སོགས་ཀྱི་རྐྱེན། མཚམས་སྦྱོར་སོགས་ཀྱི་དབང་ལས་ཡི་གེ་དབྱི་བ་དང༌། བསྒྱུར་བའི་རྣམ་འགྱུར་ཏེ་སྒྲ་རིག་རྒྱ་མཚོའི་དགོངས་དོན་མཐའ་དག་དང༌། ཡི་གེ་ལྕི་ཡང་གི་སྦྱོར་ཚུལ། པྲསྟར་དགོད་པ་སོགས་སྡེབ་སྦྱོར་གྱི་གནད་རྣམས་ཀྱང་མ་ལུས་པར་ཐུགས་སུ་ཆུད། ཁོང་ཡང་ཆོས་ཀྱི་རྗེས་སུ་འབྲང་བའི་མོས་གུས་དང་ཡ་མཚན་དཔག་མེད་སྐྱེས་ཏེ། ཀུན་མཁྱེན་གོང་མའི་སྤྲུལ་སྐུ་འཁྲུལ་མེད་དུ་འདུག་ཅེས་བསྔགས་པའི་མེ་ཏོག་འཐོར། ཁོང་གིས་བསྐུལ་ཏེ་དབྱངས་ཅན་མའི་བསྟོད་པ་མལླི་ཀའི་ཕྲེང་མཛེས་བྱ་བ་སྙན་འགྱུར་གྱི་ཉམས་དང་ལྡན་པ་ཞིག་བཀའ་རྩོམ་གནང༌། དེ་སྐབས་རྗེ་གོང་མའི་དངོས་སློབ་ཕུན་ཚོགས་བསྟན་འཛིན་པར་མནན་གཏད་ཀྱི་རྨི་ལྟས་འགའ་ཞིག་བྱུང་བས་མཚན་ཉིད་ཞབས་ཕྱི་རིན་ཆེན་ཆོས་བཟང་བརྒྱུད་དེ་རྗེ་ཉིད་ལ་ཞུས་པར། ང་ལ་མནན་གཏད་ཀྱིས་ཚུགས་མི་ཡོང་གསུང་འཕྲོར། སྐྱེངས་པའི་རྣམ་པས་ཚིག་གི་འཕྲོ་བཅད་དེ་སྦས་པའི་བརྟུལ་ཞུགས་ལྷུར་བཞེས། སྟོན་དགུན་ཕལ་ཆེར་རྩོད་པ་གཙོར་འདོན་དང༌། ལོ་མཇུག་ཏུ་བཅད་རྒྱ་རྒྱུན་རིང་ཙམ་གནང་སྟེ་བསྟན་པ་སྤྱི་དགོས་ཀྱི་རིམ་གྲོ་སོགས་ལ་ཤིན་ཏུ་དམར་བར་མཛད། དགུང་ལོ་བཅུ་དགུའི་ཚེ་ཡང་ལོ་གསར་གྱི་དུས་སྟོན་དང༌། སྨོན་ལམ་གྱི་གསུང་ཆོས་སོགས་སྔར་རྒྱུན་བཞིན་གནང༌། རོང་པོ་མེརྒེན་ཆོས་རྗེ་ངག་དབང་རྒྱ་མཚོ་ལས་སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་གླུའི་སྟེང་ནས་བཤད་པ་ཚར་གཅིག་གསན། ཕྱག་ལེན་བཞིན་ལེའུ་དང་པོ་ལམ་རྣམ་པར་དབྱེ་བ་ནས་བཟུང་སྟེ་སྐྱོན་བཅུ་སྤོང་བའི་བར་གྱི་


GTD004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་བརྗོད་ཆ་ཚང་བའི་རྩོམ་རྒྱུགས་ཀྱང་ཕུལ། དེ་དུས་རྩོམ་ལ་དོན་གཉེར་ཤིན་ཏུ་ཆེ་བས་མཚན་ཐོག་ཐག་སྦྱངས་ཏེ་ནམ་ལངས་སོང་བ་མང་ཞེས་ཞལ་ནས་གསུངས། དེ་ཡང་རྗེ་ཉིད་ནི་སྔར་ནས་རྩོམ་པའི་རྣམ་དཔྱོད་ཀྱི་རྩལ་རྫོགས་ཟིན་ཀྱང་རྗེས་འཇུག་རྣམས་ལ་ཡོན་ཏན་སློབ་ན་འདི་ལྟར་དཀའ་བ་སྤྱོད་དགོས་ཞེས་འདོམས་པའི་བརྡ་ཐབས་སུ་མངོན། ཕྱིས་སུ་ཆོས་རྗེ་འདི་པས་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་འཇམ་དབྱངས་སྨྲ་སེང་གི་བསྟོད་པར་འགྲེལ་པ་ཞིག་བྲིས་ནས་རྗེ་ཉིད་ལ་གཟིགས་འབུལ་དང༌། འདིའི་ནང་ནས་མི་འཐད་པའི་ཆ་རྣམས་ཕྱོགས་སྔར་བྱས་ཏེ་འགྲེལ་པ་ཞིག་གནང་དགོས་ཞེས་བསྐུལ་བ་ལྟར། འགྲེལ་པ་མཁས་གྲུབ་དགོངས་རྒྱན་བཀའ་རྩོམ་མཛད་པས་ཆོས་རྗེ་པ་ཅུང་ཟད་མ་རངས་ཚུལ་གསན་ཏེ། ངས་ཁོང་གིས་དེ་ལྟར་གྱིས་གསུངས་པས་སྐྱོན་མེད་མོད་སྙམ། ཁོང་ངའི་སྙན་དངགས་ཀྱི་སློབ་དཔོན་ཡིན་པས་ཐུགས་ལ་གནོད་ན་མ་ལེགས་ཞེས་ཕྱིས་སུའང་ཐུགས་འགྱོད་གནང་བ་བདག་གིས་དངོས་སུ་ཐོས། ད་ལྟ་དུས་ཤིན་ཏུ་སྙིགས་མར་སོང་བའི་དབང་གིས་སྐྱེས་ཆེན་དམ་པར་གྲགས་པ་དང་ཆོས་ཀྱི་གནད་ཤེས་པར་རློམ་པ་མང་པོས་ཀྱང༌། དང་པོ་ཁྱི་དང་གློ་བ་འཕྲད་པ་ལྟར་གང་བྱུང་བྱུང་ལས་གསང་སྔགས་རྡོ་རྗེ་ཐེག་པའི་དབང་སྐུར་དུ་མ་ཞུས། ཕྱིས་སུའང་ཤེས་ཀྱི་ཁེ་ཚོལ་བའི་ཕྱིར་དེ་ལས་ཐོབ་པའི་དབང་དེ་དབང་གི་གྲངས་སུ་བརྩི་ན་ཡང༌། སྐུར་བ་པོ་བླ་མའི་གྲངས་སུ་མི་བརྩི་བར་རྒྱང་སྐྱུར་ཁོ་ན་བྱེད་པའི་ཕ་མེད་ཀྱི་བུ་རྣམས་ཀྱི་མཛད་སྤྱོད་ཡ་མ་ཟུང་དག་མཐོང་བའི་ཚེ། ཐ་སྙད་ཀྱི་རིག་གནས་ཙམ་ཞིག་གསན་པའི་


GTD004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་ཡང་བླ་མར་བཟུང་སྟེ་ཚུལ་བཞིན་དུ་བསྟེན་པ་འདི་ལྟ་བུ་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཉིད་དུ་གོར་མ་ཆག་གོ་སྙམ་དུ་དད་པས་མཆི་མ་འཁྲུག་པའི་འོས་ཡིན་ནོ། །ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་གནས་བསྟོད་ཨུཏྤལ་མཐིང་གའི་རྩེ་དགའ་ཞེས་བྱ་བ་སྙན་དངགས་ཀྱི་ཉམས་བླ་ན་མེད་པ་འདི་ཡང་ལྗགས་རྩོམ་མཛད། སོས་ཀ་སྐྱབས་མགོན་ཉིད་དང༌། ཆིང་ཝང་བསྟན་འཛིན་དབང་ཕྱུག །གུང་རྣམ་རྒྱལ་ཚེ་རིང་བཅས་མཆོད་ཡོན་རྣམས་ལྷན་དུ་སྟོང་སྐོར་དགོན་པར་ཆིབས་བསྒྱུར་བས། དེ་ནས་ཀྱང་བསུ་བ་སོགས་གང་རྒྱས་བྱས། མཁས་ཤིང་གྲུབ་པའི་དབང་ཕྱུག་སྟོང་སྐོར་རིན་པོ་ཆེར་མཇལ་འཛོམ་གནང་བས་དགྱེས་ཚོར་དཔག་མེད་དང་མཆོད་ཡོན་ཀུན་ལ་སྟོན་མོ་གཟབ་རྒྱས་མཛད། དེའི་ཤུལ་དུ་གདན་ས་ནས་སྡེ་ཁྲི་རིན་པོ་ཆེ་ཞིང་གཤེགས་པས་གདན་འདྲེན་པ་འབྱོར་ཏེ་ཕེབས། གྲུབ་དབང་དེ་ཉིད་ཀྱི་དགོངས་པ་རྫོགས་པའི་ཐུགས་དམ་སྤྱན་དམིགས་གང་ཟབ་བཀའ་དྲིན་བསྐྱངས། རྗེ་གོང་མའི་ཐུགས་སྲས་ངག་དབང་བཀྲ་ཤིས་པའི་ཡང་སྲིད་ཀྱང་སྟོན་འདིར་རྒན་ཀྱ་ནས་བླུས་ཏེ་གདན་སར་བཀོད་པའི་བཞུགས་གྲལ་གྱི་དབུར་བྱོན། དེ་སྐབས་ཀུན་མཁྱེན་གོང་མའི་ཆོས་རྒྱུན་གྱིས་མཚོན་པའི་བཀའ་ཆོས་གསན་ཡུལ་གྱི་བླ་མ་མཁས་བཙུན་བཟང་གསུམ་འཛོམས་ཤིང་གསན་རྒྱ་ཆེ་བ་ཞིག་དགོས་འདུག་ཅེས་གྲོས་བསྡུར་བས། སྐུ་ཞབས་གོང་མའི་དངོས་སློབ་མཁན་ཆེན་རྡོ་རྗེ་འཆང་དགེ་འདུན་རྒྱ་མཚོ་ཉིད་འོས་པར་ཞལ་འཆམ་ནས་གདན་འདྲེན་དུ་གླིང་རབ་འབྱམས་པ་དོན་གྲུབ་རྒྱ་མཚོ་ངོ་གཡོག་བཏང༌། ཁོང་རྣམས་འབྱོན་རྒྱུའི་སྔོན་ཙམ་ལ་མཁན་ཆེན་ཉིད་ཀྱི་མནལ་ལམ་


GTD004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དུ། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་དངོས་སུ་བྱོན་ནས་ཁོང་ལ་ཕྱག་དབང་ཞུས་པར། ང་ཁྱེད་ཀྱི་སློབ་མ་ཡིན་པས་དེ་མི་རུང་ཞེས་ཞུས་ཀྱང་མ་གསན་པར་འབུལ་དགོས་པ་ཞིག་བྱུང༌། དེ་ཅི་ཡིན་གསུངས་ཤིང་ཡོད་པ་ན། མ་འགྱངས་པར་གདན་འདྲེན་པ་འབྱོར་ཏེ་སྙན་གསན་ཕུལ་བས། ད་ལན་ངའི་བླ་མའི་བཀའ་ཡིན་པས་ཅིས་ཀྱང་འགྲོ་དགོས་གསུངས་ནས། རིངས་སྟབས་སུ་ཕེབས་པར། ཆིབས་བསུ་གཏོས་ཆེ་བ་མངགས་ཏེ་བརྒྱད་པའི་ཚེས་གཉིས་ལ་དགོན་པར་བབས། གཟིམས་ཆུང་སྐས་མགོར་རྗེ་ཉིད་ནས་བསུས་ཏེ་མཇལ་དར་རྩེ་སྤྲོད་མཛད། བཞེས་སྤྲོ་རྒྱས་པ་སོགས་བཞུགས་རིང་གི་ཆ་རྐྱེན་གང་མཁོའི་གྲ་སྒྲིག་གཟབ་རྒྱས་ཞུས། དེ་ནས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང༌། གསང་བ་འདུས་པའི་དབང༌། བཅུ་གཅིག་ཞལ་གྱི་དབང༌། སྣར་ཐང་བརྒྱ་རྩ། མགོན་པོ་བཀའ་བཅུ་གསུམ། སྒྲོལ་མ་ཉེར་གཅིག །བདེ་མཆོག་སྔགས་བཏུ་སོགས་ཀྱི་རྗེས་གནང༌། ཇོ་བོའི་ཆོས་ཆུང་བརྒྱ་རྩ། མགོན་པོའི་བེའུ་བུམ། རྭ་པོཏ། ཐང་སག་པའི་འཇིགས་བྱེད་ཀྱི་བསྐྱེད་རྫོགས། རོང་པོ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་སོགས་ལུང་གི་རིགས་ཆེས་མང་བ་གསན། འབེ་ཤེས་རབ་མཆོག་ལྡན་གྱི་སྐུ་སྐྱེ་གྲོངས་པའི་དོན་དུ་གདན་དྲངས་པར་ཆིབས་བསྐྱོད་དེ་སྨོན་ལམ་གྱི་མཚམས་སྦྱོར་གནང༌། རྒྱ་མཁར་དགོན་ནས་སྤྱན་དྲངས་ཏེ་བསུ་བ་སེར་སྦྲེང་འབུལ་ནོད་སོགས་བསྙེན་བཀུར་ཡང་དག་ཞུས། གཙོས་དཔོན་གཡོག་མ་མཐུན་པར་གཟུ་ཆིངས་གནང་སྟེ་ལེགས་ལམ་དུ་བཀོད་ཅིང་མཛོ་དགེ་དགོན་པས་ཀྱང་སྤྱན་དྲངས་པ་ལྟར་ཕེབས་ནས་གདན་སར་བྱོན།


GTD004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དགུན་གྱི་རིང་བཅད་རྒྱ་དམ་དུ་མཛད་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལས་རུང་གི་བསྙེན་པ་དང༌། གཙུག་ཏོར་རྣམ་རྒྱལ་དང་སྒྲོལ་དཀར་གཉིས་ཀྱི་ཚེ་སྒྲུབ་སོགས་ཟབ་མོའི་རྣལ་འབྱོར་ལ་བརྩོན་པ་ཆིག་དྲིལ་དུ་མཛད། དེ་ནས་དགུང་ལོ་ཉི་ཤུ་བཞེས་པའི་ལོ་གསར་སོགས་སྔར་རྒྱུན་འཚེམ་མེད་གནང༌། ཇུན་གར་ནས་ཨེལ་ཆི་ཆེད་མངགས་འོང་བ་རྣམས་འབྱོར་ཏེ་རྒྱལ་པོ་དང་མི་བཟང་སོ་སོའི་འབུལ་ནོད་གཏོས་ཆེ་བ་ཕུལ་བ་རྣམས་ལ་སོ་སོར་འབྱོར་ལན་དང་མི་སྣ་རྣམས་ཀྱང་ཆོས་དང་ཟང་ཟིང་གཉིས་ཀས་ཚིམ་པར་མཛད། གྲུབ་པའི་དབང་ཕྱུག་ཆེན་པོ་སྟོབས་ལྡན་སྔགས་རམས་པ་གདན་དྲངས་ཏེ་ཁོང་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་འགྲན་མེད་ཡིན་པས། འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ་གྱི་ཁྲིད་ལག་ལེན་ཞིབ་རྒྱས་དང༌། དཔལ་འཛིན་གྱི་པོཏ་ཆུང་སོགས་ཆོས་བཀའ་མང་དུ་ཞུས། བསྟན་པ་སྤྱིའི་སྐུ་རིམ་དུ་དམིགས་ཏེ་གཟིམས་ཆུང་ནས་རྗེ་ཉིད་དང་གྲུབ་དབང་སྟོབས་ལྡན་རིན་པོ་ཆེ་དཔོན་གཡོག་ཁ་ཤས་ཀྱིས་ཉིན་བདུན་ལ་མགོན་པོའི་གཏོར་ཆེན་དང་མཇུག་ཏུ་གྲུབ་དབང་རིན་པོ་ཆེར་གཏོར་རྒྱག་གནང་བཅུག་པས་གཏོར་རྡེབ་ཆར་འབབ་འབྲུག་གྲག་གསུམ་དུས་མཚུངས་པས་མངོན་སྤྱོད་ཀྱི་ལས་བརྗིད་རྔམས་ཆེ་བར་བྱུང༌། སྒྲུབ་པའི་སྐབས་གྲལ་གཤམ་དུ་གདུག་པ་ཅན་སྒྲོལ་བའི་ཉམས་སྣང་དང༌། མཚན་མོ་མནལ་ལམ་དུ་སྙིང་རློན་པ་ཞིག་ཕྱག་ཏུ་འོང་བ་སོགས་རྟགས་མཚན་ཡང་མང་དུ་བྱུང༌། སྟོན་ཀུན་མཁྱེན་གོང་མའི་དངོས་སློབ་ཁྲི་ཆེན་རྒྱལ་མཚན་སེང་གེ་དཔོན་ཚང་གིས་དབུས་ནས་གདན་དྲངས་པ་ལྟར་གདན་ས་འདིར་ཡང་བྱོན་པས་བསུ་བ་དང་ཤངས་ལེན་གཟབ་རྒྱས་ཞུས། སྟོན་མཇུག་ཡབ་སྐུ་འདས་པའི་དོན་དུ་


GTD004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རར་ཆིབས་ཁ་བསྒྱུར། ལམ་ནས་མཁན་ཆེན་རིན་པོ་ཆེས་གདན་དྲངས་ཏེ་རོང་པོར་བྱོན་པས་རྟ་བསུ་དང་བསྙེན་བཀུར་གྱ་ནོམ་པ་ཞུས། སྡེ་ཁྲི་རིན་པོ་ཆེའི་སྤྲུལ་སྐུ་དེར་འཁྲུངས་ཡོད་པ་ལ་གཟིགས་རྟོག་དང་བྱིན་རླབས་གནང༌། ཕྱི་ཉིན་གཉན་ཐོག་སྒར་པས་སྤྱན་དྲངས་ནས་བསྙེན་བཀུར་བར་འདོད་ཆོས་ཅི་རིགས་སྩལ། དེ་ནས་མཁན་ཆེན་རིན་པོ་ཆེ་དང་ཡབ་སྲས་གཉིས་རོང་པོ་བཀྲ་ཤིས་འཁྱིལ་དུ་བྱོན། རི་ཁྲོད་པ་རྣམས་ལ་ལྗགས་ལུང་འགའ་ཞིག་གནང་སྟེ་ཕྱི་ཉིན་རྗེ་འདི་སྔོན་ལ་འཁྲུངས་ཡུལ་དུ་བྱོན་ནས་མཁན་ཆེན་རིན་པོ་ཆེར་ཆིབས་བསུ་བཏང༌། དེ་མཚུངས་དགེ་བའི་བཤེས་གཉེན་ཆེན་པོ་ལ་མོ་འཇམ་དབྱངས་རྒྱ་མཚོ་སོགས་བླ་མ་གཞན་མང་པོ་ཡང་གདན་འདྲེན་དུ་བཅུག་སྟེ་ཡབ་ཀྱི་དགོངས་རྫོགས་བསྒྲུབས། རྗེ་ཉིད་ནས་ཀྱང་ཁྲུས་ཆོག་དང་བསྔོ་སྨོན་གྱིས་མཚམས་སྦྱོར་ཡང་ཡང་གནང༌། དེའི་སེང་བར་དུ་དགེ་བཤེས་རྣམས་དང་ཆོས་ཀྱི་འབེལ་གཏམ་མཛད་པས་མཁས་པའི་དབང་པོ་འཇམ་དབྱངས་རྒྱ་མཚོ་ཡང་ཐུགས་ཕྲོགས་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་ཁྱེད་ལྟ་བུའི་མཁྱེན་རབ་རྨད་དུ་བྱུང་བའི་སྤྲུལ་སྐུ་ཞིག་འཁྲུངས་བཞིན་དུ། ཡུལ་དབུས་སུ་བྱོན་ནས་མདོ་སྔགས་ཀྱི་གསན་སྦྱོང་མཐར་ཕྱིན་པ་ཞིག་གནང་རྒྱུ་མ་བྱུང་ན་བསྟན་པའི་ཆག་སྒོ་ཡིན་པས་ཅིས་ཀྱང་འབྱོན་དགོས་ཞེས་སྤྱན་ཆབ་བཏང་སྟེ་ཞུ་བ་ནན་ཏན་ཕུལ། དེར་རེ་ཞིག་ཡུམ་གྱི་ཐུགས་ངལ་སངས་ཕྱིར་བཞུགས་ནས་སླར་གདན་སར་ཕེབས། ལོ་མཇུག་གི་ཆ་ལ་བཅད་རྒྱའི་ཁོངས་ནས་དཔེ་གཟིགས་དང་ཐུགས་དམ་གཙོར་འདོན་མཛད། དགུང་ལོ་ཉེར་གཅིག་ལ་ཕེབས་པ་ས་ཕོ་འབྲུག་


GTD004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནམ་ལོ་གསར་དུ་བཞད་པའི་དུས་སྟོན་སྔར་འཁྱུད་དང༌། ཆོ་འཕྲུལ་སྨོན་ལམ་ཆེན་མོར་གསུང་ཆོས་སོགས་ལ་འཆག་མེད་དུ་ཕེབས་ནས་ལེགས་བཤད་བདུད་རྩིའི་དགའ་སྟོན་སྩལ། ལྷག་པར་གསུང་ཆོས་ཀྱི་ཞོར་ལ། དགའ་ལྡན་ལྷ་བརྒྱ་མའི་ལུང་གནང་སྟེ། བླ་མའི་རྣལ་འབྱོར་འདི་དང་འབྲེལ་ནས་དམིགས་བརྩེ་མ་འདོན་མཁན་ལ་རྒྱལ་གདོན་གྱི་གནོད་པ་མི་འབྱུང་ཚུལ་སོགས་ལོ་རྒྱུས་དང་འབྲེལ་བའི་ཕན་ཡོན་མང་དུ་གསུངས་པས་སྔར་ཕྱོགས་འདིར་དེ་ཙམ་དར་ཤོས་མི་ཆེ་ཡང་དེ་ཕྱིན་ཆད་གྲྭ་པ་ཕལ་ཆེར་གྱིས་འཆག་མེད་དུ་ཁ་འདོན་བྱེད་པའི་སྲོལ་ཚུགས། དཔྱིད་ཀྱི་རིང་མཚན་ཉིད་ཞབས་ཕྱི་རྣམས་དང་ལྷན་ཅིག་སྔར་གྱི་ཐུགས་གཉེར་གྱི་འཕྲོ་ནས་རྩོད་པ་དང་འཛིན་སྐྱོར་དཔེ་གཟིགས་སོགས་ལ་རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་པ་ཤུགས་དྲག་ཆུ་བོའི་རྒྱུན་བཞིན་གནང། དབྱར་ཞོ་བླ་མས་གདན་དྲངས་པར་ཕེབས་ཞོར་ལ་གཏེར་ལུང་གི་གཏེར་ཁར་བྱོན་ནས་བསང་དང་བཀྲ་ཤིས་སོགས་གནང་སྟེ་ལེགས་ཚོགས་ཀྱི་རྟེན་འབྲེལ་བསྒྲིགས། ཞོ་བླ་མས་གུས་མཆོད་ལྷུར་ལེན་ཞུས་ཤིང༌། ཞོ་མ་ཕུག་གི་རི་ཁྲོད་ཕུལ། ཨ་ཁྱུང་རི་ཁྲོད། ལམ་ལུང༌། ལྷ་ཆབ་སྒར་སོགས་ཀྱིས་གདན་དྲངས་ཏེ་འཁོས་བསྟུན་གྱི་བསྙེན་བཀུར་གང་གཟབ་ཞུས་པར་བཀའ་ཆོས་སོགས་རང་རང་གི་འདོད་མོས་བཞིན་སྩལ་ནས་རེ་བ་བསྐང༌། ཁ་ཀྱའི་མཁས་མཆོག་དང་དཔོན་པོ་ལྕགས་པོ་རྒྱལ་སོགས་ཀྱིས་གདན་དྲངས་ཏེ་བྲེ་ཆེན་བྲེ་ཆུང་དོམ་ལུང་སོགས་ཀྱི་ནགས་དགོན་པའི་ཤིང་ཆའི་དོན་དུ་ཕུལ། སླར་གདན་སར་ཕེབས་ནས་གཙོ་བོར་ཐུགས་གཉེར་གྱི་འཕྲོ་བསྐྱངས་ཤིང༌། དེའི་སེང་བར་དུ་དོན་གཉེར་ཅན་དུ་མ་ལ་འཇམ་དབྱངས་དཀར་པོ། འཇམ་དབྱངས་


GTD004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར། དབྱངས་ཅན་མ་དཀར་དམར། ཛམ་དཀར་འབྲུག་ཞོན་རྣམས་ཀྱི་རྗེས་གནང་སོགས་གང་ལ་གང་འཚམ་གྱི་གསུང་གི་བདུད་རྩིའི་དགའ་སྟོན་སྩལ། འགྱང་རོ་སྤྲུལ་བའི་སྐུས་དགོངས་པ་ཞུས་ཏེ། ཀུན་མཁྱེན་གོང་མའི་ནང་ཐུགས་ཀྱི་སྲས་པོ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད་གུང་ཐང་སྤྲུལ་བའི་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་ཚོགས་ཆེན་ཁྲིར་བསྐོ་བཞག་གནང༌། དོན་གཉེར་ཅན་དུ་མས་ཞུས་ངོར་སྙན་དངགས་དང་འབྲེལ་བའི་ལྗགས་རྩོམ་ཡང་ཁ་ཡར་མཛད། དགུང་ལོ་ཉེར་གཉིས་ཀྱི་ཐོག་ཁྱ་དགེ་སྒོམ་ཆེན་བློ་བཟང་བཀྲ་ཤིས་པའི་ཞལ་སྔ་ནས་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་དང༌། ཁྱ་དགེ་དཔོན་སློབ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་སོགས་བཀའ་ཆོས་ཅི་རིགས་གསན། འདི་ལོ་མཚན་ཉིད་ཞབས་ཕྱི་རྣམས་དང་ལྷན་དུ་ཕར་ཕྱིན་གྱི་རྩོད་པ་རྫོགས་པས་གྲྭ་ཚང་ལ་དམ་བཅའ་བཞག་པར་གཞུང་གི་གོ་དོན་ལ་གནོད་པའི་ཤོར་ཚབས་མ་བྱུང་ཡང་ཚིག་འཁྲིའི་སྤྲོས་པ་ཁེགས་མི་ཁེགས་བྱུང་བས། བདར་ཤ་ཆོད་པ་ལ་ཆོས་གྲྭ་འདི་རང་འགྲིམ་དགོས་པར་འདུག་གསུངས་ཏེ་དབུས་སུ་འབྱོན་རྒྱུའི་བསྐུལ་མར་སོང༌། ཆིང་ཝང་བསྟན་འཛིན་དབང་ཕྱུག་དགོན་འདི་ནས་སྐུ་གཤེགས་པའི་སར་གདན་དྲངས་པ་བཞིན་བྱོན་ཏེ་འཕོ་བའི་སྤྱན་དམིགས་མཛད། ལྔ་པའི་ཉི་ཤུའི་ངོར་སྒྲོལ་མ་ཧ་ཐོན་དུས་ལས་འདས་པའི་ཆེད་དུ་སྤྱན་དྲངས་ཏེ་ཡམ་པའི་ཆུ་སྔོན་དུ་ཕེབས། ཁྲུས་ཆོག་སོགས་གཤིན་པོའི་སྒྲིབ་སྦྱོང་སྤྱན་དམིགས་བཀའ་དྲིན་བསྐྱངས། ལམ་ཞོར་ནས་ཝང་གི་ཨུརྒེར་བྱོན་ཏེ། སེམས་གསོའི་ཞལ་ཏ་དང་དགོངས་རྫོགས་སོགས་ཀྱི་བཀོད་ཁྱབ་གནང༌།


GTD004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་རྡོ་རྗེ་འཆང་དེ་ཡང་དེར་བཞུགས་པའི་མདུན་དུ་བྱོན་ནས་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་ཞིག་ཞུས་པ་སྩལ་བའི་མཐར། དྲེགས་ལྡན་སྲིད་གསུམ་ཆེ་དགུ་མཐའ་དག་རྣམས། །སྲིད་དང་ཞི་བའི་འདོད་དགུ་དང་བཅས་ཏེ། །འབད་རྩོལ་མེད་པར་འདི་ཡི་དབང་བསྡུས་ནས། །རྣམ་གྲོལ་གོ་འཕང་མཆོག་ལ་འགོད་པར་ཤོག །ཅེས་འཕྲིན་ལས་བཅོལ་བ་གནང་སྟེ་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། དེ་ནས་ཆིབས་བསྐྱོད་སྐབས་མཁན་ཆེན་རིན་པོ་ཆེ་ནས་ཉིད་ཆིབས་སྐྱེལ་དུ་ཕེབས་པ་ཡིན་ཡང་ཆོས་ཀྱི་ཆེ་བར་དགོངས་ཏེ་ཁོང་སྔོན་ལ་ཕེབས་བཅུག་ནས་རྗེ་ཉིད་ཕྱི་བཞིན་འབྲང་སྟེ་ཕེབས་པས། མི་བཟང་འགའ་ཞིག་རྒྱུ་མཚན་མ་གོ་བར་ཧ་ལས་ཏེ། མཁན་ཆེན་འདི་ང་ཚོའི་སྐུ་ཞབས་རིན་པོ་ཆེ་ལས་མཐོ་ཞིག་ཡིན་ནམ་ཞེས་གླེང་བ་བྱུང་འདུག །དེའི་ཉེ་འཁོར་ནས་འགའ་ཞིག་གིས་སྤྱན་དྲངས་ཏེ་བསྙེན་བཀུར་ཞུས་པར་སོ་སོའི་འདོད་ཆོས་ཀྱིས་རེ་བ་བསྐང༌། ལོ་དེར་ཐན་པ་ཆེ་བར་འགའ་ཞིག་གིས་ཞུས་ནས་སྤྱན་དམིགས་ཙམ་མཛད་པས་ཆར་གྱི་རྒྱུན་ལེགས་པར་བབས་ཏེ་ཐམས་ཅད་ངོ་མཚར་དུ་གྱུར། རིམ་གྱིས་རྨ་ཆུ་བརྒལ་ཏེ་གཤི་ཁོག་ཏུ་ཕེབས། སྦྱིན་བདག་སོ་སོའི་དངོས་འབུལ་རྒྱ་ཆེར་བྱུང་བ་བདག་གིར་བཞེས་ནས་དེ་དག་སོ་སོར་འདོད་ཆོས་ཀྱི་ཆར་ཕབ། ལྷ་གཉན་རྨ་རྒྱལ་སྤོམ་རའི་གངས་མཐོང་ས་ཞིག་ཏུ་གསོལ་མཆོད་དང་ཚེ་ཐར་བཏང་བས། འོ་མའི་ཕུད་བླུགས་པ་དེ་རྒྱངས་ཀྱིས་འཕྱུར་བ་སོགས་ལྷ་ཆེན་མཉེས་པའི་ལྟས་ཡ་མཚན་པ་འགའ་ཞིག་བྱུང༌། དད་འབུལ་གྱི་ཁྲོད་ནས་བསྟན་འགྱུར་ཞིག་གདན་འདྲེན་ཞུ་བའི་ཐེབས་དང་བཅས་གླིང་རབ་འབྱམས་པ་དོན་གྲུབ་རྒྱ་མཚོ་སྡེ་དགེ་ཕྱོགས་སུ་


GTD004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་སྟ་མཛད། ཁུས་ཁེན་པཱ་ཐུར་གྱིས་གདན་དྲངས་པའི་སར་སྟོང་སྐོར་རིན་པོ་ཆེའི་ཨེལ་ཆི་ཞིག་འབྱོར་ཏེ་ལྕང་སྐྱ་རྡོ་རྗེ་འཆང་དགོན་ལུང་དུ་ཕེབས་ཡོད་ཚུལ་གྱི་གཏམ་སྙན་ཞུས་པས་རིངས་སྟབས་ཀྱིས་སྟོང་སྐོར་བརྒྱུད་དེ་དགོན་ལུང་དུ་ཆིབས་བསྐྱོད། ལྕང་སྐྱ་རིན་པོ་ཆེའི་སྐུ་ཚབ་དང་སུམ་བྷ་མཁན་ཆེན་སོགས་དགོན་པའི་ལས་སྣེ་རྣམས་ཀྱིས་ཆིབས་བསུ། དགོན་ལུང་གི་གྲྭ་མང་ནས་སེར་སྦྲེང་སོགས་བཀུར་གཟོས་ཚད་མེད་ཞུས། སྐྱབས་མགོན་ལྕང་སྐྱ་རིན་པོ་ཆེར་མཇལ་བས་སྔོན་སྐུ་ཕྲེང་དུ་མར་ཡབ་སྲས་གཉིས་ཐུགས་བསྐྱེད་ལྷན་ཅིག་པའི་ལེགས་སྨོན་ལུ་གུ་རྒྱུད་དུ་འབྲེལ་བར་བརྟེན། ཐོག་མ་ཉིད་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ། ཉིན་རེ་བཞིན་ལུགས་གཉིས་ཀྱི་བཀའ་མཆིད་རྒྱས་པར་གནང༌། བྱང་ཆུབ་བདེ་ལམ་གྱི་ཉམས་ཁྲིད། སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་མང་དུ་ཞུས། དེ་ནས་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ལས་འབྲས་ལྡན་གྱི་དུས། ཚེས་ཀྱི་བདག་པོ་གྲོ་ཞུན་གྱིས་ཉ་བའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པའི་ཉིན་གྱི་སྔ་དྲོའི་ཆ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ལ་ཡོངས་རྫོགས་བསྟན་པའི་མངའ་བདག་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་ཞལ་སྔ་ནས་ཉིད་ནས་མཁན་སློབ་སྦྲགས་མ་དང༌། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བློ་བཟང་དོན་གྲུབ་པའི་ཞལ་སྔ་ནས་གསང་སྟེ་སྟོན་པའི་སློབ་དཔོན། འབྲས་ཡུལ་སྐྱེད་ཚལ་མཁན་པོ་གནས་ལྔ་གཟིགས་པའི་མཁས་དབང་ཡེ་ཤེས་དཔལ་བ། འདུལ་བ་འཛིན་པ་བདེ་རྒུ་ཞབས་དྲུང་ངག་དབང་དགེ་ལེགས་རྒྱ་མཚོ་སོགས་ཀྱིས་ལས་ཀྱི་ཁ་སྐོང་མཛད་དེ། དད་པའི་དགེ་འདུན་གྲངས་


GTD004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ། བསྟན་པའི་རྩ་བ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་ནོར་བུའི་གན་མཛོད་བདག་གིར་མཛད་ནས་འགྲོ་བ་མ་ལུས་པའི་ཡོན་གནས་གཅིག་པུར་གྱུར་ཅིང༌། མཚན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་གྲགས་པའི་སྡེར་གསོལ། དེ་ལྟར་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་བརྡར། ཐུབ་དབང་གི་སྣང་བརྙན་ལི་མ་ཞིག་དང༌། སྣམ་སྦྱར་གཅིག་བཅས་ཕྱག་གིས་གཏད་ནས་ཐུགས་སྨོན་རླབས་པོ་ཆེ་ནན་ཏན་དུ་གནང༌། ཉིད་ནས་ཀྱང་བཀའ་དྲིན་བསབ་ཆེད་དུ་གསེར་དངུལ་གོས་སོགས་དང༌། རྟ་བརྒྱས་མཚོན་པའི་འབུལ་བ་རྒྱ་ཆེར་ཕུལ། རྡོ་རྗེ་འཆང་ཆེན་པོ་ཉིད་ནས། དཀོན་མཆོག་ཀུན་འདུས་ཁྲོ་རྒྱལ་དུས་དགྲའི་དབང༌། །ཞེས་སོགས་རྗེ་འདིའི་ཞབས་བརྟན་ཞིག་གསར་དུ་གསུངས་ཏེ་ལྗགས་ལུང་སྩལ། གོང་མའི་རྒྱལ་ཁབ་ཚུན་ཆོད་དུ་སྐུ་དོན་སྒྲུབ་རྒྱུ་ཅི་ཡོད་ཀྱང་ངེད་ལ་ནང་སྦྱར་བྱས་ན་ཁུར་དུ་བླང་ཆོག་ཅེས་ཐུགས་ནང་གཤིན་པའི་བཀའ་མཆིད་ལྷུགས་པར་སྩལ་ཅིང་ནང་གི་ཐུགས་སྲས་གཅིག་པུར་གྱུར་པའི་ཚུལ་ལྕང་སྐྱ་རྡོ་རྗེ་འཆང་གི་རྣམ་ཐར་དགེ་ལྡན་བསྟན་པའི་མཛེས་རྒྱན་ལས་ཀྱང༌། དཀོན་མཆོག་རིན་ཆེན་ཆོས་ཀྱི་གླིང་བཞི་ལ། །འཇིགས་མེད་རྣམ་དཔྱོད་འཁོར་ལོས་དབང་བསྒྱུར་བའི། །ཆོས་ཀྱི་རྒྱལ་པོར་མངའ་གསོལ་དོན་མཐུན་མཚན། །ཕྱོགས་བཅུའི་རྒྱལ་བའི་བཀའ་ལུང་ཁྱོད་ཀྱིས་བསྒྲགས། །མཁའ་ལ་མཁའ་འགྲོའི་ཁྲོད་ན་འདབ་བཟང་དང༌། །ས་ལ་ས་འཛིན་དབུས་ན་ལྷུན་པོ་བཞིན། །སྲིད་འདིར་སྲིད་ཞིའི་གཙུག་རྒྱན་ཁྱོད་ཀྱི་དྲུང༌། །རྒྱལ་སྲས་རྒྱལ་བའི་གདུང་འཚོབ་འདི་ཉིད་འཕགས། །


GTD004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་རོ། །དགོན་ལུང་ཚོགས་ཆེན་དུ་མང་འགྱེད་གྱ་ནོམ་པ་བསྟར་ཞིང༌། ཉིད་ཀྱི་ཞབས་གྲས་དགེ་བཤེས་རིན་ཆེན་ཆོས་བཟང་བར་དམ་བཅའ་འཇོག་ཏུ་བཅུག་པས། ལྕང་སྐྱ་རྡོ་རྗེ་འཆང་ནས་ཀྱང་གཟིགས་ཏེ་དགྱེས་ཚོར་གནང༌། ཕྱིས་སུ་བླ་མ་ཞིག་ལ་སྤྲུལ་སྐུ་འཁྲུངས་ན་འཇམ་དབྱངས་བཞད་པ་ཚང་འདྲ་བ་རེ་འཁྲུངས་དགོས་ཞེས་ཡང་ཡང་བསྔགས་བརྗོད་མཛད། མཐར་ཡབ་སྲས་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་ཉི་ཤུ་དགུའི་ཉིན་ཆིབས་བསྐྱོད་པར་དགོན་ལུང་པས་ཆིབས་སྐྱེལ་ཞུས། དེ་ནས་སྣང་རར་ཕྱག་ཕེབས་ཏེ། དགོན་གསར་བཀྲ་ཤིས་རབ་བརྟན་དུ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་ཁྱབ་བདག་རྡོ་རྗེ་འཆང་སྟོང་སྐོར་རིན་པོ་ཆེ་ངག་དབང་བསོད་ནམས་རྒྱ་མཚོའི་ཞབས་དྲུང་ནས། དབང་རྡོ་རྗེ་ཕྲེང་བ་ཞེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་སློབ་དཔོན་ཆེན་པོ་ཨ་བྷྱཱ་ཀ་ར་ལ་དངོས་སུ་སྩལ་བའི་དཀྱིལ་འཁོར་ཆེན་པོ་རྡོ་རྗེ་ཕྲེང་བ་ནས་བཤད་པའི་དཀྱིལ་འཁོར་ཞེ་གཉིས་ཀྱི་སྟེང་དུ་ཀྲྀ་ཡ་ནས་བཤད་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་ཏེ་དཀྱིལ་འཁོར་ཞེ་ལྔའི་དབང་སྐུར་ཟབ་མོ་རས་བྲིས་ཀྱི་སྟེང་ནས་ལེགས་པར་མནོས་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་མངའ་བདག་གཅིག་པུར་གྱུར། དབང་གྲུབ་པའི་ཉིན་ནམ་མཁའི་ངོས་ཐམས་ཅད་འཇའ་ཚོན་སྣ་ལྔས་ཁྱབ་པ་སོགས་དགེ་མཚན་གྱི་ལྟས་མང་དུ་བྱུང༌། གཏང་རག་གི་འབུལ་ནོད་དངོས་གཙང་བ་ཕུལ་ཏེ་གདན་སར་ཆས་པའི་ལམ་ནས་གཡེར་གཤོང་སྒྲུབ་སྡེ་བསམ་གཏན་གླིང་གིས་ཐབ་བསུ་བྱས། དེར་གཡེར་གཤོང་དགེ་


GTD004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སློང་འཇམ་དབྱངས་གྲགས་པ་ཚང་ཡང་ཕེབས་ཏེ། རྗེ་འདི་ལ་ཀུན་མཁྱེན་གོང་མ་ཞྭ་སེར་གྱི་བསྟན་པའི་བདག་པོ་ཡིན་པས། ཁྱེད་ཀྱང་ལྟ་གྲུབ་ཤིན་ཏུ་གཙང་བ་ཞིག་གནང་དགོས་ཞུས་པར། ཕྱིས་སུ་གཡེར་གཤོང་དགེ་སློང་ལ་དོགས་པ་དེ་འདྲ་སྐྱེས་འདུག་སྟེ་ང་དེ་འདྲའི་སྣ་ཚོགས་བྱེད་མཁན་ཞིག་ག་ལ་ཡིན་གསུངས། གཡེར་གཤོང་ནས་པར་བརྐོ་བ་བློ་བཟང་དར་རྒྱས་ཕྱག་ཕྱིར་ཁྲིད་འོངས་ཏེ་སྐུ་གོང་མའི་ཡི་དམ་སྒྲུབ་སྐོར་གྱི་རིམ་པ་འབད་རྩོལ་ཆེར་གནང་གིས་ཁྲིགས་ཆགས་སུ་བསྡེབས་ནས་པར་དུ་བརྐོ་རྒྱུའི་བཀོད་ཁྱབ་གནང༌། སྔ་སོར་ལྕང་སྐྱ་རྡོ་རྗེ་འཆང་ནས་དབུས་སུ་ཐུགས་གཉེར་ལ་འབྱོན་དགོས་པའི་བསླབ་དོན་དང༌། དེའི་མཐུན་རྐྱེན་དུ་རྒྱ་ནག་ཕྱོགས་སུ་འབུལ་སྡུད་ཅིག་བཏང་ན་ངེད་ཀྱིས་མགོ་འདྲེན་བྱེད་ཅེས་བཀའ་ཕེབས་པ་ལྟར་དགེ་བཤེས་བསྟན་འཛིན་རྒྱ་མཚོ་རྫོང་སྟ་མཛད། དགུང་ལོ་ཉེར་གསུམ་གྱི་སྨོན་ལམ་སོགས་ལ་སྔར་རྒྱུན་ལྟར་ཕེབས། ཕྱོགས་འདུས་ཀྱི་སྐྱེ་བོ་མཆོག་དམན་ཀུན་ལ་རང་རང་གི་མོས་པ་ལྟར་གྱི་ཆོས་བཀའ་ཅི་རིགས་དང་ཕྱག་དབང་སོགས་ཀྱི་སྒོ་ནས་རེ་བ་ཡོངས་སུ་ཚིམས་པར་མཛད། དཔྱིད་ཀྱི་རིང་ལ་རྩོད་པ་ཤིན་ཏུ་དམར་བར་མཛད་པས་གཞུང་ལུགས་རྒྱ་མཚོར་མཁྱེན་དཔྱོད་ཀྱི་འཇུག་པ་ཉིན་རེ་ཞིང་ཡར་ཟླ་བཞིན་འཕེལ། སྐབས་ཤིག་གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་ལྷ་རམས་པ་བློ་བཟང་གནས་བརྟན་དང་ལྷན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་དཀའ་གནད་འགའ་ཞིག་ལ་རྩོད་པ་ཉིན་མང་པོར་སྦྲེལ་ཏེ་གནང་ཡང༌། ཕན་ཚུན་གཉིས་ཀ་ཐུགས་རབ་མེ་ལྟར་འབར་བས་རྩོད་པ་མ་རྫོགས་ཤིང༌། རྗེས་སོར་རྩོད་པའི་ཡི་གེ་


GTD004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དུ་མར་བསྐུར་རེས་མཛད་པའི་མཇུག་ཏུ་དགེ་བཤེས་པས་ཀྱང་དངོས་ལན་དཔྱིས་ཕྱིན་པ་ཞིག་རྔོ་མ་ཐོགས་པ་ན། སྐུ་ཞབས་ཉིད་ནས་ཀྱལ་ཀའི་ཚུལ་དུ། གཞུ་མཁན་ཤཱཀྱ་ཐུབ་པ་ཡིན། །མདའ་མཁན་རྗེ་བཙུན་འཇམ་དབྱངས་ཏེ། །གཞུ་བརྡུང་མཁན་འཇིགས་མེད་དབང་པོ་ལགས། །འབེན་རྒྱལ་བས་བཞག་ཀྱང་ཐུབ་པར་དཀའ། །ཞེས་ཞལ་ཕོ་ཡང་མཛད། དེ་ཡང་དངོས་སུ་བརྩད་སྐབས་དགེ་བཤེས་པ་རིག་པ་མྱུར་བས་ཐུབ་དཀའ་ཙམ་བྱུང་ཡང༌། རྩོད་ཡིག་གནང་ཚེ་ཁོང་ལ་སྤོབས་པ་དེ་ཙམ་མ་བྱུང་བ་རྩོད་བློ་དང་རྩོམ་བློའི་ཁྱད་པར་ཡིན་ཞེས་འགའ་ཞིག་གླེང་ནའང་གཙོ་བོར་མདོ་སྡེ་རྒྱན་ལས། མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །ཞེས་པ་ལས་བཟློག་པའི་འཕགས་ཆེན་དམ་པའི་རྣམ་པར་ཐར་པའོ། །ལོ་སྔ་ཕྱི་འདི་དག་ཏུ་མཚན་ཉིད་ཞབས་ཕྱི་ཚོར་ཡོངས་འཛིན་ནས་བརྩི་བཞག་མ་གནང་སྐབས་རྗེ་ཉིད་ཀྱིས་བཀའ་ཆོས་གང་འཚམ་རེ་གནང་བས་དཔེ་ཆོས་རིན་ཆེན་སྤུངས་པ། གཏམ་རྒྱུད་རིན་ཆེན་ཕྲེང་བ། བློ་སྦྱོང་གི་སྐོར་འགའ་ཞིག །འདུལ་བ་མེ་ཏོག་ཕྲེང་རྒྱུད། ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་སོགས་ཆོས་རྒྱུན་དཀོན་པ་དུ་མ་ཡང་ཁོང་རྣམས་ནས་ཆོས་གྲྭའི་ཞར་ལ་དཀའ་ཚེགས་མེད་པར་ཐོབ་སྣང་བས། དེ་ནི་ཐོག་མ་ཉིད་ནས་ཐུབ་བསྟན་སྤེལ་བའི་ཐུགས་བསྐྱེད་དང༌། གདུལ་བྱ་རྗེས་སུ་འཛིན་པའི་ཐབས་མཁས་ཟུང་དུ་འཇུག་པའི་མཛད་བཟང་ཡ་མཚན་ཅན་ནོ། །དགུང་ལོ་ཉེར་བཞི་པའི་ལོ་གསར་དང་སྨོན་ལམ་གྱི་བྲེལ་བ་ཆེ་ཕྲ་རྣམས་རིམ་བསལ་གྱི་དཔྱིད་ཐོག་བྱམས་པ་


GTD004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གླིང་ལ་གནས་གཟིགས་སུ་ཕེབས། ལམ་ཁར་རྒན་ཀྱའི་རུ་བ་རྣམས་ཀྱིས་བསྙེན་བཀུར་ཞིང་དབྱིག་ཀྱ་རབ་འབྱམས་པའི་སྐུ་སྐྱེས་ཀྱིས་གཙུག་ཕུད་ཕུལ། དེ་ནས་རིམ་གྱིས་བྱོན་པར་ཡཱ་ཙེ་མཁར་གྱི་རྒྱ་དཔོན་ཞིག་གིས་སྤྱན་དྲངས་ནས། ཞག་ཤས་བཞུགས་ཏེ། མགོན་པོའི་གཏོར་ཆེན་མཛད། དེས་ཀྱང་རྒྱ་ལུགས་ཀྱི་བསྙེན་བཀུར་དང་འབུལ་བ་སྤམ་མཐོ་བ་ཕུལ། རྒྱ་འགའ་ཞིག་ལ་ཆིབས་ཀྱི་རྐང་པ་ས་ལ་མ་རེག་པར་འགྲོ་བའི་མཐོང་སྣང་ཡང་བྱུང༌། དེ་ནས་འབུམ་གླིང་དགོན་པའི་བསུ་བ་སེར་སྦྲེང་སོགས་དང་བཅས་བྱམས་པ་འབུམ་གླིང་དུ་བྱོན། བྱམས་ཆེན་གྱི་མདུན་དུ་ཁྲུས་གསོལ་དང་། བསྟན་པ་རྒྱས་པའི་སྨོན་འདུན་རྒྱ་ཆེར་མཛད་དེ། དེའི་བཀོད་པ་དང་ཆ་ཚད་སོགས་ལ་གཟིགས་རྟོག་ཞིབ་ཏུ་གནང༌། སྒྲོལ་མ་ཕུའི་ལྷ་ཁང་དུ་བྱོན་ནས་ཁྲུས་གསོལ་དང་བསྟན་འགྲོའི་དོན་རླབས་པོ་ཆེ་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་ཞུས། ཚུར་ལམ་ཨ་འགང་ལྷ་ཁང་ལ་རབ་གནས་རྒྱས་པར་མཛད། ཧན་སྟག་ལུང་སོགས་རྒྱ་བོད་ཀྱི་གྲོང་སྡེ་མང་པོས་གདན་དྲངས་པར་འདོད་ཆོས་དང་ཕྱག་དབང་སོགས་ཀྱིས་རེ་འབྲས་བསྐངས་ཏེ་ཕན་བདེའི་ལམ་ལ་སྦྱར། དེ་ནས་ཧོར་ཚང་གི་སྡེ་བ་སོ་སོས་ཀྱང་འབུལ་ནོད་ཞུས་ཤིང༌། ཁྲི་ཆེན་དཔལ་ལྡན་གྲགས་པའི་ཡང་སྲིད་དེར་འཁྲུངས་ཡོད་པའི་གཙུག་ཕུད་བཞེས་ཏེ་མཚན་ལ་འཇིགས་མེད་གྲགས་པ་ཞེས་བཏགས། རིམ་གྱིས་གདན་སར་འབྱོར་ཏེ་ཚོགས་མང་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ཡོངས་རྫོགས། དེའི་རྒྱ་གཞུང་གི་ལུང་དང་བཅས་པ་སྩལ། སྔ་མའི་གསན་སྦྱོང་གི་མུ་མཐུད་དེ་སྐྱོར་སྦྱངས་དང་ཆོས་


GTD004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་གཙོར་འདོན་གནང་བས། རྩོད་པ་ཤིན་ཏུ་དམར་བ་བྱུང༌། དེའི་ཡན་ལག་ཏུ་ལྷག་པའི་ལྷ་དུ་མའི་བསྙེན་མཚམས་མཛད་པར་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་མངོན་དུ་གྱུར། དོན་གཉེར་ཅན་འགའ་ཞིག་ལ་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྩལ་བར་རྟགས་ཡ་མཚན་ཞིང་ཟིལ་ཆེ་བ་བྱུང༌། དེ་ནས་དགུང་ལོ་ཉེར་ལྔ་པ་ཆུ་སྤྲེལ་གྱི་གནམ་ལོ་གསར་དུ་བཞད་པའི་དུས་སྟོན་དང་སྨོན་ལམ་ཆེན་མོའི་ཚོགས་ཆོས་སོགས་ལེགས་པར་གྲུབ་ནས་ལོ་དེར་དབུས་སུ་འབྱོན་རྒྱུའི་གྲ་བསྒྲིགས་མཛད་དོ། །སྨྲས་པ། སྤོང་སེམས་དྲི་མེད་པདྨ་དཀར་པོའི་འདབ། །ཉིས་བརྒྱ་ལྔ་བཅུར་བཞད་པའི་ཀེ་ས་ར། །ལོངས་སུ་སྤྱད་པའི་ཏིང་འཛིན་སྦྲང་རྩི་སྐྱེས། །ཤེས་རབ་སྣང་སྟོང་སྒྱུ་མའི་རྩེ་དགའ་འཛིན། །ཡེ་ཤེས་རང་འོད་ལྔ་པ་དབང་པོའི་གཞུ། །ཟ་འོག་རིས་སུ་བཀྲ་བའི་གུར་ཁང་ནས། །རྣལ་འབྱོར་མ་དཔལ་ཨ་བྷི་ཥིཉྩའི་ཆུས། །གསང་ཆེན་རིགས་བརྒྱའི་རྒྱལ་ཐབས་ཅོད་པན་བཅིངས། །རྒྱུ་འབྲས་ཐེག་པའི་བང་རིམ་མངོན་དགའ་བ། །ཐུབ་བསྟན་ས་འཛིན་དབང་པོར་གྲུབ་པའི་བྱིན། །ཉི་ཟླ་ནོར་བུའི་འཁྲི་ཤིང་བཞད་པའི་རྩེས། །ས་གསུམ་མུན་པ་སེལ་བའི་ཆོ་ག་རྫོགས། །འཆད་རྩོད་རྩོམ་པའི་རྣམ་དཔྱོད་ཀྱིས། །ཆོས་ཀུན་མངོན་པར་བྱང་ཆུབ་ཀྱང༌། །ད་དུང་འགྲོ་བ་བྲིད་པའི་ཕྱིར། །ཚོགས་ཀྱི་ལམ་ནས་བགྲོད་དོ་ལོ། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་ཡུལ་མདོ་སྨད་དུ་
གསན་སྦྱོང་ཇི་ལྟར་མཛད་པ་དང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་སརྒ་སྟེ་ལྔ་པའོ།། །།

དྲུག་པ་དབུས་འགྱུར་ཆོས་ཀྱི་མདུན་ས་ཆེན་པོར་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་གསན་སྦྱོང་གཙོ་བོར་མཛད་པའི་སརྒ།


GTD004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རིགས་བུང་བ་བརྒྱ་ཡི་ཉེར་འཚོའི་གཞི། །རྒྱལ་ཀུན་གསུང་གི་གསང་བའི་མ་ལཱི་ཀ །རྗེས་ཆགས་དཔྱིད་ཀྱི་ལང་ཚོ་དར་བ་མོ། །བདག་ཡིད་དགའ་ཚལ་མཛེས་པའི་རྒྱན་དུ་རོལ། །དེ་ནས་དབུས་སུ་ཕེབས་རྒྱུའི་སྐོར་ལ་ཆེ་བགྲེས་འགའ་ཞིག་གིས་ཀུན་མཁྱེན་གོང་མའི་དུས་ནས་དགའ་མི་དགའ་སྣ་ཚོགས་ཡོད་ཚུལ་གྱིས་འབྱོན་པ་ལ་སྤྱིར་དགག་བྱ་ཡོད་ཚུལ་དང༌། ལ་ལས་སྤྱིར་འབྱོན་རྩིས་ཡིན་ཡང་ལོ་དེར་བོད་ན་ཏ་ལའི་བཱ་ཐུར་བསད་པས་འཁྲུག་གཞིའི་ཟིང་ཆ་མ་ཞི་བར་ཡོད་པས་ཕེབས་པ་མི་འཐད་ཅེས་ཞུ་བ་སོགས་སྒོ་དུ་མ་ནས་བྱོལ་ཐབས་བྱས་ཀྱང་ཟློག་ཏུ་མེད་པ་ནི། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས། ལྷའི་བུ་ཉི་མ་འཆར་བ་ན་དམུས་ལོང་ཉེས་པས་མི་ལྡོག་གོ །དྲི་ཟའི་གྲོང་ཁྱེར་གྱི་ཉེས་པས་མི་ལྡོག་གོ །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སའི་རྡུལ་གྱི་ཉེས་པས་མི་ལྡོག་གོ །ཞེས་པ་ནས། རི་མི་མཉམ་པའི་ཉེས་པས་མི་ལྡོག་གོ །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་དང་སེམས་ཟབ་ཅིང་རྒྱ་ཆེ་བ། བརྣགས་པ་མ་ཞུམ་པ། ཡོན་ཏན་གྱི་སྤྱོད་པ་དང་ཡེ་ཤེས་ཀྱི་སྤྱོད་པ་མཐས་གཏུགས་པ་ནི་སེམས་ཅན་འཁུ་བའི་ངང་ཚུལ་ཅན་གྱི་ཉེས་པས་མི་ལྡོག་གོ །སེམས་ཅན་དམུ་རྒོད་ཀྱི་ཉེས་པས་མི་ལྡོག་གོ །ཞེས་གསུངས་པ་ལྟར་རྐྱེན་ངན་རུ་འཛིང་བ་ཇི་ལྟ་བུ་ཞིག་ཡོད་ཀྱང་ཇི་མི་སྙམ་པར་དམ་པའི་ཆོས་ཚོལ་བ་ལ་དཔའ་ཞིང་རྟུལ་ཕོད་པས་རང་གི་དམ་བཅས་པ་མཐར་སྐྱོང་བ་ནི་འཕགས་


GTD004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དམ་པའི་ངང་ཚུལ་ཡིན་པས་དེ་དག་ལ་གསན་དགོངས་མ་གནང་བར་ཕེབས་རྒྱུར་ཐག་བཅད། དེའི་ཚེ་སྐུ་གོང་མའི་དངོས་སློབ་ཕུན་ཚོགས་བསྟན་འཛིན་པས་དབུས་སུ་ཕེབས་ན་བཞེས་པ་ལ་འཛེམ་དགོས་ཚུལ་ཞུས་པར། ང་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ཡིན་ན་དུག་གིས་ཚུགས་མི་ཡོང་ཞེས་སྔོན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ལ། བཅོམ་ལྡན་སངས་རྒྱས་དུག་མི་མངའ། །ཞེས་གསུངས་པ་ལྟར་འཇིགས་པ་མེད་པའི་གསུང་གིས་དབུགས་དབྱུང་མཛད། ཁོང་ཡང་མི་ཕྱེད་པའི་དད་པ་སྐྱེས་ཏེ་ཚེ་རབས་ཐམས་ཅད་དུ་ཁྱེད་ཀྱི་ཞབས་ལ་འཇུས་པ་ཡིན་ཞེས་འདུལ་བ་ནས་གསུངས་པ་ལྟར་སྒྱིད་པ་ལ་འཁྱུད་པའི་ཕྱག་ལན་གསུམ་བྱས་ཏེ་སྨོན་ལམ་ཤུགས་དྲག་ཏུ་བཏབ། དེ་ནས་སྡེ་ཁྲི་རིན་པོ་ཆེའི་སྤྲུལ་སྐུ་མཁན་ཆེན་དགེ་འདུན་རྒྱ་མཚོའི་སྐུ་ཚར་འཁྲུངས་པ་དེ་ལ་རྗེ་ཉིད་ཀྱི་མནལ་ལམ་དང་བརྟག་བསྒྲིལ་ཀུན་མཐུན་པས་དྲུག་པའི་ཚེས་ལ་གདན་སར་བཀོད། མཁན་ཆེན་རྡོ་རྗེ་འཆང་གི་མདུན་ནས་ལམ་གྱི་གེགས་སེལ་དུ་སྒྲོལ་དཀར་དང་ཁྱུང་ཁྲའི་རྗེས་གནང་ཞུས། དེའི་ཚེ་གྲྭ་མང་ནས་གལ་སྲིད་ཕེབས་ན་ཡང་ལོ་རྗེས་མར་ཕྱིར་འབྱོན་དགོས་ཞེས་ཞུས་ཀྱང་མ་གནང༌། ལྐོག་ནས་ཡུམ་ལ་སྐུ་ཞབས་རིན་པོ་ཆེས་ཁྱེད་ཀྱི་གསུང་མི་གཅོག་པས་སང་ཕོད་ཕྱིར་ཕེབས་རྒྱུའི་ཞལ་མནའ་ཞིག་ཞུ་དགོས་བྱས་པར། སྐུ་ཞབས་ཉིད་གཙོ་བོར་ཁྱེད་ཚོ་ཐུགས་ཀྱིས་མ་བོར་བར་འཇིག་རྟེན་དུ་བྱོན་པ་ཡིན། ཁྱེད་རྣམས་ལས་ལྷག་པའི་རྩི་འཇོག་ཅིག་ང་ལ་ཡོད་དོན་མེད། དབུས་སུ་ཡུན་རིང་བཞུགས་པ་ངས་བློས་མི་ལོངས་པས་ནན་ཚིག་ཅིས་ཀྱང་ཞུ། རྗེ་འཇམ་དབྱངས་བཞད་པ་དེ་


GTD004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྟེང་ཐམས་ཅད་དུ་སྙན་གྲགས་ཀྱིས་ཁྱབ་པ་ཞིག་ཡིན་འདུག་པས། དེའི་སྤྲུལ་སྐུ་ལ་ཆོས་སློབ་མི་དགོས་པར་འདིར་ཕེབས་ཞེས་མནའ་ལ་གཏོད་པ་ནི་ངོ་ཚ་བས་མི་ཕོད་གསུངས་ཏེ། བློ་རྒྱ་དེ་ལྟ་བུ་ཆོས་སྲིད་གཉིས་ཀའི་འགྱིང་བག་ཅན་ཚོ་ལ་ཡང་མ་བྱུང་འདུག །དེ་ནས་ཡུམ་གྱིས་སང་ཕོད་ཕྱིར་ཕེབས་དགོས་ཞེས་ནན་ཏན་དུ་ཞུས་པར་གསལ་ཁ་ཞིག་མ་གནང་བས། འོ་ན་ང་ཡང་རྗེས་སུ་ཞུགས་ནས་འགྲོ་རྒྱུ་ཡིན་ཞུས་པར། དེ་བཟང་ཁྱོད་འགྲོ་ཡང་རྟ་གསུམ་བཞི་ཞིག་དགོས་མོད་ལས་སླ་གསུངས་པས་ཧ་ལས་ཏེ་ཞུ་རྒྱུ་མ་རྙེད། འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་རྣམ་འཕྲུལ་ཡིན་ཏེ། དཔེར་ན་སྐྱེས་རབས་ལས། ང་དང་བྲལ་བས་དེ་ལྟར་མི་དགའ་ན། །ང་དང་ལྷན་ཅིག་ནགས་སུ་ཅིས་མི་འགྲོ། །ཞེས་གསུངས་པ་བཞིན་ནོ། །དབུས་སུ་ཕེབས་པའི་སྔོན་ཙམ་དུ་གྲྭ་མང་ལ་ཆོས་རྒྱལ་གྱི་རྗེས་གནང་ཞིག་སྩལ་བས་གཏོར་མ་ལིང་ལིང་འཕར་བ་ཕལ་ཆེར་གྱིས་མངོན་སུམ་དུ་མཐོང་བ་སོགས་ཤིན་ཏུ་ཟིལ་ཆེ་ཞིང་རྟགས་ཡ་མཚན་པ་མང་དུ་བྱུང༌། དགེ་འདུན་རྣམས་ལ་རང་རང་གིས་ཁས་བླངས་པའི་བསླབ་ཁྲིམས་རྣམ་པར་དག་པ་དང་བླ་མ་གོང་མའི་བཅའ་ཁྲིམས་གཞིར་བཟུང་བའི་སྟེང་ནས། སྐབས་སུ་གང་བབས་ཀྱི་དཔེ་ཆ་འཛིན་སྐྱོར་སྦྱངས་དང་བསླབ་པ་སློབ་གཉེར་བྱེད་ལུགས། མདོར་ན་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་ཡིད་ལ་བཅངས་ཏེ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རང་གཞན་མཐའ་དག་གི་འདི་ཕྱིའི་ལེགས་ཚོགས་ཀྱི་འདུན་མ་མ་འཆུག་པ་བྱེད་དགོས་ཚུལ་གྱི་བསླབ་བྱ་ཞིབ་རྒྱས་རྒན་གཞོན་ཀུན་གྱི་ཡིད་གཏིང་ནས་འཁུལ་ངེས་ཤིག་གནང༌། དེ་ནས་ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་གྱི་ཉིན་གདན་ས་ནས་བླ་


GTD004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་སྣེ། སྤྲུལ་སྐུ་ཆེ་ཁག །དབོན་ཆོས་མཛད་སོགས་ཀྱིས་ཆིབས་སྐྱེལ་དང་བཅས་དབུས་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར། དར་ཡུག་ཐང་གསུམ་གྱི་མཐར་ཆིབས་ཁ་ཕྱིར་བསྒྱུར་སོགས་ཀྱིས་རྟེན་འབྲེལ་བསྒྲིགས། དེ་ཉིན་ཞག་བབས་ཐོག་ཏུ། དཔོན་སློབ་བློ་བཟང་དར་རྒྱས་པས། ཆིབས་དཀར་པོ་གཅིག །དབུ་གདུགས་དཀར་པོ་གཅིག །དར་དཀར་ཡུག་བཅས་ཕུལ་བས་ལེགས་པའི་ལྟས་སུ་དགོངས། དེ་ནས་རིམ་གྱིས་ཕེབས་པར་པཎ་ཆེན་ལ་རྩ་ནས་མཁན་ཆེན་རིན་པོ་ཆེས་ངས་པཎ་ཆེན་ལ་རྩ་བར་དུ་བསྐྱལ་བ་འདི་ཁྱེད་ལ་པཎྚི་ཏ་ཆེན་པོ་ཞིག་འོང་བའི་རྟེན་འབྲེལ་ཡིན་ཞེས་འབྱུང་འགྱུར་དང་མཐུན་པའི་རྟེན་འབྲེལ་བསྒྲིགས་ཏེ་ཕྱིར་བྱོན། དེ་སྐབས་རྗེ་ཉིད་ནས་སྐྱབས་འཇུག་ཞུས་ཏེ་སྤྱན་ཆབ་ན་བཟའ་བང་བ་ཙམ་བཏང་ནས་འབྲལ་མི་ཕོད་པར་མཛད། ཚུལ་འདི་ནི་གཞོན་ནུ་ནོར་བཟང་གི་རྣམ་པར་ཐར་པ་ལས། དགེ་བའི་བཤེས་གཉེན་ལས་འོངས་པའི་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་ལྟ་ཞིང་གདོང་མཆི་མས་གང་བར་ངུ་སྟེ་དྲ་བྱི་ལ་སྤྲིན་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་ཡང་ཡང་བལྟ་སྟེ་ཕྱག་འཚལ་ཞིང༌། དྲ་བྱི་ལ་སྤྲིན་གྱི་དྲུང་ནས་སོང་ངོ༌། །ཞེས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཞིག་ཡིན་ཏེ་ཆོས་ཀྱི་འདུ་ཤེས་ཁོ་ནས་འདི་ལྟར་བྱེད་པ་ནི་དེང་དུས་མཐུན་སྣང་དུ་གྲུབ་པ་རྗེ་འདི་ཉིད་ཙམ་མོ། །དེ་ནས་དཔོན་ཚང་ཨུརྒེར་ཕེབས་ཏེ་ཞག་ཤས་བཞུགས་པར་དད་ལྡན་དུ་མས་དངོས་འབུལ་བསྟབས། དཔོན་མོ་ཨེར་ཁེ་ཤ་རས་དབུས་སུ་ཕེབས་ན་ཨམ་བན་ལ་ཞུ་དགོས་ཚུལ་དང༌། མཁན་ནང་


GTD004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྗེས་ཟིན་ས་མེད་ལུགས། མགོ་ལོག་གི་ཇག་པ་ཡོད་ཚུལ་སོགས་ཁ་ཡ་རབས་དང་སྤྱོད་པ་མ་རབས་ཀྱི་དཔེ་ལྟར་ཡང་དག་པ་མ་ཡིན་པའི་ཀུན་སློང་གིས་བསྐྱེད་པའི་ཟོལ་གཏམ་མང་དུ་ཞུས་ཀྱང༌། ཤེས་རབ་བརྒྱ་པ་ལས། གང་དག་ཚིག་ཏུ་སྙན་སྨྲ་ཞིང༌། །སྙིང་ལ་གཞན་ཞིག་འགོད་བྱེད་པ། །རི་དྭགས་གཟུགས་ཅན་སྟག་ལྟ་བུ། །དེ་བས་ཡིད་བརྟན་གནས་མ་ཡིན། །ཞེས་པའི་དོན་ལྟར་དགོངས་ཤིང༌། ཕ་རོལ་པོའི་བསམ་པ་དང་མ་འོངས་པའི་འབྱུང་འགྱུར་མངོན་སུམ་དུ་གཟིགས་པའི་སྟོབས་ཀྱིས་གསུང་ལན་བབས་འོས་གང་ཡིན་ཐོགས་མེད་དུ་གནང་ནས་རྨེག་མེད་མཛད། དཔོན་ཚང་ནས་ཀྱང་དངུལ་སྲང་བརྒྱ་སོགས་ཕེབས་རྫོངས་གྲངས་མང་ཙམ་ཞུས་ཏེ། དར་ཧན་ཐོག་ཆི་དང༌། སྡེ་པ་བླ་མ་གཉིས་ཞབས་ཕྱིར་མངགས། དེ་ནས་བྱོན་པའི་ལམ་དུ་བོད་རྗེ་ཁྲི་རལ་གཉིས་པ་པེའི་སི་བཱ་ཐུར་དཱེ་ཆིང་རྣམ་རྒྱལ་ཚེ་རིང་ལ་དགོན་པའི་ལས་དོན་ཆེད་གཉེར་གྱིས་གཏད་པར་བདག་མཚོ་སྔོན་གྱི་དཔོན་པོ་ཞིག་གིས་ས་ཐག་རིང་འདིར་ཕན་ཐོགས་དཀའ་བས་ཨེར་ཁེ་ཤ་ར་ལ་གསུང་ན་དགའ་ཞུས་པར། དེ་མི་དགོས་ཁྱེད་ཀྱིས་སེམས་ལ་བཟུང་ན་དེས་ཡོང་གསུངས། གཞན་འགའ་ཞིག་གིས་ཀྱང་མཛེས་ལམ་ཙམ་དུ་ཡིན་རུང་དཔོན་མོ་ལ་བཅོལ་དམ་ཞིག་གནང་དགོས་ཞུས་ཀྱང་མ་གསན་པ་ནི་ཁོང་ཚོའི་སེམས་ལ་ཅི་འདྲ་ཡོད་ཀྱང་སླར་སྦྲུལ་གྱི་མདུད་པ་ལྟར་རང་ཞིག་ཏུ་སོང་སྟེ། ཕན་གནོད་གང་གི་ཡང་ལོང་མེད་པ་དང༌། དེ་རྗེས་གོང་མའི་ལུང་གིས་རེ་ཞིག་ཝང་གི་བསྟན་སྲིད་མཐའ་དག་པེའི་སི་རང་ནས་མཛད་དགོས་པའི་འབྱུང་འགྱུར་མངོན་སུམ་དུ་གཟིགས་པ་ཡིན་ཏེ། སྔོན་ཆོས་རྗེ་དོན་གྲུབ་རིན་ཆེན་ནས། མདོ་སྨད་ན་བཞུགས་སྐབས་བྱང་


GTD004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པའི་ཡིག་ལན་དུ་དཀོན་གཞོན་པ་ལ་ཞེས་བསྐུར་བ་འཁྱེར་མི་རྣམས་དབུས་སུ་འབྱོན་དུས་བྱང་སེམས་པ་འདས་ནས་དཀོན་གཞོན་གདན་སར་འཁོད་པ་དང་ཐུག་པ་བཞིན་ནོ། །དེ་ནས་ཆིབས་བསྒྱུར་བས་མཁན་ནང་སོགས་དང་དུས་བསྒྲིག་པ་ལྟར་འཕྲོད་དེ། འབྲས་སྤུངས་དགེ་བཤེས་ཡངས་པ་ཅན་ཟེར་བས། ཁ་སང་ཐམས་ཅད་ཀྱིས་སྐུ་ཞབས་རིན་པོ་ཆེ་ལ་ག་འདྲ་ཞུས་སོང༌། ད་མངོན་མཁྱེན་ཇི་འདྲ་རེད་ཅེས་ཡང་ཡང་གླེང༌། དེ་ནས་རྨ་ཆུར་ཐོན་ཏེ་རིམ་གྱིས་ཕེབས་པ་ན། ཇི་སྐད་དུ། བ་ད་རའི་གླིང་དུ་བགྲོད་པའི་ཡལ་འདབ་ལས། གང་ཞིག་མཁར་སྙོག་རི་བོ་སུལ་བཅས་དག་ལ་རྩེ་དགས་བ་གམ་ལ་འཛེགས་དང༌། །གང་ཞིག་ཆུ་ཚོགས་འཁྲུག་ཅིང་གྱེན་འཐོར་རྒྱ་མཚོ་དག་ལ་རོལ་པས་བ་ལང་རྗེས། །གང་ཡང་ནགས་ཚལ་སྟུག་པོའི་ཁྲོད་ལ་དགའ་བདེར་ཁང་པའི་ཐང་བཞིན་འགོད་བྱེད་པ། །དེ་ནི་བདག་ཉིད་ཆེ་རྣམས་སྙིང་སྟོབས་ཀྱིས་བསྒྲུབས་རྒྱས་པའི་བརྩོན་འགྲུས་རྣམ་རྩེན་ཡིན། །ཞེས་བཤད་པ་ལྟར་གྱི་རྩེ་མོ་མཁའ་ལ་བསྙེགས་བའི་རྫ་རི་དང་སྤང་རི། རྦ་རླབས་འཁྲི་ཤིང་གཡོ་བའི་ཆུ་ཀླུང་དུ་མ། ཕ་མཐར་ཕྱིན་པར་དཀའ་བའི་མྱ་ངམ་གྱི་ཐང་ལ་སོགས་པ་བགྲོད་པར་དཀའ་བའི་གནས་མཐའ་དག་ལ་ཡང་ཆོས་ཀྱི་དོན་དུ་འགྲོ་བའི་ཕན་ཡོན་གྱིས་ཐུགས་དྲངས་པའི་སྤྲོ་ཤུགས་དང་བཅས་ཏེ་བྱོན་པས་ཟླ་བ་དགུ་པའི་ཚེས་ལ་ནག་ཆུར་འབྱོར། དེའི་བཅུ་གསུམ་ལ་འདི་ཀའི་གྲྭ་རྒྱུན་དེར་ཡོད་པ་རྣམས་ཀྱང་འཕན་ཡུལ་དུ་བསུ་བར་འོང་བ་ལ་ཞབས་འབྲིང་རྣམས་ནས་ཁྱེད་ཚོས་སྐུ་ཞབས་དབུས་སུ་བཞུགས་དགོས་ཞུ་མི་ཉན་ཞེས་


GTD004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་ཏུ་བཤད་པས། དེ་རྣམས་མཇལ་སྐབས་རྗེ་འདིས་དེ་འདྲའི་གླེང་བསླང་ཡང་གསལ་ཆ་ཞུ་མ་ཕོད་པར། བསོད་ནམས་དབང་རྒྱལ་གྱིས་ཀུན་མཁྱེན་གོང་མས་གང་གནང་དེ་འདྲ་ཞིག་མཛད་མོད་ཟེར་གྱིན་འདུག་ཞུས་པས་དེ་ཀ་རང་ཡིན་གསུངས་ནས་དགྱེས་ཚོར་མཛད། བསོད་ནམས་གྲགས་པར་ཁབ་སྐུད་བརྒྱུས་པ་འགའ་བསྐུར་ཏེ། རྒྱུད་པ་མཁན་པོ་བློ་བཟང་ཤེས་རབ་ལ་ང་དབུས་སུ་སློབ་གཉེར་བྱེད་འདོད་ཆེ་བས་ཁྱེད་ཀྱིས་བཀྲ་ཤིས་འཁྱིལ་བ་ཚོར་དེ་ལུགས་གསུང་དགོས་ཞེས་འཕྲིན་བསྐུར་བས་ཁོང་ཡང་དགྱེས་ནས་དེ་བཞིན་མཛད། དགའ་ལྡན་སྣ་སྐོར་བརྒྱུད་དེ་བྱོན་པས་རྒྱུད་སྨད་མཁན་པོ་བློ་བཟང་ཤེས་རབ། སྒོ་མང་མཁན་པོ་སངས་རྒྱས་རྡོ་རྗེ། གཞུང་གི་བསུ་བ་འགའ་ཞིག་དང་བཅས་འབྱོར་ཏེ་རིམ་གྱིས་ཇོ་བོ་ཤཱཀྱ་མུ་ནེའི་ཞབས་སེན་ཉི་འོད་ཆགས་པ་དཔལ་གྱི་ཆོས་འཁོར་ལྷ་སར་འབྱོར། ཇོ་བོ་རྣམ་གཉིས་དང༌། རང་བྱོན་ལྔ་ལྡན་སོགས་ལ་རྟེན་མཇལ་ཞིབ་རྒྱས་དང༌། མཆོད་པ་རྒྱ་ཆེར་ཕུལ་ཏེ་ཐོས་བསམ་སྒོམ་པའི་བྱ་བ་མཐའ་དག་གེགས་མེེད་དུ་འགྲུབ་ནས་བསྟན་འགྲོའི་ཕན་བདེ་སྤེལ་བའི་སྨོན་འདུན་གྱིས་མཚམས་སྦྱོར་གནང། སྔོན་ནས་ཐུགས་བསྐྱེད་ལྷན་ཅིག་པའི་རྟེན་འབྲེལ་གྱིས་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་དང༌། པཎ་ཆེན་སྣང་བ་མཐའ་ཡས་བློ་བཟང་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ཞལ་འཛོམ་དུ་བཞུགས་པ་དང་དུས་འགྲིག་པས་ཡབ་སྲས་གཉིས་ཀར་འབྱོར་ཕྱག་ཞུས་པ་ན། སོ་སོ་ནས་དགྱེས་གཟིགས་ཀྱིས་བཀའ་ཁྱབ་ལྷུག་པར་སྩལ། རྒྱུད་སྨད་མཁན་པོས་ཀྱང་གདན་དྲངས་ཏེ་


GTD004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་ལེན་ཞུས་ཤིང་ནང་ལུགས་ཀྱི་བཀའ་བགྲོས་ཞིབ་པར་མཛད། དེ་ནས་ཟླ་ཚེས་དགེ་བར་བསིལ་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་མེ་ཏོག་ཕོག་པའི་ལྷ་གཅིག །རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་དྲུང་དུ། མཎྜལ་དར་ཚོན། ན་བཟའ་ཉེར་སྤྱད་སོགས་དང༌། རྡོ་ཚད་བཅུ་གསུམ། རྟ་བརྒྱ་སོགས་ཀྱི་དངོས་འབུལ་བཏེག་སྟེ་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་དོན་ཟབ་ཅིང་འདུས་ཆེ་ལ་གནད་ཐོག་ཏུ་ཁེལ་བ། ཚིག་སྙན་ཞིང་འབྲེལ་ཆགས་ལ་ཟུར་ཕྱིན་པ་ཞིག་ཞུས་པས། མཁས་པ་ལེགས་བཤད་གཏམ་གྱིས་མགུ །ཞེས་པའི་ཡུལ་དང༌། ཡ་རབས་མཁས་པ་དགའ་བའི་སྐྱེས་སུ་བསྔགས་པའི་དངོས་པོ་གཉིས་ཀ་འཛོམ་པས་རྒྱལ་བའི་དབང་པོ་མཆོག་ནས་ཐུགས་ཤིན་ཏུ་ཕྲོགས་པའི་ཉམས་ཀྱིས་དགྱེས་ཚོར་དཔག་མེད་མཛད་ཅིང༌། དེ་ནས་བཟུང་སྟེ་སྐྱེས་སྤྲུལ་ཐམས་ཅད་ལས་ཁྱད་དུ་ཐོན་པའི་སྤྱན་བསྐྱངས་བླ་ན་མེད་པ་གནང༌། དེ་སྐབས་རྒྱུད་སྨད་མཁན་པོ་རང་ནས་ཀྱང་བསླབ་ཡར་མཛད་ཅིང༌། ཁོང་གིས་མཚམས་སྦྱར་ཏེ། རྒྱལ་དབང་རིན་པོ་ཆེ་ནས་རྗེ་འདི་ལ་ཆོས་གྲྭར་ཐུགས་གཉེར་མཛད་དགོས་ཀྱི་བཀའ་ནན་བབས་པར་བརྟེན་བཞུགས་རྒྱུར་ཐག་བཅད། བཅུ་པའི་ཚེས་ལ་འཕགས་ཡུལ་གྱི་ཤྲཱི་དྷ་ན་ཀ་ཊ་ཀ་གཉིས་པ་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་གྲྭ་ཚང་བཞི་ཡོད་པའི་ཡ་གྱལ་མཁས་མཆོག་གདེངས་ཅན་བྱེ་བའི་རོལ་མཚོ་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་འཛིན་གྲྭ་གཞུང་གསར་ནས་ཞུགས། སྦྱངས་པའི་ཡོན་ཏན་མཐར་ཕྱིན་པ་མཁན་ཆེན་སངས་རྒྱས་རྡོ་རྗེའི་མདུན་ནས་རྩི་གཞག་གསན་ཅིང༌། གཞུང་བརྒྱ་སྨྲ་བའི་ཁྱུ་


GTD004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཀླུ་འབུམ་བློ་བཟང་དར་རྒྱས་དགེ་རྒན་དུ་བསྟེན། དེ་སྐབས་ཚོགས་ཆེན་ལ་དངུལ་ཞོ་འགྱེད་དང༌། གྲྭ་ཚང་ལ་ཊཾ་རེ་ལྷ་དར་དང་བཅས་པའི་འགྱེད་གནང༌། གྲྭ་ཚང་ནས་ཀྱང་གསོལ་སྟོན་ཞུས་ཤིང་རྒྱུན་པར་བཞུགས་ཁྲིར་བཞུགས་དགོས་ཚུལ་སོགས་ཀྱི་ཕུ་དུད་བླ་ལྷག་ཏུ་ཞུས་པར་ཉིན་ཁ་ཤས་དེར་བཞུགས་ཀྱང་རྗེས་སོར་དེ་ལས་དགེ་བཤེས་རེ་དང་ལྷན་དུ་བསྡད་ནས་དོགས་པ་གང་སྐྱེས་འཕྲལ་དུ་བཅད་ན་དེ་ཀ་ཐོབ་ཆེ་གསུངས་ཏེ་དེ་བཞིན་མཛད། འདི་ཡང་ཆོས་ཚོལ་བའི་རྣམ་ཐར་ངོ་མཚར་བ་ཞིག་ཡིན་ཏེ། དེང་དུས་ཕལ་ཆེར་ཁྲི་མཐོན་པོ་དང༌། དགེ་འདུན་གྱི་བསྒྲིག་ལམ་ལྟར་གྱི་ལས་སུ་མི་བསྐོ་བའི་བག་ཡངས་དང༌། གྲྭ་བགྲེས་རྣམས་ཀྱིས་ཀྱང་བཀུར་དགོས་པའི་དམིགས་བསལ་ཅན་ཁོ་ན་འདོད་པ་ནི་ཆོས་ཚོལ་བའི་གེགས་ཀྱི་གཙོ་བོ་ང་རྒྱལ་གྱི་བྱེད་ལས་ཡིན་པར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སྟན་མཐོན་པོ་འདོད་པ་དང༌། གཅེས་ཏེ་ལས་སུ་མི་བསྐོ་བའི་ཆོས་ཚོལ་བ་དང༌། གཞན་གྱི་རིམ་གྲོ་བྱ་བར་སྡོད་ཅིང་མངོན་པར་དགའ་བ་དང༌། གནས་བརྟན་རྒན་པ་ཚངས་པ་མཚུངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པ་རྣམས་ལ་མི་ལྡང་ཞིང་མི་བརྩི་བ་དང༌། བསྙེན་བཀུར་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །ཞེས་གསུངས་ཤིང་དེ་ལྟ་བུའི་ང་རྒྱལ་དེ་ཉིད་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་ཡིན་ཚུལ་ཡང་བྱང་ས་ལས། ངའོ་སྙམ་པའི་ང་རྒྱལ་ལ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་བསྟེན་ཏེ། གཞི་གསུམ་པོ་དེ་དག་གིས་འཇིག་རྟེན་ཐམས་ཅད་ཀྱི་འཇུག་པའི་ཕྱོགས་མ་ལུས་པར་བརྟེན་པ་ཡིན་ནོ། །ཞེས་གསུངས་ཏེ། དཔྱོད་ཤེས་པ་ཞིག་གིས་དཔྱད་ན་ཤིན་ཏུ་འགང་ཆེ་བས་ཟུར་ཙམ་སྨོས་པ་ཡིན་ནོ། །དེ་ནས་


GTD004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སེ་རར་མང་འགྱེད་བཏང་སྟེ་ཕུར་བུ་ལྕོག་ཏུ་ཕེབས། བླ་མ་བྱམས་པ་རིན་པོ་ཆེའི་དྲུང་དུ་མཇལ་ནས་ཆོས་འབྲེལ་ཞིག་ཞུས་པར་དུས་ངན་གྱི་སྐུ་སྐྱེ་ཚོ་གསུངས་པ་སོགས་སྐྱོན་གཏམ་ཁོ་ན་གསུངས་ཏེ་ཆོས་མ་གནང༌། ཕྱིས་བསྐྱར་ནས་ཕེབས་ཏེ་ཞུས་པར་ཡང་སྔ་མ་བཞིན་དམའ་འབེབས་ཁོ་ན་མཛད་ཀྱང་མ་གུས་པའི་ཉམས་ཙམ་ཡང་མེད་པར་ནན་ཏན་གྱིས་ཞུ་བ་ཕུལ། དེ་ནས་ཉིན་གཅིག་མདུན་དུ་འབོད་མི་བཏང་ནས་ཕེབས་པར་དགྱེས་ཉམས་དཔེ་མེད་མཛད་དེ། ཁྱེད་ཁོང་ཁྲོ་ལང་རྒྱུ་མེད་པའི་སྤྲུལ་སྐུ་ཞིག་རེད། གཞན་ཚོ་ལ་དེའི་ཆ་ཙམ་རེ་བཤད་ན་ཡང་ངོ་མདོག་ཚོ་འགྱུར་ནས་འགྲོ་གིན་འདུག་གསུངས། དེ་ཉིན་སྒྲོལ་དཀར་གྱི་ཚེ་ཁྲིད་ཅིག་གནང་ཞིང༌། དེ་ནས་བཟུང་བཀའ་ཆོས་གང་ཞུས་ཐམས་ཅད་ཆེད་གཉེར་གྱིས་གནང་སྟེ་སྲས་ཀྱི་ཐུ་བོ་གཅིག་པུར་གྱུར། ཕུར་བུ་ལྕོག་ཏུ་བཀའ་ཆོས་སྐབས་མང་པོར་ཡང༌། དེང་སང་གི་སྐུ་སྐྱེ་ཚོ་སྐྱེ་བ་རེ་བླངས་ཀྱིན་ཇེ་ངན་དུ་འགྲོ་གསུངས་ནས་བཀའ་བཀྱོན་ཏེ། འཇམ་དབྱངས་བཞད་པ་ཚང་དེའི་གྲངས་ལ་བཞག་རྒྱུ་མིན་ཞེས་ཀྱལ་ཀ་ཡང་མཛད་སྐད། ཕྱིས་སུའང་རྗེ་ཉིད་ཀྱི་ཞལ་ནས་ང་ལ་ཆོས་མི་གནང་བར་མ་ཟད་ཁྱོད་སྐུ་སྐྱེའི་རིགས་འདི་ཨོ་ཟོབ་ཟོབ་བྱས་བཞག་ན་མཛེས། གཞན་ཅི་ཡང་མི་ཡོང་གསུངས་པ་སོགས་སུན་འབྱིན་མང་པོ་མཛད་ཀྱང་རང་ལ་ཆོས་ཀྱི་སྒྲིབ་པ་ཡོད་པས་ལན་སྙམ་པ་མ་གཏོགས་མི་གུས་པ་མ་སྐྱེས། བླ་མ་ཐུགས་མཉེས་ཏེ་ཆོས་ཀྱི་ཐོག་མ་སྒྲོལ་དཀར་གྱི་ཚེ་ཁྲིད་ཅིག་གནང་བས་ཚེ་ཡང་དགའ་པོ་བྱུང་བ་འདི་བླ་མའི་ཐུགས་རྗེ་ཡིན་གསུངས། དེ་ནས་དགའ་ལྡན་དུ་ཕྱག་ཕེབས་ཏེ་གསེར་


GTD004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རིན་པོ་ཆེ་མཐོང་བ་དོན་ལྡན་གྱི་གཙོས་རྟེན་རྣམས་ལ་ཞིབ་ཏུ་མཇལ། སྙན་ཤལ་དང་མཆོད་པ་རྒྱས་པར་ཕུལ་ནས་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། ཁྱད་པར་དུ་ཆོས་རྒྱལ་ལ་བསྟན་པ་སྤྱི་དགོས་ཀྱི་བགེགས་རིགས་གཞོམ་པ་དང་མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་ནན་ཏན་དུ་བཅོལ། དེའི་ཚེ་རྒྱལ་དབང་ཐམས་ཅད་མཁྱེན་པ་ནས་ཀྱང་པཎ་ཆེན་མཆོག་གི་སྤྲུལ་བའི་སྐུ་ལ་དབང་ལུང་མན་ངག་གི་སྒོ་བརྒྱ་ཕྱེ་སྟེ་ཆོས་ཀྱི་ཆར་འབེབས་བཞིན་པའི་སྐབས་སུ་ཡོད་པས་རྗེ་ཉིད་ཀྱང་མྱུར་བར་བྱོན་ཏེ་ཟླ་བ་ཕྱེད་གཉིས་ཙམ་གྱི་བར་པཎ་ཆེན་ཐམས་ཅད་མཁྱེན་པ་དང་ལྷན་དུ། བ་རི་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ། སྣར་ཐང་བརྒྱ་རྩ་གསུམ་རང་རང་གི་རྒྱ་གཞུང་གི་ལུང་དང་བཅས་པ། མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང༌། ཕྲེང་བ་སྐོར་གསུམ་དང་ཀྲྀ་ཡ་ས་མུཙྪའི་ལུང༌། རྒྱལ་དབང་ཉིད་ཀྱི་བཀའ་འབུམ་སོགས་ཆོས་ཀྱི་བདུད་རྩིའི་བགོ་སྐལ་རྒྱ་ཆེར་བཞེས། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞབས་པད་ནས་ཀྱང༌། བླ་མའི་རྣལ་འབྱོར་སོགས་ཆོས་འགའ་ཞིག་གསན། དེ་ཡང་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོས་རྗེ་འདི་ཉིད་ལ་དང་པོ་རང་ནས་བཟུང་ཐུགས་ནང་གཤིན་པས་དགྱེས་ཉམས་མཛད་ཚུལ་གཞན་གྱིས་བློར་མ་ཤོང་བ་ཞིག་ཡོད་པ་ཀུན་ལ་གྲགས་པ་ལྟར་ཡིན་ཞིང༌། དེའི་རྒྱུ་མཚན་ནི། བདག་ཅག་ལས་དང་པོ་བ་རྣམས་ཀྱིས་དཔོག་ནུས་པ་ཞིག་ཡིན་ཚོད་མི་སྣང་སྟེ། རྗེ་གྲུབ་པའི་དབང་ཕྱུག་ཀློང་རྡོལ་བླ་མ་རིན་པོ་ཆེས་ནི་པཎ་ཆེན་གོང་མ་དེ་ཉིད་རྗེའི་རྣམ་འཕྲུལ་ཡིན་གསུངས་པ་བདག་གིས་དངོས་སུ་ཐོས། དགུང་ལོ་ཉེར་དྲུག་གི་ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་ཕེབས་ནས་སྨོན་


GTD004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གསུང་ཆོས་དམ་བཅའ་སོགས་ལ་འཆག་མེད་གནང་སྟེ་སྨོན་འདུན་དང་དོགས་གཅོད་མཛད། སྨོན་ལམ་གྲོལ་ནས་རྒྱལ་བའི་མདུན་དུ་འཇམ་དཀར་གྱི་རྗེས་གནང་ཞིག་ཞུས། དེ་ནས་འབྲས་སྤུངས་སུ་ཕེབས་ཏེ་ཆོས་གྲྭ་འཆག་མེད་དང་འཛིན་གཤར་སྦྱངས་འཕགས་བོད་ཀྱི་གཞུང་ལུགས་དུ་མར་གཟིགས་རྟོག་སོགས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད། དེ་སྐབས་གསོལ་དཔོན་བློ་བཟང་དར་རྒྱས་ཀྱིས་མཚན་མོ་ཕྱག་དཔེ་གང་དགོས་བླངས་ནས་ཕུལ་ཏེ་བར་མཚམས་སུ་གཟིམས་ཆུང་གི་སྒོ་ཐེམ་ལ་སྙེས་ནས་གཉིད་དུ་སོང་བས་མཚན་ཐོག་ཐག་འདས་པ་མང་དུ་བྱུང་འདུག །ཐང་གཅིག་བཀའ་རམས་འཛིན་གྲྭར་དམ་བཅར་བྱོན་པས། མངའ་རི་རིང་མོ་ཟེར་བའི་དགེ་བཤེས་ཤིག་བཞེངས་ཏེ། དང་པོ་ངར་ངར་བྱས་ཀྱང་རྗེས་སུ་བགྲོ་གླེང་ཆེར་མ་སོང་བས་ཞལ་རྩེད་ཀྱི་ཚུལ་དུ། ཁྱོད་ལ་ཡོན་ཏན་ཆེན་པོ་མི་འདུག་སྟེ། ཁྲི་མཐོན་པོ་ཞིག་གི་སྟེང་དུ་སྡོད་རྒྱུ་ཡིན་ན་པམ་པོ་ཡོང༌གསུངས་པས་ཕྱིས་སུ་ཁོང་རྒྱུད་པའི་ཁྲི་དང་ཤར་རྩེའི་མཁན་པོ་སོགས་རིམ་པར་ཕེབས་སྐབས་ང་འདིར་འཁོད་རྒྱུ་འདི་ཀུན་མཁྱེན་འཇམ་དབྱངས་བཞད་པས་དེ་དུས་ལུང་བསྟན་ཡོད་ཅེས་གྲྭ་པ་མང་པོར་གསུངས་འདུག །དབྱར་ཆོས་ཀྱི་སྐབས་བློ་གསལ་གླིང་གི་འདུལ་བའི་འཛིན་གྲྭ་ལ་དམ་བཅར་བྱོན་པས་ཁོང་རྣམས་ཀྱིས། དགེ་འདུན་ཉི་ཤུའི་མགོ་མཇུག་ཐམས་ཅད་ནས་བཏང་བར་ལན་ཐོགས་མེད་དུ་གནང་བས་ཀུན་གྱིས་ཡིད་ཕྲོགས་ཏེ་གུས་འདུད་ལྷུར་བླངས། བློ་གསལ་གླིང་གི་གྲྭ་པ་ཕལ་ཆེར་ནས་རྒྱུན་ལྡན་བཀའ་ཆོས་ཀྱང་མང་དུ་ཞུས་སྣང༌། འདི་ལོ་རྒྱལ་


GTD004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐམས་ཅད་མཁྱེན་པ་འབྲས་སྤུངས་སུ་དབྱར་ཞལ་བཞེས་མཛད་པས། རྗེ་ཉིད་ནས་གསོལ་བ་བཏབ་སྟེ་བྱང་ཆུབ་བདེ་ལམ་གྱི་ཁྲིད་དྲུག་པའི་ཉི་ཤུ་བཞི་ནས་བཟུང་ཉིན་ཉི་ཤུའི་བར་དུ་དགེ་འདུན་ལྔ་སྟོང་ཙམ་ལ་སྨིན་རྒྱས་སུ་སྩལ། དེ་གྲུབ་པར་ཉེ་བའི་སྐབས་ཤིག་རྩེ་དྲུང་འགའ་ཞིག་ནས། རྒྱལ་དབང་རིན་པོ་ཆེར་འགྲེལ་པ་བཞི་སྦྲགས་ཤིག་ཀྱང་གནང་བཞེད་ཆེ་བར་འདུག་པས་ཁྱེད་ཀྱིས་ཞུས་ན་ལེགས་ཞེས་གྲོས་བཏབ་པར། དེ་ཀ་འདོད་ཀྱང་འབྱོར་པ་ཞན་པས་མ་ཕོད་གསུངས་པར། དེ་ལ་ལྟོས་པ་མེད་ཚུལ་གླེང་བ་བཞིན་གོང་སར་སྙན་སྒྲོན་ཞུས་པས་དགྱེས་ཚོར་ཚད་མེད་མཛད་དེ། གྲྭ་གྲངས་ལྔ་བརྒྱ་སྐོར་ལ་ཟླ་བ་ཕྱེད་གཉིས་ལྷག་ཅིག་ཏུ། གསང་ཆེན་རྒྱུད་སྡེ་ཐམས་ཅད་ཀྱི་བླ་མ། མདོ་སྡེ་ཐམས་ཅད་ཀྱི་ཟ་མ་ཏོག །དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད། ཟླ་བའི་འགྲེལ་པ་སྒྲོན་གསལ་དང་བཅས་པའི་དགོངས་དོན་རྗེ་བདག་ཉིད་ཆེན་པོའི་དཀྱུས་མཆན། ཟུར་མཆན། བསྡུས་དོན། མཐའ་དཔྱོད་དང་བཞིའི་སྒོ་ནས་ལེགས་པར་བཀྲོལ་ཏེ་རྩ་བཤད་ཀྱི་ཁོག་ཕུགས་པའི་བཤད་པ་འབྱམས་ཀླས་ཤིང་མཐིལ་ཕྱིན་པ་རྒྱུད་མཆོད་རྒྱུད་གཏད་དང་བཅས་པ་ཕྱག་ལེན་བཞིན་གནང་བས། མཐའ་དྲུག་ཚུལ་བཞིའི་མདུད་རྒྱ་གྲོལ་ནས་རྒྱུད་ཀྱི་དགོངས་དོན་མཐར་ཐུག་པ་ཚེ་གཅིག་ཉིད་ལ་ཟུང་འཇུག་གི་གོ་འཕང་སྒྲུབ་པའི་ལམ་གྱི་གནད་མཐའ་དག་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད། དེ་སྐབས་རྗེ་རིན་པོ་ཆེའི་ཕྱག་དཔེ་ངོ་མ་ཞིག་གིས་འགྲེལ་དབང་གནང་སྟེ་མཇུག་ཏུ་ཕྱག་དཔེ་དེ་ཀ་ཉིད་ལ་ཕྱག་བདར་ཏེ་གནང་བ་ཡང་དཀྱུས་ཀྱི་དཔེ་སྲོལ་ཙམ་ཞིག་མ་ཡིན་པར་རྗེ་བླ་མའི་གསང་ཆེན་གྱི་བསྟན་པ་འདི་ཉིད་ངེས་པའི་དོན་དུ་གཏད་


GTD004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང༌། ཡོན་དུ་དངུལ་སྲང་སུམ་བརྒྱས་མཚོན་པའི་དངོས་འབུལ་ཡང་འབྱོར་བསྟུན་གྱིས་གང་གཟབ་ཞུས། རྒྱལ་དབང་རིན་པོ་ཆེ་སྒོ་མང་ཆོས་གྲྭར་ཕེབས་ཉིན་དགེ་བཤེས་སྙན་གྲགས་དམ་བཅར་བསྡད་དེ། རྗེ་འདིས་ཆོས་ཕུང་གི་ཚད་དང་འཇོག་ཚུལ་སོགས་ལས་བརྩམས་པའི་བགྲོ་གླེང་གནང་བར། ཁོང་གི་ཁས་ལེན་བྱེ་མའི་འཆིང་བུ་ལྟར་ཞིག་ནས་གར་འགྲོ་གཏོལ་མེད་དུ་གྱུར་པས་སྐྱེངས་དྲགས་ཏེ་ལོ་ཤས་རྗེ་འདི་ལ་གཏམ་ཡང་མི་འདྲེ་བར་བྱེད་དོ། །དེ་ནི་རིན་ཆེན་ཕྲེང་བར། ཞེ་སྡང་ཤ་རུལ་སྒྲེག་པ་དེ། །ང་རྒྱལ་མ་ཞུ་སྟོན་བྱེད་ཡིན། །ཞེས་རྟོག་གེ་མགོ་མཁྲེགས་ཕལ་ཆེར་གྱི་སྤྱི་ལུགས་ཡིན་ལ། འོན་ཀྱང་ཕྱིས་སུ་རྗེ་འདི་ལ་ཤིན་ཏུ་གུས་པའི་སློབ་མར་གྱུར་ཏེ། སྐྱེས་རབས་ལས། ཟླ་བའི་འོད་པས་གསལ་བའི་ཡོན་ཏན་ནི། །དགྲ་བོ་མི་བཟོད་དྲེགས་པས་སྡང་བ་དང༌། །ཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བ་ཡང༌། །ཡིད་ནི་རབ་ཏུ་དྭངས་ཤིང་མགུ་བྱེད་དོ། །ཞེས་གསུངས་པ་ལྟར་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ནུས་མཐུ་ཡིན་ནོ། །སྔར་ཚོང་དཔོན་ངག་དབང་ཆོས་གྲགས་རྒྱ་ནག་ཕྱོགས་སུ་འབུལ་སྡུད་ལ་བཏང་བ་ཡང་སྟོན་འདིར་འབྱོར་ཅིང༌། དེ་དང་ལྷན་དུ་དཔོན་ཚང་ནས་ཧོ་ཤུས་ཚང་གིས་མངགས་ཏེ་ཨེར་ཁེ་ཤ་ར་གཤེགས་པའི་གནས་ཚུལ་ཞུས་ནས་བསྔོ་རྟེན་ཕུལ། དགུང་ལོ་ཉེར་བདུན་པ་ལ་ཡང་སྔ་མའི་ཐལ་འཕྲེང་གི་འཕྲོ་དང་ཟུར་བཀོལ་རྟེན་འབྲེལ་ལ་རྩོད་པ་རྡོ་རུས་ཐུག་པ་གནང༌། སྤྱིར་ཡང་རྗེ་འདིའི་ཐུགས་དམ་གྱི་གཙོ་བོ་ནི་ཉི་མ་ཐང་པ་ཤེས་རབ་སྦྱིན་པའི་རྣམ་ཐར་བཞིན་ཕྱག་དཔེ་གཟིགས་པ་ལ་བྱེད་པས་རྒྱུན་པར་ནམ་ཕྱེད་བར་དུ་གཞུང་ལུགས་རབ་འབྱམས་ལ་ཞིབ་གཟིགས་མཛད་ཅིང༌། ངོས་


GTD004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཙམ་ཞིག་ཤར་གྱིས་བཀླགས་པས་ཀྱང་ཆ་ཚང་བར་འཆར་ན་ཡང༌། དེ་ཙམ་གྱིས་མི་ངོམས་པར་ལུང་རིགས་བརྒྱ་ཕྲག་གི་སྒོ་ནས་ཡང་དང་ཡང་དུ་དཔྱད་པ་འབའ་ཞིག་ལྷུར་མཛད་དེ་ཐ་ན་ཆོས་གྲྭ་ནས་ཕྱིར་ཕེབས་མ་ཐག་ཀྱང་གསོལ་ཇ་བཞེས་རྒྱུ་མི་དྲན་པར་ཕྱག་དཔེའི་སྟེང་དུ་ཐུགས་འབྱམས་ཏེ་འགྲོ། ན་བཟའ་ནས་འཐེན་ཏེ་ཕྱག་ཏུ་ཕུལ་ཡང་ཧུབ་དོ་གསུམ་ཙམ་བཞེས་ནས་སླར་ཡང་འཕྲོ་ལུས་ཏེ་ཆོས་གྲྭ་རྗེས་མར་ཕེབས་དགོས་པ་ཡང་ཡང་བྱུང༌། དེ་ལྟར་དཔྱད་པ་མཛད་པའི་ཚེ། ཐུགས་དཔྱད་ཡུལ་དེ་ལ་གཉིས་སྣང་ནུབ་པ་ལྟ་བུས་གཞན་གྱིས་ཞུ་བ་ཕུལ་ཡང་མི་གསན་ཅིང་ནན་གྱིས་ཞུས་པས་ལན་གསུངས་ན་ཡང་དེ་སླར་ཞུས་པའི་ཚེ་སྔ་མ་ཐུགས་ལ་མི་ངེས་པ་ཞིག་ཡོད་ལ། དེ་ལྟར་རྒྱུན་དུ་དཔྱད་པ་འབའ་ཞིག་གནང་བས་བཞེས་པ་སོགས་སྐུ་ལ་མི་ཕན་པར་ཉམས་ཤིན་ཏུ་ངན་ཡང་ཕྱག་ཞབས་ཀྱི་རྩ་མི་མངོན་པས་འཛིན་གྲྭའི་གྲྭ་པ་རྣམས་ནས་ང་ཚོའི་བླ་མ་འདི་ཧ་ཅང་ཐུགས་གཉེར་ལ་བརྩོན་དྲགས་པས་ཉམས་ཤིན་ཏུ་ངན་པ་སྔོ་སངས་སངས་པོ་འདི་འདྲར་སོང་ཡང་རྩ་ཅུང་ཟད་ཀྱང་ཕྱིར་མི་མངོན་པ་འདི་ཕྱིར་མི་ལྡོག་པའི་རྟགས་སུ་ཐེ་ཚོམ་མི་འདུག་ཅེས་གླེང་བ་བྱུང༌། སྐབས་ཤིག་འབྲས་སྤུངས་ཀྱི་ཤར་ངོས་ན་རྗེའི་སྒྲུབ་ཁང་ཡིན་ཟེར་བ་དགའ་ལྡན་ཕུག་ཏུ་གྲགས་པ་དེར་དཔེ་མཚམས་ལ་བཞུགས་ནས་འཛིན་སྐྱོར་སྦྱངས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང༌། དེ་སྐབས་བསོད་ནམས་གྲགས་པ་ཞབས་ཕྱིར་བསྡད་པས་ཁོང་གིས་སེང་བར་འགའ་ཞིག་ཏུ། རྗེ་ཉིད་སྐུ་ན་ཕྲ་དུས་རྗེ་བཙུན་བྱམས་པས་འདི་སྐད་གསུངས་བྱ་བ་སོགས་ཀྱི་ཚིགས་བཅད་ཁ་ཤས་གསུངས་པ་སྔར་གཞན་ལས་ཐོས་ཡོད་པ་དེ་དག་གི་རྒྱུ་མཚན་ཞུས་པས། ཆུང་དུས་ཁར་གང་


GTD004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་སྨྲས་པ་རེད་གསུངས། ནན་གྱིས་ཞུས་པར་ང་རང་ཟོག་པོར་མ་གཏོང་སྡོམ་པ་འཆོར་ཉེན་ཡོད་གསུངས་ནས་དངོས་ལན་མ་གནང་ཞིང༌། སྐབས་འགའ་ཞིག་ཏུ་ང་ལ་ཡོན་ཏན་ཞིག་ཡོད་པ་ནི་ལས་འབྲས་ཚུལ་བཞིན་དུ་བརྩི་བ་འདི་ཡིན་གསུངས་ཏེ། ལས་འབྲས་བརྩི་བ་དེ་ནི་ད་ལྟ་དུས་དབང་གིས་ཡོན་ཏན་གྱི་གྲངས་སུའང་མི་འཇོག་པས་རང་གི་ཡོན་ཏན་བསྒྲགས་པར་མི་འགྲོ་ཞིང༌། སྔོན་ཇོ་བོ་ཆེན་པོ་ལ་སྐྱབས་འགྲོ་བ་དང་ལས་འབྲས་པར་གྲགས་པའི་མཚན་ཙམ་གྱིས་ཀྱང་བསྟན་འགྲོའི་དོན་རླབས་པོ་ཆེ་འགྲུབ་པར་གསུངས་པ་བཞིན་གཞན་གྱི་མིག་ལྟོས་ལ་ཕན་པ་དང༌། སྐལ་བཟང་རྣམ་དཔྱོད་ཅན་ཞིག་གིས་བརྟགས་ན་ཡོན་ཏན་ཐམས་ཅད་ཀྱི་འགག་སྡོམ་འདི་ན་ཡོད་པས་ཤིན་ཏུ་འགང་ཆེ་སྟེ། སྐྱབས་འགྲོའི་རྗེས་སུ་ལས་འབྲས་གསུངས་པ་ཡང་སྐྱབས་དངོས་སུ་གྱུར་པའི་ཆོས་ཀྱི་ངོ་བོ་ནི་ལས་འབྲས་ཀྱི་བླང་དོར་ཡིན་པའི་གནད་དུ་གསུངས་པ་ལྟར་རོ། །ཡང་ལན་གཅིག་ཁོང་གིས་ཞབས་འདེགས་ཞུས་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཞིག་མཛད་སྐབས་གྲུབ་པའི་རྟགས་ཡ་མཚན་པ་འགའ་ཞིག་བྱུང༌ནས། ཁོང་ལ་ཟུར་ཙམ་གསུངས་ཀྱང་གཞན་ལ་སྒྲོགས་མི་ཉན་པའི་བཀའ་རྒྱ་མཛད། དེ་ལྟར་སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་ཀྱང་རེས་འགའ་གསུང་གི་ཞར་བྱུང་དུ་ཕེབས་པ་ལ་ངོ་མཚར་ཆེ་བ་མང་དུ་ཡོད་ཚོད་གདའ་སྟེ། དེ་སྐབས་ཀྱི་གྲྭ་ཐོག་དེར་ཙ་འུག་པ་ཟེར་བ་གཞན་གྱི་སྔ་ཕྱིའི་ལེགས་ཉེས་དང༌། ཐ་ན་སྨོན་ལམ་གྱི་གྲྭ་སྐོར་བ་ལ་ལས་གཞུང་གང་དང་གང་ནས་འབབ་རྨི་ལམ་བརྟགས་བཅུག་པ་ཡང་གསལ་པོར་ཐིག་པ་ཞིག་ཡོད་པ་དེས་ཆོས་


GTD004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་ནས་གཞན་གྱི་སྐྱེ་བ་སྔ་ཕྱིའི་རྒྱུ་མཚན་འགའ་ཞིག་གླེང་བར། ཟུར་ནས་གྲྭ་པ་ཞིག་གིས་རྩེད་མོའི་ཚུལ་དུ་རྗེ་འདི་ལ། ཙ་འུག་པ་འདི་ཁོ་རང་གར་སྐྱེ་ཞུས་པས་འདི་ཉ་ཞིག་ཏུ་སྐྱེ་མོད་གསུངས། དེ་སྐབས་ཕན་ཚུན་ཀུན་ལ་རྩེད་མོའི་འདུ་ཤེས་ལས་མེད་ཀྱང༌། ཕྱིས་ཤིག་ཏུ་ཙ་འུག་པ་ཁོ་རང་གི་རྨི་ལམ་ལ། གཙང་པོའི་ནང་གི་ཉ་ཞིག་ཏུ་སྐྱེས་ཏེ། ཡར་བལྟས་པས་འབྲས་སྤུངས་ཀྱི་དགོན་པ་མཐོང་སྟེ་གཏིང་ནས་འགྲོ་འདོད་སྐྱེས་ཀྱང༌། འགྲོ་ཐབས་ནི་མ་རྙེད། ཡིད་སྐྱོ་རང་དྲགས་པས་སྡུག་བསྔལ་བཟོད་གླགས་མེད་པར་མྱོང་བ་ཞིག་རྨིས་པས། སྔར་རྗེ་འདིས་གསུངས་པ་དེ་ཡང་དངོས་གནས་ཡིན་འདུག་ཟེར་ནས་དེ་ཕྱིན་ཆད་དགེ་སྦྱོར་ལ་བརྩོན་པ་བྱུང་ཞེས་སྒོ་མང་མཁན་རིན་པོ་ཆེ་སྐལ་བཟང་དངོས་གྲུབ་པའི་ཞལ་སྔ་ནས་གསུངས་པ་བདག་གིས་དངོས་སུ་ཐོས། ལོ་དེར་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཟབ་ཆོས་ཆེས་མང་དུ་གསན་ཅིང༌། དོན་གཉེར་ཅན་མང་པོར་གང་ལ་གང་འཚམ་གྱི་འདོད་ཆོས་ཀྱང་ཅི་རིགས་སྩལ་ཏེ་ལེགས་པར་བཤད་པའི་བདུད་རྩིས་ཡིད་ཀྱི་ཡོལ་གོ་གཏམས་པར་མཛད། སྤྱིར་བསིལ་ལྡན་གྱི་ལྗོངས་འདིའི་འཆད་ཉན་གྱི་འབྱུང་ཁུངས་ཡིན་པ་དང༌། ཁྱད་པར་དུ་ཀུན་མཁྱེན་གོང་མས་ཀྱང་གྲྭ་སྐོར་གནང་ཡུལ་ཡིན་པ་སོགས་དགོས་པ་དུ་མར་གཟིགས་ཏེ་གསང་ནེའུ་ཐོག་ཏུ་མཚན་བཏགས་བཞེས། དགུང་ལོ་ཉེར་བརྒྱད་པ་ལ། སྐབས་དང་པོའི་མཇུག་དང་སྐབས་གཉིས་པ་ཡོངས་རྫོགས། ལེགས་བཤད་སྙིང་པོའི་སེམས་ཙམ་གྱི་ཐད། དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད་བཻ་ཌཱུརྱ་དཀར་པོའི་གན་མཛོད་དང་བཅས་པ་ཐུགས་ལ་བཟུང༌། སྟོང་ཐུན་དང༌། རྒྱལ་བ་དགེ་འདུན་རྒྱ་མཚོ། གུང་རུ་ཆོས་འབྱུང༌། པཎ་ཆེན་


GTD004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་གྲགས། སྒོམ་སྡེ་ནམ་མཁའ་རྒྱལ་མཚན། གཉལ་སྟོན་སོགས་ཀྱི་དྲང་ངེས་རྣམ་འབྱེད་དུ་མ་དང་གཞན་ཡང་གྲུབ་མཐའ་སོ་སོའི་ལུགས་ཀྱི་དྲང་ངེས་ཀྱི་རྣམ་གཞག་སྟོན་པའི་རང་གཞུང་མཐའ་དག་ལ་ཞིབ་ཏུ་སྦྱངས་པས་སོ་སོ་ནས་གསུང་རབ་ཀྱི་དགོངས་པ་འགྲེལ་ཚུལ་མི་འདྲ་བའི་རིགས་པའི་གནད་ཕྲ་མོ་ཀུན་ལ་མི་འཆུག་པའི་གཟེར་ཐེབས། སྟོན་ཕུར་བུ་ལྕོག་ཏུ་འཇམ་མགོན་བླ་མའི་བཤད་སྒྲུབ་བསྟན་པ་ཡོངས་ཀྱི་སྲོག་ཤིང་གཅིག་པུར་གྱུར་པ་རྗེ་གྲུབ་པའི་དབང་ཕྱུག་ངག་དབང་བྱམས་པའི་ཞབས་དྲུང་ནས་བྱང་ཆུབ་བདེ་ལམ་གྱི་ཉམས་ཁྲིད་སྨིན་རྒྱས་སུ་གསན་པས་གསུང་རབ་མཐའ་དག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྲོ་ཚུལ་ལ་གཏིང་ཚུགས་པའི་ངེས་ཤེས་དང་ཉམས་མྱོང་ཁྱད་པར་ཅན་འཁྲུངས། དེའི་མཇུག་ཏུ་བསྐྱེད་རྫོགས་ཀྱི་ཁྲིད་ཀྱང་ལེགས་པར་གསན། འདི་ལོ་དགེ་བའི་བཤེས་གཉེན་ཀླུ་འབུམ་བློ་བཟང་དར་རྒྱས་མཚན་སྒྲོགས་ཀྱི་མཁན་སར་བྱོན་པས་རིགས་པའི་དབང་ཕྱུག་རྒྱ་སེང་གེ་དགེ་རྒན་དུ་བསྟེན། མཚན་སྒྲོགས་མཁན་རིན་པོ་ཆེར་སྣར་ཐང་བརྒྱ་རྩ་སོགས་ཀྱི་བཀའ་ཆོས་གང་བཞེད་མཚན་མོ་གནང་སྟེ་ཉིན་མོ་ཆོས་གྲྭར་མ་ཆག་པ་མཛད། སྟོན་མཇུག་ཏུ་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ་དབུས་སུ་ཕེབས་ནས་སྒོ་མང་ཆོས་གྲྭར་ཞུགས་པས་དེ་སྐབས་རྗེ་འདིས་ཕར་ཕྱིན་སྟོན་མོ་མ་བརྒལ་ཡང་ཐུའུ་བཀྭན་རིན་པོ་ཆེ་ནས་འཇམ་དབྱངས་བཞད་པ་ཚང་མིན་པ་མི་དགོས་གསུངས་ཏེ། རྗེ་འདི་ཉིད་དགེ་རྒན་དུ་བསྟེན་ཅིང་སྐུ་ཕྲེང་


GTD004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མར་འབྲེལ་བའི་མཐུ་ལས་ནང་གི་ཐུགས་སྲས་གཅིག་པུར་གྱུར། དེ་ནས་བཟུང་སྟེ་བླ་མར་བསྟེན་ཚུལ་ཡང་བཀའ་གདམས་གོང་མའི་རྣམ་ཐར་ཇི་ལྟ་བ་བཞིན་མཛད་སྣང་སྟེ། ཁོང་གི་ཞལ་ནས། དཔྱིད་ཕུར་བུ་ལྕོག་ཏུ་འཇམ་དཔལ་ཞལ་ལུང་གནང་སྐབས་སྐུ་ཞབས་ཉིད་ནས་ད་རེས་སོང་གསུངས་པ་ལྟར་ཕྱིན་པས་ཤིན་ཏུ་སེམས་ལ་ཕན་པ་ཞིག་བྱུང༌། སྟོན་བདེ་ལམ་གནང་སྐབས་ང་རང་ཆོས་གྲྭ་མ་ཆག་པ་བྱས་ན་དགའ་གསུངས་ཀྱང་བཀའ་ཆོས་སེམས་ཀྱིས་མ་ཁྲོལ་བར་ཕྱིན་པས་ཆོས་ཐུན་གྱི་སེང་བར་དུ་བཀའ་བཀྱོན་ཚ་དྲགས་ཀྱི་ཕྱག་བྲིས་ཤིག་འབྱོར་ནས་མཚན་མོ་དེར་འབྲས་སྤུངས་སུ་སོང་བས་ནམ་འཕྱི་མོར་སླེབས། སང་ཞོགས་སྐུ་མདུན་དུ་ཕྱིན་པར་རེ་ཞིག་ཅང་མི་གསུང་ཞིང་མཚམས་ཤིག་ཏུ་འདིར་ཅི་ལ་ཡོང་བ་ཡིན་སོང་གསུངས་པས་འཕྲལ་དུ་ངུས་པར། ད་དེ་འདྲ་མ་བྱེད། ངེད་རང་གཉིས་ཀའི་བསམ་པ་ལ་ལྷད་མ་ཞུགས་པས་སྐྱོན་མེད་གསུངས། ད་ང་བཀའ་ཆོས་ལ་མི་འགྲོ་ཞུས་པར་ད་མ་སོང་ན་བླ་མ་ཐུགས་མི་མཉེས་སྟབས་སོང་བ་བཟང་ཞེས་བཀའ་གནང་སྟེ་མགྱོགས་པར་ཕྱིན་པས་བཀའ་ཆོས་ཀྱི་རྗེས་ཟིན་ཙམ་བྱུང་གསུངས། དེ་སྐབས་གུང་ཐུང་སྤྲུལ་བའི་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་པ་བཀྲ་ཤིས་འཁྱིལ་གྱི་ཁྲི་ལ་ཡང་བསྐྱར་གྱིས་བཞུགས་ཡོད་པས་ཁོང་གི་དབོན་པོ་ནང་སོ་ཆེད་མངགས་ཀྱིས་རྗེ་ཉིད་གདན་འདྲེན་དུ་བཏང་སྟེ་སླར་མ་བྱོན་ན་ཐུབ་ཆེན་གདན་སའི་ངང་ཚུལ་ལྟར་འགྱུར་ཚུལ་སོགས་ཀྱི་ཞུ་བ་ནན་ཏན་དུ་ཕུལ་ཡང་ཕེབས་པ་མ་ཤར། དགུང་ལོ་ཉེར་དགུའི་ཐོག་སྐབས་བཞི་པ་དང་བསམ་གཟུགས་ལ་བརྒལ་བརྟག་ཞིབ་ཏུ་མཛད་ཅིང༌། བསམ་གཟུགས་


GTD004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་བུམ་བཟང་ལྗགས་རྩོམ་གནང༌། ལན་གཅིག་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་དང་ལྷན་དུ་དཔེ་མཚམས་ལ་སྐྱོར་མོ་ལུང་དུ་ཕེབས། རྗེའི་བཞུགས་གནས་མར་ཁུ་བུར་སྐྱུའི་སྒྲུབ་ཕུག་ཏུ་བྱོན་ཞིང་རྟེན་འབྲེལ་གྱི་ཁྱད་ཡོད་གསུངས་ཏེ་དེར་དབུ་བཙུགས་ནས། ཆོས་ཐུན་ཁ་ཤས་ཀྱི་རིང་ས་རྒྱན་སྦྱར་བའི་བཤད་པ་དོན་གྱི་ཟབ་གནད་ཐམས་ཅད་མ་ཚང་བ་མེད་པར་འདུས་ཤིང༌། ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་མཐའ་དག་གཞི་དང་རྟགས་སོགས་བཅུར་བསྡུས་ཏེ་མདོ་སྡེ་མ་ལུས་པའི་དགོངས་དོན་ཉམས་ལེན་གྱི་རིམ་པར་འཁྱེར་ཚུལ་ལ་ངེས་པ་བདེ་བླག་ཏུ་སྟེར་ནུས་པའི་འཕྲུལ་གྱི་ལྡེ་མིག་ལྟ་བུ་ཞིག་སྤྲུལ་བའི་སྐུ་ལ་གཅེས་ནོར་གྱི་ཚུལ་དུ་འབོགས་པར་མཛད། དེར་བཞུགས་སྐབས་མནལ་ལམ་དུ་ཨ་ཙ་ར་ཞིག་གིས་སྐུ་ཚེའི་ཚད་ལུང་བསྟན་བྱུང་ཚུལ་ཐུའུ་བཀྭན་རིན་པོ་ཆེར་གསུངས་པས་ཞིབ་ཆ་བསྙེལ་འདུག་ཀྱང་དྲུག་ཅུའི་ནང་ཞིག་ཡིན་གསུངས་ཤིང༌། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུར་རྗེ་ཉིད་ནས་གསུང་འཕྲོས་ཤིག་གི་ཞར་ལ་རེ་བཞི་ཡིན་ཞེས་གསལ་བར་གསུངས་སྣང༌། ལོ་དེར་ཕར་ཕྱིན་སྟོན་མོའི་དམ་བཅའ་ཡང་གནང་དགོས་པས། སྣང་བ་གཉིས་ཀྱིས་གཙོས་པའི་རྒྱ་འགྲེལ། རྣམ་བཤད་གསེར་ཕྲེང་སོགས་རྗེ་ཡབ་སྲས་ཀྱི་ལེགས་བཤད། གྲྭ་ས་སོ་སོའི་ཡིག་ཆ་དང་བཅས་པ་ཐམས་ཅད་ལ་འོལ་སྤྱི་ཙམ་མ་ཡིན་པར་ཞིབ་ཐིགས་སུ་སྦྱངས་པས་རྒྱལ་བ་མི་ཕམ་མགོན་པོའི་ཞལ་ལུང༌། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མཐའ་དག་ལ་གཞན་དྲིང་མི་


GTD004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པའི་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས། རིགས་གྲྭའི་ཐོག་བློ་གསལ་གླིང་གི་སྤོ་འབོར་བ་བློ་བཟང་ཡེ་ཤེས་ཟེར་བའི་སྐད་པོ་ཆེ་ཞིག་དང་ལྷན་དུ་ཚོགས་གླེང་མཛད་པར། རྗེ་འདིས་རིགས་ལུང་གནང་སྐབས་ཁོས་ཁས་ལེན་བསྒྲིམས་ནས་འཛིན་ཅི་ཐུབ་ཀྱི་སྟེང་དུ་གཡོ་སྒྱུ་ཚུན་ཆོད་བསྣན་ཏེ་འགོག་ཐབས་བྱས་ཀྱང་རྗེ་འདིས་ཟློག་ཏུ་མེད་པའི་ལུང་རིགས་སྔ་མ་ལས་ཕྱི་མ་རྣོ་བ་ཤ་སྟག་བརྒྱུད་མར་བཏང་བས་ཁོའི་ཁས་ལེན་དེ་ཕྲེང་བའི་རྒྱུན་ཐག་བཅད་པ་བཞིན་དུ་ཕྱོགས་མཐའ་དག་ནས་དངོས་མེད་དུ་འཐོར་ཞིང༌། ཚུར་བཏང་དུས་ཉིད་ནས་ཚིག་འཁྲི་ཕྲ་མོ་ཚུན་ཆད་ཀྱང་བཅད་དེ་ལན་གསལ་དག་མྱུར་པོར་མཛད་པས་ཁོང་ལ་ཕྱག་རྫས་སྲབས་པར་བྱུང༌། འདི་ལོ་ཡང་རྒྱལ་དབང་རིན་པོ་ཆེ་འབྲས་སྤུངས་སུ་དབྱར་གནས་ལ་བཞུགས་ཡོད་པས་ཉིན་འདིར་ཆེད་གཉེར་གྱིས་ཚོགས་སུ་ཕེབས་ནས་གཟིགས་ཏེ་དགྱེས་ཚོར་ཚད་མེད་མཛད། སླར་གཟིམས་ཆུང་དུ་ཕེབས་པ་ན་དགེ་བཤེས་མང་པོས་དེ་རིང་གི་དེས་ལན་འདེབས་ལུགས་འཁྱེབ་པོ་དེ་འདྲ་རྨེག་མེད་མཛད་པ་ཡ་མཚན་ཞེས་ཚིག་གི་ལེགས་སོ་འབུལ་དུ་འོངས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལུང་རིགས་མི་བཟད་སྡེར་མོའི་གད་རྒྱངས་ཅན། །ཁྱོད་ཀྱི་བཀའ་ཡིག་སྤྱི་བོར་ལྷུང་བ་ན། །བློ་དང་ཟོལ་སྦྱོར་གཉིས་སུ་འཐུང་བ་རྣམས། །འགལ་ཟློས་མ་འབྲེལ་ཀུནྡའི་ཟུར་ཕུད་གཡོ། །དེ་ཡི་འདབ་མར་ལེགས་བཤད་སྦྲང་རྩིའི་བཅུད། །རེ་བའི་རྐང་དྲུག་ཕྱིར་ཕྱོགས་གྱུར་པ་ན། །དོན་མེད་དོན་ལོག་རཀྟའི་དྲིར་སྣོམས་པའི། །ཉམ་ཆུང་བློ་དམན་ཤ་སྦྲང་འཁོར་ཞིང་འབབ། །གཞུང་ལུགས་རྒྱུད་དུ་མ་བཀུག་དྲང་པོའི་


GTD004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཞུར། །དཔྱད་པ་གསུམ་གྱིས་མ་བསྲང་ཡོན་པོའི་མདའ། །སྦྱར་ཡང་བར་མ་དོ་རུ་ཟགས་པ་ནི། །ཁྱོད་ཀྱི་སྤྱན་སྔར་མཆོད་པའི་ཟློས་གར་བཞིན། །ཞེས་པའང་ཉམས་དགའི་ཚིགས་སུ་བཅད་པའོ། །བར་སྐབས་ཤིག་རྒྱལ་དབང་རིན་པོ་ཆེ་ནས། སེམས་དཔའ་ཚང༌། རྒྱལ་སྲས་སྤྲུལ་བའི་སྐུ། ཐུའུ་བཀྭན་ཚང༌། རྗེ་འདི་དང་བཅས་པར་ཇ་གྲལ་མཛད་དེ། ཞལ་ནས། བདག་གི་གཟུགས་གཞིས་སྟབས་ལོ་འདིར་འཆད་ཉན་ཆེན་པོ་མ་ཐུབ་ཀྱང་ཆོས་ཀྱི་བགྲོ་གླེང་ཉན། གྲྭ་ཚང་སོ་སོའི་ཆོས་གྲྭར་ཕྱིན་ནས་དགེ་འདུན་མང་དང་མཇལ་ཏེ་སྨོན་ལམ་འདེབས་རྒྱུ་བྱུང་བས་སྐལ་བ་བཟང༌། ད་ཁྱེད་རྣམས་ནས་རྗེ་ཙོང་ཁ་པའི་བསྟན་པ་འདི་ཉིད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤེལ་བའི་ཐུགས་ཁུར་བཞེས་དགོས་ཞེས་བཀའ་ཕེབས་པ་ནི་མི་འགྱངས་པར་ཞིང་གཞན་དུ་དགོངས་པ་གཏོད་པའི་ཐུགས་འཕེན་གྱིས་བསྟན་པའི་ཁུར་གཏད་པ་ཡིན་འདུག །སྟོན་ཕུར་བུ་ལྕོག་ཏུ་བྱང་ཆུབ་བདེ་ལམ་གྱི་ཉམས་ཁྲིད་ཟབ་མོ་སྨིན་རྒྱས་སུ་གསན་ཅིང༌། མཇུག་ཏུ་བླ་མའི་ཐུགས་རྗེ་དང་སློབ་མའི་ཤེས་རྒྱུད་གཉིས་ཀ་འཁུལ་བར་ནུས་པའི་བརྟན་བཞུགས་ཀྱི་བཤད་པ་རྒྱས་པ་ཞིག་ཀྱང་ཕུལ། སྐབས་གཅིག་མནལ་ལམ་དུ། རྭ་བ་ཞིག་ན་སྟག་འཇིགས་སུ་རུང་བ་གཅིག་འདུག་པར་ཐུགས་བྲེད་པས། མི་ཞིག་འོངས་ནས་དེར་འཇིགས་མི་དགོས་བྲོས་ཆོག་ཅེས་ཁང་སྒོ་ཕྱེ་བའི་ནང་དུ་ཕེབས་པ་རྨིས་ཤིང༌། དེ་མཐུན་རྒྱལ་དབང་རིན་པོ་ཆེ་ནས་རྒྱ་ནག་གི་བླ་མར་ཕེབས་དགོས་ཀྱི་བཀའ་བསྒྱུར་བྱུང་བར། ཐབས་སྣ་


GTD004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་ནན་ཞུས་བྱས་ཀྱང་རེ་ཞིག་དགོངས་པ་མ་ཁྲོལ་བར་ཡོད་པ་ལ། སྔར་གྱི་སྟག་དེར་མི་ཞིག་གིས་མདུང་བསྣུན་པའི་མནལ་ལམ་ཞིག་བྱུང་ནས། མ་འགྱངས་པར་༸གོང་ས་མཆོག་ནས་ཀྱང་དགོངས་པ་དགྱེས་བཞིན་དུ་གནང༌། དེའི་ཚེ་ཕུར་བུ་ལྕོག་ཏུ་བཀའ་གྲོས་ཞུས་པར། ཕེབས་ན་བཟང་བའི་ཕྱོགས་གསུངས་པ་ལ་རྗེ་འདིས་དེ་འདྲ་གསུང་ལུགས་ཡོད་དམ་ཞེས་ཡུས་ཕུལ་ཞིང༌། ཕྱིས་དགོངས་པ་ཁྲོལ་བ་ན་བླ་མའི་ཞལ་ནས་ཁྱེད་ཀྱིས་དགོངས་པ་ཞུས་པ་བཟང་གསུངས་པར། འོ་ན་སྔར་དེ་ལྟར་མི་གསུང་བ་ཅི་ཡིན་ཞུས་པས། དེང་སང་མི་ཐམས་ཅད་ཀྱིས་དེ་ཐོབ་བྱ་མཐར་ཐུག་ཏུ་བརྩི་བར་འདུག་པས་ཁྱེད་ལ་ཡང་ཐུགས་བཞེད་ཡོད་འགྲོ་སྙམ་པ་ཡིན་གསུངས་པ་ཐུགས་ཤིན་ཏུ་མད་པར་སྣང་སྟེ། འདི་ནི་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གང་གི་ཡང་དབང་དུ་མི་གཏོང་བ་གྲུབ་པའི་གོ་འཕང་ཡང་རྩེར་སོན་པའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཡིན་ནོ། །སྟོན་མཇུག་པེའི་སི་བཱ་ཐུར་དེའི་ཆིང་ནས་ཧོ་ཤུས་ཙང་ཀི་འཚམས་ཞུས་སུ་བཏང་བའང་འབྱོར། ཨ་རུ་ཧོར་ཆེན་པེའི་ལིའི་མི་སྣ་ངག་དབང་ཚུལ་ཁྲིམས་ཀྱིས་དངུལ་སྲང་ལྔ་བརྒྱ་དང་ཤེལ་སྤྱད་སྣ་ཚོགས། དེ་ཕྱོགས་སུ་མངགས་པའི་དགེ་བཤེས་བསྟན་འཛིན་རྒྱ་མཚོའི་ཉེ་གནས་དོན་ཡོད་ཚུལ་ཁྲིམས་ཀྱིས་བླ་མ་དེ་ཀའི་དགོངས་རྫོགས་སུ་དངུལ་སྲང་སྟོང༌། སྲང་ལྔ་བརྒྱའི་ཟོང་གི་དངོས་པོ་བཅས་ཆེད་དུ་གཉེར་ནས་ཕུལ་བ་དེ་དུས་ཕྱག་རྫས་ཆེན་པོ་མེད་སྐབས་ཡིན་པས་ཐུགས་ཕན་ཐོགས་པ་བྱུང༌། དགུན་ཆོས་ལ་ཕར་ཕྱིན་སྟོན་མོའི་དམ་བཅའ་བཞག་སྟེ་མཁས་པ་ཀུན་ལ་རྨད་དུ་བྱུང་བའི་ལེགས་བཤད་བདུད་རྩིའི་དགའ་སྟོན་གྱི་མཆོད་ཡོན་སྦྲེངས། དམ་བཅའ་རྫོགས་


GTD004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབུ་མའི་རྩོད་པ་ཚུགས་ཏེ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་བཟང་ཟབ་མོ་དབུ་མའི་ལྟ་བ་ལུང་དང་རིགས་པའི་བརྒལ་བརྟགས་ཀྱིས་གཏན་ལ་འབེབ་པའི་མགོ་བརྩམས། དོན་གྱི་འགྲེལ་པ་འཇུག་པ་རྩ་འགྲེལ་རྣམ་བཤད་དགོངས་པ་རབ་གསལ། ལྷག་མཐོང་ཆེ་ཆུང༌། ལེགས་བཤད་སྙིང་པོ་སོགས་ལ་གཞི་བྱས། ཀུན་མཁྱེན་གོང་མའི་ལེགས་བཤད་སོགས་གྲྭ་ས་སོ་སོའི་ཡིག་ཆ་རྣམས་ཀྱི་སྟེང་ནས་སྤྲོས་པའི་མཐའ་བཅད་དེ་ཚིག་སྤྱི་ཙམ་དུ་མ་ལུས་པར། དོན་ལ་སྒྲོ་འདོགས་ཆོད་ངེས་ཀྱི་རྩོད་པ་གནད་སྨིན་མཛད། ཆོས་གྲྭར་ཕེབས་སྐབས་དེ་དག་ཏུ། གཞུང་གང་ཡིན་ཀྱང་མཁྱེན་རབ་ཀྱི་སྟོབས་ཀྱིས་དཔེ་ཀློག་ཙམ་ལ་བརྟེན་ནས་ཀྱང་དོན་ཕལ་ཆེར་ཐུགས་ལ་འཆར་བ་ཞིག་ཡོད་ཀྱང༌། དེ་ཙམ་གྱིས་ཆོག་ཤེས་མི་མཛད་པར་སྐབས་སུ་གང་བབས་ཀྱི་ཐལ་ཕྲེང་ཟུར་བཀོལ་དང་པོ་ཏི་རང་རང་གི་རྩ་བ་རྣམས་ཐུགས་ལ་བཟུང་སྟེ་གཤར་སྦྱངས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད། ཞལ་ནས་ཀྱང་ལྷག་པར་ཆོས་ཐོག་རྗེས་མ་ལ་རྩོད་རྒྱུའི་གཞུང་ཚན་དེ་ཆོས་མཚམས་སུ་གྲངས་བཟུང་ནས་ལན་བརྒྱ་རེ་དང་རེ་རེའི་སྐབས་སུ་ཡང་མཚན་ཉིད་རྣམས་ཚར་གསུམ་རེ་བསྐྱོར་བས་ཆོས་ཐོག་ཚུགས་སྐབས་གཞུང་ཚན་དེ་ལ་བསམ་བློ་བཏང་ན་མགོ་མཇུག་ཐམས་ཅད་ཅིག་ཅར་འཆར་བ་ལྟ་བུ་ཡོད། དེང་སང་ཐལ་ཕྲེང་ཆ་ཚང་མི་ཡོང་ནའང་དོན་གྱི་ཁོག་རྣམས་བརྗེད་རྒྱུ་མི་འདུག་ཅེས་སྐུ་ན་མཐོ་བའི་སྐབས་སུ་གསུངས། དེ་ལྟ་བུའི་དཀའ་སྤྱད་དང་བརྩོན་འགྲུས་དཔག་ཏུ་མེད་པ་རྗེ་རང་ཉིད་ཀྱིས་སྐུ་ཉམས་སུ་བསྟར་ཞིང༌། སློབ་


GTD004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་དཔྱིས་ཕྱིན་པ་ཞིག་བྱེད་ན་དེ་ལྟར་ཅིས་ཀྱང་བྱེད་དགོས་ཞེས་རྗེས་འཇུག་རྣམས་ལ་ཡང་གདམས་པར་མཛད་དེ། མཁན་ཆེན་སངས་རྒྱས་རྡོ་རྗེའི་སྤྲུལ་བའི་སྐུ་དབུས་སུ་ཕེབས་སྐབས་བསླབ་བྱ་གནང་བ་ལས། ཐལ་ཕྲེང་ཚིག་དོན་ལེགས་པར་ངེས་པ་ན། །དེ་ནས་སྤྱི་དོན་ཊཱིཀྐ་སོགས་བལྟས་པས། །ཉི་མའི་ཟེར་དང་འཕྲད་པའི་པདྨོ་བཞིན། །བློ་གྲོས་འཇུག་པ་མཆོག་ཏུ་རྒྱས་པར་འགྱུར། །དེ་ལས་གཞན་དུ་སྐབས་སུ་གང་བབས་པའི། །ཐལ་ཕྲེང་ཟུར་བཀོལ་ལྟ་བ་ཡལ་བོར་ནས། །དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ། །དེ་ཕྱིར་ཐད་ཀའི་གཞུང་ལ་གཅིག་ཏུ་དྲིལ། །དཔེ་ཆ་མི་འཛིན་དཔེ་ཀློག་ཙམ་ལ་རེ། །རྩོད་གྲྭ་མི་ནུས་ཆོས་གྲྭ་དོན་མེད་འདའ། །སྐྱོར་སྦྱངས་མི་ནུས་གཉིད་དང་འདུ་འཛིར་ཆགས། །འདི་དག་སློབ་གཉེར་གེགས་ཀྱི་གཙོ་བོ་ཡིན། །རིགས་པའི་བདར་ཤ་མ་བཅད་གཞུང་དོན་ལ། །ཚིག་སྤྱིའི་གོ་བ་ལམ་ཙམ་ཡོད་ན་ཡང༌། །བརྒལ་ཞིང་བརྟགས་ཚེ་བྱེ་མའི་འཆིང་བུ་ལྟར། །འགྱུར་ཕྱིར་རིགས་པའི་གསང་ཚིག་ཞིབ་ཏུ་སློབས། །ཞེས་གསུངས་ཤིང༌། དབུ་མའི་མཐའ་དཔྱོད་ཀྱི་མཇུག་ཏུ་ཡང༌། གཞུང་ཚིག་བློ་འཛིན་མི་བྱེད་གསུང་གི་དོན། །དཔེ་ཀློག་ཙམ་གྱིས་ཤེས་འདོད་བཞད་གད་གནས། །གཉིད་དང་སྙོམས་ལས་ལེ་ལོ་ཀུན་སྤངས་ནས། །རྒྱུན་དུ་སྐྱོར་སྦྱངས་མཛོད་ཅིག་གྲོགས་པོ་དག །ཅེས་འདོམས་པར་མཛད་དོ། །དགུང་ལོ་སུམ་ཅུ་བཞེས་པའི་དཔྱིད་འབྲིང་གི་ཚེས་གསུམ་ལ་ཀུན་མཁྱེན་རྒྱལ་བའི་དབང་པོ་ཞིང་གཞན་དུ་དགོངས་པ་གཏད་པར་བཟོད་གླགས་མེད་པའི་ཐུགས་ངལ་ཡུན་རིང་མཛད་ཅིང་མཆོད་འབུལ་དང་གསེར་གདུང་རིན་པོ་ཆེར་


GTD004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་འདེབས་སོགས་གང་གཟབ་ཕུལ་ཏེ་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང་བསྟན་འགྲོའི་དོན་དུ་མཆོག་སྤྲུལ་མྱུར་འབྱོན་གྱི་སྨོན་འདུན་ཤུགས་དྲག་གནང༌། སྔ་ལོ་ལྷ་སར་མི་རིགས་མི་གཅིག་པ་ཞིག་གིས་མཐོང་སྣང་ལ་ལར་བྱུང་ཚུལ་གླེང་སྐབས་རྒྱལ་དབང་རིན་པོ་ཆེ་མི་བཞུགས་རྒྱུ་ཡིན་པ་འདྲ་གསུངས་པས་བོད་པ་འགའ་ཞིག་ལ་ཕུགས་ན་ཀུན་སློང་ཞིག་ཡོད་པའི་སྟེང་དུ་ཕོགས་ཏེ་ཨ་མདོ་བ་ཆ་ལེ་ཆོ་ལེ་ཞེས་མ་གུས་པ་བྱས་འདུག་ཀྱང་རྗེས་ནས་འགྱོད་པ་དང་ཡིད་ཆེས་སྐྱེས་པ་དེ་དག་གི་གྲོགས་མཆེད་མང་པོའི་ངག་ནས་ཐོས། ལོ་འདིར་ཤར་ཕྱོགས་རྒྱ་མཚོའི་ཕ་རི་ནས་ཐོར་གོད་དོན་གྲུབ་རྒྱལ་པོའི་མི་སྣ་དབུས་སུ་འབྱོར་བ་རྣམས་ཀྱིས་གསོལ་བ་བཏབ་སྟེ། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན་ཆོ་ག་ཕྱག་ལེན་གསུང་བཤད་དང་བཅས་པ་ཞིབ་རྒྱས་སུ་གནང༌། ལོ་ཙཱ་བཙུགས་ནས་བརྡ་སྤྲོད་བཅུག་པས་ཡིད་འགྱུར་བའི་དད་གུས་ཚད་མེད་སྐྱེས་ཏེ། ཁྱད་ནོར་དུ་མ་དང་བཅས་པའི་འབུལ་བ་རྒྱ་ཆེར་བསྟབས། རྒྱལ་པོས་དྲི་བ་འགའ་ཞིག་ཞུས་པའི་ལན་དུ་ཚངས་པའི་འཁོར་ལོ་ཞེས་བྱ་བ་ལྗགས་རྩོམ་མཛད་དེ་ཐེ་ཚོམ་གྱི་འཆིང་བ་རྩད་ནས་བཅད། དེའི་ཚེ་ཇི་སྐད་དུ། པདྨ་ཅན་གྱི་ཡལ་འདབ་ལས། ཐུབ་པས་དམན་པའི་ནགས་ཚལ་དེ་ཉིད་ནི། །དེ་ལ་དགའ་བ་དགའ་མིན་ཉིད་དུ་གྱུར། །དུས་ཀྱི་སྙིང་པོ་མ་ལུས་འཐུང་གྱུར་པའི། །དངོས་པོ་རྣམས་ནི་འབྲལ་བའི་རང་བཞིན། ཞེས་གསུངས་པ་ལྟར། རྒྱལ་དབང་ཐམས་ཅད་མཁྱེན་པ་མ་བཞུགས་པའི་རྐྱེན་གྱིས་སེམས་བློང་བློང་པོར་གྱུར་ནས་སློབ་གཉེར་སོགས་དཔྱིས་ཕྱིན་


GTD004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཕེབས་པ་ཞིག་མི་འོང་འདུག་པས་གནས་མཇལ་ཞིག་ཏུ་འགྲོ་དགོས་གསུངས་ཏེ་གཙང་ཕྱོགས་སུ་བཏེག །པཎ་ཆེན་ཐམས་ཅད་མཁྱེན་པའི་ཞབས་དྲུང་ནས། བྱང་ཆུབ་ལམ་སྒྲོན། རྒྱལ་དབང་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་མྱུར་འབྱོན་སོགས་བཀའ་ཆོས་མང་དུ་གསན་ཅིང༌། སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་གསོ་སྦྱོང་གི་མགོན་དུ་ཕེབས་པ་དང་ལྷན་དུ་གདམས་ངག་ཉམས་སུ་མྱོང་བར་མཛད། དེ་ནས་ཉིན་བཅུ་གསུམ་ཙམ་གྱི་རིང་རྣམ་འགྲེལ་ལེའུ་གསུམ་པའི་སྟེང་ནས་བགྲོ་གླེང་བྱེད་པ་སོགས་ལྷན་དུ་གསན་ཅིང་བཀའ་མཆིད་ཞིབ་རྒྱས་ཉིན་ལྟར་གནང༌། དེར་ཧར་སྡོང་ནས་བཀའ་ཆོས་མང་དུ་གནང་ཞིང་གྲྭ་པ་རྣམས་ཀྱིས་གུས་འདུད་ཚད་མེད་པ་བྱས། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞང་ཞུང་དགེ་སློང་ཡེ་ཤེས་མཐའ་ཡས་ལས། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང༌། བཀའ་གདམས་ལྷ་བཞི། འཇམ་དབྱངས་སྨྲ་སེང༌། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ། མི་གཡོ་བ་དཀར་པོ། ཕྱག་རྡོར་འབྱུང་འདུལ། འཕགས་ལུགས་ཛམྦྷ་ལ་ཞལ་གསུམ་ཕྱག་དྲུག་པ། སྣ་ཚོགས་ཡུམ་དཀར་མོ། སྨེ་བརྩེགས་དུད་ཁ། སྨེ་བརྩེགས་ལྗང་ནག་སོགས་ཀྱི་རྗེས་གནང༌། མེ་ཏོག་ཕྲེང་རྒྱུད། འཇམ་དབྱངས་སྨྲ་སེང་གི་ལས་ཚོགས། ཀྱེ་རྡོར་གྱི་སྒྲུབ་དཀྱིལ། འདུལ་འཛིན་གྱིས་མཛད་པའི་འཁོར་ཆེན་གྱི་མངོན་དཀྱིལ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་དཀྱིལ། དབེན་ས་བས་མཛད་པའི་སྒྲུབ་ཐབས་བརྒྱ་རྩའི་མངོན་རྟོགས་དང་རྗེས་གནང་དང་ཆོ་ག་སོགས་ཀྱི་ལུང༌། གྲུབ་ཆེན་ཛ་བིར་གྱི་རླུང་ཁྲིད་སོགས་དབང་རྗེས་གནང་མང་དུ་གསན་ཅིང༌། ཕར་


GTD004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐུགས་བཞེད་བཞིན་ཁོང་དང་པཎ་ཆེན་མཆོག་གི་ཡོངས་འཛིན་བློ་བཟང་ཆོས་འཕེལ་རྣམ་གཉིས་ལ་ཆོས་བཀའ་ཟབ་མོ་མང་དུ་གནང༌། དེའི་རྒྱུ་མཚན་གྱིས་པཎ་ཆེན་ཐམས་ཅད་མཁྱེན་པས་ཀྱང༌། ཕྱིས་སུ་རྗེ་འདི་ལ་ཁྱེད་ངེད་ཀྱི་བརྒྱུད་པའི་བླ་མ་ཡིན་གསུངས་ནས་བཀུར་གཟོས་ལྷག་པར་མཛད། དེ་ནས་སྣར་ཐང་ཕུན་གླིང་ལྷ་རྩེ་སོགས་བརྒྱུད་དེ་བོད་ཡུལ་གྱི་རྡོ་རྗེ་གདན་དུ་གྲགས་པ་དཔལ་ས་སྐྱའི་གདན་ས་ཆེན་པོར་ཕེབས། འཇམ་དབྱངས་སྤྲུལ་བའི་ཟློས་གར་བདག་ཆེན་ཀུན་དགའ་བློ་གྲོས་ཀྱི་དྲུང་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བདེ་མཆོག་ནག་པོའི་དབང༌། བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བར་བསྔགས་པ་ནེ་གུའི་སྒྱུ་ལུས་དབང་མོ་ཆེ། ལས་གཤིན་བཅུ་གསུམ་མ། ལས་གཤིན་རིགས་གསུམ། ཁྲག་མདོག་ཡབ་ཡུམ། བསེ་བྱ་བཞི་སྐོར། ཕག་མོ་ཤེས་རབ་གསལ་བྱེད། བ་རི་ལུགས་ཀྱི་འཇམ་དབྱངས་དམར་སེར། གཙུག་ཏོར་འབར་བ་སོགས་ཀྱི་རྗེས་གནང༌། ཁྱུང་ཁྲའི་ལས་ཚོགས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་མཎྜལ་བཞི་པའི་ཆོ་ག །གཡའ་བཟང་བའི་གཟའ་བཅོས་ཉི་མ་མདུང་གང་མའི་ལག་ལེན་སོགས་ཆེས་དཀོན་པའི་ལུང་ཁྲིད་མན་ངག་གི་རྒྱུན་མང་དུ་གསན། དེ་ནས་ལྷུན་པོ་རྩེ་དང༌། གསང་ཆེན་བསྟན་པའི་འབྱུུང་ཁུངས་སྲད་རྒྱུད་དུ་ཕེབས་ནས་ཞིབ་པར་མཇལ་ཏེ། སྐུ་ཕྲེང་དུ་མར་ཡབ་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་མདོ་སྔགས་ཟུང་དུ་འཇུག་པ་འདི་ཉིད་ཕྱོགས་བརྒྱར་སྤེལ་བའི་ཐུགས་བསྐྱེད་ཡང་ཡང་གོམས་པའི་འབྲས་བུ་མངོན་གསལ་གྱི་བདེན་པ་བདར། ཞ་


GTD004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལུར་བྱོན་ནས་དགེ་བའི་བཤེས་གཉེན་བློ་བཟང་དཔལ་ལྡན། དཀར་པོ་དཔོན་སློབ་ཡེ་ཤེས་གྲགས་པ། དུས་འཁོར་བ་འཇམ་དཔལ་བཟང་པོ་སོགས་དམ་པ་དུ་མར་གཏུགས་ཏེ། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་གི་གྲས་ནས་བདེ་གསང་གཉིས་དང་གཤེད་དམར་རྡོར་དབྱིངས། རྣམ་སྣང་མངོན་བྱང་སོགས་ཀྱི་ཆོས་སྐོར་དུ་མའི་ལུང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་འདུས་འཇིག་རྟེན་དབང་ཕྱུག་དང༌། འཆི་མེད་རྔ་སྒྲ་ལྷ་དགུ། གཤེད་དམར་ལྷ་ལྔ་སོགས་ཀྱི་དབང༌། གཤེད་དམར་རྫོགས་རིམ་གྱི་ཁྲིད་སོགས་ཟབ་རྒྱས་གདམས་པའི་བགོ་སྐལ་རྒྱ་ཆེར་བཞེས། ཕྱིར་ལམ་ཡང་པཎ་ཆེན་ཐམས་ཅད་མཁྱེན་པའི་མདུན་ནས་ཚེ་དབང་སོགས་ཆོས་བཀའ་འགའ་ཞིག་གསན་ཅིང༌། ཐུགས་ཡིད་གཅིག་འདྲེས་ཀྱི་གསུང་འཕྲོས་དམར་བར་བྱུང་བའི་ཚེ། རྗེ་ངག་དབང་བྱམས་པ་རིན་པོ་ཆེ་དེང་དུས་བསྟན་པའི་རྩ་ལག་ཟླ་མེད་ཡིན་པས་ཆོས་བཀའ་སོགས་རྒྱལ་དབང་མཆོག་ལས་མ་གསན་པ་རྣམས་ཞུས་ན་ལེགས་ཚུལ་དང༌། ལྕང་སྐྱ་ཐམས་ཅད་མཁྱེན་པ་དང་ཡང་ཐུགས་ནང་ཤིན་ཏུ་ཉེ་བ་གནང་ན་ཞྭ་སེར་གྱི་བསྟན་དོན་ལ་གལ་ཆེ་ཚུལ་སོགས་མཛེས་ཆོས་སུ་མ་སོང་བའི་སྙན་བསྐུལ་གནད་ཅན་མང་དུ་ཞུས་པས་པཎ་ཆེན་མཆོག་ཀྱང་ལྷག་པར་དགྱེས་ཤིང༌། གང་ཞུས་མཐའ་དག་རྗེས་སུ་ཕྱག་བཞེས་ལའང་འདེབས་པར་མཛད་པས་འཕྲིན་ལས་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར། ཚུར་ལམ་གམ་པ་ལའི་ལ་ཐོག་ནས་བླ་མ་བྱམས་པ་རིན་པོ་ཆེ་གཙང་དུ་ཕེབས་པ་དང་མཇལ་ཏེ། ཕྱིར་ལ་རྩ་བར་ཞབས་ཐང་དུ་ཕེབས་སྐྱེལ་མཛད་ཅིང་སླར་ལྕང་སྐྱ་མཆོག་དང་དགོངས་པ་


GTD004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འདྲེས་དགོས་ཚུལ་སོགས་ཀྱི་སྙན་སྒྲོན་འགའ་ཞིག་ཕུལ། དགོན་པར་འབྱོར་ནས་ཆོས་འགྲིམ་དང་དཔེ་གཟིགས་གཙོ་བོར་མཛད་ཅིང༌། དགུན་ཐོག་ལྕང་སྐྱ་རྡོ་རྗེ་འཆང་དབུས་ཕྱོགས་སུ་ཕེབས་པའི་ཆིབས་བསུར་རྗེ་ཉིད་དང་ཐུའུ་བཀྭན་རིན་པོ་ཆེ་རྣམ་གཉིས་ལྷན་དུ་བྱོན། འཆད་ཀ་དགོན་དུ་ཞག་མང་ཙམ་ཞིག་སྒུག་པ་གནང༌། ཐོ་རེངས་ཤིག་གློ་བུར་དུ་ད་འགྲོ་གསུངས་ཚ་དྲག་ལྟ་བུ་མཛད་ནས་བྱོན་པས། མེ་དྲོ་རུ་ཐོག་གི་ཆབ་ཚན་ཁ་ནས་ལྕང་སྐྱ་རིན་པོ་ཆེ་ཕེབས་པ་དང་མཇལ། ལྕང་སྐྱ་མཆོག་ཕེབས་བྱམས་ལ་བཞུགས་ཡོད་པས། ཁོང་རྣམས་གཟིགས་ཕྲལ་དུ་ཕེབས་བྱམས་ཕབ་ནས་མཇལ་ཁ་དང་ཚུར་ཡང་ཁ་བཏགས་གནང་སྟེ་ཐུགས་དགྱེས་ཚོར་ཆེན་པོ་མཛད། དེ་ནས་བཟུང་ལྕང་སྐྱ་རིན་པོ་ཆེ་ཡང་ཆིབས་པ་བཅིབས་ནས་གསུང་འཕྲོས་གནང་བཞིན་དུ་བཞུགས་ཞག་གི་སར་ཕེབས། མཚན་ཕྱེད་བར་དུ་བོད་ཀྱི་གནས་ཚུལ་དང༌། གཞན་ཡང་ཆོས་སྲིད་ཀྱི་གསུང་གླེང་མང་དུ་མཛད། ཆོས་རྒྱུན་སོགས་གསན་ཡུལ་ལ་བྱམས་པ་རིན་པོ་ཆེ་དང༌། སྟག་ཕུ་རྡོ་རྗེ་འཆང་སོགས་དེང་སྐབས་ཀྱི་བསྟན་པའི་རྩ་ལག་གཞན་དང་མི་འདྲ་བ་ཡིན་ཚུལ་རྣམས་གསེང་བཀྲོལ་ཏེ་ཞུས། ལྷ་སར་ཕེབས་ཀྱི་བར་ཉིན་བཞིན་ཚ་བབ་སར་གསོལ་ཚིགས་ལྷན་དུ་མཛད་ཅིང༌། ཞག་བབ་ལ་ཡང་ཐུགས་བྲེལ་གྱི་གསེང་བར་རྣམས་སུ་གསུང་འཕྲོས་འབའ་ཞིག་གནང༌། དགུང་ལོ་སོ་གཅིག་པ་ལ་ཡང་དབུ་མའི་གསན་སྦྱོང་གཙོ་བོར་མཛད་ཅིང༌། རྣམ་བཤད་དགོངས་པ་རབ་གསལ་ཕལ་ཆེར་ཐུགས་ལ་བཟུང༌། དེའི་ཞར་ལ་ལྕང་སྐྱ་ཐམས་ཅད་མཁྱེན་པའི་མདུན་ནས་ཚད་མའི་


GTD004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྒྲིག་སོགས་གཞུང་ཆེན་མོ་དུ་མའི་དཀའ་གནས་ཀྱི་བཤད་པ་དང༌། རྣམ་སྣང་མངོན་བྱང་གི་དབང༌། ཚེམ་བུ་དམར་ཁྲིད། དྲིལ་བུ་ཞབས་ལུགས་ཀྱི་བདེ་མཆོག་ཕྱི་ནང་གཉིས་ཀྱི་དབང༌། དེའི་བསྐྱེད་རིམ་ལྔའི་དམར་ཁྲིད། ཁྲིད་ཆེན་བརྒྱད་སོགས་ཟབ་གསང་གདམས་པའི་ཉིང་ཁུ་དུ་མས་ཐུགས་ཀྱི་ཡོལ་གོ་ཡོངས་སུ་གཏམས་པར་མཛད། ན་བཟའ་ཆ་ཚང་སོགས་དངོས་འབུལ་སྤམ་མཐོ་བ་དང་བཅས་ཞབས་བརྟན་རྒྱས་པར་ཕུལ། ཐུགས་དམ་རྒྱུན་འཁྱེར་གྱི་གཏོར་འབུལ་ཞལ་མ་གཏོགས་པའི་ཆོས་སྐྱོང་ཕལ་ཆེར་ཚང་བ་ཞིག་ཀྱང་བཀའ་རྩོམ་ཞུས། དེ་སྐབས་ཉིན་གཅིག་ལྕང་སྐྱ་རྡོ་རྗེ་འཆང་ནས་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེར། མདང་ངེད་ཀྱི་རྨི་ལམ་དུ་མི་ནག་པོ་ཞིག་གིས་འཇམ་དབྱངས་བཞད་པས་ང་ལ་གཏོར་མ་མི་སྟེར་བར་འདུག་ཅེས་མ་དགའ་བའི་རྣམ་འགྱུར་བྱེད་པ་རྨིས་བྱུང༌། དཔལ་མགོན་ཞལ་གྱི་འཕྲུལ་ཡིན་པ་འདྲ་བས། སྔར་གཏོར་འབུལ་འདྲ་གནང་གི་མེད་ན་ད་ཕྱིན་ཆད་གནང་ན་ལེགས་པ་འདུག །ངས་དེ་འདྲ་ལབ་གིན་འདུག་ཅེས་ཁྱོད་ཀྱིས་འཇམ་དབྱངས་བཞད་པ་ལ་ཤོད་གསུངས། ཁོང་འབྲས་སྤུངས་སུ་ཕེབས་ནས་དེ་འདྲ་གསུངས་བྱུང་ཞུས་པས། གུར་ཞལ་གཉིས་བླ་མ་གོང་མའི་དུས་ནས་བསྟེན་གི་མི་འདུག །ང་ལ་མགོན་ཆོས་གཉིས་ཀྱིས་ཆོག །ལྷག་པར་ཞལ་འདི་གཉན་ཆ་ཆེ་ཞིང་བླ་མ་འགའ་ཞིག་གིས་ཁོ་བསྟེན་ན་ལྟ་བ་འགྱུར་ཉེན་ཡོད་ཅེས་ཀྱང་གསུངས་པས་གཏོར་བསྔོས་སོགས་བྱེད་རྒྱུ་མིན་གསུངས། རྗེས་སོར་དངོས་མཇལ་དུས། ལྕང་སྐྱ་རིན་པོ་ཆེ་ནས། ཞལ་འདི་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བའི་སྲུང་མ་ཡིན་པ་ལ། ཁོ་བསྟེན་ན་ལྟ་བ་འགྱུར་ཉེན་ཡོད་ཟེར་བ་ཅི་ཡིན། ཀླུ་སྒྲུབ་ཀྱི་ལྟ་བ་


GTD004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་མོས་མཁན་འདྲས་དེ་སྐད་ཟེར་སྲིད། རང་རེ་དགེ་ལྡན་པ་ཀླུ་སྒྲུབ་ཀྱི་ལྟ་བ་འཛིན་པའི་ཚད་ལྡན་སུས་ཀྱང་དེ་སྐད་གསུངས་པ་མེད། ཅལ་ཅོལ་སྣ་ཚོགས་ཀྱི་རྗེས་སུ་འབྲང་ན་མི་ལེགས། མཁས་གྲུབ་རྗེས་ཀྱང་ཞལ་བསྟེན་པའི་ལོ་རྒྱུས་ཡོད་ཚུལ་སོགས་གསུངས་ཤིང༌། དེ་མཐུན་པཎ་ཆེན་ཐམས་ཅད་མཁྱེན་པས་ཀྱང་བཀའ་ནན་ཡང་ཡང་མཛད་པས་ཕྱིས་དུས་འཁོར་གྲྭ་ཚང་དུ་བསྐང་གསོ་དང་དུས་གཏོར་སོགས་ཚུགས་པ་ཡིན་སྣང༌། སྔ་སོར་ཡང་དགོན་སྔགས་རམས་པ་ལ་ཆོས་གསན་བཞེད་ཀྱིས་འབྲས་སྤུངས་སུ་གདན་འདྲེན་ཞུས་ཀྱང༌། ངེད་ལོ་ལོན་པས་འགྲོ་འདུག་མི་ལྕོགས་གསུངས་ནས་མ་ཕེབས། འདི་སྐབས་ལྕང་སྐྱ་རིན་པོ་ཆེ་ནས་ཆོས་ཞུ་རྒྱུར་རྟ་ཟམ་ཆེད་མངགས་ཀྱིས་གདན་དྲངས་ཏེ་ཕེབས་བྱུང་བར། སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཡོངས་རྫོགས་དང༌། མི་འཁྲུགས་པ་ལྷ་དགུའི་དབང༌། ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཁྲིད། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྟོག་པ་གསུམ་པའི་རྣམ་བཤད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད་དང༌། མར་མེའི་ཡིག་ཆུང་ཡང་ཆུང་སོགས་གུང་བསྒྲིགས་ཏེ་བླ་མ་གོང་མའི་སྙན་བརྒྱུད་ཀྱི་མན་ངག་གིས་བརྒྱན་ནས་གཟབ་ཁྲིད་མཐོང་བརྒྱུད་ཀྱི་ཕྱག་ལེན་དང་བཅས་པ་ཞིབ་རྒྱས་སོགས་གདམས་པའི་བདུད་རྩི་མང་དུ་མནོས། ངེད་ཚོ་གྲྭ་རྐྱང་གིས་དལ་བུས་ཕེབས་ཞུས་སྐབས་མི་ལྕོགས་པ་ལ། ད་ལན་རྟ་རྒྱུག་བྱས་ཕེབས་ཐུབ་པ་ངོ་མཚར་ཞེས་སྐུ་རྩེད་ཀྱང་ཞུས། བ་རི་དཔོན་སློབ་ངག་དབང་དོན་གྲུབ་པའི་ཞལ་སྔ་ནས་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་གཟབ་བཤད་ཀྱང་སྨིན་རྒྱས་སུ་


GTD004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གསན། སྟག་ཕུ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས། དཔལ་ལྡན་ས་སྐྱའི་ལྕགས་རི་མི་འདའ་བའི་གསེར་ཆོས་བཅུ་གསུམ། མགོན་པོ་བཀའ་བཅུ་གསུམ། རྣམ་སྲས་བཀའ་བཅོ་ལྔ། དུད་སོལ་ཅན་ཐུན་མོང་དང་ཐུན་མོང་མ་ཡིན་པ། འཇམ་ལུགས་ཚེ་དཔག་ལྷ་ལྔ། མགོན་པོ་བེང་དམར། བདེ་མཆོག་གི་རྒྱུད་ནས་བཤད་པའི་མཁའ་ལྡིང་གསེར་མིག་འཁྱིལ་བ་འབྱུང་པོ་འུར་དེད་སོགས་ཀྱི་རྗེས་གནང༌། བཀའ་གདམས་ལྷ་བཞིའི་ནང་གི་ཐུབ་པའི་དབང་པོའི་ལྷ་ཁྲིད། སྤྱན་རས་གཟིགས་ཀྱི་དམར་ཁྲིད། སྒྲོལ་མའི་ལྷ་ཁྲིད། རྗེས་དྲན་ལྔའི་ཁྲིད། མི་གཡོ་བའི་ལྷ་ཁྲིད། མི་གཡོ་ལྷ་དྲུག་ཏུ་གྲགས་པ་རྣམས་དང༌། བླ་མགོན་དབྱེར་མེད་ཀྱི་ཁྲིད། ཞལ་གྱི་བེའུ་བུམ། དུད་སོལ་མའི་བེའུ་བུམ། འཇམ་དབྱངས་བདེ་བའི་རྡོ་རྗེའི་འཇིགས་བྱེད་བསྐྱེད་རིམ་གྱི་ལུང་སོགས་རྗེས་གནང་དང་ཟབ་ཁྲིད་ཀྱི་མན་ངག་དུ་མ་གསན། ཧོར་ཟླ་བཞི་པའི་ཚེས་ལ་ཧར་སྡོང་རྒྱུད་ཁང་དུ་བྱང་རྩེ་མཁན་པོ་བློ་བཟང་ཤེས་རབ། བློ་གླིང་ཚ་བ་མ་ཎི་སྐུ་སྐྱེ། གླིང་གྲགས་པ་སྐུ་སྐྱེ་སོགས་དོན་གཉེར་ཅན་ལྔ་བརྒྱ་སྐོར་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆེན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ཀུན་མཁྱེན་གོང་མའི་གསུང་འགའ་ཞིག་སོགས་བཀའ་ཆོས་མང་དུ་གནང༌། དབྱར་ཐོག་བྲག་ཡབ་སྤྲུལ་སྐུས་རྭ་སྟོད་དུ་གདན་དྲངས། ཟླ་བ་གཅིག་ལྷག་ཙམ་བཞུགས་རིང་ལ། བྲག་ཡབ་སྤྲུལ་བའི་སྐུ། ཐུའུ་བཀྭན་སྤྲུལ་བའི་སྐུ། ཚ་བ་མ་ཎི་ཞབས་དྲུང༌། རྭ་སྟོད་ཀྱི་བླ་མ་དགེ་བཤེས་སོགས་ལྔ་བཅུ་སྐོར་ལ། སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ་རྣམས་ཀྱི་


GTD004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་དང་སོ་སོའི་རྒྱ་གཞུང་གི་ལུང༌། རྡོ་རྗེ་འཇིགས་བྱེད་ཀྱི་དུག་དབང༌། རྭ་པོཏ། མགོན་པོའི་བེའུ་བུམ། ཕྲེང་བ་སྐོར་གསུམ་གྱི་རྒྱ་གཞུང༌། གྲོལ་མཆོག་གི་ཁྲིད་བརྒྱ། འགྲེལ་པ་དོན་གསལ། འདུལ་བ་མདོ་རྩ་བ། མཛོད་རྩ། རིགས་ཚོགས་དྲུག །བཞི་བརྒྱ་པ། བྱམས་ཆོས་སྡེ་ལྔ། བྱང་ས། བསླབ་སྤྱོད། སྐྱེས་ཚོམས། རྣམ་འགྲེལ་རྩ་བ། རྣམ་ངེས། རིགས་ཐིག་སོགས་ཀྱི་ལྗགས་ལུང་དང༌། གཞན་ཡང་ཆོས་བཀའ་མང་དུ་བཀའ་དྲིན་སྩལ། བྲག་ཡབ་སྤྲུལ་བའི་སྐུ་ནས་དེར་བཞུགས་རིང་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་ཅིང༌། བཀའ་ཆོས་ཀྱི་ཡོན་ཡང་དཔངས་མཐོ་བ་ཕུལ། སླར་དགོན་པར་ཕེབས་ནས། ཐུའུ་བཀྭན་རིན་པོ་ཆེ། ཚ་བ་ཞབས་དྲུང༌། གླིང་གྲགས་པ་སྐུ་སྐྱེ། ཇོ་གདན་མཁན་པོ་དཔལ་ལྡན་གྲགས་པ་སོགས་མང་ཙམ་ལ། བཀའ་གདམས་ལྷ་བཞི། ས་ལུགས་འཇམ་དབྱངས་དམར་སེར། མ་ཏི་ལུགས་ཀྱི་འཇམ་དབྱངས་དཀར་པོ། དབྱངས་ཅན་མ་དཀར་དམར་གཉིས། ཕག་དཀར་ཤེས་རབ་གསལ་བྱེད། སྲད་རྒྱུད་ལུགས་ཀྱི་ལོ་གྱོན་རིགས་གསུམ། གུར་ནས་བཤད་པའི་སོར་འབྲང༌། སྣ་ཚོགས་ཡུམ། ཕྱག་རྡོར་གཏུམ་ཆུང༌། ཁྱུང་ཁྲ། ཁྱུང་ནག །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་རྣམས་ཀྱི་རྗེས་གནང༌། ལྷ་སོ་སོའི་སྒྲུབ་སྐོར་ལས་ཚོགས་ཀྱི་ཡིག་ཆ་དུ་མའི་བཀླག་ལུང༌། གཞན་ཡང་སོ་སོས་ཞུས་པའི་འདོད་ཆོས་ཀྱི་ལུང་མན་ངག་མང་དུ་གནང༌། མཁས་གྲུབ་བྱེ་བའི་གཙུག་རྒྱན་དཔོན་སློབ་བྱམས་པ་རིན་པོ་ཆེའི་གསུང་གིས་བསྐུལ་ཏེ། ཀུན་མཁྱེན་གོང་མའི་རྣམ་ཐར་


GTD004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཆེ་ལ་གོ་བདེ་བ། མཐོང་བ་ཙམ་གྱིས་དང་བ་འདྲེན་ཞིང༌། བསིལ་ལྗོངས་ཀྱི་སྙན་དངགས་ཕལ་མོ་ཆེའི་བླ་ན་མངོན་པར་མཐོ་བའི་ཉམས་ཀྱིས་མཁས་པ་མཐའ་དག་གི་ཡིད་རང་དབང་མེད་པར་འཕྲོག་ནུས་པའི་ལེགས་བཤད་མཚུངས་ཟླ་མེད་པ་འདི་ཉིད་འཁྲུངས་རབས་རྣམ་ཐར་དང་བཅས་པ་གསར་རྩོམ་མཛད། འདི་སྐབས་ཆེད་གཉེར་གྱིས་དབྱངས་ཅན་མའི་བྲིས་སྐུ་ཞིག་བཞེངས་ཏེ་ལྗགས་བསྙེན་གནང་བས་བུ་མོ་གཞོན་ནུ་མ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་གཅིག་གིས་ཐོད་ལེ་ཀོར་ཞིག་སྟེར་བའི་མནལ་ལམ་བྱུང་ཞིང༌། འཕགས་མ་ཟླ་མཛེས་མ་ལ་བསྟོད་པ་དོན་ཡོད་པའི་ཞགས་པ་ཞེས་པ་འདི་ཡང་དེ་དུས་མཛད། ཉིན་གཅིག་ལྕང་སྐྱ་རིན་པོ་ཆེའི་སྐུ་མདུན་དུ་གསུང་རབ་མང་པོའི་དཀའ་གནས་ལས་བརྩམས་ཏེ་འཕྲོས་པ་མཛད་པའི་མཚམས་ཤིག་ཏུ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུང་འགའ་ཞིག་རྗེ་ཡབ་སྲས་དང་མི་མཐུན་ཚུལ་ཞུས་པར། ལྕང་སྐྱ་རྡོ་རྗེ་འཆང་ནས་ཐུགས་ཁྲོས་པའི་རྣམ་པ་མཛད་དེ། དེ་འདྲ་གང་ན་འདུག་གསུངས་པ་ལ། རྗེ་འདིས་བརྟག་གཉིས་ཊཱིཀ་ཆེན་སོགས་དེ་དང་དེའི་ཐད་ཀྱི་ལུང་རྣམས་དྲངས་ཏེ་ཞུས་པས། ལྕང་སྐྱ་རྡོ་རྗེ་འཆང་ནས། ཁྱེད་ཚོས་མིའི་བླ་མ་ལ་མ་གུས་པ་བྱས་ནས་ཞེས་བཀའ་བཀྱོན་གནང༌། རྗེ་འདིས་ཀྱང་འཇམ་མགོན་བླ་མ་ཡབ་སྲས་ཀྱི་ལེགས་བཤད་གཙོ་མི་ཆེ་ན། གཞན་གཙོ་ཆེ་རྒྱུ་ཅི་ཡོད་ཅེས་ཚིག་ལ་གོས་མ་བསྐོན་པར་ཞུས་ཏེ་ཁྲོས་ཚུལ་གྱིས་ཧར་གྱིས་བཞེངས་ནས་གཟིམས་ཤག་ཏུ་ཕེབས། ཕྱི་དྲོ་བཤགས་པ་འབུལ་དགོས་དགོངས་ནས་ཕེབས་ཀྱང༌། རྡོ་རྗེ་འཆང་ནས་ད་དུང་གསུང་སོགས་


GTD004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་མི་གནང་བས། ཚིག་གི་བཟོད་གསོལ་འབུལ་བའི་དུས་ལ་ཅུང་མ་བབས་པར་འདུག་དགོངས་ཏེ་གུས་པའི་རྣམ་འགྱུར་མཛད་ནས་ཕྱིར་ཕེབས་ཏེ། དེ་ནུབ་ཐུགས་འཚེར་སྣང་དང་བཅས་ཤག་ཏུ་བཞུགས། དེ་ཡང་དངོས་གནས་ལ་ཐུགས་ཁྲོ་བ་མེད་ཀྱང་འཇིག་རྟེན་མཐུན་སྣང་དང་བསྟུན་ནས་ཐུགས་ཁྲོ་ཚུལ་དང༌། ཁྲོ་བ་མ་ཞི་བར་ཤད་ཀྱིས་སྦྱང་བ་མི་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཐབས་མཁས་ཀྱི་སྤྱོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའ་གཞན་གྱི་སེམས་དང་མཐུན་པར་བྱེད་པ་ནི། གཞན་ཁྲོ་བའི་ཀུན་ནས་དཀྲིས་པའི་ཀུན་ནས་དཀྲིས་པ་ལ། ཁྲོ་བའི་ཀུན་ནས་དཀྲིས་པ་མེད་པར་མ་གྱུར་གྱི་བར་དུ་བསྔགས་པ་ཡང་མི་བརྗོད་ན། བསྔགས་པ་མ་ཡིན་པ་ལྟ་ཅི་སྨོས་ཏེ་ཤད་ཀྱིས་སྦྱང་བར་མི་བྱའོ། །ཞེས་གསུངས་པའི་དགོངས་པའོ། །དེའི་ཕྱི་ཉིན་སྔ་བར་གསོལ་ཇ་ཡང་མ་བཞེས་པར་ལྕང་སྐྱ་རྡོ་རྗེ་འཆང་གི་མདུན་དུ་བྱོན་ཏེ་ཡིག་བརྒྱ་གསུངས་བཞིན་དུ་ཕྱག་ཕུལ་ནས། ཁ་སང་བླ་མ་ལ་མ་གུས་པ་ཡང་མིན། ང་རང་གི་རང་དོན་ཡང་མིན། འོན་ཀྱང་ཚིག་རྩུབ་མང་པོ་ཞིག་ཞུས་སོང་བར་བཟོད་པ་བཞེས་དགོས་ཞེས་ཞུས་པར། རྡོ་རྗེ་འཆང་སྔར་ལས་ཀྱང་དགྱེས་ཉམས་ཆེར་མཛད་དེ། ཁྱེད་ཀྱི་སྐུ་གོང་མ་དེ་ཡང་རྗེ་ཡབ་སྲས་ཀྱི་རིང་ལུགས་མཐོན་པོ་སུའི་ངོར་མི་གཏོང་བར་འཛིན་པའི་རང་ཚུགས་ཅན་ཞིག་ཡིན་པས་དེ་འདྲ་བྱེད་དགོས། འཇམ་འཇམ་བྱེད་མཁན་ཚོ་ལ་ངས་ཀྱང་བློ་གཏོད་མི་ཕོད་གསུངས་ཏེ་ཡབ་སྲས་གཉིས་ཆར་གྱིས་རྗེ་བླ་མའི་ལེགས་བཤད་དྲི་མ་མེད་པ་འདི་ཁོ་ན་ཐུགས་ཀྱི་གཅེས་ནོར་མཆོག་ཏུ་བཅངས་པའི་


GTD004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ངོམ་པར་མཛད། འདི་དུས་ཀྱི་ཡབ་སྲས་གཉིས་ཀའི་མཛད་སྤྱོད་དེ་དག་ཀྱང་ཆེས་དཔག་པར་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་ཡིན་ཏེ། བདག་ཅག་གི་སྟོན་པ་འདི་ཉིད་སྔོན་བྲམ་ཟེའི་རིགས་སུ་འཁྲུངས་པའི་ཚེ་སློབ་དཔོན་གྱིས་གཞན་ལས་ནོར་བརྐུ་བར་གདམས་པའི་རྗེས་སུ་མ་འབྲང་བ་ན་དང་པོར་མི་དགའ་བའི་ཚུལ་བསྟན་ཀྱང་ཕྱིས། ང་ཡིས་འབད་པ་དོན་ཡོད་ལེགས་པར་བྱུང༌། །ཞེས་སོགས་ཀྱིས་ཆེད་དུ་བརྗོད་པ་བྱས་ཏེ་སློབ་མ་ཐམས་ཅད་ཀྱི་ནང་ནས་གཙོ་བོར་བཟུང་བའི་རྣམ་ཐར་ཇི་ལྟ་བ་བཞིན་ནོ། །བརྒྱད་པའི་ཚེས་ལ་རྗེ་ཉིད་ནས་རྡོ་རྗེ་སློབ་དཔོན་མཛད་དེ་འབྲས་སྤུངས་དུར་ཁྲོད་དུ་བྱང་རྩེ་མཁན་རིན་པོ་ཆེའི་གདུང་ཞུགས་འབུལ་མཛད། སྐབས་སྔ་ཕྱི་ཅི་རིགས་པར་ལྕང་སྐྱ་ཁང་གསར་དང་ཧར་སྡོང་རྒྱུད་ཁང་སོགས་སུ་གྲྭ་པ་ལྔ་བརྒྱ་སྐོར་རེ་ལ་རྗེ་གོང་མའི་གསུང་འབུམ་གང་གསན་གྱི་ལུང་དང༌། བདེ་ལམ་སོགས་ཆོས་བཀའ་མང་དུ་གནང༌། སྟོན་མཇུག་པེའི་སི་ནས་གང་ཅིའི་དོ་ཁུར་བླངས་ཏེ་ནོ་ཡོན་ཆོས་རྗེ་དང་ནོ་ཡོན་རབ་འབྱམས་པ་རྣམས་གདན་འདྲེན་དུ་བཏང་བ་འབྱོར། ཡང་སྐབས་ཤིག་མནལ་ལམ་དུ་སྔར་གྱི་སྟག་དེ་བྱུང་བ་དོང་ནང་དུ་བསྐྱུར་བ་རྨིས་ཤིང༌། མ་འགྱངས་པར་རྡོ་རྗེ་འཆང་ནས་རྒྱ་ནག་ཏུ་ཕེབས་དགོས་ཀྱི་བཀའ་གནང་བས། ནོ་ཡོན་ཆོས་རྗེ་དང་ནོ་ཡོན་རབ་འབྱམས་པ་གཉིས་ཀྱིས་ད་ལྟ་ཝང་སྐུ་ན་ཕྲ་བ་དང༌། དགོན་པར་བློ་རྟེན་གཞན་མེད་པ་བཅས་བཀྲ་ཤིས་འཁྱིལ་དང་ཝང་ཚང་གཉིས་ཀའི་འཆང་ས་རྗེ་འདི་གཅིག་པུ་ཡིན་པས་དགོངས་ཁྲོལ་ཐུགས་རྗེ་ཆེ་དགོས་ཞུས་པར། ལྕང་སྐྱ་རྡོ་རྗེ་འཆང་ནས། ཁྱེད་ཚོས་ལག་མཐིལ་ཙམ་ཞིག་གི་གཏམ་མ་བཤད།


GTD004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་རྒྱལ་པོའི་བླ་མ་གནང་ན་འཛམ་བུའི་གླིང་ཀུན་དགེ་ལྡན་པའི་བསྟན་པས་ཁྱབ་པར་མཛད་པ་ཞིག་ཡོང་བས་དེ་ཀ་འགངས་ཆེ་མོད་གསུངས་ནས་དགོངས་པ་མ་ཁྲོལ། བཀྲ་ཤིས་འཁྱིལ་གྱི་གྲྭ་རིགས་དེར་ཡོད་ཀུན་སོང་ནས་ནན་གྱིས་ཞུས་པར་ཡང༌། འཇམ་དབྱངས་བཞད་པ་ཚང་ལ་ང་ཤ་མི་ཚ་བར་ཁྱེད་ཚོ་ཤ་ཚ་བ་ཨེ་ཡིན་གསུངས། བཀའ་བཀྱོན་གྱིས་ཚར་བཅད། རྗེ་རང་གིས་ཀྱང་དེ་རིགས་ལ་བཞེད་པ་མེད་ཚུལ་དང༌། ལྷ་ཐོར་གྱི་ཡང་ཐར་པའི་ངེས་འདྲོངས་ཤིག་མེད་པས་འཛེམ་དགོས་ཚུལ་སོགས་ཀྱི་ཞུ་བ་ཡང་ཡང་ཕུལ་ཡང་མ་གནང༌། མཐར་དབུ་བསྙུང་བཞེས་ཏེ་བདག་ལ་ངེས་པར་གཏིང་ནས་འདོད་པ་མེད་གཤིས་སྔ་སོར་རྒྱལ་དབང་རིན་པོ་ཆེ་ནས་རྒྱ་ནག་ཏུ་འགྲོ་དགོས་ཀྱི་བཀའ་ཁྱབ་ཞལ་ནས་དངོས་སུ་གནང་སྐབས་ཀྱང༌། ཨུ་ཚུགས་མཐར་སྐྱེལ་གྱིས་ཞུས་པས་གཞན་གྱིས་ཁ་ལོག་པ་བྱུང་ཡང་དགོངས་ཁྲོལ་གནང་བ་ཡིན་ན། ད་འདི་འདྲ་བྱེད་ལུགས་ཡོད་དམ་ཞུས་པས་རྡོ་རྗེ་འཆང་ནས་ཀྱང་དགོངས་པ་གནང་དགོས་བྱུང༌། དེ་སྐབས་ཏུ་རལ་དཔོན་པོས་ད་རེས་རྒྱ་ནག་ཏུ་ཕེབས་ན་བཟང་མོད་ཞུས་པས། མིང་སྙན་གོ་ས་མཐོ་ཡང་མཐོ་དམན་ཐམས་ཅད་ཀྱི་ཉམས་ལ་མི་ཕན་པའི་ཁར་ང་འདྲ་བས་བསྟན་པ་སྤྱི་ལ་ཡང་མི་ཕན། ང་ཚེ་འདིར་ཡུལ་ཕྱོགས་ཐམས་ཅད་ལ་རེ་རེ་འགྲོ་དགོས་གསུངས། འདི་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་ཉིད་ཀྱི་རྣམ་ཐར་ལས། དེ་ཡང་ངལ་གསོ་མེད་པར་ཕྱོགས་མེད་ཀྱི་རྒྱལ་ཁམས་ཀུན་ཏུ་ཉུལ་ནས་གང་ལ་གང་འཚམ་གྱི་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང༌། རྗེས་གནང༌། མདོ་སྔགས་ཀྱི་ལུང་བཤད། མན་ངག་


GTD004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆར་ཕབ་སྟེ། བསྟན་པ་ལ་ཕན་པ་དང༌། སྟོན་པ་ལ་བྱ་བ་ཅུང་ཟད་བྱས། ཞེས་གསུངས་པ་ལྟར་སྙིགས་མའི་གདུལ་བྱ་འདི་སྣང་གི་གཡེང་བས་ཁྱེར་ཏེ་ཆོས་དང་བླ་མ་མི་དྲན་པ་རྣམས་ཀྱང་རྗེས་བསྙེགས་ནས་བཙན་ཐབས་སུ་ཆོས་སྒོར་གཞུག་པ་རྒྱལ་སྲས་སྙིང་སྟོབས་ཆེན་པོའི་རྣམ་ཐར་གྱི་གཙོ་བོ་ཞིག་ཡིན་ཏེ། ཞལ་ནས། ཕྱོགས་མེད་རྒྱལ་ཁམས་རྣམས་སུ་འགྲོ་བའི་དོན། །སྒྲུབ་ལ་ནམ་ཡང་སྐྱོ་ངལ་མི་མངའ་ཞིང༌། །འབྲེལ་ཚད་སྨིན་ཅིང་གྲོལ་བའི་ལམ་བཟང་པོར། །འགོད་མཛད་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞེས་སོ། །སྐབས་སྔ་ཕྱི་འདི་དག་ཏུ་མནལ་ལམ་ལ་བྱུང་བའི་སྟག་དེ་རྒྱ་འདྲེ་ཞིག་གི་ངོ་ཡིན་པར་འདུག་གསུངས། དེ་ནས་དགུང་ལོ་སོ་གཉིས་པ་ས་མོ་ཡོས་ལ་ཕུར་བུ་ལྕོག་ཏུ་རྗེ་གྲུབ་པའི་དབང་ཕྱུག་བླ་མ་བྱམས་པའི་དྲུང་ནས། སྙིང་པོ་དོན་གསུམ་གྱི་ཁྲིད། ཚེམ་བུ་པའི་དམར་ཁྲིད། བླ་མ་མཆོད་པའི་ཁྲིད། ཕྱག་ཆེན་གྱི་ཁྲིད། བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་གདམས་པའི་ཉིང་ཁུ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། ཟླ་བ་གཉིས་པའི་ཚེས་ལ་པོ་ཏ་ལར་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞབས་པད་ནས་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་ལྷན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་ཆོས་བཀའ་མང་དུ་གསན། སྨིན་གྲོལ་ནོ་མིན་ཧན་ངག་དབང་འཕྲིན་ལས་རྒྱ་མཚོ་སྒོ་མང་ཆོས་གྲྭར་གསར་དུ་ཕེབས་པས་ཕན་ཚུན་ཐུགས་ནང་ཉེ་ཞིང་གསན་སྦྱོང་གནང་ཚུལ་སོགས་ཀྱི་བསླབ་བྱ་མཛད། སྐབས་ཤིག་ཁོང་སྐུ་ཁམས་ཅུང་ཟད་སྙེལ་བར་ཚེ་དབང་དང་རྟ་མགྲིན་གྱི་རྗེས་གནང་སོགས་རྐྱེན་སེལ་འགའ་ཞིག་དང༌། གཞན་ཡང་ཐུགས་བཞེད་བཞིན་གྱི་ཆོས་བཀའ་ཅི་


GTD004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྩལ་ཏེ་བཞེད་པ་བསྐངས། བཞི་པའི་ནང་དུ་པཎ་ཆེན་ཐམས་ཅད་མཁྱེན་པར་རྗེ་ཉིད་ནས་གསོལ་བ་བཏབ་པ་བཞིན། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྨིན་བྱེད་བསྐྱེད་རིམ་དང་གྲོལ་བྱེད་རྫོགས་རིམ་གཉིས་ཀྱི་དམར་ཁྲིད་ཉིན་བདུན་གྱི་རིང་སྩལ་བར་བྲག་ཡབ་སྤྲུལ་བའི་སྐུ། རྒྱལ་སྲས་རིན་པོ་ཆེ། སེ་འབྲས་ཀྱི་དགེ་བཤེས་སོགས་ཧྲག་བསྡུས་དྲུག་ཅུ་སྐོར་འདུས། ཁྲིད་གྲུབ་ནས་གཏང་རག་གི་ཡོན་དུ་ཚོགས་འཁོར་དང་བཅས་མཎྜལ། སྐུ་གསུང་ཐུགས་རྟེན། ན་བཟའ་ཉེར་སྤྱད། ཨ་རུ་ཧོར་ཆེན་པེའི་ལིས་ཕུལ་བའི་ཤེལ་སྤྱད་སྣ་ཚོགས། དངུལ་རྡོ་ཚད་བདུན་སོགས་བདོག་པ་དངོས་གཙང་བ་ཕུལ། ཉིན་གཅིག་པཎ་ཆེན་ཐམས་ཅད་མཁྱེན་པ་དང༌། ལྕང་སྐྱ་རྡོ་རྗེ་འཆང་ལྷན་རྒྱས་ཀྱི་སྟེང་དུ་རྗེ་འདི་འབོད་པ་གནང་སྟེ་པཎ་ཆེན་ཐམས་ཅད་མཁྱེན་པར་གཟིགས་འབུལ་དང་སྒྲུབ་པའི་མཆོད་པར་རྗེ་འདི་དམ་བཅར་བཞུགས་པ་ལ་ལྕང་སྐྱ་རྡོ་རྗེ་འཆང་གིས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལས་བརྩམས་པའི་བགྲོ་གླེང་དོན་ཟབ་ཅིང་རྒྱ་ཆེ་བ་བྲག་ཐོག་ནས་ཆུ་འབྱོ་བ་བཞིན་གནང་ཞིང༌། ཉིད་ནས་ཀྱང་སྐབས་སུ་གང་བབས་ཀྱི་ལན་ཐོགས་མེད་དུ་ཕུལ་བས་ཡབ་སྲས་གཉིས་ཆར་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པར་གྱུར་ཏོ། །ཟླ་ཉིའི་འོད་ཀྱི་རྩེ་དགའ་རྒོད་པ་ཡི། །རྣ་ལུང་མཛེས་པའི་རིན་ཆེན་རི་བོ་བཞིན། །ལེགས་བཤད་གསར་པའི་མཆོད་སྤྲིན་སྤྲོ་བ་ཡིས། །ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་ས་མཛེས། །ཨེ་མ་ཁང་བཟང་གཅིག་ཏུ་ཡང༌། །འདྲེན་པ་གསུམ་གྱིས་མཐུན་སྣང་དུ། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་ན། །ཅི་སླད་


GTD004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་གཉིས་མིན་གསུངས། །གཞོམ་མེད་གཞིག་བྲལ་རྡོ་རྗེའི་གདན་མིན་ཡང༌། །དེ་ལྟའི་གསང་གསུམ་སྤྲོས་པ་འབུམ་གྱི་གར། །ཅིག་ཅར་བསྒྱུར་བའི་རོལ་པ་བརྟེན་བཟོད་པའི། །བསིལ་ལྗོངས་གསེར་ལྡན་མ་ཡང་སྐལ་བ་བཟང༌། །དེ་རྗེས་པཎ་ཆེན་ཐམས་ཅད་མཁྱེན་པ་ནས་ཉིན་གསུམ་གྱི་རིང་འཁྲུལ་འཁོར་དང་ལྕགས་མཁར་གྱི་ཁྲིད་སྩལ་ཅིང༌། མཇུག་ཏུ་འཁྲུལ་འཁོར་རྣམ་བཤད་ཆེན་མོ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་དཔེ་ངོ་མ་ཞིག་དང་དཔེ་རིས་ཆ་ཚང་ཞིག་ཀྱང་ཕྱག་བདར་ཏེ་གནང༌། སྐུ་ཚེ་མཛད་འཕྲིན་སོགས་ཀྱི་དོན་སྐོར་པཎ་ཆེན་མཆོག་ལ་ཞུས་པར། སྒྲོལ་མ་ཡི་དམ་དུ་གནང་ན་ལེགས་ཚུལ་ཕེབས་པས། དེ་ཕྱིན་ལོ་རེ་ལ་སྒྲོལ་མ་འབུམ་ཕྲག་རེ་ཉུང་མཐར་བྱས་ནས་སྒྲུབ་པའི་སྲོལ་བཙུགས། ཕྱིས་སུ་བར་ཆད་ཀྱི་མཚན་མ་མངོན་ཚན་ཆེ་བའི་སྐབས་དུ་མར། སྤྱན་དམིགས་དང་བཅས་མྱུར་མཛད་མ་དང༌། སྒྲོལ་མ་ཚར་རེ་ཙམ་གསུངས་པ་ན། འབབ་ཆུ་དྲག་པོ་ལ་རྡོ་རྗེའི་ཆུ་ལོན་བཀོད་པ་ལྟར་གྱུར་པ་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་གྲུབ་པའི་ལོ་རྒྱུས་ཆེས་མང་ངོ༌། །དེ་ལྟར་དབུས་སུ་བྱོན་ནས་ལོ་ངོ་བརྒྱད་ཀྱི་བར་དུ་བཞུགས་ཏེ་དབུ་ཕར་གྱི་གཞུང་ལ་ཞིབ་པར་ཚིག་དོན་རེ་རེ་ནས་ཆོས་གྲྭར་བརྒལ་བརྟག་གིས་གཏན་ལ་ཕབ། མཛོད་འདུལ་རྣམ་འགྲེལ་གསུམ་ལ་རང་རང་གི་རྩ་བའི་སྟེང་དུ་འཕགས་བོད་ཀྱི་འགྲེལ་པ་མང་པོ་དང་མཐའ་དཔྱོད་སོགས་གུང་བསྒྲིགས་ནས་དཔྱད་པ་ཞིབ་མོ་དང༌། དཀའ་བའི་གནས་ལ་དོགས་གཅོད་མང་དུ་མཛད་དེ་བཀའ་པོད་ཆེན་པོ་ལྔའི་ཚིག་དོན་མཐའ་དག་ལྷག་མ་མེད་པར་ཐུགས་སུ་ཆུད། སྔགས་ལ་རྒྱུད་གྲྭར་ཕེབས་


GTD004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཤར་ཡང་རྒྱུད་དང་རྒྱུད་འགྲེལ་ཆེན་མོ་རྣམས་དང༌། དེའི་གནད་བསྡུས་པའི་བསྐྱེད་རྫོགས་སོགས་ལ་གཟིགས་རྟོག་མཛད་ཅིང་མཁས་པ་མང་དུ་བསྟེན་ནས་གཞུང་སྤྱིའི་ཁོག་ཕུགས་པའི་གཟབ་བཤད། དཀའ་བའི་གནས་ལ་དམིགས་ཀྱིས་བསལ་བའི་དོགས་གཅོད། ལག་ལེན་གྱི་རིགས་ལ་མཐོང་བ་བརྒྱུད་པའི་ཞིབ་ཁྲིད་བཅས་སྦྱངས་ཏེ། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གནད་ལ་མཁྱེན་པའི་ཀློང་རྡོལ། བཤེས་གཉེན་མཚན་ཉིད་དང་ལྡན་པ་དུ་མ་ཚུལ་བཞིན་དུ་བསྟེན་ཏེ། དབང་ལུང་རྗེས་གསུམ་ཁྲིད་མན་ངག་དང་བཅས་པ་གང་བཞུགས་དང༌། ཁྱད་པར་དུ་ཡང་འཇམ་དབྱངས་མཁྱེན་བརྩེའི་གསུང་མགུར་ལས། གང་འདིས་ཐུབ་བསྟན་ཐ་མར་གྱུར་པའི་མཐུས། །ཇི་སྙེད་ཆོས་ཀྱི་བཀའ་བབས་ཆད་གྱུར་ཅིང༌། །ཅུང་ཟད་ལུས་རྣམས་འཆད་ལ་ཉེ་བ་འདི། །བསམ་བཞིན་སྙིང་ནས་མ་དགའ་ཤེས་པ་འཕྱོ། །ཞེས་གསུངས་པ་བཞིན་དུས་དབང་གིས་ཆོས་རྒྱུན་ཉག་ཕྲ་བར་ཡོད་པ་རྣམས་ཐུགས་ཀྱིས་མ་བཟོད་པར་ཕྱོགས་མཐའ་དག་ནས་དཀའ་བ་བརྒྱ་ཕྲག་གིས་བཙལ་ཏེ་གསན། དེ་ཡང་རྒྱལ་བའི་བཀའ་དང་ཚད་མར་གྱུར་པའི་ལུང་རྣམས་ལས་གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་དགོས་པར་གསུངས་པ་བཞིན་ཆོས་ཁུངས་བཙུན་པ་གཙོ་བོར་མཛད་པ་མ་གཏོགས། དེང་དུས་ཀྱི་དམ་པར་ཁས་འཆེ་བ་ལ་ལ་བཞིན་གང་ཟག་གོ་ས་དམའ་བ་ཞིག་ལ་ཆོས་ཉན་ན་མཐོན་པོའི་སྒྲོབ་ལ་གནོད་དུ་དོགས་ནས་འཛེམ་པར་བྱེད་པ་ནི། ཀུན་གཟིགས་ལྔ་པ་ཆེན་པོས། རང་ཆེ་ཁེངས་པའི་རི་བོ་མཐོན་པོའི་རྩེར། །ལེགས་


GTD004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་གཏམ་གྱི་ཆུ་བོ་ག་ལ་འདྲོང༌། །གཟུར་གནས་ཐུགས་ཀྱི་གཤོང་བུར་མདོ་རྒྱུད་ཀྱི། །མཁའ་གླང་གཟེགས་མ་ཕྱོགས་བརྒྱ་ནས་འབབ་འཁྱིལ། །ཞེས་གསུངས་པ་ལྟར། ཆོས་ཀྱི་བདུད་རྩིའི་བགོ་སྐལ་ནོད་པའི་གེགས་ཀྱི་གཙོ་བོར་དགོངས་ཏེ་བླ་ཆེན་དུ་མིང་མ་བཏགས་པའི་ཞྭ་ལུའི་རི་ཁྲོད་པ་འགའ་ཞིག་དང༌། བཀྲ་ཤིས་ལྷུན་པོའི་རྗེ་དྲུང་ཡེ་ཤེས་མཐའ་ཡས་སོགས་ལས་ཆོས་མང་དུ་གསན། བྲ་སྟི་དགེ་བཤེས་ཀྱི་སློབ་མ་རི་ཁྲོད་པ་ཞིག་ལས་ཀྱང་སུམ་རྟགས་ལ་གསན་སྦྱོང་མཛད། དེར་མ་ཟད་ཀུན་མཁྱེན་གོང་མས་རྒྱལ་ཐང་བའི་གཅོད་ལ་བསྔགས་བརྗོད་མཛད་ཚུལ་ལ་བརྟེན། གསན་བཞེད་ཆེ་ཡང་ཆོས་རྒྱུན་ཁུངས་དག་རྩད་མ་ཆོད་པའི་སྐབས་ཤིག་ལྷ་ས་སྨོན་ལམ་གྱི་གནས་ཚང་དུ་མཇལ་སྐོར་བ་ཞིག་གི་ཁུར་པོའི་ནང་ན་དཔེ་འགའ་ཞིག་འདུག་པའི་ཁྲོད་དུ་གཅོད་དེ་སྐོར་གྱི་ཆ་ལག་ཚང་བར་ཡོད་པ་གཟིགས་ནས་གསུང་འཕྲོས་གནང་བས་ཆོས་རྒྱུན་ཡང་ཁུངས་བཙུན་རྫོགས་པར་ནོད་འདུག་པས་ཐུགས་དགྱེས་ཚོར་ཆེན་པོ་མཛད་དེ་འབྲས་སྤུངས་སུ་གདན་དྲངས་ནས་ཆ་ཚང་བར་གསན་ཏེ། ཇི་སྐད་དུ། འཇམ་མགོན་ས་སྐྱ་པཎྚི་ཏས། མཁས་པ་ཡོན་ཏན་དཔག་མེད་ཀྱང༌། །གཞན་གྱི་ཡོན་ཏན་ཆུང་ངུ་ལེན། །ཞེས་གསུངས་པ་བཞིན་མཐུན་སྣང་དུ་རང་གི་ཡོན་ཏན་གྱི་བརྒྱ་ཆ་ཙམ་ཡང་མེད་པ་མང་པོ་ཡང་བླ་མར་བཟུང་ནས་ཆོས་གསན་པ་སོགས་མཉམ་མེད་ཇོ་བོ་ཆེན་པོའི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་མཛད། གསན་པ་དེ་ཡང་ཐོབ་ལོ་ཙམ་མ་ཡིན་པར་བསྟན་པའི་རྒྱུན་ལ་དགོངས་ནས་བརྒྱུད་རིམ། ཆོ་ག་


GTD004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་ཐ་ན་བཅའ་ཤོམ་ཚུན་ཆོད་ལ་ཡང་དག་པར་ཞིབ་ཐིག་མཛད་པའི་སྤྱན་ལྟོས་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་དེང་སང་འདི་ཕྱོགས་ཀྱི་གྲྭ་རིགས་རྣམས་ཆོས་ཉན་པ་དང༌། དེའི་བརྒྱུད་ཁུངས་དང་ཆིངས་སོགས་རྩད་གཅོད་པ། གསུང་བཤད་ཟིན་བྲིས་སུ་འདེབས་པ་སོགས་ལ་བརྩོན་པའི་སྲོལ་འདི་ཉིད་བྱུང་བར་གཟུར་གནས་ཀུན་གྱིས་མགྲིན་གཅིག་ཏུ་གླེང་བ་ལྟར་ཡིན། དེའི་ཚེ་ཕྱག་རྫས་གཞི་ཆེ་བ་མེད་ཀྱང་གང་ཡོད་ཆོས་ཞུས་ཀྱི་ཡོན་དང་ཕྱག་དཔེ་གསར་བསྒྲིགས་ཀྱི་ཐེབས་སུ་བཏང་ནས་རྒྱུན་ལྡན་བཞེས་པ་རུས་ཐུག་རེ་ཙམ་གྱིས་ཆོག་ཤེས་མཛད་དེ་ཆོས་ཀྱི་དོན་དུ་དཀའ་བ་སྤྱོད་པ་གཞོན་ནུ་ནོར་བཟང་དང༌། འཕགས་པ་རྟག་ཏུ་ངུ་ལ་སོགས་པའི་རྣམ་ཐར་ལྷུར་བཞེས་མཛད་དེ་དབུས་འགྱུར་ཆོས་ཀྱི་མདུན་ས་ཆེན་པོར་གང་གི་དོན་དུ་བྱོན་པའི་དགོས་པ་མཐའ་དག་ཐུགས་ཀྱི་བཞེད་པ་བཞིན་དུ་ལེགས་པར་གྲུབ་ནས་སླར་མདོ་སྨད་ཀྱི་བསྟན་འགྲོའི་དོན་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་ཐུགས་འཕེན་གནང་ཞིང༌། གདན་འདྲེན་པ་རྣམས་ནས་ཀྱང་ཕེབས་ཆས་སོགས་ཀྱི་གྲ་སྒྲིགས་ལེ་ཤོར་མེད་པར་ཁུར་བླངས་ཀྱིས་ཞབས་འདེགས་ཞུས། དེའི་ཁྲོད་ནས་ཆིང་ཝང་གི་མི་སྣ་ནོ་ཡོན་ཆོས་རྗེས་པཎ་ཆེན་ཐམས་ཅད་མཁྱེན་པར་རྗེ་འདིའི་འཁྲུངས་རབས་གསོལ་འདེབས་ཤིག་ཞུས་པར་ཤེས་བྱའི་གནས་ཚུལ་མ་ལྗགས་རྩོམ་མཛད་པ་དེ་ཉིད་ཀྱི་གསུང་གི་བླ་མའི་བསྟོད་ཚོགས་གྲས་ན་རྒྱས་ཤོས་ལྟ་བུར་ཡོད། དེ་སྐབས་གཞུང་སའི་ལས་དོན་དེ་མོ་རིན་པོ་ཆེས་གནང་སྐབས་ཡིན་གཤིས་ཐོན་ཕྱག་ཞུས་ཐོག །གཞུང་ས་ནས་དགེ་ལྡན་བསྟན་པའི་གསལ་བྱེད་པཎྚི་ཏ་ནོ་མིན་


GTD004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཧན་གྱི་ཆོ་ལོ་དང་ཐམ་ཀ་སོགས་སྩལ་ཏེ་ཆེན་པོར་འོས་པའི་གཟེངས་བསྟོད་མཛད་ཅིང༌། ན་བཟའ་ཉེར་སྤྱད། གདུགས། རྒྱ་གླིང། རྟ་དར་སོགས་མཁན་ཆས་ཆ་ཚང༌། སྣམ་བུབས་བཞི་བཅུ་སོགས་ཀྱི་དངོས་ཆས་སྤམ་མཐོ་བ་དང༌། དེ་མོ་ནོ་མིན་ཧན་ནས། ཧ་སག་དྲུག །ཐེར་བུབས་བརྒྱད། རྩེ་ཞྭ་བཞི་བཅུ། སྤུ་ཧྲུག་ལྔ་བཅུ་སྐོར་སོགས་ཕེབས་རྫོངས་ཤིན་ཏུ་གཟབ་ཅིང༌། དེ་མཚུངས་བཀའ་བློན་མི་དྲག་ཐམས་ཅད་ཀྱིས་ཀྱང་ལེགས་སྐྱེས་གྱ་ནོམ་པ་བསྟར། ལྕང་སྐྱ་རྡོ་རྗེ་འཆང་ནས་སྐུ་གསུང་ཐུགས་རྟེན་དུ་མ་དང༌། ན་བཟའ་ཆ་ཚང༌། སྤུ་ཧྲུག་སུམ་ཅུ། དངུལ་སྲང་བརྒྱ། ཆིབས་ཆེན་སྒ་འཁོར་ཆ་ཚང་གིས་གཙོས་རྟ་བཅུ་སོགས་ཕེབས་རྫོངས་རྒྱས་པར་གནང༌། གྲྭ་ཚང་ལ་དངུལ་ཞོ་གསུམ་རེའི་འགྱེད་དང༌། འཇོག་པར་ཇ་ཁྲ་སྤུས་ལེགས་བརྒྱ་དང་བདུན་ཅུ་བཞག །སོ་སོ་ནས་ཀྱང་ཕེབས་རྫོངས་ཀྱི་རིམ་པ་གང་གཟབ་ཞུས། ཧོར་ཟླ་ལྔ་པའི་ཚེས་ཉེར་གསུམ་ལ་གཞུང་ས་ནས་གནང་བའི་མཁན་ཆས་རྣམས་སྤྲད་དེ་འབྲས་སྤུངས་ནས་ཆིབས་བསྒྱུར། སྒོ་མང་གྲྭ་ཚང་དང་ཧར་སྡོང་ཁམས་ཚན་ནས་དཀར་སྤྲོ་ཕུལ་ཐོག་གྲྭ་མང་གིས་མཇལ་ཁ་ཞུས་ཤིང་དར་འབོད་དང་ཐལ་སྐད་སོགས་ཀྱིས་རྟེན་འབྲེལ་བསྒྲིགས། གྲྭ་ཚང་ལས་སྣེ་སོགས་ཀྱིས་ཆིབས་སྐྱེལ་དང་བཅས་བྱོན་པར། སེ་རའི་གཤམ་དུ་གཞུང་གི་ཐབ་བསུ་དང༌། ཆིབས་སྐྱེལ་དུ་རྩེ་ཤོད་ཀྱི་དྲུང་འཁོར་ཁ་ཤས་བཀའ་བློན་སོ་སོའི་མི། ལྕང་སྐྱ་རིན་པོ་ཆེའི་སྐུ་ཚབ་རྣམས་འབྱོར། དེ་ནུབ་ཕུར་བུ་ལྕོག་གི་ཉེ་འདབས་སུ་བཞུགས་ཞག་མཛད། བླ་མ་བྱམས་པ་རིན་པོ་ཆེར་མཇལ་དུ་ཕེབས་པར་བསྟན་པའི་ཁུར་གཏད་པའི་ཞལ་ཏ་དང་གང་ཅིའི་གསུང་གླེང་ཞིབ་རྒྱས་


GTD004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། མཐར་གདུང་ཤུགས་དྲག་པོས་སྐྱབས་འཇུག་ཞུས་ཏེ་ཡབ་སྲས་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་ཕྱིར་བྱོན། ཕྱི་ཉིན་ཐུའུ་བཀྭན་རིན་པོ་ཆེ། དགོན་ལུང་པ་ཝང་ཞབས་དྲུང་སོགས་གྲྭ་པ་ཆིབས་སྐྱེལ་ཞུ་མི་བརྒྱ་སྐོར་ཙམ་གྱིས་དར་འབོད་ལན་གསུམ་སོགས་ཀྱིས་རྟེན་འབྲེལ་བསྒྲིགས་པར། ངེད་སླར་ཡང་བོད་དུ་ལན་གཅིག་ངེས་པར་སླེབས་པ་འདུག་ཅེས་གསུངས་ནས་དགྱེས་པའི་རྣམ་པ་མཛད། དེའི་ཁྲོད་ནས་དགེ་བཤེས་བསོད་ནམས་གྲགས་པ་ལ། གཅོད་འདི་ལ་བརྒྱུད་པ་མི་འདྲ་བ་མང་དུ་ཡོད་ཀྱང་འཇམ་དབྱངས་མགོན་པོ་ནས་བརྒྱུད་པ་འདི་ངོས་གཙང་ཞིང༌། བརྒྱུད་རིམ་རྣམ་དག་བར་མ་ཆད་དུ་འདུག་པས་ངས་ཀྱང་གེ་རེ་ངག་དབང་ཕུན་ཚོགས་ཀྱི་སློབ་མ་རྭ་སྟོད་བློ་བཟང་རབ་རྒྱས་ལ་ཉན་རྒྱུ་བྱས་ཡོད་པ་བྲེལ་དབང་གིས་མ་འགྲིག།།ཁྱོད་ཀྱིས་དེ་ནས་དབང་ལུང་ཆ་ཚང་ཞིག་ཉན་ནས་གཉན་ཁྲོད་བརྒྱ་རྩ་སོགས་ཀྱང་འགྲིམ་སྟེ་རང་ཡུལ་དུ་འོང་ན་ལེགས་ཞེས་གསུངས་པ་བཀའ་བཞིན་བསྒྲུབས་པས་ཕྱིས་མདོ་སྨད་དུ་ཁོང་གི་འཕྲིན་ལས་ཀྱི་སྒོ་ཡང་ཆོས་འདིས་ཕྱེ་ཞིང༌། གཞན་ཕན་ཡང་ཁྱབ་གདལ་དུ་ཆེ་བས་དོན་གཉིས་ལྷུན་གྱིས་གྲུབ་པ་བྱུང་སྟེ། དེ་ཡང་རྗེ་འདིའི་འཕྲིན་ལས་ཀྱི་ཆ་གཅིག་ཡིན་ལ་དེ་ལྟར་གདུལ་བྱ་སོ་སོའི་མོས་པ་དང་སྐལ་བ་ཇི་ལྟ་བ་བཞིན་དུ་འདོམས་པ་ཡང་སོ་སོ་ཡང་དག་པར་རིག་པ་བཞིའི་འབྲས་བུ་ཡིན་པ་ཤེས་པར་གྱིས། དེ་ནས་སྒོ་ལ་བརྒྱུད་དེ་རིམ་གྱིས་རྭ་སྒྲེང་དུ་བྱོན། པཎ་ཆེན་ཐམས་ཅད་མཁྱེན་པ་ཡང་དགའ་ལྡན་བརྒྱུད་ནས་དེར་ཕེབས་པས་ཡབ་སྲས་གཉིས་ཉིན་གཅིག་ལ་བཀའ་གདམས་བསྟན་པའི་ཆུ་མགོ་རྭ་


GTD004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲེང་རྒྱལ་བའི་དབེན་གནས་སུ་ཞལ་འཛོམ། དེ་ཀའི་ཚོགས་མང་དང་ལྷན་དུ་བདེ་ལམ་གྱི་ཁྲིད་སོགས་ཆོས་འགའ་ཞིག་གསན། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་ཞིག་སྒེར་དུ་ཞུས་ཤིང༌། ཆིབས་ཆེན་དཀར་པོ་ཞིག་ཕུལ་བ་གཙང་དུ་འབྱོར་ཉིན་ཆིབས་ཏེ་དགྱེས་པའི་ཚུལ་གྱིས་རྗེ་འདིའི་ཞབས་འབྲིང་འགའ་ཞིག་ལམ་ཁར་ཡོད་པ་ལ་ཕྱག་མཛུབ་ཆིབས་པའི་སྟེང་དུ་བཙུགས་ནས་སྟོན་པ་གནང༌། ཕྱིས་པཎ་ཆེན་ཐམས་ཅད་མཁྱེན་པ་མདོ་སྨད་དུ་བྱོན་པའི་ཚེ་ཡང་རྗེ་འདི་ལ་ཁྱེད་ཨ་མདོར་ཕེབས་སྐབས་ངས་རྭ་སྒྲེང་མཇལ་བའི་ཁུལ་བྱས་ནས་ཁྱེད་ལ་ཆིབས་སྐྱེལ་བྱས་པ་ཡིན་ཨང༌། ཞེས་ཞལ་ནས་དངོས་སུ་གསུངས་པ་ལ་དཔག་ན། ཡབ་སྲས་གཉིས་གནས་དེ་ཀ་རང་དུ་ཞལ་འཛོམ་དགོས་པའི་སྔོན་དང་ཕྱི་མའི་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཞིག་ཡོད་པ་གདོན་མི་ཟའོ། །དེ་ཙམ་དུ་མ་ཟད། བོད་དུ་བཀའ་ཆོས་གནང་བའི་རྗེས་མ་ཐུའུ་བཀྭན་རིན་པོ་ཆེ་ནས་ཞུས་པའི་འཇིགས་བྱེད་སྔགས་བཏུའི་རྗེས་གནང་དང༌། གསུང་རྩོམ་གྱི་རྗེས་མ་དེ་ཉིད་ཀྱིས་ཞུས་པའི་དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་ཡིན་འདུག་པས་གཤིན་རྗེ་གཤེད་ཡབ་ཡུམ་གྱི་མན་ངག་ལ་ཆོས་མཇུག་མཛད་རྒྱུར་སོང་བ་དང༌། འདི་ནས་ཀྱང་ཆོས་རྒྱལ་གྱི་རྗེས་གནང་མཇུག་ཏུ་སྩལ་བ་སོགས་ནི་འཇམ་དཔལ་གཤིན་རྗེ་གཤེད་ངུར་སྨྲིག་འཆང་བའི་སྐུར་བཞེངས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་ཕྱོགས་མཐར་སྤེལ་བའི་རྟེན་འབྲེལ་གྱི་གནད་ཅིག་ཡིན་པར་སེམས། དྲུག་པའི་ཚེས་གསུམ་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་གཙང་དུ་ཆིབས་བསྒྱུར་བས། བླ་མ་དང་རྒྱབ་སྤྲོད་བྱས་ནས་འགྲོ་མི་རུང་གསུངས་ཏེ་དེ་ཉིན་ཡང་དགོན་དུ་ཕེབས་ནས་གྲུབ་དབང་སྔགས་


GTD004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རམས་པ་དང་ཆོས་ཀྱི་གསུང་གླེང་དམར་བར་མཛད་ཅིང་དེའི་ཕྱི་ཉིན་རྭ་སྒྲེང་ནས་བཏེག་གོ །སྨྲས་པ། ཕུལ་བྱུང་རྣམ་དཔྱོད་ཀེ་ལ་ཤ་རིའི་རྒྱུན། །ཐོས་བསམ་ཀེ་ཏ་ཀས་བགྲུངས་དྭངས་པའི་མཚོར། །འཕགས་བོད་གཞུང་ལུགས་རྒྱུ་སྐར་བྱེ་བའི་ཕྲེང༌། །ཅིག་ཅར་བཞད་པ་ཀུན་དའི་སྐྱེད་ཚལ་བཞིན། །འདུལ་བ་འབུམ་སྡེའི་གངས་རི་ལ་གནས་གྲུབ་མཐའ་རྒྱ་མཚོའི་དགག་སྒྲུབ་ལུས་རྩལ་རྫོགས། །ཆོས་མངོན་མཁྱེན་པའི་མིག་རྩ་དམར་འཁྲུགས་གྲགས་པའི་རིགས་ལམ་མི་བཟད་མཆེ་སྡེར་བགྲད། །སྦས་དོན་དམར་སེར་རལ་པའི་ཁུར་འཆང་དངོས་བསྟན་སྟོང་པའི་དབྱངས་ཀྱི་ང་རོ་མཐོ། །དཔལ་ལྡན་འཇིགས་བྲལ་སྨྲ་བའི་སེང་གེ་འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་ན་མཛེས། །ཀུན་རྨོངས་ལྕགས་ཀྱི་གཟེར་བུས་རྒྱས་བཏབ་ཀྱང༌། །ཁེངས་དྲེགས་རལ་པ་གསིག་པ་སེང་གེའི་གསོབ། །བློ་གསར་བྱི་འུའི་སུན་འབྱིན་ཐལ་བས་ཀྱང༌། །གོས་དཀར་གསོལ་བ་དག་གི་དོ་ཟླ་མིན། །དབང་ཁྲིད་ལུང་ཆོས་བཻ་ཌཱུརྱ་ཡི་ཆབ། །མན་ངག་ཝུ་བའི་དོ་ཤལ་གྱིས་སྒེག་མ། །སྤྲོ་ཞིང་སྡུད་པའི་རོལ་པ་བརྒྱས་རྩེན་པའི། །མ་དྲོས་ཆུ་གཏེར་གཉིས་པ་གཞན་ན་གང༌། །བཤེས་གཉེན་འདབ་སྟོང་བྱེ་བའི་གེ་སར་རྡུལ། །ཁྱེད་ཐུགས་སྦྲང་རྩིའི་དོག་པ་ལ་ཆགས་ཚེ། །དབུས་འགྱུར་ཆོས་ཀྱི་འབྱུང་གནས་སྒྲ་བོ་ཆེ། །གདམས་པའི་མིང་གི་ལྷག་མར་མ་གྱུར་ཏམ། །དགའ་བའི་བ་དན་དཀར་པོས་མཛེས་པ་ཡི། །གྲུ་གཟིངས་ནོར་གྱིས་གཏམས་པའི་དེད་དཔོན་བཞིན། །ལེགས་བཤད་གཏམ་གྱིས་མགྲིན་པ་གང་བ་ཡི། །ཀ་ལན་ཏ་ཀ་རང་གི་ཚལ་དུ་ཆས། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་
དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་དབུས་འགྱུར་ཆོས་ཀྱི་མདུན་ས་ཆེན་པོར་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་གསན་སྦྱོང་གཙོ་བོར་མཛད་པའི་སརྒ་སྟེ་དྲུག་པའོ།། །།

བདུན་པ་ཡུལ་མདོ་སྨད་ཀྱི་གདན་ས་ཆེན་པོ་གསུམ་དུ་འཆད་ཉན་མཛད་ཚུལ་གཙོ་བོར་གྱུར་པའི་སྐབས་ཀྱི་སརྒ།


GTD004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གསང་ཆོས་ཀྱི་གླུར་འབབ་ནཱ་དའི་དབྱངས། །དབྱངས་ཀྱི་དཔལ་མོར་བཞད་པའི་མཛའ་ན་མོར། །བརྟན་གཡོའི་དངོས་ཀུན་མུ་ཏིག་དོ་ཤལ་གྱི། །རྩེ་དགར་རོལ་པས་འཁྱུད་པ་དེ་ཡིས་སྐྱོངས། །དེ་ནས་རིམ་གྱིས་བྱོན་པར་བདུན་པའི་བཅོ་ལྔའི་ཉིན་སྔ་འགྲོས་པ་རྣམས་སོང་ནས་འབྲི་ཆུའི་ཚུར་ཁར་བབས་ཟིན་པའི་རྗེས་སུ་མི་མངགས་ཏེ། དེ་རིང་ཅིས་ཀྱང་ཆུའི་ཕ་རིར་འབུད་དགོས་གསུངས་པས་དེ་རྣམས་ཀྱིས་རབ་ཉུལ་བྱས་པར་རྟ་རྨིག་ཚུགས་མི་ཚུགས་ཅི་རིགས་བྱེད་པ་ཞིག་ལས་མ་རྙེད། དེར་རྗེ་ཉིད་ཀྱིས་ཆོས་སྐྱོང་ལ་འཕྲིན་བཅོལ་མཛད་ནས་ཕེབས་པ་ན་ཆུ་སྔ་མ་ལས་ཆུང་དུ་སོང་སྟེ་ཅུང་ཟད་ཀྱང་མི་གཡེང་བར་རྨིག་ཚུགས་པས་དེར་འཁོད་ཀུན་ངོ་མཚར་དུ་གྱུར། དེ་ནུབ་ནས་ཆར་ཞོད་བྱས་པས་རབ་མེད་པར་སོང་བ་ན་ཐམས་ཅད་ལ་ལྷག་པར་ཡིད་ཆེས་ཀྱི་དད་པ་སྐྱེས། ཆུ་དམར་རབ་བདུན་དུ་བླ་བྲང་ནས་སྟོང་སྐོར་མགྲོན་གཉེར་དང༌། དཔོན་ཚང་ནས་ཚེ་མགོན་ཐའི་ཇི་བཅས་བསུ་བ་དང་པོ་འབྱོར། ཉིན་གཅིག་ས་བུད་གྱིས་ལ་མང་ཤོས་ལྷོ་ངོས་སུ་སོང་གསུངས་པ་བཞིན་མེར་གེན་བཱ་ཐུར་གྱིས་གཙོ་བྱས་དེ་ཕྱོགས་སུ་སོང་བ་ཇག་པ་དང་གདོང་ཐུག་བྱས་ཏེ་ཇག་མི་རྣམས་བཟུང་ནས་འོང་བར་གཞན་གྱིས་བརྡུང་བརྡེག་བྱེད་རྩིས་བྱས་ཀྱང་དེ་འདྲ་མ་བྱེད་གསུངས་ལམ་གྲོ་བྱིན་ནས་གཏོང་དུ་བཅུག་པས་ཚེ་འདིར་སྲོག་གི་འཇིགས་པ་ལས་བསྐྱབས་ཤིང༌། ཕྱི་མ་


GTD004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱིན་ལེན་གྱི་རྣམ་པར་སྨིན་པའི་ངན་སོང་གི་སྡུག་བསྔལ་མྱོང་བ་ལས་སྐྱོབ་པར་མཛད། དེ་ཡང་ཕན་དང་བདེ་དང་སྐྱོབ་པ་དང༌། །ཞེས་པ་ལྟར་ཐེག་པ་ཆེན་པོའི་ལམ་བཟང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱེད་པ་ཡིན་གྱི་རང་གི་རྒྱུ་ནོར་གོད་དུ་དོགས་པས་གསོག་སྲུང་མཛད་པ་ག་ལ་ཡིན། ཉིན་གཅིག་འབྲོང་གཡག་འཇིགས་སུ་རུང་བ་ཞིག་ཧར་སྒྲ་དང་བཅས་གཟིམས་གུར་བསྙེགས་ནས་བརྒྱུགས་ཡོང་བར་ཉིད་དེ་ཕྱོགས་སུ་ཕར་བྱོན་པས་དེ་མ་ཐག་ཕྱིར་ལོག་པ་ནི་ནག་ཕྱོགས་པ་ཞིག་གིས་མཐོ་འཚམ་པ་ཡིན་འདུག་ཀྱང༌། བདེན་པའི་སྟོབས་ཀྱིས་ཞི་བར་མཛད་པ་མ་སྐྱེས་དགྲས་གླང་ཆེན་སྨྱོན་པ་རྦད་པའི་ཚེ་སྟོན་པས་རྫུ་འཕྲུལ་གྱིས་འདུལ་བར་མཛད་པའི་རྣམ་ཐར་དང་ཆོས་མཚུངས་སོ། །ཤ་ར་ཙུལ་ཀེར་བསུ་བ་བར་མ་འབྱོར་ཅིང་རྨ་ཆུ་ཚུར་ཐོན་ནས་དབོན་པོ་ཆོས་རྗེ་ངོ་གཡོག་དང༌། མཁན་ཆེན་དགེ་འདུན་རྒྱ་མཚོའི་དབོན་པོ་ཆོས་རྗེ་མཁས་གྲུབ་རྣམས་ཀྱིས་བསུས། མཚམས་ཤིག་ཏུ་སྲིད་སྐྱོང་པེའི་སི་བཱ་ཐུར་དེའི་ཆིང་རྟ་པ་བརྒྱ་ཕྲག་དང་བཅས་པ། ཡར་ནང་བདེ་ཆེན་སྤྲུལ་སྐུ་དཔོན་གཡོག་སོགས་རིམ་པ་དུ་མ་འབྱོར། མཁན་ཆེན་རིན་པོ་ཆེ་ནས་ལམ་ཁར་བྱོན་ཏེ་བསུ་རྩིས་མཛད་ཀྱང༌། འོ་བརྒྱལ་ཆེ་ཞིང་དེ་འདྲ་མི་རུང་ཚུལ་ཞུས་པར་བརྟེན་རས་གུར་ཞིག་ཏུ་མཇལ་འཕྲད་གནང་རྩིས་ལ་རྒྱང་རིང་པོ་ནས་ཆིབས་བཤོལ། མདུན་དུ་བྱོན་ནས་བརྐྱངས་ཕྱག་གསུམ་མཛད་དེ་ཕྱག་དབང་ཞུ་བ་སོགས་བཀའ་གདམས་གོང་མའི་རྣམ་ཐར་བསྐྱངས། དབུས་སུ་ཐུགས་གཉེར་མཛད་ལུགས་སོགས་གསུང་གླེང་ཞིབ་རྒྱས་མཛད། མཁན་ཆེན་རིན་པོ་ཆེ་ནས་ལེགས་འབུལ་བསྟབ་པའི་ཐོག་བདེ་ཆེན་


GTD004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུས་མཎྜལ་གྱི་བཤད་པ་ལེགས་པ་ཞིག་ཕུལ་བས་ཁོང་ལ་ཡང་དགྱེས་གཟིགས་ཀྱི་བཀའ་ཁྱབ་སྩལ། མཁན་ཆེན་རིན་པོ་ཆེར་ཚེ་དབང་གཅིག་ཞུས་ཏེ་སླར་དགོན་པར་ཕེབས་ནས་བཀའ་ཆོས་གནང་དགོས་ཀྱི་སྙན་གསན་ཕུལ། ཨུརྒེར་གདན་དྲངས་ནས་གསོལ་སྟོན་རྒྱས་པའི་ཐོག་དགེ་བཤེས་གཉིས་ཀྱིས་ཚོགས་གླེང་བྱས། དཔོན་རིན་པོ་ཆེར་ཕྲུག་ལྔ་བཅུ་སོགས་དངོས་པོ་གྱ་ནོམ་པ་སྐུ་སྐྱེས་ཀྱི་ཚུལ་དུ་གནང༌། དེ་ནས་དགོན་པའི་བླ་མ་ལས་ཐོག་པ་གླིང་དོན་གྲུབ་རྒྱ་མཚོས་གཙོ་མཛད་ལས་སྣེ་རྣམས་དང༌། ཕྱོགས་གཞན་གྱི་བླ་དཔོན་དུ་མས་སྔ་ཕྱིར་རིམ་པར་བསུས་ཏེ་དགུ་པའི་ཚེས་བཅོ་ལྔ་ལ་དགེ་འདུན་སྟོང་ལྷག་ཙམ་གྱི་སེར་སྦྲེང་དང་བཅས་གདན་ས་ཆེན་པོར་གཟིམས་ཆུང་ཐུབ་བསྟན་ཕོ་བྲང་དུ་ཕྱག་ཕེབས། ཕན་ཚུན་ཀུན་ནས་དཀར་སྤྲོ་དམར་སྤྲོའི་གསོལ་སྟོན་ཉིན་མང་པོའི་བར་དུ་བསྟབས། གྲྭ་ས་ཆེན་པོའི་སྤྱན་ལྟོས་སློབ་པ་དང༌། བྱིན་རླབས་ཀྱི་རྒྱུན་ལ་དགོངས་ཏེ་དབུས་ནས་ཞབས་ཕྱིར་འོང་བའི་དགེ་བའི་བཤེས་གཉེན་ཆེན་པོ་ཟུང་ཆུ་ངག་དབང༌། སེ་ར་དགེ་བཤེས་བློ་བཟང་ཆོས་འཕེལ། གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས། ཨ་མ་དགེ་བཤེས་བསྟན་སྐྱོང་རྣམས་ལ་དམ་བཅའ་འཇོག་ཏུ་བཅུག་ཅིང་སོ་སོ་ནས་གདན་སའི་དགེ་བཤེས་རེ་དང་ལྷན་དུ་ལེགས་པར་བཤད་པའི་འབེལ་གཏམ་གྱི་དགའ་སྟོན་སྤེལ་བའི་སྒོ་ནས་བློ་གསལ་མཐའ་དག་གི་ཡིད་ལ་སྤྲོ་བ་སྐྱེད་དུ་བཅུག །གྲྭ་མང་ལ་ཟང་ཟིང་གི་སྐྱེས་ཀྱི་ཚུལ་དུ་མང་ཇ་བཏང་སྟེ་གོང་སྣམ་རེའི་འགྱེད་དང༌། འདུ་ཁང་སྟེང་དུ་སྲང་ཕྱེད་དང་ལྔ་བརྒྱ་སྐོར་ལས་གྲུབ་པའི་གཉྫིར་ཆེ་ལེགས། ཆོས་ཁྲིའི་སྟེང་དུ་གསེར་ཏོག་ཆུང་བ་གཅིག་བཅས་


GTD004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གསར་འཇོག་གནང༌། ཕྱོགས་ཀྱི་སྦྱིན་བདག་སོགས་བབས་འོས་རྣམས་ཀྱང་ཇི་ལྟར་འཚམ་པའི་སྐྱེས་དང་བཀའ་མཆིད་ཀྱི་སྒོ་ནས་ཚིམ་པར་མཛད། བཅུ་གཅིག་པའི་ཚེས་ལ་དགོན་པ་གསར་འདེབས་ཀྱི་ཕྱིར་ཨ་མཆོག་ནས་སྤྱན་དྲངས་པར་བྱོན། མི་དོ་དཔོན་སློབ། རྔ་རྒོད་སྐུ་སྐྱེ། འབྲིང་བ་ཕྱག་རྡོར་འབུམ་སོགས་ཚོ་བ་བརྒྱད་ཀྱི་རྒན་གསུམ་ཚང་མས་བསུ་བ་དང་བསྙེན་བཀུར་གང་གཟབ་ཞུས། དགོན་པའི་གནས་བདེ་མོ་ཐང་ལེགས་པར་དགོངས་ཏེ་དེར་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད། མཇལ་བ་སྟོང་ཕྲག་གཉིས་བརྒལ་བར་ཐུགས་རྗེ་ཆེན་པོའི་དབང་སོགས་འདོད་ཆོས་མང་དུ་སྩལ། འབུལ་བའི་ཁྲོད་ནས་རྟ་ནོར་བརྒྱ་སྐོར་དང༌། ནས་བྲེ་སྟོང་དགོན་པའི་ཐེབས་སུ་སྦྱོར་འཇགས་མཛད། དགོན་པར་ཕེབས་ཏེ་བསྟན་པ་སྤྱི་སྒོས་ཀྱི་རིམ་གྲོར་ཞག་བདུན་གྱི་རིང་མགོན་པོའི་གཏོར་ཆེན་བསྒྲུབས་པའི་རྡོ་རྗེ་སློབ་དཔོན་གནང་ཞིང་མཇུག་ཏུ་དགེ་བཤེས་ངག་དབང་ལ་གཏོར་མ་རྡེབས་བཅུག་པར་མངོན་སྤྱོད་ཀྱི་ལས་ཚམ་རྔམས་ཆེ་བར་བྱུང་སྟེ་གཏང་རག་གི་བསྐང་གསོ་སོགས་ཀྱང་རྒྱས་པར་མཛད། དགུང་ལོ་སོ་གསུམ་པ་ལྕགས་འབྲུག་གི་ལོ། སྨོན་ལམ་སྟེང་དུ་གསུང་ཆོས་ལ་སྐྱེས་རབས་དང་སྤྱོད་འཇུག་སྔོན་གྱི་མུ་ནས་གནང༌། བསྙེན་རྫོགས་མང་དུ་མཛད་ཅིང་རྒྱུགས་འབུལ་མི་ཁ་ཤས་བྱུང་བར་བདག་རྐྱེན་དང་དགྱེས་པའི་གསུང་གིས་སྤྲོ་བ་བསྐྱེད། དཔོན་སློབ་དོན་གྲུབ་རྒྱ་མཚོས་ཁྲིའི་དགོངས་པ་ཞུས་པར་བརྟེན། དཔོན་པེའི་སི་དགོན་པའི་བླ་གྲྭ་བཅས་ནས་རྗེ་ཉིད་ལ་དགོན་པར་འཆད་ཉན་གནང་དགོས་ཀྱི་གསོལ་བ་བཏབ་སྟེ། གཉིས་


GTD004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡར་ཚེས་དགེ་བར་འཆད་ཉན་གྱི་ཁྲིར་ཞབས་སེན་བཀོད། བཀའ་རམས་དང་མཛོད་པར་འདུལ་བ། དབུ་མ་གསར་རྙིང་བསྡོམས་པར་དབུ་མ། ཕར་ཕྱིན་པ་མན་ལ་སྐབས་དང་པོའི་མགོ་ནས་བརྩི་བཞག་གནང་བར་སོ་སོ་ནས་ཁྲི་འབུལ་བཏེག་ཅིང༌། བླ་བྲང་ཕྱག་མཛོད་ནས་ཀྱང་དགའ་སྟོན་རྒྱས་པར་བསྟར། ཉིན་དེར་ཀུན་མཁྱེན་གོང་མའི་བུ་ཆེན་མཐུ་སྟོབས་ནུས་པའི་མངའ་བདག་སྡེ་ཁྲི་རིན་པོ་ཆེའི་སྤྲུལ་བའི་སྐུ་འཇིགས་མེད་ལུང་རིགས་རྒྱ་མཚོ་དང༌། བྱང་ཆུབ་ཀྱི་སེམས་ལ་དབང་འབྱོར་བ་ཁྲི་ཆེན་དཔལ་ལྡན་གྲགས་པའི་མཆོག་སྤྲུལ་འཇིགས་མེད་རིགས་པའི་སེང་གེ་རྣམ་གཉིས་ཀྱང་ཆོས་གྲྭར་གསར་ཞུགས་མཛད། ཆས་པ་ཀོ་ཡུ་ནང་དབོན་པོ་དང༌། སུ་ཉིད་ཐོ་ཡོན་ཆོས་རྗེ་འཇམ་དབྱངས་དགེ་འདུན་རྣམ་རྒྱལ་གཉིས་ཀྱིས་དངུལ་བྲེ་ཆེན་རེ། ལྷ་དར་གོས་ཡུག་སོགས་ཀྱི་ལེགས་འབུལ་གྱ་ནོམ་པ་ཕུལ། སྔར་ཕར་ཕྱིན་སྐབས་བཞི་པའི་འཛིན་གྲྭ་མེད་སྟབས་ཞབས་དྲུང་དཀོན་མཆོག་བདེ་ཆེན་སོགས་ཁ་ཤས་གཤམ་དུ་ཕབས་ནས་སྐབས་བཞི་པའི་བརྩི་བཞག་གནང་སྟེ་གསར་དུ་བཙུགས། དེ་སྔོན་སློབ་གཉེར་བཟང་ངན་གང་ཡིན་ཀྱང་སྨོན་ལམ་རབ་འབྱམས་པའི་མིང་བཏགས་ཙམ་ལས་དམིགས་བསལ་གྱི་གོ་ས་ལྷག་པ་མེད་པས་དགེ་བཤེས་ཆེ་བ་རྣམས་ལ་ཡང་དེ་ལུགས་ཀྱི་བརྩི་འཇོག་མེད་པར་གྲྭ་ཚང་ཆེན་པོ་ཞིག་ཏུ་མཁས་བླུན་ཁྱད་མེད་པ་དགེ་མཚན་ཆུང་བར་དགོངས་ཏེ་པོ་ཏི་ལྔའི་སློབ་གཉེར་མཐར་ཕྱིན་ངེས་ཀྱི་གྲ་ནས་རྡོ་རམས་པ་རེ་རེ་བཞག །རིགས་གྲྭའི་ཆོས་མཚམས་སུ་ཉིན་ལྔར་པོ་ཏི་སོ་སོའི་དམ་བཅའ་འཇོག་རྒྱུ་དང༌། དེ་ཕྱིན་གྲལ་སོགས་གང་ཅིའི་བཀུར་གཟོས་དགོས་


GTD004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅད་དེ། དང་པོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་སྙན་གྲགས་ལ་རྡོ་བཅལ་རབ་འབྱམས་པའི་མིང་བཏགས་གནང༌། གསོ་སྦྱོང་ནམ་ཡིན་གྱི་ཞོགས་ཁ་ཚོགས་ནས་འདུལ་བ་རྒྱ་མཚོའི་སྙིང་པོ་གསུང་དགོས་པ་དང༌། གསོ་སྦྱོང་དངོས་གཞིའི་སྔོན་དུ་དགེ་ཚུལ་སློང་གི་ཕྱིར་བཅོས་ངེས་ཅན་དུ་བྱེད་དགོས་པར་བཀས་བཅད་དེ་བསླབ་པ་ཡོངས་སུ་དག་པའི་ཐབས་མཁས་ཀྱི་སྒོ་ནས་བསྟན་པའི་ག་དར་གནང༌། དེས་མཚོན་པའི་བརྩི་བཞག་ཆག་མེད་ཀྱི་ཞར་ལ་སྒྲིགས་ལམ་ཉམས་པ་གསོ་ཞིང་སྔར་མེད་མང་པོ་གསར་འཛུགས་མཛད། ཚོགས་ཆེན་ཁྲི་པས་འཆད་ཉན་གནང་རྒྱུ་ལ་རིགས་གྲྭའི་གཏོང་སྒོའི་ཆ་ནས་གྲ་མི་འགྲིག་པའི་ཐུགས་གཡེང་ཆེ་བར་བརྟེན། མཆོད་ཡོན་བཀའ་བགྲོས་ཀྱིས་དེའི་ཐེབས་སུ་ཅོ་ནེ་ཕྱོགས་ལ་འབུལ་སྡུད་མངགས་ཤིང་། དཔོན་ཚང་ནས་ཀྱང་རྟ་ནོར་ལྔ་བརྒྱ། ལུག་སུམ་སྟོང་། དངུལ་སྲང་སུམ་བརྒྱ། སྤྱི་ཁང་སོགས་སྦྱོར་འཇགས་ཞུས། སྐྱ་སེར་སྟོང་ཕྲག་ལྷག་ཙམ་ལ་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་གནང་སྟེ་གསུང་བཤད་སྐབས་སྨྱུང་གནས་ཀྱི་ཕན་ཡོན་རྒྱས་པར་གསུངས། ལོ་སྔ་མར་སྙན་གསན་ཕུལ་བ་ལྟར་མཁན་ཆེན་རིན་པོ་ཆེར་གདན་འདྲེན་པ་བཏང་ནས་ཆིབས་བསྒྱུར་སྐབས་སྤྱི་སྒེར་གྱིས་ལས་འཛིན་སོགས་བསུ་བར་མངགས། ཞག་ཤས་ཀྱི་མཚམས་ནས་ལེགས་བཤད་སྙིང་པོའི་བཤད་ལུང༌། འཇམ་དཔལ་ཞལ་ལུང་གི་བཀླག་ལུང། སྐུ་གོང་མའི་དམར་ཁྲིད་ཀྱི་སྟེང་ནས་འཇམ་དཔལ་ཞལ་ལུང་གི་ཁྲིད། ཀུན་རིག་གི་དབང་སོགས་ཆོས་བཀའ་མང་དུ་གསན། བར་མཚམས་


GTD004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཁན་ཆེན་རྡོ་རྗེ་འཆང་ལ་རོང་པོ་སྤྲུལ་སྐུ་རིན་པོ་ཆེས་བསྙེན་རྫོགས་ཀྱི་སྙན་སྒྲོན་ཕུལ་ཡོད་པའི་དོན་དུ་ཐོག་གཅིག་ཕེབས་ནས་མ་འགྱངས་པར་ཕྱིར་བྱོན། ཐང་སག་པའི་ཁྲིད་ཡིག་སྟེང་ནས་གསང་འདུས་བསྐྱེད་རྫོགས། བླ་མ་འཇམ་དབྱངས་པའི་ཁྲིད་ཡིག་སྟེང་ནས་བདེ་མཆོག་བསྐྱེད་རྫོགས། ལྕང་སྐྱ་རིན་པོ་ཆེའི་ལམ་ཁྲིད་ཚིགས་བཅད་མའི་སྟེང་ནས་བདེ་ལམ་གྱི་ཁྲིད། རིམ་ལྔ་གསལ་སྒྲོན་གྱི་ལུང་སོགས་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་གསན་ཅིང༌། སེང་བར་རྣམས་སུ་མདོ་སྔགས་ཀྱི་དཀའ་གནས་དུ་མ་ལས་བརྩམས་པའི་དྲི་གཏུགས་མང་དུ་མཛད། གཏང་རག་ཏུ་གསེར་གྱི་མཎྜལ་སོགས་དངོས་འབུལ་རྒྱ་ཆེར་ཕུལ། མཁན་ཆེན་ཉིད་ནས་ནན་གྱིས་ཞུས་ཏེ་ཁོང་དང༌། སྟག་གེ་སྐུ་སྐྱེ་བཅས་དཔོན་གཡོག་རྣམས་ལ་དབྱངས་ཅན་མ་དམར་མོའི་རྗེས་གནང༌། དེའི་ཡིག་རྙིང་གི་ཆོ་ག །སྨན་ཐང་བའི་དམིགས་བརྩེ་མའི་ལས་ཚོགས་ཀྱི་ལུང་སོགས་སྩལ་ཏེ་ཐུགས་བཞེད་བསྐང༌། མཁན་ཆེན་རྡོ་རྗེ་འཆང་ནས་བསྐུལ་ཏེ་དབྱངས་ཅན་མ་དམར་མོའི་རྗེས་གནང་གི་ཆོ་ག་ཞིག་ཀྱང་ལྗགས་རྩོམ་མཛད། དཔྱིད་ཆོས་གཉིས་པ་ནས་ལམ་རིམ་གྱི་བཤད་པ་མཐའ་ཆོད་པ་གནང་ཞིང༌། རིགས་ལུང་གི་རྒྱུགས་བཞེས་ཏེ་བགྲོ་གླེང་གཏོང་ལུགས། ལུས་ཀྱི་རྣམ་འགྱུར། ཐ་ན་འཁོར་གསུམ་སྐོར་ལུགས་ཚུན་ཆད་ཀྱང་དང་བ་འདྲེན་ངེས་ཤིག་དགོས་གསུང་ནན་ཏན་དུ་སློབ་པར་མཛད། གོས་ཕྲུག་མི་ཁུར་མང་པོ་ཆོས་གྲྭར་ཁྱེར་འོངས་ནས་ལངས་མཁན་རྣམས་ལ་བདག་རྐྱེན་བསྟར་བས། སྔར་རྩོད་གྲྭ་གཏན་ནས་མི་བྱེད་མཁན་འགའ་ཞིག་ཀྱང་དེ་ནས་བཟུང་སློབ་གཉེར་བྱེད་པ་བྱུང་འདུག་པ་སྐྱབས་


GTD004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཉིད་ཐུགས་རྗེ་ཧ་ཅང་ཆེ་བའི་རྣམ་ཐར་ཡིན་ཀྱང༌། རང་རང་ངོས་ནས་དེ་ཙམ་ཕོ་མ་སྐྱེས་པའི་རྟགས་སུ་འདུག །དཔྱིད་ཆོས་གསུམ་པར་བརྩི་བཞག་ཆག་མེད་དུ་གནང་ཞིང་སྒོ་མང་ལྟར་ཕར་ཕྱིན་གྱི་འཛིན་གྲྭ་གཏུག་རྒྱུའི་སྒྲིགས་ལམ་གསར་དུ་བཙུགས་པས་ལོ་རེ་བཞིན་གོང་འཕེལ་དུ་སོང་སྟེ་རྩོད་པ་འཕེལ་བའི་ཕན་གྲོགས་ཆེན་པོར་གྱུར། དབྱར་ཆོས་ཀྱི་མཚམས་ཤིག་བདེ་མོ་ཐང་གི་དགོན་པ་གསར་འདེབས་ཀྱི་ཆེད་ཨ་མཆོག་ཏུ་ཆིབས་བསྒྱུར། ས་བརྟག་བསླངས་ལྟོ་འཕྱེའི་ཐིག །བཀྲ་ཤིས་ཀྱི་གསོ་སྦྱོང་སོགས་མཛད། དེ་ཀའི་དགོན་ཕྲན་ཐར་ཐོར་རྣམས་ལྷན་དུ་བསྡུས་པས་གྲྭ་པ་དྲུག་བརྒྱ་ཙམ་ཚོགས་པར་རབ་འབྱམས་པ་ངག་དབང་ཆོས་འབྱོར་དགེ་བསྐོས་བྱས། ཉི་མ་ཐང་དབུ་མཛད་དང་སྤོ་འབོར་དབུ་མཛད་རེས་མོས་དང༌། གཞན་ཡང་ཞབས་གྲས་སྐད་བཟང་བཞིན་མཆོད་དབྱངས་པ་བྱས་ཏེ་དྲུག་པའི་ཚེས་གཅིག་ནས་སྨོན་ལམ་བཙུགས། རྗེ་ཉིད་ཀྱང་ཚོགས་དབུར་ཕེབས་ནས་བསྟན་འགྲོའི་གསོས་སུ་འགྱུར་བའི་ཐུགས་སྨོན་གནང༌། མཚན་ཉིད་རྒྱུད་པ་ལམ་རིམ་གྲྭ་ཚང་གསུམ་དུ་མཛད་དེ་སོ་སོར་བརྩི་བཞག་གནང༌། དེ་ལུགས་ཀྱི་འདུ་ཁང་དང་སོ་སོར་གྲྭ་ཁང་འཕུབ་རྒྱུའི་བཀོད་ཁྱབ་སྩལ། རྒན་པོ་འགའ་ཞིག་དང་པོར་འཐད་མི་འཐད་ཡོད་ཀྱང༌། སྐུ་དངོས་བྱོན་པ་ན་ཀུན་གྱིས་ཅི་གསུངས་བཀའ་བཞིན་བསྒྲུབས་ཏེ། རྗེས་སོར་གཅིག་གིས་གཅིག་ལ་དེ་དུས་ཇི་འདྲ་ཞིག་བྱུང་སོང་ཨང་ཞེས་ངོ་མཚར་བྱེད་པ་ལྔ་སྡེས་ནང་ཁྲིམས་བཅས་ཀྱང༌། སྟོན་པ་བྱོན་སྐབས་ཐམས་ཅད་ཀྱིས་མ་བཟོད་པར་བསྙེན་


GTD004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བ་དང་ཆ་མཚུངས་པ་ཞིག་བྱུང་སྣང༌། ཕྱིར་གདན་སར་ཕེབས་ཏེ་གླིང་བསྲེའི་སྐབས་སྔ་སོར་མིང་བཏགས་པ་ཉུང་སྟབས་གཞུང་གསར་ཡན་ཆད་འཚོགས་པ་ལ། དེ་ཕྱིན་འབྲས་སྤུངས་ལྟར་མིང་བཏགས་པ་ཤ་སྟག་ཚོགས་དགོས་པར་བཅད། གླིང་བསྲེའི་ཚོགས་དབུར་བྱོན་ནས་པོ་ཏི་ལྔ་ལ་གཟབ་བཤད་མཛད་པས་མཁས་ཀུན་ཡིད་ཀྱི་བརྟན་པ་ཅིག་ཅར་ཕྲོགས། དེ་སྐབས་རྒྱུད་པ་དཔོན་སློབ་ཟུར་པ་རབ་བརྟན་རྒྱ་མཚོས་ཀུན་འབྱུང་བདེན་པ་འཁོར་བ་ཡིན་ཚུལ་ནན་ཏན་གྱིས་སྒྲུབ་བྱེད་ཕུལ་བར་ཡིག་ཆའི་ཚིག་ཟིན་ཙམ་ལ་ཡང་རྩིས་ཆེར་བྱེད་ལ་མིག་ལྟོས་ལ་བཟང་གསུངས་ནས་དགྱེས་ཚོར་མཛད། ཕྱི་ཉིན་སྔ་མའི་ཁས་ལེན་མནན་ཏེ། དེ་འཁོར་བར་འཁོར་བྱེད་ཡིན་ཞིང༌། བྱ་བྱེད་གཅིག་ཏུ་ཐལ་བ་མི་རུང་ཚུལ་གྱི་སྒྲུབ་བྱེད་ཤིང་རྟ་ཆེན་པོའི་གཞུང་དང་མཐུན་པའི་རིགས་ལམ་གྱི་ཕྲེང་བ་སྤེལ། དེའི་ཉེར་དགུ་ནས་བདུན་པའི་བཅུ་དྲུག་བར་དུ་མང་འགྱེད་སོགས་རིགས་གྲྭའི་གཏོང་སྒོ་གཟབ་རྒྱས་གནང༌། ཉི་ཤུའི་སྐོར་ལ་དགེ་བཤེས་བློ་བཟང་སྙན་གྲགས་ཀྱིས་རྡོ་བཅལ་རབ་འབྱམས་པའི་དམ་བཅའ་བཞག་པར་ཉིན་བཞིན་གཟིགས་རྟོག་མཛད། སྟོན་ཆོས་ལ་བརྩི་བཞག་ཆག་མེད་དུ་གནང་ཞིང་མཛོད་པ་མན་ཆད་ལ་བརྩི་བཞག་གི་རྒྱུགས་བླངས་ནས་མ་འཕྲོད་པ་རྣམས་སྙིང་རྗེ་གོ་ལོག་ཏུ་མ་བཞག་པར་ཚོགས་ཆུ་ལེན་དུ་འཇུག་པ་སོགས་ཀྱིས་ཚར་བཅད། འདི་འདྲ་བ་ཡང་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་རྣམས་ནས་ལྷག་པར་མཛད་འོས་པ་ཞིག་ཡིན་ཏེ། སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་ཅིང་བག་


GTD004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གནས་ལས་ཡང་དག་པར་བཟློག་པའོ། །ཞེས་གསུངས་པ་ལྟར་སླར་བག་མེད་པའི་གནས་ལས་ལྡོག་པའི་དགོས་པ་ཆེ་ཞིང༌། དེ་དག་རང་རང་དེ་ལས་བཟློག་མ་ཐུབ་ན་ཡང༌། དེའི་རྐྱེན་གྱིས་གཞན་དང་གཞན་ཉེས་པ་ལས་ལྡོག་པ་ནི། བྱང་ཆུབ་སེམས་དཔའི་ས་ལས། སླར་མི་དགུག་པར་བསྐྲད་པ་གང་ཡིན་པ་དེ་གཞན་དག་ཁོ་ན་ལ་ཕན་པ་དང་བདེ་བར་འགྱུར་བ་ཡིན་ཏེ། དེ་ལྟར་གཞན་དག་གིས་ཉེས་པར་བྱས་པའི་གཞིས་བསྐྲད་པ་དེ། གཞན་དག་གིས་མཐོང་ནས་ཉེས་པ་མི་བྱ་བར་སེམས་པའི་ཕྱིར་ཞེས་གསུངས་པ་བཞིན་ནོ། །དེ་ཡང་དཔེ་ཆ་སྐྱོར་སྦྱངས་བྱེད་མཁན་དང་སློབ་གཉེར་བ་གསར་བུ་ཞིག་ཡིན་ཀྱང་དགྱེས་པའི་གསུང་གླེང་གནང་ཞིང་ཐུགས་རྩིས་ཆེ་བར་མཛད་པའི་བཀའ་དྲིན་གྱིས་ཆོས་ལ་དོན་གཉེར་བྱེད་པ་མང་དུ་བྱུང་ཞིང༌། དེ་ལྟར་བྱེད་མཁན་རྣམས་ལ་ཐམས་ཅད་ཀྱིས་མཐོང་གཟོས་བྱེད་པའི་མགོ་མཇུག་བརྩི་འཇོག་སོགས་ཡ་རབས་ཀྱི་ལུགས་སྲོལ་ཡར་ལྡན་དུ་སོང༌། བར་སྐབས་ཤིག་ཏུ་བསེའི་སྤྲུལ་བའི་སྐུ་ངག་དབང་འཇམ་དབྱངས་བཀྲ་ཤིས་ནས་གསོལ་བ་བཏབ་སྟེ་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་འགའ་ཞིག་སྩལ། ཞབས་དྲུང་དཀོན་མཆོག་བདེ་ཆེན་སོགས་བསྒྲུབ་བྱ་དུ་མར་བསྙེན་རྫོགས་དང་ཆོས་བཀའ་མང་དུ་གནང༌། དགུ་པའི་ཚེས་ལ་གཙོས་རྒྱ་མཁར་དགོན་པས་གདན་དྲངས་པ་ལྟར། དཔོན་པེའི་སི་དང་བཅས་མཆོད་ཡོན་ལྷན་དུ་ཆིབས་ཁ་བསྐྱུར། བེ་རི་དཔོན་སློབ་མཐུ་སྟོབས་རྒྱ་མཚོ། གསེར་ཁ་དཔོན་སློབ་བསོད་ནམས་རྒྱ་མཚོ། རབ་འབྱམས་པ་དགེ་ལེགས་རྒྱ་མཚོ།


GTD004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་པོ་ཆོས་སེང་གེ་སོགས་རི་དགོན་སོ་སོའི་བླ་གྲྭ་ཁག་དང༌། དཔོན་འབངས་ཐམས་ཅད་ནས་བསུ་སྐྱེལ་འབུལ་ནོད་སོགས་ཡུལ་བསྟུན་གྱི་བསྙེན་བཀུར་གང་གཟབ་ཞུས་པར་རྒྱན་རྣམ་གཉིས་ཀྱི་ལུང་སྩལ། ཕྱོགས་འདུས་ཀྱི་མཇལ་བ་ཉི་ཁྲི་བརྒལ་བར་ཕྱག་དབང་དང་མེ་ཏོག་འཐོར། མཛོ་དགེ་དགོན་པས་ཀྱང་གདན་དྲངས་ཏེ་གསོལ་བ་བཏབ་པར་འཇིགས་བྱེད་བཅུ་གསུམ་མའི་དབང་སོགས་ཆོས་བཀའ་འགའ་ཞིག་སྩལ། དངོས་འབུལ་རྟ་ནོར་བཞི་བརྒྱ་སྐོར་བྱུང་བའི་ནང་ནས་ཐེབས་ཤིག་དང་བཅས་ཚོགས་སུ་མི་འཁྲུགས་པ་ལྷ་དགུའི་ཆོ་ག་གསར་འཛུགས་ཀྱི་བཀོད་ཁྱབ་སོགས་གང་ལ་གང་འཚམ་གྱིས་ཕན་བདེའི་ལམ་ལ་བཀོད་ནས་སླར་གདན་སར་ཕེབས། སྨད་ཕྱོགས་ནས་ཞུ་ཡིག་དུ་མ་དངུལ་སྲང་སུམ་བརྒྱ་སྐོར་གྱི་སྐྱེས་དང་བཅས་འབྱོར་པ་རྣམས་ལ་བཀའ་ལན་འཚེམ་མེད་གནང༌། དགོན་པའི་སྤྱི་དོན་དུ་ཁྲི་ཐོག་པ་གང་ཡིན་དེས་མགོན་པོའི་རྒྱས་པའི་གཏོར་སྒྲུབ་མཛད་སྲོལ་ལྟར། རྗེ་ཉིད་དབུར་བཞུགས་ཏེ་གཏོར་སྒྲུབ་མཛད། དེ་སྐབས་རྟ་དཀར་པོ་ཞོན་པའི་མི་ཞིག་གིས། ལུང་པ་གཅིག་ན་དྲེད་མང་པོ་འདུག་པའི་ཕལ་ཆེར་བསད་ཀྱང་ད་དུང་འགའ་ཞིག་ལུས་ཡོད་ཟེར་བའི་མནལ་ལམ་བྱུང་བ་ནི་ཆོས་སྐྱོང་གིས་འཕྲིན་ལས་བསྒྲུབས་པའི་ལྟས་སུ་མངོན། དགུན་ཆོས་ལ་ཡང་བརྩི་བཞག་གནང་ཞིང་ཕར་ཕྱིན་སྟོན་མོའི་དམ་བཅའི་སྐོར་སོགས་ཀྱི་སྒྲིགས་ལམ་འགའ་ཞིག་གསར་འཛུགས་མཛད། མཛོ་དགེ་སྟོད་ནས་ཚུལ་ཁྲིམས་ཟེར་བ་དུས་ཆོས་སུ་གྱུར་པའི་དོན་དུ་གདན་དྲངས་ཏེ་དངུལ་སྲང་སུམ་བརྒྱ། རྟ་བརྒྱ་སོགས་ཕུལ་ནས་གསོལ་བ་བཏབ་པར་གཤིན་པོ་ངན་འགྲོའི་


GTD004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དུཿཁ་ལས་སྒྲོལ་བའི་བསྔོ་སྨོན་གྱིས་མཚམས་སྦྱོར་གནང༌། མཛོ་དགེའི་དཔོན་ཁག་ཐམས་ཅད་མཇལ་དུ་འོང་བར་དགྱེས་པའི་གསུང་དང་བབས་འོས་ཀྱི་གནང་ཆ་སྩལ་ཅིང༌། ཕེབས་ལམ་གྱི་དུད་མང་པོས་དངོས་འབུལ་ཞུས། སྡེ་བ་བྱིངས་ནས་འབྱོན་པར་གསོལ་བ་བཏབ་ཀྱང་གདན་སར་སྨོན་ལམ་སྟེང་དུ་ཕེབས་དགོས་གཤིས་ལོ་རྗེས་མར་འབྱོན་རྒྱུའི་ཞལ་བཞེས་གནང༌། དགུང་ལོ་སོ་བཞི་པ་ལྕགས་སྦྲུལ་གྱི་ལོ་གསར་རྨེ་ཆུ་ཁའི་བཞུགས་སྒར་གྱི་སྟེང་ནས་མཛད། རིམ་གྱིས་དད་ལྡན་དུ་མའི་རེ་བ་སྐོང་བཞིན་པར་བྱོན་པའི་ལམ་ནས་སྨོན་ལམ་སྦྱིན་བདག་ཛ་སག་དབང་ཕྱུག་རབ་བརྟན་ཡུམ་སྲས་བཅས་དགོན་པར་འབྱོན་པ་དང་དུས་འཛོམ་སྟེ་ཟླ་བ་དང་པོའི་བཅུ་གཅིག་ལ་གདན་སར་བབས། གསུང་ཆོས་རྒྱུན་ལྡན་དུ་གནང་ཞིང་རབ་བྱུང་དགེ་ཚུལ་བདུན་ཅུ་སྐོར་དང་ཁྱ་དགེ་སྐུ་སྐྱེ་སོགས་བསྙེན་རྫོགས་ཀྱང་མང་དུ་བསྒྲུབས། ཛ་སག་ངོ་གཡོག་ལ་མགོན་པོའི་རྗེས་གནང་སྩལ། སྨོན་ལམ་གྲོལ་ནས་མཆོད་ཡོན་བཀའ་བགྲོས་ཀྱིས། བསེའི་སྤྲུལ་སྐུ་རིན་པོ་ཆེ་ཁྲིར་བསྐོ་བཞག་མཛད། དོན་གཉེར་ཅན་ཁ་ཤས་ལ་ཉིན་གསུམ་གྱི་རིང་བྱང་ཆུབ་ལམ་སྒྲོན་གྱི་བཤད་པ་དང་གཞན་འགའ་ཞིག་ལ་དམར་ཁྲིད་ཀྱི་ལུང་སྩལ། དཔྱིད་ཆོས་ཆེན་མོར་ཉིན་ཁ་ཤས་བརྩི་བཞག་གནང་སྟེ་བསྟན་འགྲོའི་ཕན་བདེའི་གཞི་མ་དགེ་འདུན་གྱི་སྡེ་དང༌། དེ་ཡང་ཆོས་འཆད་ཉན་ཡོད་མེད་ལ་རག་ལས་ཚུལ་ནས་བཟུང་ཚང་མས་ཐུགས་ཁུར་བཞེས་དགོས་ལུགས་ཀྱི་བསླབ་སྟོན་ཞིབ་རྒྱས་ཚོགས་གཏམ་གྱི་ཚུལ་དུ་གནང༌། གཉིས་པའི་བཅུ་གཅིག་ལ་བསེའི་སྤྲུལ་བའི་སྐུར་ཁྲི་འབུལ་བསྟར་ཞིང་ཁོང་ནས་ཀྱང་གསོལ་སྟོན་གང་རྒྱས་


GTD004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས། སྔར་དགོན་འདིར་པར་རྐོས་རྒྱུན་ཆགས་ཀྱི་སྲོལ་མ་བྱུང་བས་དཔེ་རྒྱུན་ཐམས་ཅད་དཀོན་པར་ཡོད་པའི་སྟབས་མངའ་རིས་དར་ཧན་ཆོས་རྗེར་སྦྱིན་བདག་དང༌། རབ་འབྱམས་པ་ཀུན་དགའ་བསྟན་འཛིན་ལ་གཉེར་གྱི་བཀའ་ཕེབས་ཏེ། གྲྭ་པ་ཁ་ཤས་ལ་པར་བརྐོ་ཚུལ་སློབ་ཏུ་བཅུག་ནས། བློ་རྟགས་གཉིས་ཀྱི་པར་ཐོག་མར་བརྐོས་ཤིང༌། དེ་ནས་བཟུང་རྒྱུན་མི་འཆད་དུ་བརྐོས་པས་ད་ལྟ་ཆོས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཏེ་ཟད་མི་ཤེས་པའི་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བ་འདི་ཡང་གཞན་ཕན་འཕྲིན་ལས་ཀྱི་ཡང་རྩེ་ཞིག་ཡིན་ནོ། །དབེན་གནས་ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་པ་རྣམས་ནས་གསོལ་བ་བཏབ་པ་བཞིན་བྱང་ཆུབ་བདེ་ལམ་གྱི་ཁྲིད་སྨིན་རྒྱས་བླ་མ་དམ་པ་བར་མ་ཆད་པ་ལས་འོང་བའི་ཞལ་ཤེས་མན་ངག་གི་གནད་དུ་མས་བརྒྱན་ཅིང༌། མཇུག་ཏུ་སེམས་བསྐྱེད་མཆོད་པ་དང་བཅས་ཉིན་ཉི་ཤུ་སྐོར་ལ་གནང་བས་ཉན་པ་པོ་ཐམས་ཅད་ཀྱི་བློ་སྣ་འགྱུར་ཏེ་དགེ་སྦྱོར་ལ་གཅིག་ཏུ་གཞོལ་བར་གྱུར། ཞལ་ནས་ཀྱང་ལོ་རེ་ལྟར་ལམ་རིམ་རེ་འཆད་རྒྱུ་བྱུང་ན་ཨང་ཞེས་ཚད་མེད་པའི་དགྱེས་ཚོར་མཛད། འདི་སྐབས་སུ་དགེ་བཤེས་དུ་མ་སྐུ་མདུན་དུ་བོས་ཏེ་གཟིམས་ཆུང་རྭ་བར་མཛོད་འདུལ་ལ་བརྒལ་བརྟག་ཡང་ཡང་གནང་བ་ཡང་ཆོས་ཀྱིས་ངོམས་པ་མེད་པའི་རྣམ་ཐར་དུ་མངོན། དཔོན་མོ་ནོར་འཛིན་དབང་མོས་གསོལ་བ་བཏབ་པར་བརྟེན། གྲྭ་པ་སུམ་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོའི་དབང་རྒྱས་པར་སྩལ། ལོ་སྔ་ཕྱི་འདི་དག་ཏུ་དབང་བཤད་ཀྱི་ཞར་ལ་སྨྱུང་གནས་ཀྱི་ཕན་ཡོན་དམ་པ་གོང་མ་མང་པོའི་རྣམ་ཐར་ཁུངས་བཙུན་གྱི་ལོ་རྒྱུས་ཟ་མ་ཏོག་བཀོད་པ་སོགས་མདོ་རྒྱུད་དང༌། བཀའ་གདམས་གླེགས་བམ་རིན་པོ་ཆེ་སོགས་


GTD004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མའི་ལུང་འདྲེན་གྱི་ཤེས་བྱེད་དང་བཅས་པ་ཡང་ཡང་གསུངས་པའི་རྐྱེན་གྱིས་དེ་ལ་བློ་ཁ་གཞོལ་བ་མང་དུ་བྱུང་སྟེ་ད་ལྟ་དཀར་པོ་ཕྱོགས་བརྒྱད་ཟླ་རེ་ལོ་རེ་ཙམ་དང༌། ལོ་མང་པོའི་བར་དུ་སྨྱུང་གནས་བརྒྱུད་མར་བསྲུང་བ་སོགས་འཕེལ་རྒྱས་ཤིན་ཏུ་ཆེ་བ་ནི། ཟླ་བ་སྒྲོན་མེའི་མདོ་ལས། ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་ཤེས་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་འདིའི་སྔ་ཕྱི་ཅི་རིགས་པར། འཇིགས་བྱེད་ཀྱི་དབང༌། སྒྲོལ་མ་དཀར་ལྗང་གཉིས། ཤྲ་མ་ཎ། ཀླུ་དབང་རྒྱལ་པོ་རྣམས་ཀྱི་རྗེས་གནང་སོགས་སོ་སོའི་འདོད་སྦྱར་གྱི་ཆོས་བཀའ་མང་དུ་གནང༌། ཐུགས་དམ་མཛད་ཡུལ་ལ་རི་ཁྲོད་ཅིག་འདེབས་བཞེད་ནས་དགོན་པའི་གཡས་ཕྱོགས་ཀྱི་ལུང་པའི་ཕུར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་ཅིག་ཡོད་པ་དེར་ས་བརྟག་བསླངས་སོགས་མཛད་ཅིང་གཟིམས་ཆུང་གསར་རྒྱག་གི་བཀོད་ཁྱབ་སྩལ། དེ་རྗེས་ཨ་མཆོག་ཏུ་ཆིབས་བསྐྱོད་དེ་ལུང་དང་རིགས་པ་སྨྲ་བ་སེ་ར་དགེ་བཤེས་བློ་བཟང་ཆོས་འཕེལ་ཚོགས་ཆེན་ཁྲི་དང༌། མི་དོ་དཔོན་སློབ་དཔལ་བཟང་རྒྱ་མཚོ་རྒྱུད་པ་དཔོན་སློབ། རྔ་རྒོད་སྐུ་སྐྱེ་ནམ་མཁའ་སེང་གེ་ལམ་རིམ་དཔོན་སློབ་ཏུ་བསྐོ་བཞག་མཛད་ཅིང༌། སྒྲིགས་ལམ་རགས་རིམ་གསར་དུ་བཙུགས། པེའི་སི་སེའི་དོད་དང་བཅས་པ་ཐམས་ཅད་ཀྱིས་ཨུརྒེ་གྲྭ་ཚང་འདི་རྗེ་གོང་མའི་གདན་ས་ཡིན་ཞིང་ངེད་དཔོན་འབངས་ཀུན་གྱི་ལྷ་སྐལ་གཅིག་པུར་གྱུར་པ་རྗེ་ཉིད་ཡིན་པས། ཅིས་ཀྱང་དེ་ཀའི་ཁྲིར་ཞལ་བདག་མཛད་དགོས་ཀྱི་


GTD004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པར་བརྟེན་དེ་ཕྱོགས་སུ་ཆིབས་ཁ་བསྒྱུར། ལམ་གྱི་ཚ་ཞག་སོགས་དང༌། བསུ་བ་སེར་སྦྲེང་བཅས་ཕྱག་ཕེབས་པར་བཞེས་སྟོན་གཟབ་རྒྱས་ཞུས། ཟླ་ཚེས་དགེ་བར་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་ཞབས་སེན་བཀོད་དེ། དཔོན་ཚང༌། སེའི་དོད། མདའ་ཚན་སོ་སོ་དང་བཅས་པས་ཁྲི་འབུལ་རྔམས་ཆེ་བ་བསྟར། གྲྭ་ཚང་གིས་གཙོས་པའི་སྐྱ་སེར་དུ་མར་ཆོས་ཀྱི་ཆར་ཕབ་སྟེ་ཕན་ཚུན་ཀུན་ནས་ལེགས་པའི་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་ཕྱེ། དེའི་ཚེ་འཁྲི་ཤིང་ལས། སྐྱེ་བོ་ལེགས་སྤྱོད་བློ་ལྡན་བློན་པོ་དང༌། །མི་བདག་མཁས་ཤིང་བདེན་པར་སྨྲ་བྱེད་པ། །འདི་དག་རྣམས་ནི་དགེ་བ་དར་བའི་དུས། །མངོན་སུམ་དུ་མཚོན་མཚན་ཉིད་བཟང་པོ་ཡིན། །ཞེས་གསུངས་པ་ལྟར། སྒོ་ཐམས་ཅད་ནས་རང་སྐྱིད་གཞན་སྨོན་གྱི་གནས་ཁོ་ན་ཞིག་བྱུང་བར་སྣང༌། ཉེ་སྐོར་གྱི་མི་ཁྱིམ་དུ་མས་བསྙེན་བཀུར་ཞུས་པར་སོ་སོའི་འདོད་ཆོས་ཀྱིས་རེ་བ་བསྐང༌། མགོ་ལོག་གི་དཔོན་དམག་ཟོར་མགོན་པོ་དུག་གིས་ན་ནས་ཐུ་མོར་གྱུར་པ་བླ་སྨན་མཐའ་དག་གིས་བཏང་སྙོམས་སུ་བོར་ཏེ། ཐག་རིང་པོ་ནས་རྗེ་ཉིད་ལ་སྐྱབས་ཚོལ་དུ་འོང་བར་བཀའ་བསྒོ་བསྲུང་མདུད་བུམ་ཆུ་བཅས་གནང་སྟེ་དུག་སྦྱོང་མཛད་པས་མ་འགྱངས་པར་ནད་གཞི་མེད་དུ་སོང་ནས་དད་གུས་ཚད་མེད་པ་སྐྱེས། དེའི་རྒྱུ་མཚན་གྱིས་སྤྱིར་མགོ་ལོག་ཟེར་བ་འདི། བང་རའི་གླིང་དུ་བགྲོད་པའི་ཡལ་འདབ་ལས། བཅོམ་ལྡན་བདག་ཅག་འཚོ་བ་ནི། །སྨད་པར་འོས་པ་ལས་ཀྱིས་སྤྲུལ། །གླ་རྔན་མ་ཡིན་ཞིང་ལས་མིན། །གཞན་བསྲུང་མ་ཡིན་བྱིན་ལེན་མིན། །བདག་ཅག་གདུག་པ་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ལྟར་ཡུལ་ཆོས་ཀྱི་བླ་དཔོན་སུ་ལ་ཡང་མི་འཛེམ་པར་འཕྲོག་


GTD004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་བྱེད་པ་ཞིག་ཡིན་ཀྱང༌། རྗེ་འདིའི་གྲྭ་རིགས་སུ་གཏོགས་པ་ཙམ་ལ་ཡང་གནོད་པ་མི་བྱེད་པ་འདི་བྱུང་བ་ཡིན་ནོ། །དེ་ནས་ལོ་སྔ་མར་མཛོ་དགེ་དཔོན་ཁག་སོ་སོ་ནས་ཞུས་ཡོད་པ་ལྟར་དེ་ཕྱོགས་སུ་བྱོན། འབོས་སྤོ་ཚང་རྣམས་དང༌། དཔོན་པོ་ཕྱག་རྡོར་སྐྱབས་སོགས་གླིང་པའི་སྐོར། བྱམས་མེའི་སྡེ་པ་ཐམས་ཅད་དང་བཅས་པས་གདན་དྲངས་ཏེ་དངོས་འབུལ་ཕོན་ཆེར་བཏེག །རིམ་གྱིས་ཨ་བཀྲའི་སྐོར་དང༌། སྟོད་མའི་སྐོར། ཕོ་བ། མདོ་ཚ། བན་ཡུ་སོགས་ཀུན་ལ་ཕེབས་ཤིང་གསང་བ་འདུས་པའི་དབང་ཆེན་སོགས་གང་ཞུས་ཀྱི་འདོད་ཆོས་ལྷུགས་པར་སྩལ་ཏེ་མཐོང་ཐོས་དྲན་རེག་གི་སྒོ་ནས་ཐར་པའི་ས་བོན་བསྐྲུན་པར་མཛད། འབུལ་ནོད་ཀྱང་རྟ་ནོར་སྟོང་ཕྲག་དུ་མ་བྱུང་འདུག་ནའང༌། གསེར་དང་བོང་བ་མཉམ་པའི་བདག་ཉིད་ཆེན་པོ་རྣམས་ནི་དེ་ལ་ཆེད་དུ་མི་འཛིན་པས་འདིར་ཡང་ཞིབ་ཏུ་མ་བྲིས། ས་སྐྱའི་བླ་མ་གདུ་བུ་ཆོས་རྗེ་དང༌། གྲོ་ཚང་སྐུ་སྐྱེ་སོགས་ཀྱིས་ཀྱང་གདན་དྲངས་ཏེ་ཆོས་འབྲེལ་ཞུས། བཞག་སྡོམ་གྱི་སྡེ་པས་བསྙེན་བཀུར་བར་ཐུགས་རྗེ་ཆེན་པོའི་དབང་སོགས་ཆོས་བཀའ་འགའ་ཞིག་སྩལ། མཚོ་མགོ་ཟེར་བར་དཔོན་པོ་བཀྲ་ཤིས་བཟང་གིས་གདན་དྲངས་ཏེ་སྒྲོལ་དཀར་གྱི་རྗེས་གནང་ཞིག་ཞུས་པར་རྟེན་འབྲེལ་སུམ་འཛོམ་ཡིན་གསུངས་ནས་དགྱེས་ཚོར་མཛད། སྟག་ཚང་ལྷ་མོ་ནས་གདན་དྲངས་པ་ལྟར་བྱོན་པས་ཁ་ཤི་དཔོན་སློབ་སོགས་ཀྱིས་བསུ་བ་སེར་སྦྲེང་ཤངས་ལེན་གྱི་སྟོན་མོ་གཟབ་རྒྱས་ཞུས་པར་མངོན་རྟོགས་རྒྱན་གྱི་བཀླག་ལུང་སྩལ། གྲྭ་པ་རྣམས་ལ་མང་འགྱེད་ཀྱང་གྱ་ནོམ་པ་གནང༌། དེ་ནས་གདན་ས་ཆེན་


GTD004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཕྱག་ཕེབས་ཏེ་རྟ་ནོར་སུམ་བརྒྱ་སྐོར་ཞིག་གིས་དངུལ་སྲང་རེ་ཐེམ་ངེས་ཀྱི་སྐུ་འགྱེད་བསྟར། སྤྱི་སོར་རྟ་ནོར་དྲུག་ཅུ། གདུང་མཆོད་དང་རིགས་གྲྭའི་ཐེབས་ལ་སུམ་ཅུ་རེ། ཨ་མཆོག་དགོན་པར་རྟ་ཕོ་རྒོད་བརྒྱ། ནོར་ཉིས་བརྒྱ། ལུག་སྟོང་སོགས་ཀྱི་འཇོག་པ་བྱས། བསེའི་སྤྲུལ་བའི་སྐུ་ནས་ཁྲིའི་དགོངས་པ་ཞུས་པས། འབྲས་སྤུངས་དགེ་བཤེས་ཟུང་ཆུ་ངག་དབང་ཁྲིར་བསྐོ་བཞག་མཛད་ཀྱང༌། ཁོང་རླུང་ཤས་ལྟ་བུས་མ་བདེ་བར་བརྟེན། དགེ་བའི་བཤེས་གཉེན་རྡོ་རམས་པ་བློ་བཟང་སྙན་གྲགས་ཁྲི་བར་བསྐོས། དགུན་གྱི་རིང་སྐུ་མཚམས་གནང་ཞིང༌། སེང་བར་ནས་དཔོན་པེའི་སི་ལ་གདུགས་དཀར་གྱི་དབང་དང༌། ཚེ་རྟ་ཟུང་འབྲེལ་གྱི་རྗེས་གནང་སོགས་ཁ་ཡར་སྩལ། དགུང་ལོ་སོ་ལྔ་པའི་སྨོན་ལམ་གསུང་ཆོས་རྒྱུན་པར་གནང་ཞིང༌། ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མའི་རེ་བ་བསྐང༌། བསྒྲུབ་བྱ་མང་པོར་སོ་ཐར་གྱི་སྡོམ་པའི་བདུད་རྩི་རྫོགས་པར་སྩལ། ཉིན་གཅིག་སྐུ་འཁོར་འགའ་ཞིག་ལ། ངའི་རྨི་ལམ་དུ་རྭ་བའི་ནང་ན་རྔ་མོང་འགའ་ཡོད་པའི་སྟེང་དུ་ཕྱི་ནས་ཁ་ཤས་འོང་བ་རྨིས་ཏེ་ད་ལོ་ཟིང་ཆ་ཞིག་ཡོད་པ་འདྲ་གསུངས། དཔྱིད་ཆོས་ཆེན་མོའི་སྟེང་རིགས་ལུང་གི་རྒྱུགས་བཞེས་ཏེ་སོ་སོར་བསླབ་སྟོན་གནང་ཞིང་དམ་བཅའ་བ་རྣམས་ལ་གནང་ཆའང་སྩལ། གསོལ་དཔོན་རབ་འབྱམས་པས་གསོལ་བ་བཏབ་སྟེ་གུང་ཐང་མཆོག་སྤྲུལ་ངག་དབང་བསྟན་པའི་རྒྱལ་མཚན་པའི་གདུང་གི་མཆོད་རྟེན་ལ་རབ་གནས་རྒྱས་པ་ཉིན་གཉིས་ཀྱི་བར་དུ་མཛད། དོན་གཉེར་ཅན་འགའ་ཞིག་ལ་ཐུགས་རྗེ་ཆེན་པོའི་དབང་ཞིག་ཀྱང་གནང༌། དགོན་པ་སྤྱི་ནས་གསོལ་བ་


GTD004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྟེ། འདི་ཀའི་བླ་གྲྭ་ཐམས་ཅད་དང༌། ཕྱོགས་ཀྱི་བླ་མ་ཆེ་ཆུང་རི་ཁྲོད་པ་མང་པོ་སོགས་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་འདུན་ཉིས་སྟོང་མ་ལོངས་ཙམ་ལ་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ། བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང༌། ཚིག་གི་སྒྲོ་འདོགས་ཆོད་ཅིང༌། དོན་གྱི་ཁོག་ལྷོང་བ། དེ་ཡང་གཙོ་བོར་ཉམས་ལེན་དང་སྦྱར་ཏེ་རང་གི་སེམས་སྟེང་དུ་ཁ་ཚུར་བསྐོར་ནས་གཏན་ལ་འབེབས་ཚུལ་བླ་མའི་མན་ངག་བཞིན་ཤ་ཆོད་རུས་ཆོད་དུ་བྱས་ནས་གསུངས་པས་དབང་པོ་མཆོག་དམན་ཐམས་ཅད་ཀྱི་རྒྱུད་ལ་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བག་ཆགས་ཁྱད་པར་ཅན་བསྐྲུན་ཞིང༌། བློ་སྣ་གཏིང་ནས་འགྱུར་ཏེ་ཚེ་འདིའི་འཁྲི་བ་ཆོད་པའང་ཁ་ཤས་བྱུང༌། མཇུག་ཏུ་བླ་མ་གོང་མའི་ཕྱག་ལེན་བཞིན་སེམས་བསྐྱེད་མཆོད་པའང་ཤིན་ཏུ་རྒྱས་པར་མཛད། ཡང་དོན་གཉེར་ཅན་འགའ་ཞིག་ལ་ལམ་རིམ་བསྡུས་དོན་གྱི་གཟབ་བཤད། གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་ཆོས་ཀྱི་བཀའ་དྲིན་མང་དུ་སྩལ། འཇམ་དབྱངས་གོང་མ་ཆེན་པོ་ནས་རྗེ་འདི་ལ་བསྟན་པ་འཛིན་ཅིང་སྤེལ་བར་བྱེད་པའི་ཨེརྟི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་དང་ཐམ་ཀ །འཇའ་ས་བཅས་གནང་བ་འབྱོར་ཏེ། འདུ་ཁང་ཆེན་མོར་བླ་གྲྭ་སྦྱིན་བདག་ཐམས་ཅད་འདུས་པའི་དབུས་སུ་བསྒྲགས་ཤིང༌། ཐམས་ཅད་ཀྱིས་ལེགས་སོའི་ཁ་དར་ཕུལ། ཕྱག་མཛོད་ཆེན་མོ་ནས་ཀྱང་སྤྱི་སྒེར་ཀུན་ལ་དགའ་སྟོན་རྒྱས་པར་བསྟར། དེ་ཡང་ངེས་པ་དོན་


GTD004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤད་སྒྲུབ་ཀྱི་ཆོས་ཚུལ་ཐམས་ཅད་ལ་དབང་བསྒྱུར་བའི་འདྲེན་མཆོག་འདི་ལྟ་བུ་ལ་ནོ་མིན་ཧན་ནམ་དེ་བོད་སྐད་དུ་བསྒྱུར་ན་ཆོས་ཀྱི་རྒྱལ་པོ་ཞེས་བཏགས་པ་ནི་ཚུལ་དང་མཐུན་ཞིང་མཛེས་པ་ཡིན་ཏེ། སྐྱེས་རབས་ལས། རྒྱལ་པོ་ཆེན་པོ་ཆེན་པོའི་སྒྲ། །འདི་ནི་རྒྱལ་པོ་ཁྱོད་ལ་མཛེས། །ཡོན་ཏན་མེད་ལ་ཡོན་ཏན་བརྗོད། །སྨད་ཅིང་རྩུབ་པའི་ཚིག་ཏུ་འགྱུར། །ཞེས་དང༌། འབྲུག་པ་སངས་རྡོར་གྱིས་ཀྱང༌། མཚན་དོན་མཚུངས་པའི་པཎྚི་ཏ། །ཁྱོད་ཀྱི་གཞན་མིང་འདོད་རྒྱལ་སྒྲ། །ཞེས་བཤད་དེ། བླ་མ་ཆེ་ཞེས་པའི་ཆེ་ལུགས་ནི་ཡོན་ཏན་གྱི་ངོས་ནས་ཆེ་བ་དཔེར་ན་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་ཁྲི་ཆུང་ངུ་ཞིག་ཡིན་ཀྱང་ཁྲི་སྟན་ཆེ་མཐོ་ཞེས་པའི་སྐབས་ཀྱི་ཁྲི་ཆེན་པོར་བཤད་པ་ལྟ་བུ་དགོས་ཀྱི། བྲག་རི་དེ་རྡོའི་ནང་གི་ཆེན་པོར་བཞག་པ་ལྟ་བུའི་འགྲོ་མི་རུང་བ་ནི་འཁྲི་ཤིང་ལས། ཀྱེ་མ་ལེགས་ལྡན་རིན་ཐང་ཆེ་བའི་ཆེན་པོ་ཉིད། །ནོར་བུ་བཞིན་དུ་ཡོན་ཏན་བླ་མ་ཉིད་ཀྱིས་འཐོབ། །ཡོན་ཏན་མེད་པར་གང་ཞིག་ལུས་ཀྱི་བླ་མ་ཉིད། །རྡོ་ལས་རགས་པ་བཞིན་དུ་དེ་ནི་འབྲས་བུ་མེད། །ཅེས་སོ། །དཔག་བསམ་འཁྲི་ཤིང་འདིར། བདག་གི་ཕྲག་པར་ཁྱོད་བླང་བྱ། །ཟེར་རྒྱུ་ལ། ཁྱོད་ཀྱི་ཕྲག་པར་བདག་བླང་བྱ། །ཞེས་པ་དང༌། ཕྲག་མཐོ་ལག་པས་པུས་མོར་སླེབ་དེ་ལ། །ཟེར་རྒྱུ་ལ། ཕྲག་མཐོ་པུས་མོས་ལག་པར་སླེབ་དེ་ལ། །ཞེས་བསྒྱུར་བ་སོགས་འགྱུར་སྐྱོན་ཆེ་བར་སྣང་བས་རྐང་པ་གཉིས་པ་འདི་ཡང༌། ནོར་བུ་བཞིན་དུ་ཡོན་ཏན་ཉིད་ཀྱིས་བླ་མ་འཐོབ། །ཅེས་བསྒྱུར་དགོས་སམ་སྙམ། དེ་ནས་ལྔ་པའི་ཚེས་ལ་སྔར་གཟིགས་པའི་རི་ཁྲོད་ཀྱི་གནས་དེར་བྱོན། མང་ཐོས་འདུལ་བ་འཛིན་


GTD004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་རིན་ཆེན་ཆོས་བཟང་གནས་བརྟན་དུ་བསྐོས། རི་ཁྲོད་པའི་ཞལ་གྲངས་འཕགས་པའི་གནས་བརྟན་བཅུ་དྲུག་གི་གྲངས་ལྟར་མཛད་ཅིང་རྟེན་འབྲེལ་ལ་དགོངས་ནས་སོ་སོར་གནས་བརྟན་རེ་རེའི་མིང་འདོགས་ཀྱང་མཛད། རི་ཁྲོད་ཀྱི་མིང་ལ་བཀྲ་ཤིས་དགེ་འཕེལ་དུ་བཏགས། དེ་ནས་བར་སྐབས་ཤིག་ཏུ་མི་བསྲུན་པའི་སྐྱེ་བོ་བདུད་ཀྱི་གཉེན་དུ་གྱུར་པ་འགའ་ཞིག་གིས། སྔར་ནས་བཟུང་སྟེ་གྲྭ་རིགས་ཕྱོགས་གཉིས་སུ་ཆད་པའི་ཁོན་རྙིང་གི་སྦྲུལ་གདུག་གཉིད་ལ་ཡུར་བ་དེ་ཉིད་གཞི་ནས་བསླང་སྟེ། འུར་ཟིང་ཤིན་ཏུ་ཆེ་བས་གཞན་ཞིག་ཡིན་ན། དགོན་པ་ཆག་འཇིག་ཏུ་གྱ་བའི་ཚོད་ཙམ་བྱུང་ཡང་བླ་མ་རྡོ་རྗེ་འཆང་ཆེན་པོ་འདིས་ནི། བསྟན་འགྲོ་སྤྱི་ལ་དགོངས་པའི་ཐུགས་རྗེ། གང་འདུལ་ཐབས་ལ་མཁས་པའི་མཁྱེན་པ། ཆོས་སྐྱོང་བྲན་དུ་འཁོལ་བའི་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་ནག་ཕྱོགས་བདུད་ཀྱི་གཡུལ་ངོ་ཞི་བར་མཛད་དེ། དེ་ལྟ་བུའི་སྡུག་བསྔལ་གྱི་ཟུག་རྔུ་མཐའ་དག་གཞི་མེད་རྩ་བྲལ་དུ་སོང་བའི་དྲིན་གྱིས་དེང་སང་ལས་སྣེ་རྣམས་ཀྱང་སྒྲིགས་ལམ་སྐྱོང་བདེ་ཞིང༌། གྲྭ་པ་བགྲེས་གཞོན་ཐམས་ཅད་ཀྱང་འདུ་ཤེས་གཞན་མེད་པར་འདུན་པ་ཆིག་དྲིལ་གྱིས་སོ་སོའི་རང་འཁོས་དང་བསྟུན་པའི་ཆོས་ལྡན་གྱི་ལས་ལ་གཞོལ་བ་འདི་ནི། རྗེ་བླ་མ་མཆོག་འདིའི་གྲུབ་པས་འབྲས་རྟགས་ཁོ་ན་ཡིན་ནོ། །ཨེ་མ་ཧོ། ཉིན་བྱེད་སྣང་བའི་དགའ་ཆར་འབེབས་པ་ཡིས། །དགེ་ལེགས་པདྨོའི་སྐྱེད་ཚལ་བཞད་པ་དེ། །འབྱུང་པོའི་བྱ་རྣམས་ལོང་བའི་ཕྱིར་མིན་ཡང༌། །


GTD004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པའི་མལ་ན་སྡང་བའི་ཧཱུཾ་སྒྲ་སྒྲོགས། །ཞི་དུལ་མཚན་དཔེའི་དཔལ་འབར་ཐུབ་དབང་ལ། །ཅོ་འདྲིར་བགྱིད་པའི་མུ་སྟེགས་སྟོན་པ་དྲུག །ཁྲོ་གཏུམ་སྲིན་པོའི་གར་མཁན་གསང་བདག་གི །མདུན་སར་ཆུ་དང་གཡང་ལ་སྐྱབས་སུ་མཆི། །ཆོས་ཀྱི་སྡེ་ཆེན་ཛམ་བུའི་སྙེ་མ་ཡང༌། །ཁོང་ནས་རུལ་བའི་སྦྱོར་བ་རྩོམ་པ་ན། །ཁྱོད་ཀྱི་མཛད་བཟང་མ་དྲོས་མཚོར་ཆུད་པས། །བསྐལ་པའི་མཐས་གཏུགས་ནོར་གྱི་སྙིང་པོར་གྲུབ། །བཤད་སྒྲུབ་འབྲས་བུའི་ཁུར་བརྟེན་པ་ལ་ཤའི། །འཁྲི་ཤིང་མ་ལ་ཡར་སྐྱེས་རླུང་བཞོན་གྱིས། །བསྐྱོད་བཞིན་གཅིག་ཏུ་མངོན་ཕྱོགས་དུལ་བའི་དཔལ། །དགའ་བའི་རྣམ་འཕྲུལ་འདི་ཀོ་སུ་ཡི་མཐུ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བདུན་པའི་ཚེས་ལ་ཨུརྒེར་ཆིབས་བསྐྱོད། མཆོད་ཡོན་ལུགས་གཉིས་ཀྱི་བཀའ་མཆིད་རྒྱས་པར་མཛད། ཁྲི་ཆེན་རྒྱ་ནག་པའི་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་རྒྱ་ནག་ནས་འཁྲུངས་ཡུལ་དུ་བྱོན་ཡོད་པར་འཚམས་ཞུས་དང༌། ཁོང་གིས་མི་ཏྲའི་དབང་རྒྱུན་ཀུན་མཁྱེན་གོང་མ་ནས་གསན་གཤིས། དེ་ཀའི་སྙན་གསན་འབུལ་བར་དཀའ་བཅུ་དོན་ཡོད་ཚུལ་ཁྲིམས་མངགས། རིམ་གྱིས་ཕེབས་ནས་གབ་རོན་ཆུ་ཚན་དུ་ཞག་བདུན་སྐུའི་འཕྲོད་བསྟེན་གནང་ཞིང་བན་ཤུལ་སོགས་ཀྱིས་བསྙེན་བཀུར་ཞུས་པ་བདག་གིར་བཞེས་མུ་ནས་བསུ་བ་སེར་སྦྲེང་དང་བཅས་ལ་མོ་བདེ་ཆེན་དུ་ཕེབས། ཁྲི་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེར་མཇལ་ཏེ་གསུང་གླེང་རྒྱས་པར་གནང༌། ཁོང་གི་ཞལ་ནས། ངས་སྔར་ཁྱེད་ཀྱི་སྐུ་གོང་མའི་མདུན་ནས་མི་ཏྲ་བརྒྱ་རྩའི་དབང་ཉན་དུས་ཉིན་གཅིག་ངའི་ཐད་དུ་ཕྱག་ཕྲེང་འཐོར་སོང་བ་བཏུས་ནས་ཕུལ་བར་གཟིགས་ཏེ་ཕྲེང་རྡོག་ལྔ་འདུག་


GTD004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁྱེད་ཀྱིས་དབང་འདི་ལན་ལྔ་བསྐུར་བར་འདུག་ཅེས་ལུང་བསྟན་ཡོད་ཀྱང་དེ་སྔ་བཞི་ལས་མ་སོང༌། ད་ན་ཚོད་མཐོ་བས་ཚང་མ་ཞིག་གཟུགས་གཞིས་ཨེ་ལྕོགས་མི་ཤེས་ཀྱང༌། ཆོས་བདག་པོ་ལ་སྤྲོད་རྒྱུ་བྱུང་བ་ཤིན་ཏུ་སྐལ་བ་བཟང་བས། ནུས་ཚོད་ཅིག་ཅིས་ཀྱང་འབུལ་དགོས་གསུངས། དབང་གི་མགོ་བརྩམས་ནས་གནང་བར་སྐབས་ཤིག་ནས་སྐུ་ཁམས་རིམ་ལོད་དུ་སོང་སྟེ་བླ་མེད་རྫོགས་མཚམས་སུ་རེ་ཞིག་འཕྲོ་འཇོག་པར་མཛད། རྗེ་ཉིད་ནས་དངོས་འབུལ་རྒྱ་ཆེར་ཕུལ་ཏེ་ཞབས་པད་ཡུན་བརྟན་གྱི་གསོལ་བ་བཏབ། སླར་སྣང་རར་བྱོན་ཏེ་བཀྲ་ཤིས་རབ་བརྟན་དུ་བཞུགས་པར་ཕན་ཚུན་ནས་མི་ཚང་དུ་མས་བསྙེན་བཀུར་ཞུས། མཚམས་ཤིག་ཏུ་ཁྲི་ཆེན་སྤྲུལ་བའི་སྐུ་ཞིང་གཤེགས་པའི་དོན་དུ་གདན་འདྲེན་པ་འབྱོར་ཏེ་བདེ་ཆེན་དུ་ཕེབས། ཐུགས་ཀྱི་དགོངས་པ་རྫོགས་པའི་སྨོན་འདུན་རླབས་པོ་ཆེ་མཛད་ཅིང་གདུང་འབུལ་རྔམས་ཆེ་བ་བསྟར། དེ་ཀའི་ཞབས་སྡོད་རྣམས་ནས་འབུལ་ནོད་རྒྱ་ཆེར་བཏེག་སྟེ་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་ཅིག་ཀྱང་ཞུས་པར་ལྗགས་རྩོམ་བཀའ་དྲིན་བསྐྱངས། ཚུར་ཆིབས་ཁ་བསྒྱུར་ཏེ་ཨུརྒེར་མཆོད་ཡོན་ལྷན་རྒྱས་ཐོག་ནས་སྔར་གྱི་ཟིང་ཆ་བྱུང་བའི་སྐོར་ལ་སྦྱང་བཤད་ཀྱིས་གཏེ་པོ་རྣམས་ལ་གནས་དབྱུང་དང༌། དངོས་པོའི་ཆད་པ་སོགས་བབས་བསྟུན་ངོས། ཕྱིན་ཆད་སུའི་ཐད་ནས་ཀྱང་འཁྲུག་པ་བསླང་མི་ཆོག་ཚུལ་གྱི་བཀའ་རྒྱ་རྗེས་གཙང་མཛད། དེ་ཡང་གནད་མ་རྟོགས་པ་རྣམས་རབ་ཏུ་བྱུང་བ་དང་བྱང་ཆུབ་སེམས་དཔའ་བྱ་བ་དེ་རྣམ་པ་ཐམས་ཅད་དུ་འཇམ་འཇམ་ཁོ་ན་བྱེད་པ་ཞིག་དགོས་སྙམ་ན། དེ་འདྲ་མ་ཡིན་ཏེ།


GTD004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་མདོ་རྩ་བར། གནས་པ་ཆད་པས་གཅད་པར་འོས་པ་ཆད་པས་མི་གཅད་པར་མི་བྱའོ། །ཆད་པ་ནི་རྣམ་པ་ལྔའོ། །གཏམ་མི་འདྲེ་བ་དང༌། གདམས་ངག་མི་སྦྱིན་པ་དང༌། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གིས་ལོངས་སྤྱོད་དུ་མི་གཞུག་པ་དང༌། དགེ་བའི་ཕྱོགས་བརྩམས་པ་རྒྱུན་གཅད་པ་དང༌། གནས་དགག་པར་བྱ་བའོ། །མ་དད་པ་དང༌། ལེ་ལོ་ཅན་དང༌། བཀའ་བློ་མི་བདེ་བ་དང༌། མ་གུས་པ་དང༌། སྡིག་པའི་གྲོགས་བྱེད་པ་ལ་དེ་དག་འོས་པ་ཉིད་དོ། །ཞེས་དགེ་སློང་གིས་དེ་ལྟར་བྱེད་དགོས་པར་གསུངས་པའི་ནང་ནས་ཆད་པ་དང༌། གང་ཟག་གསུམ་པ་དང་ལྔ་པ་སོ་སོ་ནས་ངོས་ཟིན་པར་གྱིས། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་ཡང་བྱང་ཆུབ་སེམས་དཔའི་ས་ལས། ཡང་བྱང་ཆུབ་སེམས་དཔའ་ནི་ཚར་གཅོད་པའི་ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་ཚར་གཅོད་པར་བྱེད་དེ། ཉེས་པ་ཆུང་ངུ་དང༌། འགལ་བ་ཆུང་ངུ་ལ་ནི་བསམ་པ་འཇམ་པོ་དང་སྡང་བ་མེད་པས་སྨ་དབབ་པ་ཆུང་ངུས་སྨ་འབེབ་པར་བྱེད་དོ། །ཉེས་པ་འབྲིང་དང་འགལ་བ་འབྲིང་ལ་ནི་སྨ་དབབ་པ་འབྲིང་གིས་སྨ་འབེབ་པར་བྱེད། ཉེས་པ་ཆེན་པོ་དང་འགལ་བ་ཆེན་པོ་ལ་སྨ་དབབ་པ་ཆེན་པོས་སྨ་འབེབ་པར་བྱེད་དོ། །སྨ་དབབ་པ་ཇི་ལྟ་བ་བཞིན་དུ་ཆད་པས་གཅོད་པ་ཡང་དེ་དང་འདྲའོ། །ཞེས་དང༌། ཉེས་པ་ཆུང་ངུ་བྱེད་པ་ལ་ནི་འཁྲུལ་བ་གླེང་བར་བྱེད། ཉེས་པ་འབྲིང་བྱེད་པ་ལ་ནི་བསྒོ་བར་བྱེད། ཉེས་པ་ཆེན་པོ་བྱེད་པ་ལ་ནི་སྐྲོད་པར་བྱེད་དེ། ཞེས་གསུངས་པ་གོ་བར་གྱིས་ཤིག །དགུ་པའི་ཚེས་ལ་གདན་སར་འབྱོར་ཅིང༌། འདི་ལོ་ཚོགས་སུ་ཞབས་བརྟན་ཕོན་ཆེར་བསྒྲུབས་པས། སྐུ་འགྱེད་ཀྱང་


GTD004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་ཙམ་གནང༌། སྔ་སོར་ཧོར་སྡེ་དགེ་ཕྱོགས་སུ་ཀརྨ་ཡབ་སྲས་དྲུག་གི་ཡ་གྱལ་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་ལ། སྙན་ཚིག་འཕང་འགྲོའི་རྒྱུད་དུ་འཁྲོལ་བའི་ཆབ་ཤོག་སྐྱེས་དང་བཅས་པ་སྤྲིངས་ཏེ། ཐ་སྙད་རིག་པའི་གླེགས་བམ་འགའ་ཞིག །ཁོང་རང་གི་སློབ་མ་དེ་སྐོར་ལ་མཁས་པ་ཞིག་བཅས་མངགས་དགོས་ཚུལ་གསུངས་པ་ལྟར། སྒྲ་རིག་སྨྲ་བའི་དབང་པོ་ཀུན་དགའ་སངས་རྒྱས་དཔོན་གཡོག་རྫོང་སྟ་མཛད་པ་ཉེ་ཞོ་མེད་པར་འབྱོར་པ་ལ་གཞིས་ལེན་གཟབ་རྒྱས་གནང༌། ཞག་ཤས་སོང་མཚམས་སྒྲ་ཀ་ལཱ་པར་བློ་བརྟན་བཞི་པའི་འགྲེལ་པའི་སྟེང་ནས་གསན་སྦྱོང་མཛད་པས། མཚམས་སྦྱོར་དང༌། མིང་དང༌། ཀུན་བཤད་དང༌། ཀྲི་ཏ་སྟེ་མདོའི་དོན་གྱི་རྩ་བ་བཞི་དང༌། བྱིངས་དང་ཉེར་བསྒྱུར་ཨུཎྜ་ལ་སོགས་པ་ཡན་ལག་གི་དོན་ཐམས་ཅད་ལྷག་མ་མེད་པར་ཐུགས་སུ་ཆུད། ཞར་ལ་བོད་མཁས་པའི་སྙན་འགྲེལ་གྱི་སྟེང་ནས་སྙན་དངགས་དང༌། སྨིན་གྲོལ་ལོ་ཙཱ་བ་དྷརྨ་ཤྲཱིའི་འགྲེལ་པའི་སྟེང་ནས་སྡེབ་སྦྱོར་ལ་ཡང་བསྐྱར་སྦྱངས་མཛད་དེ་ཐ་སྙད་རིག་པའི་གཞུང་དོན་མ་ལུས་པ་མངོན་པར་བྱང་ཆུབ་པའི་ཚུལ་ཡང༌། ཀརྨ་སི་ཏུ་བ་ལ་རྗེས་སོར་སྤྲིངས་པའི་ཆབ་ཤོག་ལས། འདི་ན་འདུ་འཛིའི་ཕྲེང་བ་བོས་པ་བཞིན། །ཚར་དུ་དངར་བའི་ཁུར་གྱིས་དུབ་གྱུར་ཀྱང༌། །ལེགས་བཤད་སྐྱེས་དང་ཕྲད་པ་རྙེད་དཀའ་ཞེས། །མི་ལྡོག་བརྩོན་པའི་གོ་ཆ་ཉེར་བླངས་ཏེ། །སློབ་དཔོན་མཁས་པའི་སྤྱན་སྔར་ཀ་ཙན་ཟུང༌། །སྙན་དངགས་སྡེབ་སྦྱོར་བཅས་པ་ལེགས་སྦྱངས་པས། །ལེགས་བཤད་བདུད་རྩི་གསར་པའི་དོག་པ་ཡིས། །


GTD004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་བུམ་པ་གང་བར་གྱུར་པ་ལགས། །དྲེགས་ལྡན་ལྷ་མིན་ཕལ་གྱིས་མ་ཐོབ་པའི། །བརྡ་སྤྲོད་གཞུང་བརྒྱའི་ཆུ་བོ་འདུས་པའི་བཅུད། །རྣམ་དཔྱོད་ཟེ་འབྲུར་སོན་པའི་ལེགས་བྱས་གང༌། །ངོ་མཚར་བསྐལ་བ་སྟོང་གིས་བསྐྲུན་ནམ་སྙམ། །ཞེས་གསུངས་པ་ལྟར་རོ། །དེ་ནས་གསོལ་དཔོན་བསྟན་པ་དར་རྒྱས་དང༌། སྔགས་རམས་པ་ཆོས་འཛིན་དར་རྒྱས་གཉིས་ལ་ཡང་ཁོང་གི་དྲུང་ནས་སྐར་རྩིས་ལེགས་པར་སློབ་ཏུ་བཅུག །དགུང་ལོ་སོ་དྲུག་པའི་ལོ་གསར་སྨོན་ལམ་གྱི་སྐབས་ཀྱི་གསུང་ཆོས་སོགས་སྔར་རྒྱུན་ལྟར་གནང༌། རྗེ་ཉིད་དབུས་སུ་བཞུགས་སྐབས་པཎ་ཆེན་ཐམས་ཅད་མཁྱེན་པ་ནས་དུས་འཁོར་གྲྭ་ཚང་ཞིག་འདེབས་དགོས་ཀྱི་བཀའ་ལུང་ཡོད་པས། དེར་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས་ཏེ། མ་འོངས་པ་ན་རིགས་ལྡན་གྱི་གདུལ་བྱར་འགྱུར་བའི་རྟེན་འབྲེལ་བསྒྲིག་ཆེད་དང༌། སྤྱིར་ཡང་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་སྲོལ་རྒྱུད་སྡེ་གཞན་དང་ཐུན་མོང་མ་ཡིན་པ་འདི་ཉིད་དུས་དབང་གིས་ཆེས་ཉག་ཕྲ་བར་འདུག་པ་སླར་གསོ་བའི་ཕྱིར་དུ། ནག་ཟླའི་ཉ་ལ་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་བཏབ་སྟེ། ཐོག་མར་ཆོས་ཀྱི་ཁྲི་ལ་རྗེ་ཉིད་ཀྱི་ཞབས་སེན་བཀོད་དེ་ཆོས་ཐུན་ཁ་ཤས་གནང་ཞིང༌། དེ་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གནད་ལ་ནང་བྱན་ཆུད་པའི་མཁས་པའི་དབང་པོ་ལྷོ་པ་སྔགས་རམས་པ་གྲྭ་ཚང་གི་དཔོན་སློབ་དང༌། དགེ་བའི་བཤེས་གཉེན་རབ་བརྟན་རྒྱ་མཚོ་རྡོ་རྗེ་འཛིན་པར་བསྐོ་བཞག་མཛད། རྒྱུན་གྱི་སྒྲིགས་ལམ་སོགས་ཀྱི་རིམ་པ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ཆོ་ག །པཎ་ཆེན་གོང་


GTD004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མས་མཛད་པའི་དུས་འཁོར་ལྷ་བཅུ་གསུམ་མ། རྣམ་སྣང་མངོན་བྱང༌། འཇམ་དཔལ་མཚན་བརྗོད་རྣམས་རྒྱུན་འདོན་དང༌། མཚམས་མཚམས་སུ་ཆོས་སྐྱོང་སོ་སོའི་དུས་གཏོར་དང༌། དུས་ཚིགས་ངེས་ཅན་ལ་ཕྱག་རྒྱ་དང་དབྱངས་རྟ་སོགས་སློབ་རྒྱུ། ནག་ཟླའི་དུས་ཆེན་དང་བསྒྲིགས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཞིབ་རྒྱས་གར་ཐིག་དབྱངས་དང་བཅས་པ་པཎ་ཆེན་ན་རིམ་གྱི་ཕྱག་བཞེས་ཉམས་མེད། སྟོན་ཀུན་རིག་གི་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཕྱག་ལེན་སྐྱོར་རྟ་སོགས་སྐྱོར་མོ་ལུང་པའི་ཕྱག་སྲོལ་མ་ནོར་བ། ཆོས་གྲྭ་ནས་ཊཱིཀ་ཆེན་དེ་ཉིད་སྣང་བ། རྒྱལ་ཚབ་རྗེ་དང་བ་སོ་བའི་དུས་འཁོར་བསྐྱེད་རྫོགས། རྒྱུད་སྡེ་སྤྱི་རྣམ་བཅས་ཀྱི་འཆད་ཉན་གནད་སྨིན་བྱེད་དགོས་པར་བཀས་བཅད་ཅིང༌། རྒྱུད་འདིའི་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ཞིབ་པར་ཤེས་པ་ལ། བྱེད་གྲུབ་ཀྱི་རི་མོ་ལ་གོ་བ་རྩལ་ཐོན་པ་ཞིག་མེད་མི་རུང་དུ་དགོས་པའི་གནད་ཀྱིས་སྐར་རྩིས་ལ་སྦྱང་དགོས་པ་དང༌། གཞན་ཡང་ཀ་ཙན་གཉིས། དབྱངས་ཅན་སྒྲ་མདོ། ལཉྩ་སོགས་ཡིག་རིགས་སྣ་ཚོགས། གཏོར་མའི་བཅའ་བཟོ། རོལ་མོ་འབུད་དཀྲོལ་གྱི་རིགས་སོགས་དབང་པོའི་རིམ་པ་དང་མཐུན་པར་སློབ་རྒྱུའི་བཀོད་ཁྱབ་སོགས་སྒྲིགས་ལམ་འདི་ཐམས་ཅད་དུས་གཅིག་ཏུ་བཙུགས་པ་མིན་ཡང༌། དེ་ནས་བཟུང་སྟེ་སྐབས་སུ་གང་བབས་ཐབས་མཁས་ཀྱི་སྒོ་ནས་རིམ་པ་བཞིན་གནང་སྟེ་གཉིས་མེད་དུས་ཀྱི་འཁོར་ལོའི་ལམ་སྲོལ་ཆ་ཐམས་ཅད་ནས་ཡར་རྒྱས་སུ་སྤེལ་བའི་རྒྱུ་ཚོགས་ཚང་བར་


GTD004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས། རྣམ་སྣང་མངོན་བྱང་བཙུགས་པའི་དགོས་པ་ཡང༌། ད་ལྟ་སྤྱོད་རྒྱུད་ལ་དབང་དང་ཆོ་ག་བཤད་ཉན་གང་གི་ངོས་ནས་ཀྱང་ཕྱོགས་མཐའ་དག་ཏུ་ཕལ་ཆེར་ནུབ་པ་ལྟར་སོང་འདུག་པ་འདི་ཅུང་ཟད་གསོ་ཨེ་ཐུབ་ཀྱི་ཐུགས་དགོངས་ཡིན་པས། ཕྱིས་འདི་ཉིད་ཀྱི་དབང་ཡང་ཆེད་དུ་གཏད་ནས་གནང་སྟེ། སྔོན་རྗེ་ཐམས་ཅད་མཁྱེན་པས་ཀྱང་དོན་འདི་ལ་དགོངས་ནས། རྣམ་སྣང་གི་དངུལ་སྐུ་ཆེན་མོ་བཞེངས་པ་ཡིན་པས། ཚུལ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཐུགས་ལ་བཅངས་ཏེ། སྒོ་ཐམས་ཅད་ནས་དེའི་དོན་འབའ་ཞིག་མཛད་པའི་རྣམ་པར་ཐར་པ་བསམ་གྱིན་དད་པའི་སྙིང་རྩ་འདར་བའི་འོས་ཤིག་ཡིན་ནོ། །བདེ་ཐང་བློ་བཟང་ཡོན་ཏན་ནས་གྲྭ་ཁང་གི་ཐེབས། ཆས་འཇུག་དང་མཆོད་རྫས་དུ་མ་སོགས་གསར་ཚུགས་ཀྱི་མཐུན་རྐྱེན་ཕུལ་དུ་ཕྱིན་པ་བསྒྲུབས། དེ་སྐབས་དགོན་ལུང་གི་མཁན་སར་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ་བཞུགས་ཡོད་པ་གོང་མའི་ལུང་གིས་རྒྱལ་ཁབ་ཆེན་པོར་ཕེབས་དགོས་བྱུང་བར་བརྟེན། ཆེ་བགྲེས་ཀུན་ནས་གྲོས་མཐུན་གྱིས་དེ་ཀའི་མཁན་པོ་མཛད་རྒྱུའི་གསོལ་བ་འདེབས་པར་རྒྱུད་པ་བླ་མ་བློ་བཟང་དགེ་ལེགས། ལོ་ཀར་ནང་སོ། ཐུའུ་བཀྭན་རིན་པོ་ཆེའི་ཕྱག་མཛོད་ངོ་གཡོག་བཅས་འབྱོར་ཏེ་སྙན་གསན་ཕུལ་བར། དགོན་ལུང་གི་ཁྲིར་སྡོད་ཐུབ་མི་ཐུབ་གང་ལྟར་ཡང༌། སྤྲུལ་བའི་སྐུ་ས་ཐག་རིང་པོར་ཕེབས་རྒྱུ་ཡིན་འདུག་པས་མཇལ་འཕྲད་བྱེད་པར་ཅིས་ཀྱང་འགྲོ་དགོས་གསུངས་ཏེ་འཕྲལ་དུ་ཕེབས། ཐུའུ་བཀྭན་རིན་པོ་ཆེས་གཙོས་བླ་མ་ལས་སྣེ་རྣམས་ཀྱིས་དམར་གཙང་མདོ་ནས་ཆིབས་


GTD004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བསུ་ཞུས་ཤིང༌། ངུར་སྨྲིག་འཆང་བའི་དགེ་འདུན་ཉིས་སྟོང་ཙམ་གྱི་སེར་སྦྲེང་དང་བཅས་དགོན་ལུང་དུ་ཕྱག་ཕེབས་ནས་ཐུའུ་བཀྭན་བླ་བྲང་དུ་བཞུགས། ཐམས་ཅད་ཀྱིས་ཡང་ཡང་གསོལ་བ་ནན་ཆེར་བཏབ་པས་ཁྲིའི་ཞལ་བཞེས་མཛད་དེ། ཟླ་ཚེས་བཟང་པོ་ལ་ཡུལ་མདོ་སྨད་ཀྱི་དགོན་སྡེ་ཇི་སྙེད་ཅིག་ཡོད་པའི་ནང་ནས། མཚན་ཉིད་ཀྱི་འཆད་ཉན་ཐོག་མར་དར་བའི་གནས། རྒྱལ་བ་ཡོན་ཏན་རྒྱ་མཚོ་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན་རྣམ་གཉིས་ཀྱིས་དགེ་ལྡན་རིང་ལུགས་དྲི་མ་མེད་པ་ཕྱོགས་མཐར་སྤེལ་བའི་ཆེད་དུ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ་ཆེད་གཏད་ཀྱིས་རྫོང་སྟ་མཛད་ནས་ཕྱག་འདེབས་གནང་བའི་གདན་ས་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་ཆོས་ཀྱི་ཁྲི་ལ་ཞབས་སེན་ཉེ་བར་བཀོད། ཐུའུ་བཀྭན་བླ་བྲང་གིས་གཙོས་སྤྱི་སྒེར་སོ་སོ་ནས་རྟེན་འབྲེལ་གྱི་བདོག་པ་རྒྱ་ཆེ་ཞིང་དངོས་གཙང་བ་ཞུས། ཞབས་འབྲིང་དུ་འོང་བ་གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་དགེ་བཤེས་བཟོད་པ་སོགས་ཀྱིས་དམ་བཅའ་བཞག་སྟེ་བློ་གསལ་རྣམས་ལ་ཆོས་ཀྱི་དགའ་སྟོན་སྤེལ། ཐུའུ་བཀྭན་རིན་པོ་ཆེར་སྨན་བླ་མཆེད་བདུན། རྟ་མགྲིན་ཤྭ་ན་བཞི་སྐོར། ཁྲོ་རྒྱལ་གཙུག་ཏོར་འབར་བ་སོགས་ལྷ་དུ་མའི་རྗེས་གནང་དང༌། མགོན་པོའི་བེའུ་བུམ་སོགས་ཀྱི་ལུང་མང་དུ་སྩལ། ཀུན་མཁྱེན་གོང་མའི་ཐུགས་དམ་རྟེན་བྲིས་སྐུའི་མན་ངག་ལྟར་བཞེངས་པའི་མགོན་པོའི་ཐང་སྐུ་བྱིན་ཅན་དེ་ཡང་གནང་སྟེ་འཕྲིན་བཅོལ་དང་བཀའ་བསྒོ་ནན་ཏན་མཛད་ཅིང༌། སྨད་ཕྱོགས་སུ་ཕེབས་ནས་འཇམ་དབྱངས་གོང་མ་ཆེན་པོ་དང༌། ལྕང་སྐྱ་རྡོ་རྗེ་འཆང་གི་དགོངས་པར་གང་མཐུན་གྱི་ངོས་ནས་དགེ་ལྡན་བསྟན་པ་ཡོངས་ལ་


GTD004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པའི་མཛད་ཁྱབ་རླབས་གང་ཆེ་དགོས་ཚུལ་གྱི་བསླབ་བྱ་ཞིབ་རྒྱས་དང༌། སྐུ་ཚེ་སྔ་མ་མང་པོར་འབྲེལ་ཚུལ། ཁྱེད་ཀྱིས་ཀྱང་ད་ལྟའི་བར་དུ་ངའི་སེམས་དང་མི་མཐུན་པ་ཅུང་ཟད་ཀྱང་བྱེད་མ་མྱོང་བས་དམ་ཚིག་གཙང་བའི་མཐུས་ཐུགས་བཞེད་རྣམས་ལྷུན་གྱིས་འགྲུབ་ཡོང་ཞིང༌། རང་རེ་ད་དུང་ཚེ་འདིར་མཇལ་ཡོང་ཞེས་ནང་སྦྱར་གྱི་གསུང་འཕྲོས་ལྷུགས་པར་གནང༌། རྒྱ་ནག་ཏུ་འགྲོ་མཁན་གྱི་ཞབས་ཕྱི་མང་དང་བཅས་པར་ཇ་གྲལ་ཐོག་དགྱེས་པའི་བཀའ་མཆིད་དང་ཕེབས་རྫོངས་གྱ་ནོམ་པ་བསྟར། དེ་སྐབས་གྲལ་གྱི་གཤམ་ཙམ་ན་ཡོད་པའི་ཞབས་ཕྱི་དཀྱུས་མ་ཞིག་ལ་གཟིགས་ཏེ་འདིས་ཁྱེད་ལ་ཕན་ཐོགས་པ་ཡོང་ཤས་ཆེ་གསུངས་ཤིང༌། ཅུང་ཞིག་བཞུགས་ནས། ཨ་ཙ་མ་ཚེ་རིང་པོ་བྱུང་ན་གསུངས། ཕྱིས་ཁོང་སྨད་དུ་ཕེབས་ནས་མ་འགྱངས་པར་ཕྱག་མཛོད་སྔ་མ་གྲོངས་ཏེ་གསར་པ་བསྐོ་བཞག་གི་དོན་དུ། ཞབས་ཕྱི་ཁ་ཤས་ཀྱི་མིང་བྲིས་ནས་ལྕང་སྐྱ་རྡོ་རྗེ་འཆང་ལ་བརྟག་པ་ཞུས་པར་སྔར་སྐྱབས་མགོན་མཆོག་ནས་ལུང་བསྟན་པ་དེ་ཉིད་ལ་བབས། རྒྱ་ནག་ཏུ་བཞུགས་རིང་ཐུགས་ཕན་ཤིན་ཏུ་ཐོགས་པ་བྱུང་ཡང་ཡར་ལམ་གློ་བུར་དུ་འདས་འདུག་པས་སྔར་གྱི་གསུང་དེ་ཇི་ལྟ་བ་བཞིན་བྱུང༌། སྒོ་ཀྱ་ཞབས་དྲུང༌། རྒྱ་ཡག་ཞབས་དྲུང༌། ཝང་ཀྱ་ཆོས་རྗེའི་ཞབས་དྲུང་སོགས་བསྒྲུབ་བྱ་ཕྱེད་ཉིས་བརྒྱ་སྐོར་ཞིག་མཁན་སློབ་སྦྲགས་མ་མཛད་དེ་བསྙེན་པར་རྫོགས། དོན་གཉེར་ཅན་འགའ་ཞིག་ལ་འདོད་ཆོས་ཀྱང་ཁ་ཤས་སྩལ། ལྔ་པའི་ནང་དུ་འདི་ཀའི་གདན་སར་ཕེབས་ཏེ་དགོན་པར་འགྱེད་ཆེན་ཞིག་གནང༌། སྟོན་དགོན་ལུང་དུ་འཆད་ཉན་མཛད། དགུན་རྒྱ་ཡག་མཁན་པོས་གདན་དྲངས་ཏེ་སྐུ་འབུམ་དུ་ཕེབས། ཚོགས་མང་


GTD004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། རྒྱུད་པ་བླ་ཟུར་ཚུལ་ཁྲིམས་རྒྱ་མཚོ་ལ་ཡོན་ཏན་གཞིར་གྱུར་མའི་ཁྲིད། རྒྱ་ཡག་མཁན་པོ་སོགས་གྲྭ་པ་བརྒྱ་སྐོར་ལ་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཕྱེད་དང་ཉིས་བརྒྱ་སྐོར། ཚེ་རྟ་མགོན་གསུམ་དང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་འཛད་པ་མེད་པའི་ཆོས་ཀྱི་བདུད་རྩིའི་དགའ་ཆར་ཕབ། སོས་ཀ་ཐུའུ་བཀྭན་རིན་པོ་ཆེ་ཕེབས་སྐབས། ལྕང་སྐྱ་རྡོ་རྗེ་འཆང་ཆེན་པོར་ཞུ་ཡིག་ཕུལ་བའི་ནང་དུ། ཕྱོགས་འདིའི་ལུས་ཅན་རེ་བ་སྐོང་བ་དང༌། །སྐལ་ལྡན་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར། །རྨད་བྱུང་ཀུན་བཟང་སྤྱོད་པའི་ཐབས་མཁས་ཀྱིས། །རིང་པོར་མི་ཐོགས་ཕྱོགས་འདིར་ཞབས་བསྐྱོད་ཞུ། །ཞེས་སོགས་གསོལ་བ་འདེབས་པའི་མཚམས་སྦྱོར་གྱིས་ཐུགས་རྗེ་བསྐུལ་བས། ཉིད་ཀྱི་ཡབ་སྐུ་མ་འཚོ་བར་བསྙད་ནས་གོང་མ་ཆེན་པོར་དགོངས་ཁྲོལ་ཞུས་ཏེ། བཅུ་གཅིག་པའི་ནང་དུ་སྐྱབས་མགོན་རྡོ་རྗེ་འཆང་ལྕང་སྐྱ་རོལ་པའི་རྡོ་རྗེ་དགོན་ལུང་དུ་ཕེབས་པར་ཆིབས་བསུ་དང་ཤངས་ལེན་ཡང་དག་མཛད། བཀྲ་ཤིས་འཁྱིལ་དུ་གདན་འདྲེན་གྱི་ཞུ་བ་ཕུལ་ཡང་བྲེལ་དབང་གིས་ཕེབས་པ་མ་ཤར་བས། རྗེ་ཉིད་ནས་བཀོད་ཁྱབ་མཛད་པ་ལྟར་གདན་ས་ནས་འོང་བའི་མི་སྣ་ཧྲག་བསྡུས་ཀྱིས་དངོས་འབུལ་གཏོས་ཆེ་བ་དང་བཅས་ཞབས་བརྟན་ཕུལ་ཞིང༌། ལྕང་སྐྱ་རྡོ་རྗེ་འཆང་ནས་ཀྱང་མགྲོན་གཉེར་ཆེད་གཏོང་གིས་དགོན་པར་མང་འགྱེད་སོགས་གཟིགས་པ་ཤིན་ཏུ་ཆེ་བར་མཛད། ཕྱག་རྡོར་འཁོར་ཆེན་དང་འཇམ་རྡོར་གྱི་དབང་སོགས་ཆོས་བཀའ་ཅི་རིགས་གསན་ཅིང་ཡབ་སྲས་གཉིས་ནས་ཉིན་རེ་བཞིན་མདོ་སྔགས་ཀྱི་དཀའ་


GTD004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་མར་དོགས་གཅོད་དང༌། བསྟན་སྲིད་ཀྱི་བཀའ་མཆིད་ཀྱང་མང་དུ་གནང་སྟེ་རྒྱུན་པར་བཅར་བཞུགས་ལྟ་བུ་མཛད་པ་ལ་འགའ་ཞིག་གིས་དེ་ཙམ་རང་གནང་ན་མི་དགའ་ཞུས་པར་བརྟེན་ཉིན་གཅིག་མ་ཕེབས་པས། འཇམ་དབྱངས་བཞད་པ་ཚང་མ་ཕེབས་པ་ཨེ་རེད་གསུངས་ནས་མ་མཉེས་པ་ལྟ་བུས་བཞེས་པ་ཡང་ཆེར་མ་གནང༌། ཕྱི་ཉིན་ཡང་དེ་ལྟར་མཛད་པས་ལྕང་སྐྱ་རྡོ་རྗེ་འཆང་གི་ཞབས་ཕྱི་རྣམས་ནས་རྗེ་འདི་ལ་ཁྱེད་མ་ཕེབས་ན་སྐུ་ཞབས་ནས་བཞེས་པ་ཡང་དྲང་པོར་མི་མཛད། ཁྱེད་ཕེབས་དུས་ཐུགས་དགྱེས་ནས་གར་བཞེས་མི་ཚོར་བ་ལྟ་བུས་སྐུ་ཉམས་ཡང་བཟང་བར་འདུག་སྟབས་ཕེབས་ན་ལེགས་ཞེས་བསྐུལ་མ་བཏབ། དགུང་ལོ་སོ་བདུན་པ་ཤིང་སྤྲེལ་གྱི་ལོ་གསར་ཡང་ཡབ་སྲས་ལྷན་དུ་མཛད། ལོ་དེར་འདི་ཀའི་སྨོན་ལམ་སྦྱིན་བདག་ཐོར་གོད་ཇ་སག་ཡིན་པས་ཁོང་ནས་ནན་གྱིས་ཞུས་པར་བརྟེན་སྨོན་ལམ་སྟེང་གདན་སར་ཕེབས་ཏེ་གསུང་ཆོས་སོགས་ཀྱིས་རེ་བ་བསྐངས་ནས་སླར་ཡང་དགོན་ལུང་དུ་ཕེབས། དཔྱིད་ཐོག་ལྕང་སྐྱ་རྡོ་རྗེ་འཆང་ལ་རྗེ་ཉིད་ནས་གསོལ་བ་བཏབ་སྟེ་དགོན་ལུང་ཚོགས་ཆེན་ལ་ཟླ་བ་གཅིག་གི་རིང་འཇམ་དཔལ་ཞལ་ལུང་གི་ཁྲིད་སྨིན་རྒྱས་སུ་སྩལ། གཡེར་གཤོང་སྤྲུལ་བའི་སྐུ་ནས་ལྕང་སྐྱ་ཐམས་ཅད་མཁྱེན་པ་མཇལ་བར་ཕེབས་པའི་ཞར་ལ་རྗེ་འདིར་ཡང་དངུལ་སྲང་ལྔ་བཅུ་སོགས་ཀྱི་དངོས་འབུལ་བཏེག་སྟེ་ཆོས་བཀའ་འགའ་ཞིག་ཞུས། དེས་མཚོན་ཕྱོགས་ཀྱི་བླ་དཔོན་ཆེ་གཉན་མང་དུ་འདུས་པ་སོ་སོ་ནས་འདོད་ཆོས་ཞུས་པ་དང༌། རྡོ་རྗེ་འཆང་ཆེན་པོར་སྙན་སྒྲོན་གྱི་ཞུ་འབུལ་བྱེད་པ་མཐའ་དག་འོས་འཚམ་དང་མཐུན་པའི་ཐབས་ཀྱི་སྒོ་ནས་འདུན་པ་བསྐང༌། ལྕང་སྐྱ་རྡོ་རྗེ་འཆང་གི་མདུན་དུ་བསྙེན་


GTD004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཞུ་མི་ཆེས་མང་དུ་བྱུང་བར་རྡོ་རྗེ་འཆང་ཉིད་ནས་མཁན་པོ་མཛད་ཅིང་རྗེ་འདི་ལ་ལས་སློབ་བྱེད་དུ་བཅུག་པས་ཕྱིས་སུ་ཡང་དེ་སྐབས་བླ་མ་འོ་བརྒྱལ་མེད་པར་བྱས་པས་ལེགས་པོ་བྱུང་ཞེས་ཞལ་ནས་གསུངས། གདན་ས་ནས་སྡེ་ཁྲི་སྤྲུལ་བའི་སྐུ་དང༌། ཨ་བར་དཀའ་བཅུ་སོགས་མཇལ་དུ་འོང་བར་རྗེ་ཉིད་ནས་དཀའ་བཅུ་ལ་དགོན་ལུང་དུ་དམ་བཅའ་འཇོག་བཅུག་པས། ལྕང་སྐྱ་རྡོ་རྗེ་འཆང་ནས་ཀྱང་གཟིགས་ཏེ་རྣམ་དཔྱོད་ཕུལ་དུ་ཕྱིན་པར་དགྱེས་པའི་སྤྱན་བསྐྱང་ཚད་མེད་པ་མཛད། རྗེ་འདི་ལ་ཁྱེད་ཀྱི་གྲྭ་པའི་ཁྲོད་ན་གཤིན་རྗེའི་ངར་དབྱངས་ཤེས་མཁན་ཨེ་ཡོད་གསུངས་པས། རབ་འབྱམས་པ་ཕུན་ཚོགས་སོགས་སྐད་བཟང་ཁ་ཤས་ཡོད་པ་རྣམས་ལ་འཐེན་དུ་བཅུག་པས། ཤིན་ཏུ་དགྱེས་ནས། འདི་འདྲ་ཞིག་ཡིན་དགོས། ད་ཕྱིན་ཆད་ཉམས་སུ་མ་འཇུག་གསུངས་པ་སོགས་ཆ་ཤས་ཕྲ་མོ་ནས་ཀྱང་བསྟན་པ་ཐུགས་ལ་བཅགས་པའི་བཀའ་ནན་ཕེབས། དེ་ནས་དགོན་ལུང་གི་གྲྭ་བགྲེས་རྣམས་ལ་མཚམས་འདིར་ལྕང་སྐྱ་ཐམས་ཅད་མཁྱེན་པ་ཁྲིར་བཞུགས་རྒྱུ་ཞིག་བྱུང་ན་རྟེན་འབྲེལ་དང་བྱིན་རླབས་ཀྱི་ཁྱད་ཆེ་ཚུལ་འཆར་སྟོན་གནང་ནས་ཁྲིའི་དགོངས་པ་ཞུས་ཏེ་སླར་རང་གི་གདན་སར་ཆིབས་ཁ་བསྒྱུར། དེ་སྐབས་ཆིང་ཝང་རྡོ་རྗེ་ཕ་ལམ་བྱ་ཁྱུང་དུ་བཞུགས་ཡོད་པས་དེར་གདན་དྲངས། གྲྭ་མང་གིས་ཆོས་འབྲེལ་ཞིག་ཞུས་པར་ལམ་རིམ་གྱི་དབུ་ནས་ཆོས་ཐུན་གཅིག་གནང༌། བླ་གྲྭ་རྣམས་ཀྱིས་དང་པོར་ཞབས་ཏོག་སོགས་སྤྱི་འགྲོ་སྤམ་མེ་བ་ཞིག་ཏུ་ཡོད་པ་ལ། དེ་ནས་བཟུང་དད་གུས་ཚད་མེད་པ་རྙེད་དེ། ཕྱིར་ལམ་ཆིབས་སྐྱེལ། སེར་སྦྲེང་སོགས་ཀྱི་


GTD004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་གཟོས་དཔེ་ཟླ་དང་བྲལ་བ་ཞུས། མཁན་ཆེན་རིན་པོ་ཆེ་དང་ད་ནའི་ནང་དུ་མཇལ་འཛོམ་གྱི་དུས་བཏབ་ཡོད་པར། ཁོང་སྐུ་ན་སྨིན་ཆེས་པས་སྐུ་བསྙེལ་གྱི་དོགས་ནས་འགྱོག་བྱམས་ལ་གདན་དྲངས་ཏེ། སྒར་ཐོག་ཏུ་མཇལ་འཛོམ་མཛད། ལྕང་སྐྱ་རྡོ་རྗེ་འཆང་ལ་ཁོང་གི་ཞབས་བརྟན་ཞིག་ལྗགས་རྩོམ་ཞུས་ཡོད་པ་དེ་ལན་གསུམ་གསུངས་ནས་བརྟན་བཞུགས་ཕུལ་ཏེ་དངོས་འབུལ་ཡང་རྒྱ་ཆེར་བཏེག །དྲུང་ཡིག་བློ་བཟང་རྒྱ་མཚོས་ཞུས་ངོར་མཁན་ཆེན་པའི་ཞལ་སྔ་ནས་དང་བཅས་པར་རྒྱལ་ཐང་བའི་གཅོད་གཞུང་དང༌། གོང་སྨོས་ཞབས་བརྟན་གྱི་ལྗགས་ལུང་སྩལ། ལོ་འདིའི་དགུང་ཀེགས་ལ་དམིགས། མཁན་ཆེན་རིན་པོ་ཆེ་ནས་བརྟན་བཞུགས་ཕུལ་ཞིང་ཞབས་བརྟན་གསར་རྩོམ་མཛད་པའང་ཚོགས་སུ་བཙུགས། དེར་འཁོད་ཀྱི་གྲོང་པ་སོ་སོས་ཡབ་སྲས་གཉིས་ལ་བསྙེན་བཀུར་བསྟབས་པར་འདོད་ཆོས་ཅི་རིགས་གནང༌། རིམ་གྱིས་གདན་སར་ཕེབས་ཏེ་བཀའ་ཆོས་མང་དུ་སྩལ་ཅིང་རབ་བྱུང་བསྙེན་རྫོགས་ཀྱང་ཁ་ཡར་མཛད། དགུང་ལོ་སོ་བརྒྱད་པ་ཤིང་བྱའི་ལོ་གསར་དང༌། ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་སོགས་སྔར་འཁྱུད་ལྟར་གནང༌། དཔྱིད་ཆོས་སྐབས་གཞན་མའི་ཐུགས་བྲེལ་མང་ཡང༌། དོ་གལ་ཆེར་གནང་གིས་རིགས་ལུང་གི་རྒྱུགས་བཞེས་ཏེ། ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་ཚུལ་མཐུན་རྣམས་གཟེངས་བསྟོད། སྐྱབས་མགོན་ཉིད་ནས་ཡང་ཡང་དེ་ལྟར་མཛད་པའི་ཐུགས་རྗེ་དང་སྤྱན་ལྟོས་ཀྱིས། སྐབས་དེའི་གྲྭ་ཐོག་ཕལ་ཆེར་ཡང་འཇིག་རྟེན་གྱི་གཡེང་བ་མཐའ་དག་རྒྱབ་ཏུ་བསྐྱུར་ནས་དཔེ་ཆ་སློབ་གཉེར་མ་གཏོགས་བསམ་རྒྱུ་མེད་པ། ཀུན་གཟིགས་ལྔ་པ་ཆེན་པོའི་


GTD004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་ལས། ལར་མཚན་ཉིད་པའི་དུས་འདིར་བླ་ཆེན་གྱི་བཟང་རྫུ། མི་ཆེན་གྱི་སྒྲིགས་མ། སྒོམ་ཆེན་གྱི་སྦུབས་སྡིར། སྔགས་པའི་བརྟུལ་ཞུགས། བླ་ཆུང་གི་མི་ཆོས་སོགས་རེ་དོགས་གང་ཡང་མི་དགོས། དགེ་འདུན་སྤྱི་ཁྲིམས་དང་མ་འགལ་ཞིང་དཔེ་ཆ་རིགས་ལུང་ནུས་ཕྱིན་རྣམ་གྲངས་མང་པོའི་གཡེང་བའི་རྡོ་ཞ་དང་སོ་ཕག་གི་ཁྲེས་པོ་ནི་མེད། སྣང་བ་གདོང་གཏད་ཀྱི་ཉམས་འཆར། འཕྲལ་བློ་བདེ། ཕུགས་ཞེ་གཙང༌། ཆོས་སྤྱོད་ཀྱི་གདངས་དང་ཐལ་སྐད་ཀྱི་སྒྲ་ཐོས་ཚེ་སྙིང་ཁུང་བདེ་སིང་སིང་ཡོང་བའི་ཆོས་པའི་ཡང་རྩེར་ཡོད་དོ། །ཞེས་གསུངས་པ་ཇི་ལྟ་བ་ཞིག་བྱུང༌། དཔྱིད་ཆོས་གཉིས་པའི་སྟེང་རྒྱུད་པའི་ཁྲི་ཁར་ཕེབས་ཏེ། བདག་འཇུག་ཉིན་ལྟར་བཞེས་ཤིང༌། སྨད་རྒྱུད་ལྟར་གྱི་སྒྲིགས་ལམ་ཐུན་མོང་མ་ཡིན་པ་དུ་མ་གསར་འཛུགས་དང༌། ཕྱག་ལེན་རྣམས་ལ་དག་ཐེར་ཞིབ་ཏིག་གནང༌། དཔལ་ལྡན་འདུས་པའི་དགེ་འདུན་དམ་པ་རྒྱུད་གྲྭ་སྤྱི་ནས་གསོལ་བ་བཏབ་པ་བཞིན། ཆོས་གྲྭར་རྒྱུད་པ་ཚོགས་ཡོངས་དང་གཞན་དོན་གཉེར་ཅན་དུ་མ་བཅས་ལ་ཡབ་རྗེ་རྒྱལ་བ་གཉིས་པའི་གསུང་གི་སྙིང་པོ་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ལུང་སྨིན་རྒྱས་སུ་སྩལ་ཏེ། རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་གསང་བ་འདུས་པའི་དགོངས་དོན་རྡོ་རྗེའི་ཚིག་གི་མདུད་རྒྱ་བཀྲོལ་ནས་ཟབ་གནད་ཐང་མར་བརྡལ་བའི་ལེགས་བཤད་ཀྱི་དགའ་སྟོན་ལྷུགས་པར་གནང༌། དེའི་ཞར་ལ་འདོན་ཆ་ཡོངས་རྫོགས་དང༌། དྭགས་པོ་ནམ་མཁའ་གྲགས་ཀྱི་བསྐྱེད་རྫོགས་གཉིས་ཀའི་ལྗགས་ལུང༌། མཚམས་མཚམས་སུ་དཀའ་གནད་མདོར་འདྲིལ་བའི་གསུང་བཤད་དོགས་གཅོད་དང་བཅས་པ། གྲྭ་ཁང་སྟེང་ནས་


GTD004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉེར་ཅན་ཧྲག་བསྡུས་ལ་རྒྱུད་ཆེན་གོང་མ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཐུགས་ཀྱི་གཅེས་ནོར། ཁྲིད་ཆེན་བརྒྱད་དུ་གྲགས་པའི་ཁྲིད་དམིགས་གནད་འདྲིལ་ཞིང་གོ་བདེ་བ། སོ་སོའི་ལག་རྗེས་འཇོག་ཚུལ། གེགས་སེལ་བོགས་འདོན་གྱི་མན་ངག་དང་བཅས་ཆ་ཚང་བ་གནང་སྟེ། དེ་ནས་གཟུང་གསང་སྔགས་རྡོ་རྗེ་ཐེག་པའི་འཆད་ཉན་གྱི་རྐང་ཚུགས་པས་ཆོ་ག་འདོན་ཙམ་གྱིས་རྒྱུད་གྲྭར་མིང་བཏགས་པ་ལྟ་བུ་མ་ཡིན་པར། ངེས་དོན་གྱི་རིག་པ་འཛིན་པའི་སྔགས་གྲྭ་མཚན་དོན་མཐུན་པ་བྱུང་བ་འདི་ཡང་དམ་ཆོས་འཛིན་པའི་སྨོན་ལམ་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་གོ །དབྱར་ཐོག་གདན་ས་ཆེན་པོ་སྐུ་འབུམ་ནས་གྲྭ་སློབ་འདུན་པ་གཅིག་གི་སྒོས། སྐྱབས་མགོན་ཉིད་ཁྲིར་བཞུགས་དགོས་ཀྱི་ཞུ་བ་འབུལ་བར་མི་སྣ་ཧྲག་བསྡུས་མངགས་པ་རྣམས་འབྱོར། གསོལ་བ་ནན་ཆེར་བཏབ་པས་ཞལ་གྱིས་བཞེས་ཏེ། ལྔ་པའི་ཟླ་མཇུག་ཙམ་ལ་སོག་པོའི་ནང་བརྒྱུད་ནས་དེ་ཕྱོགས་སུ་ཆིབས་བསྐྱོད། བླ་མ་སྤྲུལ་སྐུ། གཉེར་ལས་འཛིན་སོགས་རྟ་བསུ་ཕོན་ཆེ་བ་དང༌། བསླབ་གསུམ་ངུར་སྨྲིག་འཆང་བའི་དགེ་འདུན་སྟོང་ཕྲག་དུ་མའི་སེར་སྦྲེང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་དེར་ཕྱག་ཕེབས། སྤྱི་སྒེར་ཐམས་ཅད་ནས་ནུས་པ་རྩལ་སྤྲུགས་ཀྱིས་ཤངས་ལེན་དང་ཕུ་དུད་ཁྱད་དུ་ཐོན་པ་ཞུས། ཧོར་ཟླ་དྲུག་པའི་ཚེས་བརྒྱད་ལ་བློ་བཟང་འཇམ་དཔལ་སྙིང་པོའི་ཐུགས་རྗེའི་གཟི་བྱིན་གྱི་མཐུ་ལས་འགྲོ་བ་མ་ལུས་པའི་བསོད་ནམས་ཀྱི་ཞིང་ས་གཅིག་པུར་གྱུར་པ་རྒྱལ་བའི་དབང་པོ་རིམ་བྱོན་གྱི་གདན་ས་ལུམྦིའི་ཚལ་དང་རྗེས་སུ་མཐུན་པའི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་མི་འཇིགས་ཆོས་ཀྱི་ཁྲི་འཕང་


GTD004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་པོར་ཞབས་སེན་ནོར་བུའི་རེ་ཁ་ཉེ་བར་བཀོད། ཉིན་དེར་ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་གནང་བར་དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་པའི་མཚན་མ་མང་དུ་བྱུང༌། དང་པོ་གདན་འདྲེན་གྱི་མི་སྣ་རྣམས་སང་འབྱོར་རྒྱུའི་དགུང་མོ་མནལ་ལམ་དུ། བཀའ་ཤོག་ཅིག་བྱུང་བ་ལྗགས་ཀློག་མཛད་ནས་ཐམ་ཀར་གཟིགས་པས་སྤྱན་རས་གཟིགས་ཀྱི་ཐམ་ཀ་རྒྱལ་ཟེར་བ་ཞིག་འདུག་གསུངས་ཏེ་ཆོས་སྡེ་འདི་ནི་ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་གདན་ས་ཡིན་ཞིང༌། རྗེ་ཉིད་ཀྱིའང་གཞན་ཕན་འཕྲིན་ལས་ཀྱི་འཇུག་པ་ཁྱབ་གདལ་དུ་འགྲོ་བའི་དགེ་མཚན་གྱི་དུས་ལ་བབས་པའི་ལྟས་སུ་མངོན། དེ་ཡང་གདན་ས་ཆེན་པོ་འདི་ཞྭ་སེར་གྱི་བསྟན་པའི་རྩ་ལག་གཞན་དང་མི་འདྲ་བ་ཡིན་པས་ཆོས་སྲིད་གཉིས་ཀའི་ངོས་ནས་ཐུགས་ཁུར་ཆེ་བཞེས་མཛད་དེ། སློབ་གཉེར་བ་རྣམས་ལ་རང་རང་གི་བློ་ཁ་མཐོ་དམན་དང་བསྟུན་ཏེ་གཞུང་ཆེ་ཆུང་སོ་སོའི་སྟེང་ནས་མཛུབ་ཁྲིད་གནང་བ་དང༌། ཁས་ལེན་སྐྱོར་བ། བགྲོ་གླེང་གཏོང་ལུགས་སློབ་པ། ཚིག་རྒྱུགས་དང་དོན་རྒྱུགས་ལེན་པ། ཚུལ་མཐུན་ཡོན་ཏན་ཅན་རྒན་གཞོན་སུ་ཡིན་ཀྱང་གཞན་ལས་ཁྱད་དུ་ཐོན་པའི་བདག་རྐྱེན་མཛད་པ་སོགས་སྒོ་དུ་མ་ནས་ཐབས་མཁས་མཛད་པས་འཆད་ཉན་མེ་ལྟར་འབར་བ་བྱུང༌། སྔ་སོར་རྒན་པ་རྣམས་ཆོས་གྲྭར་སོང་མི་ཆོག་པ་ལྟ་བུའི་དཔེ་ངན་ཞིག་འདུག་པ་དགག་པའི་ཕྱིར་ལམ་རིམ་གྱི་འཛིན་གྲྭ་བཙུགས་ཏེ་བགྲེས་པ་རྣམས་དེར་ཕེབས་རྒྱུ་བྱས་ནས་འཕྲལ་ཕུགས་གཉིས་ཀར་ཕན་པའི་ལམ་ལ་སྦྱར། གཞན་ཡང་སྒྲིགས་ལམ་ཉམས་པ་རྣམས་ཕྱིར་གསོས་ཤིང༌།


GTD004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུས་དང་བསྟུན་པའི་གསར་འཛུགས་འགའ་ཞིག་མཛད། ཚང་མས་འདུན་པ་ཆིག་དྲིལ་གྱིས་ཞུས་པ་བཞིན་བཤད་སྒྲུབ་གླིང་གི་བཅའ་ཡིག་ཀྱང་གསར་དུ་བཞག །སྐབས་ཤིག་ཏུ་གསོལ་དཔོན་བསྟན་པ་དར་རྒྱས་ལ་ཁྱོད་རྒྱ་ནག་ཏུ་འཚམས་ཞུས་ལ་འགྲོ་དགོས་གསུངས་པར་འབྲུམ་ཐར་མིན་ཚུལ་ཞུས་པས་སྐྱོན་མེད་གསུངས། བརྟག་པ་གསལ་པོ་ཅན་ཞིག་ལ་བརྟག་པ་ཞུས་པར་མ་སོང་བ་དགའ་ཟེར་བ་སྙན་སྒྲོན་ཕུལ་ཡང་དགོངས་པ་མ་ཁྲོལ། དེ་ནས་འགྲོ་ཁར་སྐྱབས་འཇུག་ཕུར་ཚུགས་ཀྱིས་ཞུས་པར་ཤིང་ཐོག་གང་ཡིན་མ་ཟ་དང་སྐྱོན་མེད་གསུངས། ཁོང་བླ་མ་ལ་མི་ཕྱེད་པའི་དད་པ་ཐོབ་པའི་གང་ཟག་ཡིན་པས་ཞབས་ཕྱི་བ་ལ་ངེད་རང་གཉིས་ཤིང་ཐོག་གི་རིགས་མ་ཟ། གཞན་གང་ལ་ཡང་འཛེམ་མི་དགོས་ཞེས་སྦྲན་ནས་ཕོ་བྲང་དུ་ཕྱིན་པས་གནས་ཚང་དེར་ཡང་མི་འགའ་ཞིག་ཐོར་པས་ཤི་ནས་རོ་བཏོན་མ་ཐག་དང༌། གཤག་མཚེར་ན་ཧལ་ཧ་འགའ་ཞིག་ན་བཞིན་པར་ཡོད་པ་སོགས་ཐོར་ནག་མཆེད་ནས་འདུག་ཀྱང་འཛེམ་དོགས་མ་བྱས། ལྕང་སྐྱ་རྡོ་རྗེ་འཆང་ལ་མཇལ་སྐབས་གསུང་འཕྲོས་ཀྱི་ལྷོང་ཞིག་ལ་ཁྱོད་ཐར་མ་ཡིན་མོད་གསུངས་པར་མིན་ཞུས་པས། ཨ་ཙིས། འཇམ་དབྱངས་བཞད་པས་ཁྱོད་མ་ཐར་ཀྱང་སྐྱོན་མེད་ཟེར་བ་ཨེ་རེད། ལྷ་ཐོར་ལ་གོང་མ་རྒྱལ་པོ་ཡང་སྐྲག་དགོས་ན་ཁྱོད་རང་གི་བླ་མ་དང་ཁྱོད་གཉིས་སྙིང་ཆེན་པོ་རེད་གསུངས་པས་ཁོང་ཡང་སྐྲག་ཡེ་རེ་བ་ཞིག་བྱུང༌། དེའི་གནས་ཚུལ་ཐུའུ་བཀྭན་རིན་པོ་ཆེ་ནས་གསན་ཏེ། ང་ཚོའི་སྐུ་ཞབས་འདིས་འདི་འདྲ་རང་གནང་གི་ཡོད་གསུངས་ཤིན་ཏུ་ཐུགས་འཇིགས་ནས་དེ་འཕྲལ་ལྕང་སྐྱ་རྡོ་རྗེ་འཆང་ལ་ཐུགས་བརྟག་ཞུས་པས་དོ་ནུབ་བརྟག་པ་བྱེད་གསུངས།


GTD004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཉིན་སྔ་བར་སྤྲུལ་བའི་སྐུ་ཉིད་རྡོ་རྗེ་འཆང་གི་མདུན་དུ་བྱོན་པས་ཞལ་ནས། ངེད་རང་ཚོའི་འཇམ་དབྱངས་བཞད་པ་དེ་ཞེད་པོ་རེད། གསོལ་དཔོན་ལ་སྐྱོན་མེད་ཐག་ཆོད་དུ་འདུག་གསུངས་ཏེ་དགྱེས་ཚོར་དང་ངོ་མཚར་ཆེ་བར་མཛད། དེས་མཚོན་ཏེ་ས་ཐག་ཉེ་རིང་གང་དུ་ཡང་རྗེ་རང་གི་དགོངས་པས་བཅད་ནས་ཆེད་མངགས་མཛད་པ་ཐམས་ཅད་ལ་ཉེས་སྐྱོན་མེད་པ་མཛོད་འགྲེལ་ལས། དེ་བཞིན་གཤེགས་པ་དང་འཁོར་ལོས་བསྒྱུར་བའི་ཕོ་ཉ་ཕྱིར་འཁོར་གྱི་བར་དུ་འཆི་བ་མི་སྲིད་པར་གསུངས་པ་དང་ཆ་མཐུན་པ་ཞིག་ཡོད་པ་ནི་མཐའ་དག་གིས་མངོན་སུམ་དུ་གྲུབ་པ་ལྟར་ཡིན་ལ། དེར་མ་ཟད་ཞབས་གྲས་དངོས་གཞིར་ཡོད་པ་སུ་ལ་ཡང་གློ་བུར་གྱི་འཆི་རྐྱེན་སོགས་མི་འབྱུང་བའི་མགོ་མཁྲེགས་མདོག་ཁ་མོ་ཡོད་པ་ནི། རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེས་རབས་ལས། རྒྱལ་པོ་དེའི་མཐུ་ཁྱད་པར་ཆེ་བས་ན། །བདག་གི་ཡིན་པའི་བློ་ནི་གར་བཞག་པ། །དེ་ཉིད་དེ་ཡི་བསྲུང་བའི་མཆོག་ཡིན་པས། །དེ་དག་གིས་ནི་མདངས་འཕྲོག་ནུས་མ་གྱུར། །ཅེས་གསུངས་པ་ལྟར་ཐུགས་ཀྱིས་བདག་གིར་བཟུང་བ་ཙམ་གྱིས་ཆོག་པ་འདི་ལྟ་བུ་ནི་གྲུབ་པའི་ཡང་རྩེར་གཤེགས་པའི་རྗེ་བླ་མ་འདི་ཁོ་ན་ཙམ་ལས་སུས་ཀྱང་མི་འོང་བས། བླ་མ་གཞན་རྣམས་ནས་སྐྱབས་འཇུག་ཞུ་མཁན་དག་ལ་རྫོགས་རིམ་གྱི་མི་ཤིགས་པའི་ཐིག་ལེ་ལ་བརྟེན་པ་དང་བསྐྱེད་རིམ་གྱི་བསྲུང་བའི་འཁོར་ལོ་ལ་བརྟེན་པ་ལྟ་བུ་ཡོད་ན་ལེགས་ཤིང༌། མ་མཐའ་འང་ཆོས་སྐྱོང་ལ་འཕྲིན་བཅོལ་རེ་ཙམ་མཛད་དགོས་ཏེ། བདག་ལྟ་བུ་ལ་ནི་སླར་སྐྱབས་འཇུག་གི་བུ་ལོན་བསྙེགས་མཁན་མི་འོང་བ་ཙམ་ལས་ལྷག་པ། ཁས་


GTD004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ནུས་པའི་རྒྱུ་མཚན་ཅི་ཡང་མེད་དོ། །དེ་ནས་དཀྱུས་ལ་འཇུག་པར་བྱ་སྟེ། ལོ་འདི་ནས་བཟུང་ལོ་ངོ་བཞི་ཙམ་དུ་སྐུ་འབུམ་གྱི་གདན་ས་ཞལ་བདག་མཛད་པར་སྐུ་དོན་རྒྱ་ཆེ་བས་རྒྱུན་ཆགས་སུ་བཞུགས་པ་མ་ཤར་ཡང༌། ནམ་བཞུགས་རིང་ལ་སྒྲིགས་ལམ་རྟིང་བསྐུལ། དཀྱུས་ཀྱི་འཆད་ཉན་སོགས་ཡར་རྒྱས་ཀྱི་མུ་ནས་དོན་གཉེར་བ་སོ་སོར་འདོད་ཆོས་ཀྱང་ལྷུགས་པར་སྩལ་ཏེ། གསང་བདེ་འཇིགས་གསུམ་ཕྱག་རྡོར་འཁོར་ཆེན་སོགས་ཀྱི་དབང༌། སྒྲུབ་ཐབས་རིན་འབྱུང༌། སྣར་ཐང་བརྒྱ་རྩ། ཟུར་བཀའི་འདོད་ལྷ་དུ་མ་སོགས་ཀྱི་རྗེས་གནང༌། བཀའ་གདམས་གཞུང་དྲུག །རིགས་ཚོགས། ཆོས་ཆུང་བརྒྱ་རྩ། ལྷོ་བྲག་བཀའ་འབུམ། འཇམ་དབྱངས་ཆོས་སྐོར། མཁས་གྲུབ་རྗེའི་གསུང་ཐོར་བུ། དབེན་ས་བཀའ་འབུམ། ཆོས་སྤྱོད་རབ་གསལ་སོགས་ལུང་གི་རིགས་དུ་མ་དང་བཅས་ཆོས་འཁོར་རྒྱ་ཆེར་བསྐོར་བས། བགྲེས་གཞོན་མཐའ་དག་ནས་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཚད་མེད་ཅིང༌། རྗེ་ཉིད་ནས་ཀྱང་རྣམ་པ་ཀུན་ཏུ་བདག་གིར་བཞེས་ཏེ་སྐྱོང་བར་མཛད། དགུན་ཐོག་གདན་ས་འདི་ཀར་ཕེབས་ཏེ་བཅད་རྒྱ་རྒྱུན་རིང་གནང༌། མཁན་ཆེན་རྡོ་རྗེ་འཆང་ཞི་བར་གཤེགས་པའི་དོན་ལ་རོང་པོ་དགོན་དུ་གདན་དྲངས་པར་བྱོན་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བྱས་ཏེ་མཆོད་པའི་སྤྲིན་གྱི་ཕུང་པོ་དང་བཅས་མཆོག་ཁྲུས་སོགས་ཀྱི་སྒོ་ནས་ཐུགས་ཀྱིས་དགོངས་པ་རྫོགས་པའི་སྤྱན་དམིགས་ནན་ཏན་མཛད། མཚན་མོ་ཡང་ཉིད་གཅིག་པུར་གདུང་མདུན་དུ་ཕེབས་ནས་ཕྱག་མང་དུ་ཕུལ་ཏེ་སྤྱན་ཆབ་བསིལ་བཞིན་དུ་གསོལ་འདེབས་དང་སྨོན་ལམ་ཕུར་ཚུགས་སུ་གནང༌། ཕྱི་ཉིན་ཡོན་འབུལ་སྤམ་མཐོ་བ་དང་བཅས་


GTD004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་སྤྲུལ་སྐུས་བཤད་པ་ཞུས་པའི་ཕེབས་ལན་དུ། རང་རེའི་ས་ཆས་མ་ཁྱོག་པ་མ་གཏོགས་ཕ་བླ་མ་དེ་ཉིད་དབུས་གཙང་ལྟ་བུར་བཞུགས་ན་འཕྲིན་ལས་ཀྱིས་ས་སྟེང་ཁྱབ་པ་ཡོད་ཚུལ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལས་བརྩམས་ཏེ་གསུངས་པའི་མཚམས་ཤིག་ནས་བླ་མའི་བཀའ་དྲིན་དྲན་པའི་སྐྱོ་ཤས་ཀྱིས་སྤྱན་ཆབ་དབང་མེད་དུ་ཤོར། གསུང་གི་འཕྲོ་ཡང་ཐོན་དཀའ་ཙམ་བྱུང་བས། དེར་འཁོད་མཐའ་དག་ཀྱང་བླ་མ་ཡབ་སྲས་ཀྱི་རྣམ་ཐར་ལ་ཡིད་ཆེས་ཀྱི་མོས་གུས་བཟོད་གླགས་མེད་པས་ལུས་ཀྱི་བ་སྤུ་ལྡང་བ་བྱུང༌། སླར་གདན་སར་ཕེབས་ཏེ། དགུང་ལོ་སོ་དགུ་པ་མེ་ཁྱིའི་གནམ་ལོ་རྒྱལ་མོའི་རང་ཞལ་གསར་ཚེས་ཀྱི་དུས་སྟོན་བསྟར། གསུང་ཆོས་ལ་སྐྱེས་རབས་དང་སེ་ར་རྗེ་བཙུན་པས་མཛད་པའི་མཁས་གྲུབ་རྗེའི་རྣམ་ཐར་གཉིས་གནང༌། སྨོན་ལམ་སྦྱིན་བདག་དར་ཧན་དཔོན་པོ་དང༌། ཏུ་རལ་དཔོན་པོ་གཉིས་ནས་ཚོགས་སུ་གདན་དྲངས་ཏེ་བརྟན་བཞུགས་ཕུལ། རབ་བྱུང་བསྙེན་རྫོགས་ཀྱང་མང་དུ་གནང༌། ལྷ་སྲས་ཆིང་ཝང་རྡོ་རྗེ་ཕ་ལམ་བྱ་ཁྱུང་ནས་གདན་ས་འདིར་གསར་དུ་ཕེབས་པ་ལ། ཆིབས་བསུར་རྒྱུད་པ་བླ་མ་དབུ་མཛད་སོགས་ངོ་གཡོག་མང་ཙམ་རྫོང་སྟ་མཛད། ལྷ་སྲས་ཆིང་ཝང་ཡབ་ཡུམ། དཔོན་རིན་པོ་ཆེ་པེའི་སི་བཱ་ཐུར་དའི་ཆིང༌། རྒྱ་དཔོན་ཇར་གོ་ཆི་དང་བཅས་འབྱོར་བར་གཟིམས་ཆུང་དུ་གསོལ་སྟོན་བསྡུས་ཙམ་དང༌། འདུ་ཁང་ཆེན་མོར་བཞུགས་གྲལ་གྱི་སྟོན་ཆེན་བཏེག་པའི་ཐོག །དངུལ་སྲང་སུམ་བརྒྱ། གོས་ཡུག་བཅོ་ལྔ། རྟ་བརྒྱ། ལུག་ཉིས་བརྒྱ། ཟམ་རས་སོགས་ཀྱི་འཛིན་པ་རྒྱ་ཆེར་


GTD004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབས། པེའི་སི་དང༌། ཇར་གོ་ཆི་སོགས་ལ་ཡང་བབ་འོས་ཀྱི་གནང་ཆ་རྔམས་ཆེ་བ་སྩལ། སྤྱིར་རྒྱལ་པོ་སོགས་ལ་འདྲིས་འགྲོགས་སྤོང་བར་གསུངས་པ་ཡོད་མོད་ཀྱང༌། བསྟན་པའི་སྦྱིན་བདག་གི་རྩ་བར་གྱུར་པ་འདི་ལྟ་བུ་ལ། བསུ་བ་དང་བསྙེན་བཀུར་དངོས་པོའི་སྐྱེས་ལ་སོགས་པ་གཟབ་རྒྱས་བྱེད་པ་ནི། རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་ཐབས་ལ་མཁས་པའི་སྤྱོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་ཕན་འདོགས་པའི་སེམས་ཅན་རྣམས་ལ་བྱས་པ་གཟོ་བ་སྟོན་པའི་ཚེ་མཐོང་ན་གུས་པར་བྱས་ཏེ། ཚུར་བྱོན། ལེགས་པར་བྱོན་ཏོ་ཞེས་བརྗོད་པས་སྨྲ་ཞིང་ཀུན་ཏུ་སྨྲ་ལ། ཡང་དག་པར་དགའ་བར་བྱེད། སྟན་དང་གནས་སྦྱིན་པས་ཀྱང་བསུ་བར་བྱེད་དོ། །དེའི་རྙེད་པ་དང་བཀུར་སྟིའི་ལན་དེ་དང་མཉམ་པའམ་ལྷག་པ་ཉེ་བར་གནས་པར་བྱེད་ཀྱི། ཆུང་ངུས་ནི་མ་ཡིན་ནོ། །ཞེས་གསུངས་ཀྱང་དེང་དུས་རང་སེར་སྣས་བཅིངས་ནས་སྟེར་མི་ནུས་པའི་ཁག་སངས་རྒྱས་དང་ཆོས་ལ་འཇོག་པ་མང་བར་སྣང༌། དཔོན་ཚང་ནས་ཀྱང་ཞབས་བརྟན་གྱི་འབུལ་བ་སྤམ་མཐོ་བ་ཕུལ། དཔོན་རྣམ་གཉིས། དགོན་པའི་བླ་གྲྭ་ཁག་དང་བཅས་པར་གདུགས་དཀར་ལྷ་བཅུ་བདུན་མའི་དབང་སྟ་གོན་དང་བཅས་པ་སྩལ། གཟིམས་ཁང་སྔ་མ་གོ་ཡུལ་དོག་ཅིང་ཧ་ཅང་མི་ལེགས་པས་གསར་སྒྲུབ་ཀྱི་མགོ་བརྩམས་ཏེ། ནང་རྟེན་རྣམས་མཆོད་རོལ་དང་བཅས་ཟུར་དུ་སྤྱན་དྲངས་པར་རྒན་པ་འགའ་ཞིག་ནས་སྔར་གཟིམས་ཆུང་ཕུར་སོང་ན་ཡང་འཚུབ་ཆེ་བ་ལ། ད་འདི་ལྟར་གདན་དྲངས་ཆོག་པ་ཞེས་ཡ་མཚན་བྱེད་པ་བྱུང་འདུག་ཀྱང་དེ་ལ་ངོ་མཚར་རྒྱུ་མེད་


GTD004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཆོས་སྲུང་རྣམས་ཀྱིས་ཀྱང་སྔར་བླ་མ་གོང་མས་གཏད་གཉེར་བྱས་བཞག་པ་དེ་སྐུ་རྗེས་མའི་ཕྱག་ལ་མ་འཕྲོད་ཀྱི་དོགས་ནས་ཚབ་ཚུབ་མཛད་པ་ཡིན་ཞིང༌། ད་ནི་བདག་པོ་ལ་འཕྲོད་ཟིན་པས་ཅི་མཛད་ཁོང་རང་གིས་མཁྱེན་དགོས་པ་སྤྱི་ལུགས་ཡིན་ནོ། །གཉིས་པའི་ཚེས་ལ་ཅོ་ནེ་ནས་གདན་འདྲེན་པ་འོངས་ཏེ་དེ་ཕྱོགས་སུ་ཆིབས་ཁ་བསྒྱུར། ལམ་ནས་བྲག་ལུང་ནང་པ། ལྷ་ཁང་ལུང༌། རྒྱལ་མོ་དགོན་སོ་སོ་ནས་རྟ་བསུ་སེར་སྦྲེང་སོགས་བཀུར་གཟོས་དང༌། གང་འབྱོར་གྱི་འབུལ་ནོད་རྒྱ་ཆེར་ཞུས། ཆས་པས་གདན་དྲངས་ཏེ་ཆིབས་བསུ་སེར་སྦྲེང་དང་བཅས་ཀོ་ཡུ་ནང་གི་དགོན་པར་ཕེབས། ཀོ་ཡུ་ནང་པའི་གདུང་གི་མཆོད་རྟེན་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་རབ་གནས་རྒྱས་པ་སྦྱིན་སྲེག་དང་བཅས་པ་གནང༌། དགོན་པར་འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་སྩལ་བས། ལོ་དེར་ཆར་ཤིན་ཏུ་དཀོན་ཡང་དེ་ཉིན་ཆར་ཆེན་པོ་བབས་པས་གྲོང་པ་རྣམས་ཀྱང་དགའ་དད་ལྷག་པར་འཕེལ། དེ་ནས་ཅོ་ནེ་དཔོན་པོ་ཡུམ་སྲས་བཅས་དང༌། དགོན་པའི་བླ་མ་ལས་སྣེ་སོགས་ཀྱིས་བསུ་བ། གྲྭ་མང་ནས་སེར་སྦྲེང་དང་བཅས་ཅོ་ནེ་མདོར་བྱོན། ཁོང་རྣམས་ལ་བདེ་མཆོག་ལཱུ་ཨི་པ། གསང་འདུས། བཅུ་གཅིག་ཞལ། གདུགས་དཀར་ལྷ་བཅུ་བདུན་མ་རྣམས་ཀྱི་དབང་དང༌། ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་ཀྱི་ཆར་ཕབ། ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མར། ཉིན་བཞིན་ཕྱག་དབང༌། བསྙེན་གནས་ཀྱི་སྡོམ་པ། རིགས་གསུམ་མགོན་པོའི་ལུང་སོགས་སྩལ་ཏེ་ཐར་པའི་ས་བོན་གྲུང་པོ་འདེབས་པར་མཛད། ཅོ་ནེ་དཔོན་ནས་ཞུས་ངོར། རྗེ་ཉིད་ཀྱི་


GTD004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་རབས་གྲས་སུ་སྟོང་སྡེ་ངག་གི་དབང་ཕྱུག་ཀྱང་བཞུགས་པ་དེ་ཉིད་བཀའ་རྩོམ་མཛད། ཚུར་ཕེབས་སྐབས་དཔོན་མོ་སྒྲོལ་མ་མཚོས་མེ་ལོང་ཞིག་ལ་རྗེ་འདིའི་སྐུ་བརྙན་འཆར་དུ་བཅུག་སྟེ་དད་རྟེན་དུ་འཛིན་པ་སོགས་གུས་པའི་རྣམ་འགྱུར་དང་ནོར་སྣ་མི་འདྲ་བ་བརྒྱ་ཕྲག་གི་དངོས་འབུལ་གཏོས་ཆེ་བ་བཏེག །ཆས་པ་རྒྱ་མཁར་སྒར་པས་ཀྱང་གདན་དྲངས་པར་འདོད་ཆོས་ཅི་རིགས་སྩལ། རྟ་སྒའི་དགོན་པར་གདན་དྲངས་ཏེ། དེར་ལྷ་ཁང་ཞིག་ལ་རྒྱལ་འགོང་གནས་པས་སྔར་བླ་སྔགས་ཆེ་གཉན་སུ་ཡང་འགྲོ་མི་ནུས་པ་ཞིག་ཡོད་པ་དེར་ཕེབས་ནས་སྦྱིན་སྲེག་མཛད་དེ་རྒྱལ་འགོང་དེ་ཉིད་མེ་ལྷའི་ཞལ་དུ་བསྟབ་ཅིང་དེར་འཁོད་རྣམས་ལའང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྩལ། དེ་ནས་ས་དམར་བརྒྱུད་དེ་བྱོན་པར་མཛོ་དགེའི་བླ་གྲྭ་རྣམས་ནས་བསུ་བ་སེར་སྦྲེང་དང་བཅས་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཕེབས། སྔར་མི་འཁྲུགས་པའི་ཆོ་ག་འཛུགས་རྒྱུའི་བཀོད་ཁྱབ་ཐེབས་དང་བཅས་པ་གནང་ཡོད་པར་ཡང་བསྐྱར་ཐེབས་བསྣན་ཏེ་ཚོགས་སུ་བཙུགས། ཐམས་ཅད་ལ་བླ་མ་མཆོད་པའི་ཁྲིད་སོགས་འདོད་ཆོས་ཀྱང་འགའ་ཞིག་སྩལ། བདག་ཀྱང་དེ་སྐབས་ལོ་ངོ་ལྔ་འགྲོ་བས་རྗེ་འདིའི་ཞབས་སེན་སྤྱི་བོར་རེག་པའི་སྐལ་བཟང་ཐོབ། བྱིས་པ་བསམ་མེད་དུ་སོང་བས་ཁྲི་དང་ན་བཟའ་སོགས་ལ་འཇུས་པར་བོང་བ་གསེར་གཟིགས་ཀྱིས་དགྱེས་ཉམས་མཛད་ཅིང་ལྗགས་སྨིན་གནང༌། ཨེ་མ་ཧོ། ཞབས་སྐྱེས་གེ་ས་ར་ཡི་ཕྲེང༌། །ཟུར་ཕུད་བུང་བས་བརྟེན་པ་ཡིས། །བྱིན་རླབས་སྦྲང་རྩིའི་དོག་པ་ནི། །སྙིང་གི་ཟེ་འབྲུ་ལ་ཆགས་གྱུར། །དེ་ནས་རིམ་གྱིས་གདན་སར་ཕྱག་ཕེབས་ཏེ་དགོན་པར་འགྱེད་ཆེན་ཞིག་བཏང༌།


GTD004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དགའ་ཆོས་འཛིན་གྱི་རི་པ་རྣམས་ནས་ཞུས་ཏེ་མི་འཁྲུགས་པ་ལྷ་དགུའི་དབང་སྩལ། དེ་སྐབས་གསུང་བཤད་ལ་རང་རེ་དགེ་ལྡན་པ་རྣམས་དབང་ཆོག་བློ་ནས་ཐོན་དགོས་པས་དབང་རྒྱུན་འགའ་ཞིག་དཀོན་པར་བྱུང་བ་རེད། ཡིན་ཀྱང་ཕྱག་སྲོལ་མ་ཉམས་པར་བྱེད་དགོས། ང་ལ་ད་ལན་བྲེལ་དབང་གིས་ཆོ་ག་བྱང་པོ་ཞིག་མི་འདུག་པས་མཚམས་འགའ་ཞིག་ལ་དཔེ་བལྟ་དགོས་འདུག་པས་ཁྱེད་རྣམས་ལ་དགོངས་པ་ཞུས་པ་ཡིན་ཞེས་བསྟན་པ་ཁོ་ན་གཅེས་སྤྲས་སུ་བྱེད་དགོས་པའི་གསུང་བྱོན། ཁྲི་ཆེན་རྒྱལ་མཚན་སེངྒེ་དང༌། ཁྲི་ཆེན་ནམ་མཁའ་བཟང་གཉིས་ཀྱི་སྤྲུལ་སྐུ་ལ་རྩོད་འཐེན་བྱུང་བ། སླར་མང་པོའི་སྡིག་རྐྱེན་དུ་མི་འགྲོ་བའི་ཕྱིར། ཁྲི་རྒྱལ་མཚན་སེང་གེའི་སྤྲུལ་སྐུའི་གདན་ས་སོར་འཇགས་བྱས་ཏེ། རྗེས་སུ་སྤྲུལ་སྐུ་ཞིག་འཁྲུངས་ན་ཁྲི་ནམ་མཁའ་བཟང་གི་དཔོན་པོར་དེའི་བླུ་ཡོན་ལྷ་མོ་ནས་སྤྲོད་རྒྱུར་བཅད། དབྱར་ཐོག་སྐུ་འབུམ་དུ་བྱོན་པའི་ལམ་ནས་ཤི་དར་ཐེའི་ཇི་དུས་ཆོས་སུ་གྱུར་པའི་དོན་དུ་གདན་དྲངས་པར་བསྔོ་སྨོན་མཛད། རིམ་གྱིས་ཕེབས་པས་ཁྲི་ཀའི་མཁར་གྱི་ཉེ་འཁོར་དུ་རྒྱ་དཔོན་ཞིག་གིས་གདན་དྲངས་ནས་གསོལ་སྟོན་དང་འབུལ་བ་བཏེག །ལོ་དེར་ཐན་པ་ཆེ་བས་ཆར་འབེབས་དགོས་ཞུས་པ་ལ། ཕྱི་རོལ་ཏུ་བྱོན་ཏེ་ཕྱག་གིས་གཡབ་མོ་མཛད་ཅིང༌། ཆར་ཕོབས། ཆར་ཕོབས་གསུངས་པ་ཙམ་གྱིས་ཆར་རྒྱུན་བཟང་པོ་དེ་མ་ཐག་བབས་པས་རྒྱ་མི་རྣམས་ཀྱང་དད་པ་ཚད་མེད་པ་སྐྱེས་ཏེ་ཕྱི་ཉིན་རྨ་ཆུར་གྲུ་གླ་ཡང་མ་བླངས་པར་གྲུ་བསྒྲལ་རྒྱུའི་ཁུར་ལེན་གྱི་ཞབས་འདེགས་ཞུས། དེ་ནས་སྐུ་འབུམ་དུ་འབྱོར་ཏེ་འཆད་ཉན་གནང༌།


GTD004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཤིག་ཏུ་དཀོན་མཆོག་ཝང་ནས་གདན་དྲངས་པ་ལྟར་ཆིབས་བསྐྱོད། ལམ་བར་ནས་ཐུ་ས་ལག་ཆི་ཆོས་བཟང་རྒྱ་མཚོ། དཔལ་རྒྱས་གུང༌། ཆོས་འཕེལ་པེའི་ལི། རྣམ་སྲས་ཇ་སག །དར་རྒྱས་ཇ་སག །སྨྲ་ཁམས་ཞབས་དྲུང་སོགས་དུ་མས་ཟང་ཟིང་གི་འབུལ་བ་རྒྱ་ཆེར་བསྟབ་ཅིང་སོ་སོའི་མོས་པ་བཞིན་འདོད་ཆོས་ཀྱིས་ཚིམ་པར་མཛད། རིམ་གྱིས་བསུ་བ་གཏོས་ཆེ་བ་དང་བཅས་ཇུན་ཝང་དཀོན་མཆོག་བཀྲ་ཤིས་ཀྱི་ཨུ་རྒེར་བབས། བདུན་པའི་བཅུ་གཉིས་ནས་ཉི་ཤུ་བརྒྱད་ཀྱི་བར་དུ་ཝང་ཡུམ་སྲས་བཅས་དང༌། ཏཱ་ལེའི་ཧོ་ཐོག་ཐུ། བོད་པ་མེརྒེན་ཆོས་རྗེ་སོགས་སྐྱ་སེར་ཉིས་སྟོང་ལྷག་ཙམ་ལ་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་དང་བཅས་པ། གསང་འདུས་མི་བསྐྱོད་རྡོ་རྗེ། ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག །ཚེ་དཔག་ལྷ་དགུ་རྣམས་ཀྱི་དབང༌། གདུགས་དཀར་གྱི་དབང་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང་བཅས་པ། གཞན་ཡང་བདེ་མཆོག་སྔགས་བཏུ། སྨན་བླ། འཆི་མེད་རྡོ་རྗེ་ལྷ་མོ། ཤྲ་མ་ཎ། གོས་སྔོན་ཅན། མགོན་པོ་ཞལ། རྣམ་སྲས། ལྕམ་སྲིང་སོགས་ཀྱི་རྗེས་གནང༌། བདེ་མཆོག་ལུས་དཀྱིལ། ཡི་གེ་བཞི་པའི་བསྲུང་བཟློག །གདུགས་དཀར་སོགས་ཀྱི་ལུང་དང༌། ལྟ་ཁྲིད་སོགས་བཀའ་ཆོས་མང་དུ་སྩལ། དཔོན་འབངས་སོ་སོ་ནས་གསེར་དངུལ་གོས་དར་རྟ་ནོར་སུམ་བརྒྱ་སྐོར། ལུག་སྟོང་སོགས་དངོས་འབུལ་སྤམ་མཐོ་བ་ཕུལ། དཔོན་པེའི་སི་པཱ་ཐུར་དའི་ཆིང་གིས་གདན་དྲངས་ཏེ། རྟ་བརྒྱས་མཚོན་པའི་འབུལ་ནོད་བསྟབ་ནས་གསོལ་བ་བཏབ་པར། འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་སྩལ། སུ་


GTD004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རུག་གི་ས་རིས་སྦྱོར་འཇགས་བྱས་པའི་སྟེང་དུ་སུ་རུག་འཛིན་མཁན་གྱི་མི་སྡེ་དར་གོ་བཅས་བཞག །དེ་ནས་རིམ་གྱིས་ཕྱག་རྡོར་པེའི་སི། ཀུན་བཟང་ཇ་སག་སོགས་དཔོན་ཁག་ཕལ་ཆེ་བས་སྤྱན་དྲངས་པར་རང་རང་གི་ཁམས་དང་བསམ་པ་བག་ཉལ་དང་མོས་པའི་རྗེས་སུ་འཇུག་པའི་གསུང་གི་བདུད་རྩི་དྲི་མ་མེད་པའི་དགའ་སྟོན་གྱིས་རེ་འབྲས་སྨིན་པར་མཛད། བོ་རོ་ཚུང་ཁུག་བརྒྱུད་དེ་གྲྭ་ཚང་དགོན་པར་ཕེབས་ནས་ལུགས་གཉིས་ཀྱི་བཀའ་དྲིན་སྩལ། སྟོང་སྐོར་དུ་གཞུང་ས་ནས་རྒྱ་ཏིག་གྲགས་པ་སོགས་མཁན་པོ་བཞི་རྒྱ་ནག་ཏུ་མངགས་པ་རྣམས་ཀྱིས་མཇལ་བར་འཕྲལ་ཡུན་གྱི་བསླབ་བྱ་སོགས་དགྱེས་པའི་སྤྱན་བསྐྱངས་མཛད། དགུན་གྱི་རིང་སྐུ་འབུམ་དུ་འཆད་ཉན་གཙོར་འདོན་གནང་ཞིང་ལོ་མཇུག་ཏུ་གདན་སར་ཕེབས། དགུང་ལོ་བཞི་བཅུ་པ་མེ་ཕག་གི་གནམ་ལོ་གསར་པའི་དུས་སྟོན་བསྟར་ཞིང༌། གསུང་ཆོས་ལ་སྐྱེས་རབས་དང༌། གཟིགས་པ་ལྔ་ལྡན་གྱི་མཇུག་རྫོགས་པར་གནང༌། ཆབ་མདོ་ནས་འབོད་པ་གནང་བའི་བྲིས་པ་གསུམ་ལ་མཁས་གྲུབ་རྗེའི་གསུང་གི་དུས་འཁོར་གྱི་སྐོར་དུ་མ་དང༌། རྣམ་ཐར་སྐལ་བཟང་འཇུག་ངོགས་སོགས་ཉིད་ཀྱི་བཀའ་རྩོམ་མང་པོའི་པར་ཡིག་བྲིར་བཅུག་སྟེ་པར་གསར་དུ་བརྐོ་རྒྱུའི་བཀོད་ཁྱབ་སྩལ། ཁྲི་རིན་པོ་ཆེ་བློ་བཟང་སྙན་གྲགས་ཀྱིས་དགོངས་པ་ཞུས་ཏེ་མཁས་པའི་དབང་པོ་ངག་དབང་འཕྲིན་ལས་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་མཛད། མེརྒེན་ཨེམ་ཆེ་དང༌། སྨན་པའི་འཛིན་གྲྭས་ཞུས་ངོར། ཞང་བློན་གྱི་རྗེས་གནང་དང༌། རྩ་བ་ཐུགས་རྒྱུད་ཀྱི་ལྗགས་ལུང་གནང༌། འཇམ་དབྱངས་དཀར་


GTD004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྒྲུབ་ཐབས། དེའི་སྦྱིན་སྲེག །བླ་མའི་རྣལ་འབྱོར་ཟབ་ལམ་ཉི་མའི་དཀྱིལ་འཁོར་སོགས་ལྗགས་རྩོམ་འགའ་ཞིག་མཛད། ཝང་རྡོ་རྗེ་ཕ་ལམ་གྱིས་གསོལ་བ་བཏབ་པ་ལྟར་ཉིན་ཁ་ཤས་ལ་མགོན་པོའི་གཏོར་ཆེན་དང༌། ཤཱ་ས་ན་བསྒྲུབས་ཏེ་རྒྱས་པའི་སྦྱིན་སྲེག་སོགས་རིམ་གྲོ་གནད་སྨིན་བཀའ་དྲིན་བསྐྱངས། བཞི་པའི་ནང་ལ་སྐུ་འབུམ་དུ་ཕེབས་ཏེ་འཆད་ཉན་དང་ཚིག་རྒྱུགས་ལེན་པ་སོགས་ནན་ཏན་ཆེ་བར་གནང་བས་རྩོད་པ་ཤིན་ཏུ་འཕེལ་བར་བྱུང༌། བསྒྲུབ་བྱ་བརྒྱ་ཕྲག་གསུམ་ཙམ་ཞིག་བསྟན་པའི་གཞི་མ་སོ་སོར་ཐར་པའི་སྡོམ་པ་མཆོག་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་བྱ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། དགེ་བཤེས་ཆོས་འབྱོར་དང༌། ཐུབ་བསྟན་གཉིས་མདུན་དུ་འོང་བར་གཟིམས་ཆུང་ནས་མཛོད་ཀྱི་དམ་བཅའ་ཡང་ཡང་ཚུགས་ཤིང་ཆོས་ཀྱི་འབེལ་གཏམ་མཛད། ཤ་རྫོང་རི་ཁྲོད་དུ་ཕེབས་ཏེ་འདོད་ཆོས་ཅི་རིགས་སྩལ་ཅིང་ལྷ་ཁང་ཆེན་མོའི་དཀར་ཆག་ཚངས་སྲས་དགྱེས་གླུ་དང༌། ཤ་རྫོང་གི་དཀར་ཆག་གཉིས་བཀའ་རྩོམ་མཛད། སྐུ་འབུམ་དུ་དྲུག་པའི་སྨོན་ལམ་ལ་གསུང་ཆོས་སོགས་རྒྱས་པར་གནང༌། དེ་སྐབས་ཝང་རྡོ་རྗེ་ཕ་ལམ་དང་། པེའི་སི་རྣམ་རྒྱལ་ཚེ་རིང་གཉིས་རྒྱ་ནག་ཏུ་ཕེབས་པའི་ལམ་ནས་མཇལ་དུ་འོང་བར་གསོལ་སྟོན་གཟབ་རྒྱས་དང་། ཞལ་ཏ་ཞིབ་ཏུ་གནང་། དེ་ཡང་སྔར་ལྷ་ཁང་ཆེན་མོའི་མདུན་དུ་ཙན་དན་གྱི་སྡོང་པོ་གསུམ་ཡོད་པའི་གཅིག་བར་སྐབས་ཤིག་ནས་སྐམ་སོང་བ་ཆོས་སྐྱོང་ལ་ཞུས་པར། རྗེ་ཙོང་ཁ་པའི་བསྟན་པའི་སྦྱིན་བདག་གཙོ་བོ་གསུམ་ཡོད་པའི་ནང་ནས་ཅུན་གར་ཉམས་སོང་བ་དེའི་རྟགས་ཡིན་གསུངས། གཅོད་དུ་རུང་མི་རུང་ཞུས་པ་ལ། རྟ་ལོ་རྟ་ཟླ་རྟ་ཉི་ཞིག་ལ་


GTD004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ལོ་པ་ཞིག་གིས་གཅོད་རུང་གསུངས་པ་ལྟར་བཅད་དེ་ཆོས་སྐྱོང་གིས་དམ་སྦྱར་བྱས་ནས་ལྷ་ཁང་སྟེང་དུ་བཞག་ཡོད་པ་ལྕང་སྐྱ་རྡོ་རྗེ་འཆང་ཕེབས་སྐབས་ཐུགས་བཞེད་བཏང་ཡང༌། ཆོས་སྐྱོང་ནས་སླར་དགོས་པའི་དུས་ཡོད་གསུངས་ཏེ་མ་ཕུལ། རྗེས་སོར་གྲྭ་མང་ལ་འགྱེད་དུ་བཏང་ན་ཞུས་པར་ཡང་མ་གནང་བ་དེ་སྐྱབས་མགོན་ཉིད་ཀྱིས་ཆོས་སྐྱོང་ལ་ཞུས་པར། སྐུ་འབུམ་སྤྱིའི་རྟེན་དུ་བྱམས་སྐུ་ཁྲུ་གསུམ་པ་ཞིག་བཞེངས་ནས། ལྷག་མ་དགེ་བའི་བཤེས་གཉེན་རང་གིས་བཞེས་ཆོག་གསུངས་པ་ལྟར། བྱམས་སྐུ་བཞེངས་པའི་ལྷག་ལ་རྗེའི་སྐུ་དུ་མ་དང༌། ཐུབ་དབང་གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཞི་དང་བཅས་པ་བཞེངས་ཏེ་ཕྱིས་གདན་སར་སྤྱན་དྲངས་ནས་ད་ལྟ་ཡང་བླ་བྲང་གི་རྟེན་གྲལ་དུ་བཞུགས་སོ། །འདི་ཡང་སྐྱབས་མགོན་དམ་པ་ཉིད་ངེས་པ་དོན་དུ་རྗེ་བླ་མའི་གདུང་འཚོབ་ཡིན་ཞིང༌། གདན་ས་ཆེན་པོ་འདི་ཡང་ཞྭ་སེར་གྱི་བསྟན་པའི་འབྱུང་ཁུངས་རྗེ་རྒྱལ་བ་གཉིས་པའི་གདན་ས་ལྟ་བུར་འགྱུར་བའི་རྟེན་འབྲེལ་གྱི་སྒོ་དང་ལུང་བསྟན་ལྟ་བུར་མངོན། ལོ་སྔ་མ་ནས་གསོལ་བ་བཏབ་པ་བཞིན། བདུན་པའི་ནང་ལ་སྟག་ལུང་དུ་ཕེབས་ཏེ་གཟིམས་ཁང་གི་ཐིག་བརྒྱབ། འདུ་ཁང་ཐེབས་སུ་རྟ་ནོར་ལྔ་བཅུར་ཉེ་བ་སོགས་གནང་ཆ་སྤམ་མཐོ་བ་སྩལ། དགོན་པར་ཞལ་བདག་མཛད་དེ་བྱང་ཀྱཱ་ཚང་བླ་མར་བསྐོས་ནས་གྲྭ་སློབ་ཀུན་ལ་ཆོས་འཆད་ཉན་བྱེད་ཚུལ་སོགས་ཀྱི་བསླབ་བྱ་ཞིབ་ཏུ་གནང་བས་དགོན་པ་ཡང་རིམ་གྱིས་ཡར་རྒྱས་སུ་སོང༌། བརྒྱད་པའི་ནང་དུ་ཐུར་ཆེན་སྟོབ་ཚང་བླ་མས་ཞུས་ངོར། ཀྲྀ་ཡ་ས་མུཙྪ། ནག་པོ་གཞུང་དྲུག །བཀའ་གདམས་གཞུང་དྲུག་སོགས་ཀྱི་ལྗགས་ལུང་མང་དུ་སྩལ། སྟོན་མཇུག་སྐུ་


GTD004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་དུ་བཞུགས་ནས་གདན་སར་མ་ཕེབས་ཀྱང་གསུང་ཤོག་གནང་སྟེ་སྔ་སོར་ཚོགས་ཆེན་ལས་ལོགས་སུ་མཚན་ཉིད་གྲྭ་ཚང་དང༌། དེའི་དབུ་ཆོས་སོགས་ཟུར་དུ་མེད་པར། ཚོགས་ཆེན་དགེ་བསྐོས་གཉིས་རེ་ཡོད་ཀྱང་དེ་ཕྱིན་ཆད་ཚོགས་ཆེན་ལ་དགེ་བསྐོས་གཅིག་དང༌། ཆབ་ལྟག་མ་རེ་དགོས་པར་བཅད། ཐོས་བསམ་གླིང་དབུ་ཆོས་དང་བཅས་ལོགས་སུ་ཕྱེ་ནས་གྲྭ་ཇ་ཟུར་དུ་གཏོང་རྒྱུའི་སྲོལ་ཚུགས། སྔ་སོར་གྲྭ་པ་རྣམས་ཀྱི་ན་བཟའ་པགས་ཐུལ་གཡོགས་མེད་པ་དང༌། གོང་འདབས་ཀྱི་སྤུ་ཕྱི་རོལ་ཏུ་མངོན་པ་དང༌། ཚོགས་ཕོར་ཡང་ཅན་སེར་སོགས་གང་འགྲིག་གིས་བྱེད་ཅིང༌། ལྷམ་ལྕགས་འཛེར་ཅན་དང༌། རོང་པའི་ལྷམ་སོགས་ལ་འཛེམ་བྱ་མེད་པས་མི་མཛེས་པ་མང་ཙམ་ཡོད་འདུག་པ་ཐམས་ཅད་བཅད་དེ་སྒྲིགས་ལམ་ལ་དག་ཐེར་ཞིབ་ཏུ་བྱེད་དགོས་ཀྱི་བཀའ་རྒྱ་བཙན་བརྗིད་དང་བཅས་ཚོགས་ཆེན་དགེ་བསྐོས་གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས། གྲྭ་ཚང་དགེ་བསྐོས་དཀའ་བཅུ་དོན་ཡོད་ཚུལ་ཁྲིམས། ཆབ་ལྟག་མ་བིས་མདོ་བློ་བཟང་དར་རྒྱས་རྣམས་བསྐོ་བཞག་གནང༌། སྔར་བཞེས་པའི་ཙན་དན་གྱི་ལྷག་ལ་སྟོང་སྐོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོའི་སྐུ་ཞིག་བཞེངས་ཏེ། དམ་པ་དེ་ཉིད་རྗེ་རང་ལ་ལུགས་གཉིས་ཀ་ནས་སྐུ་དྲིན་ཤིན་ཏུ་ཆེ་བའི་རྒྱུ་མཚན་གྱིས་སྟོང་སྐོར་དགོན་དུ་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་མཆོད་རྟེན་ཁྱད་དུ་འཕགས་པ་ཞིག་བཞེངས་ཏེ། དེའི་སྒོ་ཁྱིམ་གྱི་ནང་དུ་བཞུགས་སུ་གསོལ། སྤྱན་དབྱེའི་ཆོ་ག་སོགས་ཀྱང་ཉིད་ཀྱིས་མཛད་དེ་བཀའ་དྲིན་གྱི་ཕུང་པོ་ཡོངས་སུ་བསབས། བཅུ་གཅིག་པའི་ནང་དུ་ཝང་པེའི་སི་གཉིས་རྒྱ་ནག་ནས་ཕྱིར་འཁོར་ཏེ་མཇལ་བར་


GTD004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་བཀའ་མཆིད་གནང༌། རྗེ་ཉིད་སྐུ་འབུམ་གྱི་ཁྲིར་བཞུགས་ཕྱིན་གྱི་ལོ་འདི་རྣམས་སུ་འཆད་ཉན་ཤིན་ཏུ་འཕེལ་བའི་གྲགས་པ་ལ་བརྟེན་ནས་གྲྭ་རྒྱུན་གསར་ཞུགས་ཆེས་མང་བ་བྱུང་སྟེ། སྔ་སོར་དགོན་པའི་སྟོད་སྨད་དུ་ཁང་ཞིག་མང་པོ་ཡོད་འདུག་པ་ཐམས་ཅད་སོར་ཆུད་ནས་འཕེལ་རྒྱས་ཤིན་ཏུ་ཆེ་བ་བྱུང༌། དཔོན་པེའི་སིས་ལོ་རྗེས་མའི་སྨོན་ལམ་སྟེང་དུ་རྗེ་ཉིད་ཅིས་ཀྱང་ཕེབས་དགོས་ཀྱི་གསོལ་བ་བཏབ་པ་ལྟར། ལོ་མཇུག་གདན་སར་བྱོན་ནས། བགྲང་བྱ་ཞེ་གཅིག་པ་ས་བྱིའི་ལོ་གསར་སོགས་དཀྱུས་བཞིན་གནང༌། འདི་ལོ་བསྟན་པའི་སྦྱིན་བདག་ཆེན་པོ་དཔོན་པེའི་སི་བཱ་ཐུར་དཱའི་ཆིང་ནས་སྨོན་ལམ་གྱི་སྦྱིན་བདག་བྱས་པར་གསུང་ཆོས་ལ་འཆག་མེད་དུ་ཕེབས་ཏེ་སྐྱེས་རབས་དང་ཀུན་མཁྱེན་གོང་མའི་རྣམ་ཐར་སོགས་ཀྱི་གསུང་བཤད་འབྱམས་ཀླས་པས་མཆོག་དམན་ཀུན་གྱི་རྒྱུད་ལ་དད་པའི་མྱུ་གུ་བསྐྲུན་པར་མཛད། སྨོན་ལམ་སྟེང་འདིར་བདག་ཀྱང་འདི་ཀའི་གདན་སར་འོངས་ཏེ། རྗེ་བླ་མ་མཆོག་གི་ཞབས་རྡུལ་རྙོགས་པ་མེད་པ་སྤྱི་བོར་བསྟེན་ནས་གསོལ་བ་བཏབ་པར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་མིང་དཀོན་མཆོག་བསྟན་པའི་སྒྲོན་མེར་བཏགས་ཏེ་རྒྱལ་བའི་བསྟན་པའི་སྒོར་བཅུག་གོ །སྔོན་མཐའ་མི་མངོན་སྲིད་པའི་སྨག་རུམ་འདིར། །མུན་པར་འཐོམས་པས་བློ་མིག་པདྨོ་ཟུམ། །ད་ནི་ཁྱོད་མཐུ་གསེར་གྱི་ཐུར་མ་ཡིས། །ཕྱེ་བས་སྐལ་བཟང་སྣང་བའི་དགའ་སྟོན་རྙེད། །ཐུབ་པ་མཆོག་གི་ཐུགས་རྗེ་ཨ་མྲྀ་ཏས། །ཡོངས་སུ་བཟུང་བའི་ཡིད་ཀྱི་ཀ་ལ་ཤ །ཚངས་པར་སྤྱོད་པའི་


GTD004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཀུང་ཀུ་མས། །བསྒོས་ཏེ་བསྟན་པའི་སྒོར་ཞུགས་ཨེ་མ་ཧོ། །དེ་ཡང་སྔ་སོར་སྡེ་འདིར་ཆོ་འཕྲུལ་མཆོད་པའི་ལྷ་བཤོས་སོགས་ཀྱི་སྲོལ་རྒྱས་པ་མ་ཚུགས་པར་འདི་ལོ་མཆོད་ཡོན་བཀའ་བགྲོས་སྟེང་ནས་ལྷ་སའི་སྨོན་ལམ་ལྟར་བཅོ་ལྔའི་དགུང་མོ་བླ་བྲང༌། དཔོན་ཚང༌། ནང་ཆེན་ཁག །འཛིན་གྲྭ་རྣམས་དང༌། སེའི་དོད་ཆེ་རིམ། མདའ་ཚན་སོ་སོ་དང་བཅས་པས་མཆོད་པ་རྒྱ་ཆེ་ཞིང་དངོས་གཙང་བ་འདུ་ཁང་ཆེན་མོའི་ཁོ་ར་ཁོར་ཡུག་ཏུ་བཤམས་ནས་འབུལ་བ་སོགས་བསོད་ནམས་ཀྱི་ལས་རླབས་པོ་ཆེའི་སྲོལ་བཟང་པོ་ལེགས་པར་བཙུགས། དཔོན་པེའི་སི་ནས། སྐྱབས་མགོན་མཆོག་ཚོགས་དབུས་སུ་སྤྱན་དྲངས་ཏེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་དང་ལེགས་འབུལ་རྒྱ་ཆེར་བཏེག །སྨོན་ལམ་ལ་ཐེངས་འགའ་བྱོན་ཏེ་དགེ་རྩ་མཐའ་དག་ནམ་ཡང་མི་ཟད་པ་བྱང་ཆུབ་མཆོག་གི་ཡན་ལག་ཏུ་བསྒྱུར། བྱམས་པ་གླིང་སྐོར་ལ་ཡང་ཕེབས་ཏེ་རྒྱུན་གྱི་ཕྱག་བཞེས་བཞིན་ཕྱོགས་བཞི་ནས་ཁྲུས་གསོལ་གནང༌། སྨོན་ལམ་གྱི་གཉེར་ཁ་ཟུར་དུ་ཡོད་ན་ལེགས་ཚུལ་གྱི་འཆར་སྟོན་གནང་བར་དཔོན་པེའི་སིས་སྤྱི་འཇོག་དཔངས་མཐོ་བ་སྦྱོར་འཇགས་ཀྱི་ཞབས་འདེགས་ཞུས། དཔའ་རི་བ་ཚང་ནས་རྒྱུད་ཁྲིའི་དགོངས་པ་ཞུས་པར། རྡོ་རམས་པ་ཤེས་རབ་དར་རྒྱས་དཔོན་སློབ་དང༌། དགེ་བཤེས་བཟོད་པ་བླ་མ་དབུ་མཛད་དུ་བསྐོས། རིགས་པའི་ཁྱུ་མཆོག་ལྷ་རམས་པ་བསོད་ནམས་དབང་རྒྱལ་གྱིས་ཐོས་བསམ་གླིང་དུ་དམ་བཅའ་བཞག་པར་གཟིགས་རྟོག་ལ་ཕེབས་ནས་བློ་གསར་རྣམས་ལ་སྤྲོ་བ་བསྐྱེད། ལ་མོ་ཆོས་གྲགས་ཇ་སག་དུས་ཆོས་སུ་གྱུར་པའི་དོན་དུ་གདན་དྲངས་པར་གཤིན་པོ་རྗེས་


GTD004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྤྱན་དམིགས་ཡང་དག་པ་བཀའ་དྲིན་བསྐྱངས། སྡེ་ཁྲི་སྤྲུལ་བའི་སྐུ་དབུས་སུ་གསན་སྦྱོང་ལ་ཕེབས་པར་དངོས་པོའི་རྫོངས་ཆ་དང་སློབ་གཉེར་མཛད་ལུགས་ཀྱི་བསླབ་སྟོན་རྒྱས་པ་གནང༌། དབྱར་སྐུ་འབུམ་དུ་བྱོན་ཏེ་ཆོས་ཐོག་ལ་བརྩི་བཞག་འཆག་མེད་དང༌། བར་མཚམས་སུ་དོན་གཉེར་ཅན་འགའ་ཞིག་ལ་སྨན་གྱི་རྒྱུད་བཞི། དར་མོ་བཀའ་བརྒྱ་མའི་ལུང་སོགས་འདོད་ཆོས་ཅི་རིགས་སྩལ། མཚོ་སྔོན་ནས་རྣམ་སྲས་ཇ་སག་ལྔ་པའི་ལམ་དུ་སོང་བའི་དོན་ལ་གདན་འདྲེན་པ་འོངས་ནས་དེར་ཕྱག་ཕེབས། བགེགས་སྡིག་དྲི་མ་གསུམ་སྦྱངས་ཏེ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དང༌། བཙན་ཐབས་འཚང་རྒྱ་འཕོ་བའི་གདམས་པ་སོགས་ཀྱི་སྒོ་ནས་གཤིན་པོའི་རྣམ་ཤེས་ངན་འགྲོའི་དུཿཁ་ལས་སྐྱོབ་པར་མཛད། དཔོན་མོ་དང་མི་བཟང་ཤུལ་ན་གནས་པ་རྣམས་ཀྱིས་ཀྱང་དད་གུས་ཚད་མེད་པས་དངོས་འབུལ་རྒྱ་ཆེར་བཏེག །ཁྱད་པར་ཡབ་མེས་གོང་མ་རྣམས་དགའ་ལྡན་ཕོ་བྲང་པའི་བསྟན་སྲིད་ཀྱི་རྩ་བ་ལྟ་བུར་ཡོད་པའི་སྐབས་ཕྱག་ཏུ་འོང་བའི་ནང་རྟེན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ན་བཟའ་གོས་ཐེར་འཁྲུལ་མེད་ས་གསུམ་ན་རྙེད་པར་དཀའ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྔར་བླ་ཆེན་མང་པོས་ཐུགས་ཀྱི་དགོངས་པ་གཏད་ཀྱང་འབུལ་མ་ནུས་པ་ཞིག་ཡོད་པས་དེ་དང་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་མཐང་གོས་ཤིག་ཡོད་པ་ཡང་རྗེ་ཉིད་ལ་ཕངས་པ་མེད་པར་ཕུལ་བ་ནི་སྐྱབས་མགོན་རང་གི་ཐུགས་སྨོན་དང༌། རྟེན་དེ་དག་ཀྱང་རྒྱལ་བའི་འཕྲིན་ལས་གཟུགས་སུ་ཤར་བ་ཡིན་པས་བསྟན་པ་གང་དུ་དར་བའི་ཕྱོགས་དེར་རིམ་


GTD004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཕེབས་དགོས་པའི་འཕྲིན་ལས་ཀྱི་དུས་བབས་ཟུང་དུ་འབྲེལ་བ་གོར་མ་ཆག་སྟེ། དཔེར་ན་ཇོ་བོ་ཤཱཀྱ་མི་ནེ་ཡུལ་མང་པོར་གདན་དྲངས་པའི་ལོ་རྒྱུས་དང་རྣམ་རྫོགས་སྦྱོར་བའི་ཡུལ་དཔྱད་པའི་ཡོན་ཏན་གྱི་སྐབས་ཀྱིས་ཀྱང་ཤེས་ལ། འཇམ་མགོན་ས་སྐྱ་པཎྚི་ཏས་ཀྱང༌། བྱ་བ་འབད་ནས་ཀུན་སྒྲུབ་ཀྱང༌། །འགྲུབ་པ་བསོད་ནམས་ཤུགས་ལ་རག །གསུངས་པ་ལྟར་རོ། །དེ་ནས་སླར་སྐུ་འབུམ་དུ་ཕེབས་ཏེ་འཆད་ཉན་དམར་བར་མཛད། བསྙེན་རྫོགས་བརྒྱ་ལྷག་གསར་བསྒྲུབས་དང༌། རྒྱུད་ཁང་དུ་གསང་བ་འདུས་པའི་དབང༌། རྒྱུད་གཞུང་དང་དྭགས་པོའི་བསྐྱེད་རྫོགས་གཉིས་ཀྱི་ལྗགས་ལུང་སོགས་ཆོས་བཀའ་མང་དུ་སྩལ། དེ་སྐབས་བསྟན་པའི་རྩ་ལག་དམ་པ་ཐུའུ་བཀྭན་རིན་པོ་ཆེ་རྒྱ་ནག་ནས་ཡར་ཕེབས་པར་སྐུ་ཞབས་ཉིད་དམར་གཙང་དུ་བྱོན་ནས་མཇལ་ཕྲད་མཛད། ཉིན་གཅིག་དེར་བཞུགས་ཏེ་ཡབ་སྲས་གཉིས་ཀ་ཤིན་ཏུ་དགྱེས་པའི་གསུང་གླེང་འཕེལ་བར་བྱུང༌། ཐུའུ་བཀྭན་རིན་པོ་ཆེ་ནས་སླར་དགོན་ལུང་དུ་ཕེབས་རྒྱུའི་སྙན་གསན་ཕུལ་བ་ཞལ་གྱིས་བཞེས་ཤིང༌། མི་རིང་བར་གདན་འདྲེན་པ་འབྱོར་བསྟུན་དགོན་ལུང་དུ་ཆིབས་བསྒྱུར་གནང་བར་ཕེབས་བསུ་དང་ཤངས་ལེན་གཟབ་རྒྱས་ཞུས། ཐུའུ་བཀྭན་རིན་པོ་ཆེ་ཉིད་ཆོག་གྲྭ་པ་དང་བཅས་པས་བདེ་མཆོག་དཀར་པོའི་བརྟན་བཞུགས་ཀྱི་ཆོ་ག་བསྒྲུབས་ཏེ་སྐྱབས་མགོན་མཆོག་ལ་བཀུར་སྟི་ཆེན་པོས་སེང་གེའི་ཁྲི་ལ་ཞབས་པད་བཀོད་དེ་བླ་མ་འཁོར་ལོ་བདེ་མཆོག་དབྱེར་མེད་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ཞིང༌། ཚེའི་ལྷ་ཚོགས་ཐམས་ཅད་དཔུང་གི་ར་མདའ་སྦྲན་ཏེ་སྐུ་ཚེ་བརྟན་པའི་གསོལ་འདེབས་དང༌། མཎྜལ་རྒྱས་པར་ཕུལ།


GTD004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ་ཐུའུ་བཀྭན་རིན་པོ་ཆེ་ནས་ནང་མཛོད་དངུལ་དཀར་གྱི་མཎྜལ་ཚོམ་བུ་ཅན་ཕྱག་ཏུ་ཐོགས་ཏེ་ཞབས་པད་རིང་དུ་བརྟན་པའི་གསོལ་འདེབས་དོན་ཟབ་ཅིང་ཚིག་སྙན་པ་ལུང་རིགས་ཀྱི་རྒྱབ་རྟེན་དང་བཅས་པའི་སྒོ་ནས་རྒྱས་པར་ཞུས་པའི་ཕྱིར་ཕེབས་ཀྱི་ལན་དུ། རང་གི་དམ་ཚིག་སློབ་དཔོན་ནི། །ཞེས་སོགས་དང༌། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །ཞེས་སོགས་བླ་མ་ལྔ་བཅུ་པའི་ལུང་འདྲེན་མཛད་ནས་དགྱེས་པའི་བཀའ་དང༌། ཞབས་པད་བརྟན་པའི་ཞལ་བཞེས་ཀྱང་ཡིད་ཚིམ་པ་གནང༌། དངོས་འབུལ་ལ་དངུལ་གྱི་རྡོ་རྗེ་གསེར་ཚོས་ཅན་ཆེ་བ་མཛོད་བཏགས་སྣ་ལྔས་བརྒྱན་པ། དངུལ་གྱི་མཎྜལ་ཆེ་ལེགས་དར་ཚོན་ལྔའི་སྣེ་འདོགས་ཅན་ནང་མཛོད་དང་བཅས་པ། ཚེ་དཔག་མེད་ཀྱི་སྐུ་བརྙན་དགུ །ཚེ་མདོ་གསེར་བྲིས། རྣམ་རྒྱལ་མཆོད་རྟེན་ཁྲུ་གང་བ། དངུལ་གྱི་ཆབ་རིལ། བཟེད་ཞལ། ཞལ་དཀར་སྟེགས་བཅས། བླ་གོས། མཐང་གོས། སྣམ་སྦྱར། སྐུ་གཟན། སྟོད་འགག །བན་སྐེད། བཞུགས་གདིང༌། སྣེ་རིང༌། གོས་བེར། འགན་སྦྱར། གཙུག་ཏོར་རིགས་ལྔ། སྟོད་གཡོགས། སྨད་གཡོགས། དངུལ་གྱི་རྡོར་དྲིལ། དངུལ་གྱིས་གཡོགས་པའི་ཌཱ་མ་རུ། ཐོད་པ་ཁ་ཁེབས་སྟེགས་རྣམས་དངུལ་ལས་གྲུབ་པ་རིན་པོ་ཆེའི་ཕྲ་ཅན། ཆུ་ཤེལ་དང༌། བྱུ་རུ། སྤོས་ཤེལ་གྱི་ཕྱག་ཕྲེང་གསུམ། ཤེལ་སྤྱད་སྣ་ཚོགས། གོང་མས་གནང་བའི་ཕྱག་གྲི་ཁྱད་མཚར། ཁུག་མ་མང་པོ་དང་བཅས་པ། དངུལ་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འཁོར་ལོ། རྡོ་རྗེ་རྒྱ་གྲམ་


GTD004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གཟུགས། རྒྱན་གཞི། མང་ནུག །སངས་རྒྱས་སྐུ་ཤ །པདྨ་གསེར་མིག །ཁ་ཐི་སོགས་གོས་ཆེན་ལེགས་པ་ཉི་ཤུ། གསེར་སྲང་ལྔ། དངུལ་སྲང་ལྔ་བརྒྱ། མཛོད་བཏགས་སྣ་ལྔ། ལིང་ཡུག་སྣ་ལྔ། དར་ཆེན་ཁྲ་བོ་ཡུག་ལྔ། ནོར་བུ་དོན་ཡོད་ལྕགས་ཀྱུ་བཅས་ཕུལ། དེ་རྗེས་ཉིན་གཅིག་ཁོང་ནས་ཞུས་པ་ལྟར། སྐྱབས་མགོན་ཉིད་ཆོག་གྲྭ་པ་དང་བཅས་པས། གསར་བཞེངས་ཀྱི་སྐུ་གསུང་ཐུགས་རྟེན་རྣམས་རབ་གནས་མཛད་པའི་ཡོན་དུ། དངུལ་སྲང་ལྔ་བཅུ་ལས་གྲུབ་པའི་མཎྜལ་ནང་མཛོད་དང་བཅས་པ། དངུལ་རྟ་རྨིག་མ་གཉིས། གོས་ཡུག་གསུམ་བཅས་ཕུལ། སྐྱབས་མགོན་མཆོག་གཙོ་བོར་བཞུགས་ཏེ། དགོན་ལུང་གི་ཞབས་དྲུང་སྐུ་སྐྱེ། ཆོས་རྗེ་ལས་སྣེ་སོགས་དང༌། མཚོ་སྔོན་ཕྱག་རྡོར་པེའི་སི་སོགས་སྟོན་འཁོར་བརྒྱ་ཕྲག་ཙམ་གྱི་བཞུགས་གྲལ་ལ། སྔ་དྲོའི་དུས་རྒྱའི་ལུགས་ཀྱི་སྟོན་མོ་གཟབ་རྒྱས་དང༌། ཕྱི་དྲོ་ས་ཁད་ཡངས་པ་ཞིག་ཏུ་ལྡིང་གུར་ཕུབ་པར་གདན་དྲངས་ཏེ་སྒྱུ་མ་མཁན་དུ་གྲགས་པའི་མིག་འཕྲུལ་གྱི་རྩེད་མོ་དང༌། སྒྱུ་རྩལ་ཡ་མཚན་པ་སྣ་ཚོགས་ཀྱི་གཟིགས་མོ། པི་ཝང་གླིང་བུ་སོགས་རོལ་ཆ་སྣ་ཚོགས་བསྡེབས་པའི་སྒྲ་སྙན་དང༌། ཉི་མ་ནུབ་རྗེས་མེའི་འཁྲུལ་འཁོར་གྱི་རྩེད་མོ་སྣ་ཚོགས་སྤྱན་ལམ་དུ་བསྟར་བས་ཐུགས་དགྱེས་པའི་རྣམ་པ་མཛད། ཐུའུ་བཀྭན་རིན་པོ་ཆེར་ཚེ་དབང་དང༌། ཆོས་རྒྱལ་དུག་རིའི་རྗེས་གནང་སོགས་ཐུགས་བཞེད་བཞིན་གྱི་ཆོས་བཀའ་འགའ་ཞིག་གནང༌། སླར་སྐུ་འབུམ་དུ་ཕེབས་ནས་ཁྲིའི་དགོངས་པ་ཞུས་པར་ཐམས་ཅད་ཀྱིས་ད་དུང་རེ་ཞིག་བཞུགས་དགོས་ཞེས་མཎྜལ་དང་བཅས་མགྲིན་


GTD004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གསོལ་བ་ཡང་ཡང་བཏབ་ཀྱང༌། གཞན་ཆོས་སྲིད་ཀྱི་སྐུ་དོན་ཧ་ཅང་རྒྱ་ཆེ་སྟབས་ནན་བསྐྱེད་ནས་དགོངས་པ་ཞུས་ཏེ། སྒོ་མེ་མགོན་ཀྱ་ཞབས་དྲུང་ཁྲིར་བསྐོ་བཞག་མཛད། བརྩི་བཞག་མཚམས་སྦྱར་གྱི་ཉིན་འཛིན་གྲྭ་སོ་སོ་ལ་བརྩི་བཞག་གི་མཇུག་ཏུ་ཚིག་བཀྲ་མི་འདྲ་བ་ཡིད་འཁུལ་ངེས་རེ་གནང་བས་ཐམས་ཅད་སྐྱོ་ཤས་དང་དད་གུས་འགྲན་པ་བཞིན་དུ་གྱུར། ཚོགས་ཆེན་དུ་དངུལ་སྲང་སྟོང་ཕྲག་གཅིག་གིས་མང་འགྱེད་དང༌། བཤད་སྒྲུབ་གླིང་ལ་ཟུར་དུ་གྲྭ་ཇའི་ཐོག་དོང་ཙེ་ཁྲོན་རེའི་འགྱེད་གནང༌། ཚུར་ཕེབས་སྐབས་ཚང་མས་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་ཕེབས་སྐྱེལ་ཞུས་ཤིང༌། དར་འབོད་སོགས་ཀྱིས་རྟེན་འབྲེལ་བསྒྲིགས། དེ་ནས་གྲྭ་མང་ཕྱིར་ཐེགས་སུ་བཅུག་སྟེ། སྤྱི་དགེ་གཉེར་སོགས་རྟ་པ་བརྒྱ་ཕྲག་གིས་ཉིན་སྐོར་དང༌། གཟིམས་ཁང་གོང་གི་ཞབས་དྲུང་དང༌། སྨན་པ་དཔོན་སློབ་ངོ་གཡོག་རྣམས་ཀྱིས་གདན་ས་བར་དུ་ཆིབས་སྐྱེལ་ཞུས། ལམ་བར་ནས་བྱ་ཁྱུང་སྤྱི་སོས་ཐབ་བསུ་ཕུལ། བྲག་ལུང་དགོན་པའི་དགེ་འདུན་རྣམས་དང༌། ལམ་གྱི་སྡེ་པ་སོ་སོས་ཐབ་བསུ་ཞུས་པ་རྣམས་ལ་འདོད་ཆོས་དང་བྱིན་རླབས་ཀྱིས་རེ་བ་སྐོང་བཞིན་པའི་མུ་ནས་གདན་སར་བབས། རྗེ་བདག་ཉིད་ཆེན་པོའི་གོས་བེར་གདན་དྲངས་པར་སེར་སྦྲེང་བྱེད་བཅུག་སྟེ་འདུ་ཁང་ཆེན་མོའི་ནང་ནས་ཁྲུས་གསོལ་མཛད་ཅིང༌། གྲྭ་མང་ལ་མཇལ་ཁ་བཏང༌། ཨུརྒེ་ནས་ཆིང་ཝང་ཡང་ཕེབས་པས་མཆོད་ཡོན་ཞལ་འཛོམ་སྟེ། ཉིན་ལྟར་ལུགས་གཉིས་ཟུང་དང་འབྲེལ་བའི་བཀའ་མཆིད་འཕེལ། རྒྱ་སྒྱུ་མ་མཁན་ཞིག་


GTD004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་འོང་བ་དེ་ལ་སྒྱུ་མ་སྣ་ཚོགས་སྤྲུལ་ནས་གྲྭ་མང་དང་ཝང་འཁོར་བཅས་ལ་སྟོན་དུ་བཅུག་སྟེ། དེ་དག་ཀྱང་ཡོན་གྱིས་མགུ་བར་མཛད། འདི་ཡང་བྱིས་པའི་རྩེད་མོ་ལྟར་བཞད་གད་ཀྱི་ཆེད་ཙམ་མ་ཡིན་ཏེ། དཔེ་ཆོས་སོགས་ནས་འབྱུང་བ་ལྟར་འདི་འདྲ་ལ་བརྟེན་ནས་འཁོར་བར་ཞེན་ལོག་སྐྱེ་བ་ཡང་ཡོད་ལ། མདོ་སྡེ་རྒྱན་སོགས་སེམས་ཙམ་གྱི་གཞུང་དང༌། རྩ་ཤེ་སོགས་དབུ་མའི་གཞུང་ནས་སྒྱུ་མ་དཔེར་བྱས་པ་ཤིན་ཏུ་མང་བས་གྲུབ་མཐའ་གང་གི་ལུགས་ཀྱི་བདག་མེད་གཏན་ལ་འབེབས་པ་ལ་ཡང་འདི་ཉིད་འཆར་སླ་ཞིང་གོ་བ་བསྐྱེད་ནུས་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས་དེ་འདྲའི་བག་ཆགས་རེ་འཇོག་ཨེ་ཐུབ་དགོངས་པ་ནི་དགོས་པའི་གཙོ་བོ་ཡིན་ཞིང༌། འཇིག་རྟེན་ལུགས་ཀྱི་ས་རྒྱ་ཆེ་ཆུང་ཟེར་བ་ཡང་ལུང་པའི་ཁད་ཡངས་དོག་ལ་ཟེར་བ་མིན་གྱི། མཆོག་དམན་མང་པོའི་སྤྱོད་ཚུལ་སྣ་ཚོགས་རིག་མཐོང་ཡོད་མེད་ལ་ཟེར་བས་མ་མཐའ་དེ་ཙམ་གྱིས་ཀྱང་བློ་རྒྱ་ཆེ་རུ་ཨེ་འགྲོ་དགོངས་ཏེ་སྒོ་དུ་མ་ནས་ཕན་པ་སྒྲུབ་པའི་ཐབས་མཁས་ཡིན་པ་ཤེས་པར་གྱིས། སྟོན་མཇུག་དམུ་དགེ་ནས་ཀུན་མཁྱེན་གོང་མའི་དངོས་སློབ་ཧ་མཐའ་སྐུ་སྐྱེ་ཞི་བར་གཤེགས་པའི་དོན་དུ་གདན་འདྲེན་པ་འོངས་ནས་དེར་ཆིབས་བསྐྱོད། ལམ་ནས་ཐོར་གོད་ཇ་སག་ཚེ་བརྟན་རྡོ་རྗེ་དུས་ཆོས་སུ་གྱུར་པའི་སར་སྤྱན་དྲངས་པ་ལ་བསྔོ་སྨོན་གྱིས་མཚམས་སྦྱོར་མཛད། རིམ་གྱིས་མཛོ་དགེ་བརྒྱུད་ནས་ཕེབས་པར། མཛོ་དགེའི་དཔོན་ཁག་རྣམས་ཀྱིས་འདི་ལོ་མགོ་ལོག་གི་ཇག་པ་ཤིན་ཏུ་རྒོད་པར་འདུག་པས་ཁོང་ཚོས་དམག་ཐོག་ནས་སྐྱེལ་ཞུས་ཀྱང་མ་གསན་པར་བྱོན། མགོ་ལོག་གི་ཇག་པ་བརྒྱ་སྐོར་ཞིག་གིས་ཧོ་ཤི་


GTD004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མ་ཐམས་ཅད་བླངས་ཏེ། གུང་འབབ་བྱས་ནས་ཡོད་སྐབས་སྤྱང་ཀི་གཉིས་ཉེ་འཁོར་དུ་འོངས་ཏེ་ངུ་ཟུག་བྱེད་པ་དང༌། བྱ་རོག་གཉིས་གཤོག་འཛིངས་བྱེད་བཞིན་པར་འོངས་ཏེ་གཤོག་ལྕག་གིས་བརྡབས་ནས་བསྐོལ་ཇ་ཐང་ལ་འཕོ་བས། རྣམ་རྟོག་དང་འཇིགས་སྐྲག་ཆེན་པོ་སྐྱེས་ཏེ་ཚུར་འོང་བ་ན། རྗེ་ཉིད་རྗེས་ནས་ཕེབས་པ་དང་དཀྱིལ་འཁོར་སུམ་སྣ་ཟེར་བར་ཐུག་པས་སྐུ་ཞབས་འཇམ་དབྱངས་བཞད་པ་ཡིན་ཚུལ་གྱི་ལོ་རྒྱུས་བཤད་ཅིང༌། ཞལ་མཐོང་བ་ཙམ་གྱིས་ཐམས་ཅད་བློ་འགྱུར་ཏེ་ས་ལ་བབས་ནས་གུས་འདུད་ལྷུར་བླངས། སྔར་བླངས་པའི་ཧོ་ཤིའི་ཡོ་བྱད་ཁབ་སྐུད་པ་ཙམ་ཡང་མ་གྲོན་པར་ཕྱིར་སྤྲད་པའི་སྟེང་དུ་ལག་ཆ་འགའ་ཞིག་ཕུལ་ཏེ་བཤགས་པ་བྱས། ཆོས་འབྲེལ་ཞིག་ཅི་ནས་ཀྱང་ཐུགས་རྗེས་གཟིགས་དགོས་ཞེས་གསོལ་བ་བཏབ་པར། སྒྲོལ་མའི་རྗེས་གནང་ཞིག་སྩལ། དེ་ནས་སྐྱ་བ་ནག་ཚང་སོ་སོ་ནས་གདན་དྲངས་པའི་རེ་བ་བསྐང་སྟེ་རིམ་གྱིས་དམུ་དགེར་ཕྱག་ཕེབས། ཞི་བར་གཤེགས་པ་དེ་ཉིད་ཀྱི་དགོངས་པ་རྫོགས་པའི་ཐབས་སུ་མཆོག་ཁྲུས་དང་བསྔོ་སྨོན་སོགས་ཀྱིས་མཚམས་སྦྱོར་གནད་སྨིན་བཀའ་དྲིན་བསྐྱངས། དེ་ཀའི་བླ་སྡེ་སོ་སོ་ནས་ཀྱང་གདན་དྲངས་ཏེ་བསྙེན་བཀུར་བསྟབས། ཚ་ཁོ་སོ་མང་རྒྱལ་མོས་འཚམས་ཞུས་དང༌། གདན་སར་ཕེབས་རྒྱུ་ཅུང་ཟད་ཕྱིར་བཤོལ་ནས་ངོས་སྐུ་མདུན་དུ་མཇལ་བར་འོང་ཆོག་པ་དགོས་ཚུལ་གྱིས་གསོལ་བ་བཏབ་པར་ཞལ་གྱིས་བཞེས། ཟུང་ཆུ་ནས་ཁྲིམས་བླ་དཔོན་གཉིས་ཀྱིས་གདན་དྲངས་པར་བྱོན་ཏེ་ཐུགས་རྗེ་ཆེན་པོའི་དབང་སོགས་དམ་


GTD004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཀྱི་ཆར་ཕབ། དེ་ཕྱོགས་ཀྱི་དགེ་ལུགས་དགོན་ཁག་མང་པོས་སྤྱན་དྲངས་པ་ཐམས་ཅད་ཀྱང་གསུང་གི་བདུད་རྩིས་ཚིམ་པར་མཛད། ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མ་ལ་ཕྱག་དབང་དང་གཟུངས་སྔགས་ཟབ་མོའི་ལུང་སོགས་སྩལ་ཏེ་མཐོང་ཐོས་དྲན་རེག་གི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་དག་སོ་སོས་ཀྱང་རང་ནུས་ཅི་ཡོད་ཀྱིས་བསུ་སྐྱེལ་འབུལ་ནོད་སོགས་བསྙེན་བཀུར་ཤིན་ཏུ་གཟབས། དེ་ནས་སླར་དམུ་དགེ་དགོན་དུ་ཕེབས་ཏེ་དགུང་ལོ་ཞེ་གཉིས་པ་ས་མོ་གླང་གི་ལོ་གསར་མཛད། ཚ་ཁོ་སོ་མང་རྒྱལ་མོ་སྒྲོལ་མ་མཚོ་ངོ་གཡོག་སུམ་བརྒྱ་སྐོར་ཡང་དེར་འབྱོར་ཏེ་ཚེས་བཅུ་གཉིས་ཀྱི་ཉིན་རྒྱལ་མོ་རང་ཉིད་ནས། སྤྱིར་བསྟན་པ་དར་ཚུལ། རང་གི་གོང་མ་རྣམས་ཀྱིས་ཀྱང་དེ་ལ་སྲི་ཞུ་བྱས་ཚུལ། ད་རེས་སྐྱབས་མགོན་ཉིད་ནས་ཀྱང་ཆོས་ཀྱི་བདུད་རྩི་སྩོལ་ཞིང་ཞབས་པད་བརྟན་པར་བཞུགས་དགོས་ཚུལ་སོགས་བཤད་པ་ཤིན་ཏུ་རྒྱས་པ་ཚིགས་བཅད་དུ་བསྡེབས་པ་ནི། ཟབ་ཅིང་རྒྱ་ཆེ་ཐམས་ཅད་མཁྱེན་པའི་ཆོས། །མ་ལུས་བདུད་རྩིར་འཛགས་པ་ཟླ་བའི་རིགས། །རིས་མེད་ཀུན་ལ་སྙོམས་པའི་སྤྱོད་ཚུལ་གྱིས། །འཕགས་པ་རིགས་བརྒྱའི་ཅོད་པཎ་ཞབས་པདྨོར། །དད་དང་གུས་པ་ཆེན་པོའི་རང་བཞིན་གྱིས། །སྒོ་གསུམ་སྙིང་ནས་ཕུལ་བའི་གསོལ་འབྲས་ལ། །བཀའ་ལུང་རྫོགས་ལྡན་སྤྲིན་གྱི་རྩེ་དགའ་ཡིས། །ཆོས་ཆར་བཞེད་དགུར་ཕབ་པའི་སྙན་གྲགས་ཀྱིས། །ཞེས་སོགས་སྙན་ཅིང་འབྲེལ་ཆགས་པའི་ཞུ་བ་ཕུལ་ཏེ་གསོལ་བ་བཏབ་པར་དབང་ལུང་རྗེས་གནང་སོགས་ཇི་ལྟར་འདོད་པ་བཞིན་གྱི་རེ་བ་འབྲས་ལྡན་དུ་མཛད། དངུལ་གྱི་མཎྜལ་


GTD004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་མཚར། དུང་དཀར་དངུལ་གཤོག་མ་ཆ་འགྲིག་སོགས་ཁྱད་ནོར་དུ་མ་དང༌། གཞན་ཡང་དངུལ་གོས་དར་འཐག་རས་སྣ་ཚོགས་གཅན་གཟན་གྱི་པགས་པ་དུ་མ་སོགས་འབུལ་བ་སྤམ་མཐོ་བ་ཕུལ། རྒྱལ་མོ་འདི་བུད་མེད་ཀྱི་ལུས་ལ་བླང་དོར་འབྱེད་པའི་བློ་གྲོས་དང་ལྡན་ཞིང༌། དཀོན་མཆོག་ལ་དད་གུས་འགྱུར་བ་མེད་པ། རང་བཞིན་བརྟན་ཅིང་དགེ་བཅུའི་བཀའ་ཁྲིམས་སྐྱོང་མཁས་པས། གོང་མ་བདག་པོ་ཆེན་པོས་ཀྱང་ཚད་མེད་པའི་བདག་རྐྱེན་སྔར་མ་གྲགས་པ་ལྟ་བུ་གནང་སྟེ། ལུགས་གཉིས་ཀ་ནས་དེང་དུས་ཀྱི་དཔོན་རིགས་ཕལ་མོ་ཆེ་ཟིལ་གྱིས་གནོན་ནུས་པ་ཞིག་ཡིན་པར་སྣང༌། རྟ་ཐོག་ནས་གར་འཁྲབ་པ་སོགས་ཚ་ཁོ་ཡུལ་ལུགས་ཀྱི་གཟིགས་མོ་དུ་མ་ཡང་སྤྱན་ལམ་དུ་བསྟར་ཞིང་སེང་གེ་གཉིས་རྫི་བོ་གཅིག་དང་བཅས་པའི་འཆམ་ཆས་ཆ་འགྲིག་སྤུས་གཙང་ཞིག་ཕུལ། གྲྭ་རྒྱུན་ལྔ་ཡང་ཕུལ་ཏེ་དེ་ཕྱིན་གདན་ས་ཆེན་པོ་འདི་ཀའི་སྦྱིན་བདག་གི་གཙོ་བོ་ཞིག་ཏུ་གྱུར། དམུ་དགེ་དགོན་པའི་སྦྱིན་བདག་བྱེད་དགོས་ཀྱི་བཀའ་ཕེབས་པ་ཡང་དང་དུ་བླངས། དེ་ནས་ཕྱིར་ཆིབས་ཁ་བསྒྱུར་བར་དམུ་དགེའི་བླ་སྡེ་ཁག་དང༌། སོ་མང་རྒྱལ་མོ་ངོ་གཡོག་རྣམས་ཀྱིས་ཕེབས་སྐྱེལ་ཞུས། ལམ་ཁར་མཛོ་དགེ་སྟོད་དུ་པཎ་ཆེན་གྱི་སྐུ་ཚབ་ཏུ་བཀྲ་ཤིས་ལྷུན་པོའི་འཆམ་ཕྱག་ལེན་སོགས་ལ་སྦྱངས་པའི་ཚོགས་གསོག་པ་ཞིག་འོང་ཡོད་པ་དེར། པཎ་ཆེན་མཆོག་ནས་བཀྲ་ཤིས་འཁྱིལ་དུ་འདི་ཀའི་ཕྱག་ལེན་ལྟར་གྱི་འཆམ་ལྕགས་མཁར་སོགས་ཚུགས་དགོས་པས་ཁྱོད་ཀྱིས་དེར་ཚུལ་ལྡན་ཞིག་སློབས་གསུང་ཚུལ་ཞུས་པར་ཤིན་ཏུ་དགྱེས་ཏེ་མ་འགྱངས་པར་འོང་དགོས་པའི་བཀའ་ནན་


GTD004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། དེ་ནས་རིམ་གྱིས་གདན་སར་ཕེབས་སྐབས། ཤུལ་ནས་ཉིད་ཀྱི་ཁུ་བོ་ཆོས་རྗེ་སྐུ་ན་སྨིན་ཏེ་གཤེགས་སོང་བ་ལ་འཇིག་རྟེན་དང་སྒོ་བསྟུན་ནས་ཤིན་ཏུ་སྐྱོ་བའི་ཚུལ་མཛད། དེ་ཉིད་ཀྱི་དགོངས་རྫོགས་སུ་ཚོགས་ཆེན་ལ་ཉིན་བདུན་གྱི་རིང་མ་ཎི་བསྒྲུབ་པར་མང་འགྱེད་གྱ་ནོམ་པ་སྩལ། སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་ཡང་གདན་དྲངས་ཏེ་བསྔོ་རྟེན་རྒྱ་ཆེ་ཞིང་དངོས་གཙང་བ་ཕུལ། ཁོང་ལ་ཐོས་བསམ་གླིང་གི་ཆོས་གྲྭར་བཞུགས་ན་ལེགས་ཚུལ་བསླབ་སྟོན་གནང་སྟེ་བསྡུས་ཆེན་ནས་ཞུགས། ལྷ་སྲས་ཆིང་ཝང་དང་དཔོན་པེའི་སི་རྣམ་གཉིས་ཀྱང་ཕེབས་ཏེ་མཆོད་ཡོན་ཞལ་འཛོམ་པའི་ནང་ལུགས་ཀྱི་བཀའ་གྲོས་ཞིབ་རྒྱས་གནང༌། ཧོར་ཟླ་གསུམ་པའི་བཅུ་གསུམ་ལ་མགོན་ཁང་དུ་ཕེབས་ཏེ་བསྐང་གསོ་གནང་བར། རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང༌། དེ་གྲོལ་ནས་ཚོགས་འདུ་ལ་སྔར་དགོན་ལུང་དུ་ལྕང་སྐྱ་རྡོ་རྗེ་འཆང་ལ། མི་ཏྲའི་དབང་ཞིག་གསན་འདུན་ཆེ་ཚུལ་ཞུས་པར། མཚན་སྒྲོགས་མཁན་པོས་ཁྲི་ཆེན་སྤྲུལ་སྐུའི་མདུན་ནས་གསན་ནས་ཡོད་པས་ཁོང་ལ་ཞུས་ན་ལེགས་གསུངས་ཡོད་པ་ལྟར་མི་ཏྲའི་དབང་དང༌། རྡོ་རྗེ་འཆང་ཉིད་ལ་ཡང་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཞུ་རྒྱུ་རི་བོ་རྩེ་ལྔའི་གནས་མཇལ་བཅས་ཀྱི་ཆེད་དུ། སྨད་ཕྱོགས་སུ་ཕེབས་རྒྱུའི་བཀའ་བསྒྱུར་ཏེ་གྲྭ་མང་ནས་བཤོལ་བཏབ་ཀྱང་ཞལ་བཞེས་མ་གནང༌། དེ་ནས་བདུན་གཅིག་བཅད་རྒྱ་དམ་དུ་མཛད་པའི་ཐུན་མཚམས་སུ་མགོན་པོའི་ཞལ་ཐང་གཅིག་གི་ངོས་ལ་ཡུན་རིང་པོར་སྤྱན་གཏད་དེ་གཟིགས་བཞིན་པར་མགོན་པོའི་ཀ་བསྟོད་ཅིག་ལྗགས་རྩོམ་མཛད། འདིའི་ཚེ་གྲུབ་ཆེན་ཤ་བ་རི་དབང་ཕྱུག་གིས་མགོན་པོ་ལ་ཞལ་གཟིགས་པའི་རིམ་པ་དང་མཐུན་པར་བསྟོད་


GTD004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛད་པ་དེ་ཇི་ལྟ་བ་ཞིག་བྱུང་བར་གདོན་མི་ཟ་ཡང༌། སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་དེ། དེ་འདྲའི་ཟུར་ཙམ་ཡང་མི་གསུང༌། དེ་སྐབས་མགོན་པོའི་ཕྱི་རྟེན་འཛུགས་པའི་ཆོ་ག་ཞིག་ཀྱང་གསར་རྩོམ་མཛད་པའི་སྟེང་ནས་ཆིབས་པ་སོགས་ཚེ་ཐར་བཏང། བར་སྐབས་སུ་བདེ་མོ་ཐང་ལ་ཁོར་ཙམ་ཕེབས་དགོས་ཤར་བས་བཞི་པའི་ཚེས་བརྒྱད་ལ་ཕྱིར་བབས། དེའི་ཤུལ་ནས་ཝང་གི་དཔོན་མོ་སྐལ་བཟང་སྒྲོལ་མ་དུས་ཆོས་སུ་གྱུར་པའི་སར་སྤྱན་དྲངས་པར་བསྔོ་སྨོན་གནང༌། དེ་ཡང་རྗེ་ཉིད་ཨ་མཆོག་ཏུ་ཕེབས་ཁར། དཔོན་མོ་སྡོད་གནས་ཀྱི་ཕྱོགས་བཞིར་ཐོ་བཞི་སློང་དུ་བཅུག་སྟེ་ཕྱག་ནས་འཐོར་ཡོད་པ་གེགས་དབང་དང་ཕྱག་ཕྱི་བ་རྣམས་སྤྱོད་ལམ་མ་གཟོ་བར་ཕྱོགས་གཅིག་གི་ཐོ་བསྒྱེལ་བའི་ངོས་དེ་ནས་མཚན་མོ་དམག་བརྒྱུག་པའི་རྨི་ལམ་ཡང་བྱུང་སྟེ་གང་ལྟར་ལས་ཀྱི་རྣམ་པར་སྨིན་པ་ཐོག་ཏུ་བབས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཤཱཀྱའི་བྱིས་པ་གསུམ་སྐྱོབ་མ་ནུས་པ་དང་འདྲ་བས་ལས་འབྲས་འདི་ལ་བག་ཟོན་བྱ་དགོས་སོ། །བཀྲས་ལྷུན་གྱི་ཚོགས་གསོག་པ་དེ་ཡང་འབྱོར་པར། གྲྭ་པ་བཞི་བཅུ་སྐོར་ལ་འཆམ་སློབ་རྒྱུའི་བཀོད་ཁྱབ་དང་གཟིགས་རྟོག་མཛད། རྗེ་ཉིད་ཡུལ་ཐག་རིང་པོར་འབྱོན་རྒྱུའི་གཏམ་ཐོས་ནས་འོངས་པའི་མཇལ་བ་སྟོང་ཕྲག་དུ་མ་ལ་ཕྱག་དབང་དང་འདོད་ཆོས་སྩལ། ཚེས་དགེ་བར་ཚོགས་དབུས་སུ་སྤྱན་དྲངས་ཏེ་ཞབས་བརྟན་ཕུལ་བར། བཀའ་ལན་དུ། ངེད་འཆིང་བ་ཀུན་ལྡན་གྱི་སོ་སྐྱེས་ཤིག་ལ་སྐྱེ་འཆིའི་རང་དབང་ག་ལ་ཡོད་ཀྱང༌། ལྷ་དང་བླ་མའི་ལུང་དང་བསྟུན་ན་ལོ་ཤས་བསྡད་ཆོག་པ་ཡོད། ངེད་རྒྱ་ནག་ཏུ་


GTD004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཤུལ་ནས་ཁྱེད་བླ་གྲྭ་ཀུན་གྱིས་ཆོས་འཆད་ཉན་ལ་རེམ་དགོས། ཞེས་སོགས་ཤ་ཚ་བའི་བསླབ་བྱ་ཞིབ་རྒྱས་གནང༌། དེ་ནས་མཆོད་ཁང་སོ་སོར་མཆོད་འབུལ་དང་བསྟན་འགྲོར་སྨོན་པའི་ཐུགས་བསྐྱེད་རླབས་པོ་ཆེ་མཛད་དེ་ས་ག་ཟླ་བའི་ཚེས་ཉེར་གཉིས་ལ་རི་བོ་རྩེ་ལྔར་ཆིབས་ཀྱི་ཁ་ལོ་བསྒྱུར་བར་མཛད་དོ། །སྨྲས་པ། བུ་རམ་ཤིང་བསྟན་སྔོ་བསངས་སྡེ་ལ་ལོངས་སྤྱོད་མཁྱེན་དང་བརྩེ་བའི་སྤྲིན་ཕྲེང་ཆུ་རིས་ཅན། །ཟབ་ཡངས་ལེགས་བཤད་ལུང་གི་རྔ་སྒྲ་གྲགས་པའི་གདངས་ལྡན་ཁོར་ཡུག་ཁྱབ་པར་དལ་གྱིས་རྒོད། །དྲི་མེད་རིགས་པའི་གློག་ཕྲེང་དྲ་བ་གསེར་མདོག་ན་ཆུང་སྒེག་ཅིང་རོལ་པའི་རྩེ་དགའ་འཛིན། །དེ་ཡི་ངོ་མཚར་སྙིང་ལ་འཕོས་པའི་སྐལ་བཟང་མདོངས་མཐའ་རབ་དགས་མྱོས་པའི་གྲེ་འགྱུར་སྒྲོགས། །ཨེ་མ་ལེགས་བྱས་རྒྱ་མཚོའི་དགའ་ཆར་གྱིས། །གསེར་ལྡན་མ་ར་ཏ་ཀའི་སྟོད་གཡོགས་བཅིངས། །ཕྱོགས་ཀྱི་མཛེས་རྒྱན་པདྨོའི་ཀེ་ས་ར། །སྤྱོད་པའི་ཡང་སློབ་བུང་བས་གླུ་དབྱངས་ལེན། །ཁྱོད་ཐུགས་གངས་ཀྱི་རི་བོ་ལས་འོངས་ཆོས་ཚུལ་ཟད་མི་ཤེས་པའི་གངྒཱ་མ། །ངོ་མཚར་མུ་ཏིག་དོ་ཤལ་ཡིད་འོང་འཛུམ་ལྡན་དེ་ཡི་ཟིལ་མངར་མ་མྱང་ན། །ཚུལ་མཛེས་དྲ་བར་འཛིངས་པ་སྨིག་རྒྱུའི་ཆབ་ཀྱིས་གདུང་བ་སེལ་བར་ནུས་མིན་ཞེས། །བློ་གྲོས་ལག་ལྡན་ཕྱོགས་ཀྱི་གླང་པོ་མ་ལུས་ཁྱོད་ཞབས་བསྟེན་སླད་རིང་ནས་ཆས། །འདོད་རྒྱལ་སྒྲ་ལས་དྲངས་པའི་བསྟན་འཛིན་གྱིས། །མཚན་སྙན་དྲིལ་ཆུང་འཁྲོལ་བ་མང་ན་ཡང༌། །རྒྱལ་བསྟན་ནོར་བུའི་ཤིང་རྟ་འདྲེན་ནུས་པའི། །བཤད་སྒྲུབ་གཉིས་འཐུང་དབང་པོ་ཁྱོད་མིན་སུ། །འཆད་རྩོད་རྩོམ་སོགས་བསྟན་དང་འགྲོ་བའི་དོན། །མ་ལུས་ཁྱོད་ཀྱིས་ཁུར་དུ་བཞེས་པ་ན། །བསྟན་
པ་འཛིན་ཕྱིར་བྱོན་པ་ཕལ་མོ་ཆེ། །མཐོན་པོའི་ཁྲི་སྟེང་བདེ་བའི་གཟིམས་ལ་ཡུར། །མཁས་པ་ཀུན་གྱི་དཔྲལ་བ་ལ། །ཁྱོད་བཀའ་ལས་ཀྱི་རི་མོ་བཞིན། །དེ་དག་ཟུར་ཕུད་ར་རི་ཡིས། །ཞབས་སེན་ཟླ་བའི་འཁྲི་ཤིང་མཛེས། །ཐ་མལ་གཟུགས་སུ་ཤར་བའི་མི་འུ་ཐུང༌། །ཚོགས་གཉིས་གཟི་བྱིན་རྒྱས་པའི་གོམ་སྟབས་ཀྱིས། །ཆོས་ཀྱི་རྒྱལ་སྲིད་ཡངས་པའི་ས་གསུམ་ཁྱོན། །མནན་ཚེ་གྲགས་པའི་ཆུ་གཏེར་མཁའ་ལ་འཕྱུར། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་ཡུལ་མདོ་སྨད་ཀྱི་གདན་ས་ཆེན་པོ་གསུམ་དུ་འཆད་ཉན་མཛད་ཚུལ་གཙོ་བོར་གྱུར་པའི་སྐབས་ཀྱི་སརྒ་སྟེ་བདུན་པའོ།། །།

བརྒྱད་པ་ཤར་ཕྱོགས་ནོར་འཛིན་ཡངས་པོར་ཆིབས་བསྐྱོད་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་ཚུལ་གྱི་སརྒ།


GTD004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་སྲས་མོ་ཆོས་ཀྱི་ཆུ་གཏེར་ལ། །རོལ་པའི་འཇོ་སྒེག་ལང་ཚོའི་བ་དན་དཀར། །ཐུགས་རྗེ་མཐུན་པའི་རླུང་གིས་གཡོ་བ་ཡིས། །བདག་བློ་ལེགས་བཤད་ནོར་བུའི་གླིང་དུ་སྒྲོལ། །དེ་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཚོགས་ཆེན་ཁྲི་ཟུར་བློ་བཟང་སྙན་གྲགས། རྒྱུད་དུས་འཁོར་གྱི་དཔོན་སློབ་གཉིས་དང༌། དུས་འཁོར་སློབ་ཟུར། བླ་མ་དབུ་མཛད། རྡོ་རྗེ་འཛིན་པ་སོགས་རྟ་པ་བརྒྱ་ཕྲག་དུ་མས་ཆིབས་སྐྱེལ་དང་བཅས་ཕེབས་པས་གསེར་ཆེན་ཆུ་ཁ་ནས་སྐྱེལ་མ་མང་ཕྱིར་སློག་སྟེ་ཁྲི་ཆེན་སྤྲུལ་བའི་སྐུ་དང་རྒྱུད་པ་དཔོན་སློབ་རྣམ་གཉིས་སོགས་རྟ་པ་བརྒྱ་ཕྲག་ཙམ་གྱིས་གད་སྐྱའི་བར་དུ་ཆིབས་སྐྱེལ་ཞུས། ཚོགས་ཆེན་ཞལ་ངོ༌། ཚོགས་ཆེན་དབུ་མཛད། རྒན་པ་དྲུག་དང་ནང་ཆེན་སོ་སོའི་སྐུ་ཚབ་རྣམས་རྨ་ཆུའི་ཁ་བར་དུ་


GTD004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན། ཆུ་དམར་ཆེ་བ་ཚང་ནས་ཤེལ་དགོན་དུ་གདན་དྲངས་འཇིགས་བྱེད་དཔའ་གཅིག་གི་དབང་ཞུས་ཏེ་དངོས་འབུལ་བཏེག་ཅིང་བིས་མདོའི་སྒར་བར་སྤྱན་དྲངས་ཏེ། གཡེར་གཤོང་ཆུང་བ་སོགས་བླ་གྲྭ་ཐམས་ཅད་ནས་བསུ་སྐྱེལ་བསྙེན་བཀུར་ཡང་དག་བསྒྲུབས། ཀ་མདོའི་དགོན། རྒྱ་ཀྱའི་དགོན་སོགས་ལམ་ན་ཡོད་པའི་སྡེ་དགོན་ཆེ་ཕྲ་མཐའ་དག་གིས་གུས་འདུད་ལྷུར་བླངས། ལ་དམར་སྟེང་དུ་བྱ་ཁྱུང་གི་གྲྭ་རྣམས་ཀྱིས་ཐབ་བསུ་ཞུས། བིས་སྔོན་དུ་ཞག་ཐོག་སྐུ་འབུམ་རྒྱུད་པའི་བླ་མ་སོགས་ལས་སྣེ་རྣམས་ཆིབས་བསུར་འབྱོར་ཏེ་གདན་འདྲེན་གྱི་ཞུ་བ་ནན་ཏན་ཕུལ་ཀྱང་ཐུགས་བྲེལ་གྱིས་ཕེབས་པ་མ་ཤར་བས། ལམ་ཁར་སྐུ་འབུམ་གྱི་གྲྭ་པ་ཕལ་ཆེར་འོངས་ནས་མཇལ་ཁ་ཞུས། ཐུའུ་བཀྭན་རིན་པོ་ཆེ་ནས་དམར་གཙང་དུ་ཞག་བབས་སོགས་ཀྱི་གྲ་བསྒྲིགས་གནང་བའི་ཐོག་ཏུ་གདན་དྲངས་ཏེ་རྒྱའི་ལུགས་ཀྱི་དབྱར་དགུན་གྱི་ན་བཟའ་ཆ་ཚང༌། ཆིབས་དྲེལ་སྤོས་སྣམ་སོགས་ཕེབས་རྫོངས་གཏོས་ཆེ་བ་ཕུལ། དེར་བཞུགས་ཐོག་དཔོན་པེའི་སི་བཱ་ཐུར་དེའི་ཆིང༌། དཔོན་མོ་ནོར་འཛིན་དབང་མོ། ཆ་གན་ནོ་མིན་ཧན་གྱི་མི་སྣ། ཝང་གི་ཨེལ་ཆི་རྣམས་ཕེབས་སྐྱེལ་དུ་འབྱོར། ཐུའུ་བཀྭན་རིན་པོ་ཆེ་དང་ཡབ་སྲས་གཉིས་ཞག་གཉིས་ལྷན་དུ་བཞུགས་ནས་གསུང་གླེང་དམར་བར་མཛད་ཅིང༌། ཕྱི་ཉིན་ཡང་ས་ཚིགས་གསུམ་གྱི་བར་དུ་ཆིབས་སྐྱེལ་གནང༌། ཧར་ཆེན་ཕྱོགས་ནས་གྲྭ་རྒྱུན་ཉི་ཤུ་སྐོར་ཞིག་བཀྲ་ཤིས་འཁྱིལ་དུ་འོང་བ་རྣམས་ཀྱིས་ལམ་ནས་མཇལ་བར་འཕྲལ་ཡུན་གྱི་བསླབ་སྟོན་ཞིབ་ཏུ་སྩལ། ཏེའི་ཐུང་ཆུའི་ཚུར་ཁར་ཏེའི་ཐུང་དགོན་ཆེན་གྱི་བླ་གྲྭ་


GTD004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕེབས་ནས་ཞབས་བརྟན་གྱི་དངོས་འབུལ་བཏེག་ཅིང༌། ལམ་སྒྲོན་དང༌། བླ་མའི་རྣལ་འབྱོར་སོགས་འདོད་ཆོས་འགའ་ཞིག་ཞུས། གྲྭ་པ་བདུན་ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོགས། ཏེའི་ཐུང་དཔོན་པོ་ཀླུ་སྐྱབས་ཀྱིས་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་བསྒྲུབས་པར་དགྱེས་གཟིགས་གནང༌། དེ་ནས་ཀྲོང་ལིང་བརྒྱུད་དེ་ཕེབས་པར་ཟུང་ཤན་མཁར་གྱི་ཉེ་འདབས་སུ་སྟག་ལུང་དགོན་པའི་བླ་མ་ལས་སྣེ་རྣམས་ཀྱིས་ཐབ་བསུ་དང་དངོས་འབུལ་ཞུས། དཔའ་རི་ཕྱོགས་ཀྱི་མཇལ་བ་མང་དུ་འདུས་པ་ལ་ཕྱག་དབང་སོགས་ཀྱིས་རེ་བ་བསྐང༌། ས་ཡན་ཇང་བརྒྱུད་དེ་ཨ་ལག་ཤའི་ས་ཆར་ཕེབས་པ་ན་ཐོང་གེ་ཐུ་ས་ལག་ཆིས་བསྙེན་བཀུར་གྱ་ནོམ་པ་ཞུས་པར་འདོད་ཆོས་འགའ་ཞིག་སྩལ། དེའི་འུ་ལཱ་སྟེང་ནས་རིམ་གྱིས་ཕེབས་པར་འབྱོར་ལྡན་དུ་མས་བསྙེན་བཀུར་ཞིང༌། དར་རྒྱས་ནོ་མིན་ཧན་གྱིས་ཐབ་བསུ་དང་འབུལ་ནོད་སྤམ་མཐོ་བཏེག །ཨ་ལག་ཤ་ཝང་ནས་འཚམས་ཞུས་དང་ཕྱིར་ལམ་ཕེབས་དགོས་ཀྱི་གསོལ་བ་བཏབ། དེ་ནས་ཨོར་དུ་སུའི་ས་ཆར་ཕེབས་པའི་ཚེ་ཨོ་ཐོག་ཝང་གི་ཤོག་མེ་རིན་ཚེ་རིང་སྐྱབས་སོགས་ཀྱིས་བསྙེན་བཀུར་ཕུ་དུད་ཞུས། ཝང་གིས་ཕུལ་བའི་འུ་ལཱ་སྟེང་ནས་ཕེབས་པར་ཆ་གན་ཞབས་དྲུང༌། ཨོ་ཐོག་ཝང་དོན་གྲུབ་རྒྱ་མཚོ་སོགས་ཆིབས་བསུ་དགེ་འདུན་སྟོང་རྭ་ཅན་གྱི་སེར་སྦྲེང་དང་བཅས། ཨོ་ཐོག་ཝང་གི་དགོན་པ་ཨུལ་ཛུས་ཐུ་སུ་མེར་ཕྱག་ཕེབས། ཝང་ལ་ནཱ་ག་རཀྵའི་རྗེས་གནང་དགེ་འདུན་མང་ལ་གཞི་གསུམ་ཆོ་གའི་ལུང་སྩལ་ཏེ་གཞི་གསུམ་གྱི་ཕྱག་བཞེས་མ་ཉམས་པ་དགོས་པའི་བསླབ་བྱ་མཛད། གཞན་ཡང་ཕྱག་དབང་དང་


GTD004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྲེལ་ཞུ་བ་དང་མི་ཕྱེད་དད་པའི་རོལ་མཚོ་ལས་འོང་བའི་དངོས་འབྱོར་གྱི་འབུལ་བ་འདེགས་མཁན་ཆེས་མང་བ་དབྱར་གྱི་ཆར་སྤྲིན་བཞིན་དུ་འདུས། ཝང་ནས་ཀྱང་གསོལ་སྟོན་དང་སྔ་ཕྱིར་དངུལ་སྲང་སུམ་བརྒྱ། རྟ་དགུ་རྔ་མོང་དགུས་མཚོན་པའི་དངོས་འབུལ་ཕེབས་སྐབས་ཀྱི་འུ་ལཱ་སོགས་གང་ཅིའི་བསྙེན་བཀུར་ཕུལ་དུ་ཕྱིན་པ་བསྒྲུབས་ཏེ་ཙུན་གར་པེའི་སིའི་སྟེང་དུ་ཕེབས། པེའི་སིའི་དགོན་གསར་གྱི་བླ་མ་ལས་སྣེ། པེའི་སི་སོགས་ཀྱི་རྟ་བསུ་ངུར་སྨྲིག་འཆང་བའི་ཚོགས་ཀྱི་སེར་སྦྲེང་སོགས་བཀུར་སྟི་རིམ་གྲོ་བླ་ན་མེད་པས་མཉེས་པར་བྱས། དེར་ཞག་བཞི་བཞུགས་རིང་ཚེ་རྟ་ཟུང་འབྲེལ། འཇམ་དཔལ་ནག་པོ། ཤྲ་མ་ཎ། ཁྱུང་ཁྲ་སོགས་ཀྱི་རྗེས་གནང༌། ས་ལུགས་ཁྱུང་ཁྲའི་ལས་ཚོགས་ཀྱི་ལུང་སོགས་འདོད་ཆོས་གང་ཞུས་ཀྱིས་རེ་བ་བསྐང༌། ཨོར་དུ་སུའི་ཚེ་རིང་ཝང་དང༌། ཨོས་ཤིང་པེའི་སི་གཉིས་ཀྱང་མཇལ་བར་འོངས་ཏེ་དངོས་འབྱོར་གྱིས་མཆོད་སྤྲིན་བསྟར་ནས་ཆོས་འབྲེལ་ཞུས། ཙུན་གར་པེའི་སི་ནས་རི་བོ་རྩེ་ལྔ་བར་དུ་རང་ཉིད་དངོས་ཀྱིས་ཕེབས་སྐྱེལ་དང༌། འུ་ལཱ་སོགས་ཀྱི་མཐུན་རྐྱེན་བསྒྲུབས། རི་བོ་རྩེ་ལྔར་འབྱོར་བའི་སྔ་ཉིན་ལྕང་སྐྱ་རྡོ་རྗེ་འཆང་གི་མགྲོན་གཉེར་རྒྱ་མཚོ་སོགས་བི་མ་ཡན་དུ་ཆིབས་བསུར་སླེབ། ཕྱི་ཉིན་འདན་མ་ཞབས་དྲུང་རིན་པོ་ཆེས་གཙོས་སྐུ་འཁོར་དྲག་རིམ་རི་བོ་རྩེ་ལྔའི་ཇ་སག་བླ་མ་སོགས་རྟ་བསུ་ཕོན་ཆེ་བ་དང༌། ཕུས་ཏིང་གི་གྲྭ་པ་རྣམས་ཀྱི་སེར་སྦྲེང་བཀོད་པ་ཕུན་སུམ་ཚོགས་པས་མདུན་བསུས་ཏེ་དགོན་པར་ཕེབས། དེའི་ཚེ་ལྕང་སྐྱ་ཐམས་ཅད་མཁྱེན་པ་བཅད་རྒྱ་ཤིན་ཏུ་དམ་པོར་བཞུགས་སྐབས་ཡིན་པས་རྗེ་ཉིད་གཅིག་པུར་དངོས་མཇལ་མཛད་ཅིང་ལུགས་གཉིས་དང་འབྲེལ་བའི་ནང་སྦྱར་གྱི་


GTD004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གླེང་ཤིན་ཏུ་འཕེལ། སྐུ་མཚམས་ཀྱི་ཁོང་དེར་རྗེ་ཉིད་ནས་ཞབས་བརྟན་ཕུལ་ཞིང༌། དངུལ་སྲང་ལྔ་བརྒྱ་ཕྲུག་ཐེར་དུ་མ་སོགས་སྐྱེས་ཀྱི་ཚུལ་དུ་ཕུལ། ཟླ་བ་བདུན་པའི་ནང་དུ་རི་བོ་རྩེ་ལྔའི་གནས་སྐོར་ལ་ཕེབས་པའི་ཚེ་མཐོང་སྣང་ཕུག་པར་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཤིག་གཟིགས་པར་དངོས་སུ་གསུངས་ཤིང༌། གཞན་ཡང་གཟིགས་སྣང་ཁྱད་པར་ཅན་མང་པོ་བྱུང་ཚོད་དུ་འདུག་ཅེས་གཟུར་གནས་འགའ་ཞིག་གླེང༌། དེ་ནས་སངས་རྒྱས་རབས་བདུན་གྱི་ལྷ་ཁང་དུ་བདུན་ཕྲག་གཉིས་ཀྱི་རིང་སྐུ་མཚམས་གནང་སྟེ་ཐུགས་དམ་ལ་གཞོལ་བའི་ཚེ་རྟེན་གཏོར་ལ་སྤུ་གསེར་གྱི་ཁ་དོག་ལྟ་བུ་རིང་པོ་ཞིག་སྐྱེས་པ་ཀུན་གྱིས་མཐོང་སྟེ་ཡ་མཚན་དུ་གྱུར་པ་ནི་འཕྲིན་ལས་ཕྱོགས་མཐར་རྒྱས་པའི་དངོས་གྲུབ་ཀྱི་རྟགས་ཤིག་ཡིན་ནམ་སྙམ། དེར་ལྕང་སྐྱ་ཐམས་ཅད་མཁྱེན་པའི་གསོལ་དཔོན་ནམ་མཁའ་སོགས་འགའ་ཞིག་གིས་ཞུས་ངོར་ལྕང་སྐྱ་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ལྟ་བའི་གསུང་མགུར་དོན་ཤིན་ཏུ་ཟབ་ཅིང་བརླིང་ལ་རྒྱ་ཆེ་བ་གསུང་ཟིན་ཡོངས་གྲགས་དང་མི་མཐུན་པའི་རྒྱུད་ཚིག་ལྟ་བུ། དེང་དུས་ཀྱི་མཁས་པར་རློམ་པ་སུས་ཀྱང་བློས་རང་རྩལ་ལ་བརྟེན་ནས་དཔོག་པར་མི་ནུས་པ་དེ་ཉིད་ལ་འགྲེལ་པ་ཚིག་གི་སྒྲོན་མེ་ཞེས་འཕགས་ཡུལ་གྱི་གྲུབ་མཐའ་བཞི་དང༌། བོད་ཀྱི་ས་རྙིང་དཀར་འབྲུག་སོ་སོའི་ལྟ་བའི་གནད་མ་ལུས་པ་སྐྱུ་རུ་རའི་འབྲས་བུ་བཞིན་དུ་མ་འདྲེས་པར་རྗེན་པར་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་ལྗགས་རྩོམ་མཛད། རྗེས་ནས་གསོལ་དཔོན་ནམ་མཁའ་སོགས་ཀྱིས་རྡོ་རྗེ་འཆང་ཆེན་པོར་གཟིགས་འབུལ་


GTD004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའི་ཚེ་འཇམ་དབྱངས་བཞད་པ་ཚང་ལ་ལྡེ་མཐུན་ཞིག་ཡོད་པ་ཡིན་འདུག་གསུངས་པ་གནས་སྐབས་ཉམས་མཚར་ལྟ་བུ་ལ་ལེགས་པར་བརྟགས་ན་གསུང་དེ་ཤིན་ཏུ་ཟབ་ཅིང༌། དེར་མ་ཟད་འགྲེལ་པ་རྩོམ་སྐབས་དེ་ལ་ཉེ་བར་མཁོ་བའི་ཕྱག་དཔེ་གཅིག་ཀྱང་མ་འབྱོར་བཞིན་དུ་ཐུགས་ནས་དེ་ཙམ་ཐོན་པ་གསུང་རབ་མཐའ་དག་ལ་ནང་བྱན་ཚུད་པའི་རྟགས་སུ་འདུག་ཅེས་ཤིན་ཏུ་དགྱེས་པའི་བསྔགས་བརྗོད་མཛད། སྒོ་མང་དཔོན་སློབ་སྐལ་བཟང་དངོས་གྲུབ་པའི་ཞལ་ནས་ཀྱང་འགྲེལ་པ་འདིས་གསུང་མགུར་ཉུང་ངུ་དེ་གཞུང་རྒྱ་ཆེན་པོ་ཞིག་ཏུ་བྱས་འདུག་གསུངས་པ་བདག་གིས་དངོས་སུ་ཐོས་ཏེ་མཁས་པ་རྣམ་དཔྱོད་ཅན་གྱི་གསུང་དུ་སྣང༌། ཕྱིས་སུ་རྙིང་མའི་འཆལ་པོ་ཞིག་གིས་རྩ་འགྲེལ་འདི་དག་ལ་དགག་པ་ཞིག་བརྩམས་འདུག་ཟེར་བ་ཐོས་ནས་དང་པོར་དགག་ལན་ཞིག་བྱེད་འདོད་ཀྱང༌། རྗེས་སོར་དེའི་དཔེ་ཞིག་མཐོང་བར་ནང་དུ་ཕྱོགས་སྔའི་ཁས་ལེན་ལ་གནོད་བྱེད་དང་ཁོ་རང་གི་འདོད་པའི་རྒྱབ་རྟེན་དུ་འགྲོ་བའི་ལུང་རིགས་གཅིག་ཀྱང་མེད་པར་མ་ཟད། ཐ་ན་ཕྱོགས་སྔའི་འདོད་ཚུལ་གྱི་དངོས་ཟིན་ཙམ་ཡང་དཔྱིས་ཕྱིན་ཞིག་སྐྱོར་མ་ཐུབ་འདུག་ནའང༌། ཀུན་སློང་ངན་པའི་གདོན་གྱིས་སྙིང་རྩ་དཀྲུགས་ཏེ་འཆལ་གཏམ་ཁ་ནས་གང་ཐོན་དུ་སྨྲས་པའི་སྨྱོན་ཚིག་འབའ་ཞིག་ཏུ་སྣང་བས། དཔལ་ཆོས་ཀྱི་གྲགས་པས། ལན་ནི་འབྲེལ་མེད་བཞད་གད་དོ། །ཞེས་གསུངས་པ་ལྟར་ཁྲེལ་དགོད་བྱ་བའི་ཡུལ་ཡིན་གྱི། རིགས་ལམ་དང་འབྲེལ་བའི་དགག་ལན་གྱི་འོས་མིན་པར་མཐོང་ནས། རྩོམ་པའི་ངལ་བ་མ་བྱས་ཏེ། ཁོ་རང་གི་དཔེ་ལྟར་གཞུང་ཐོག་ཏུ་མ་འབྲེལ་བའི་ཚིག་རྩུབ་མང་པོ་ཞིག་


GTD004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཀྱང་སྣག་ཤོག་གི་གྲོན་ལས་མེད་ལ། རྩ་འགྲེལ་འདི་རྣམས་ཀྱི་དགོངས་དོན་དྲི་མ་མེད་པའི་རིགས་པའི་རྒྱབ་རྟེན་དང་བཅས་ཚུལ། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དང་ངེས་དོན་གྱི་མདོ་སྡེ་མཐའ་དག་གུང་བསྒྲིགས་ནས་བཤད་དུ་ཡོད་མོད་ཀྱང༌། ཕྱོགས་ལྷུང་དང་མ་རིག་པའི་ལིང་ཏོག་གིས་བློ་མིག་ཡོངས་སུ་བསྒྲིབས་པའི་བླུན་པོ་འདི་ལྟ་བུ་ལ། བཤད་ཀྱང་དོན་དུ་མི་འགྱུར་བར་མ་ཟད་ཕུང་ཀྲོལ་གྱི་གཞི་ཆེན་པོར་འགྱུར་བ་ཆོས་ཉིད་ཡིན་ཏེ། འདི་འདྲ་ལ་དགོངས་ནས་དབུ་མའི་གཞུང་ལས། ལག་འགྲོ་འོ་མ་འཐུང་བ་ལས། །དུག་འཕེལ་འགྱུར་བ་འབའ་ཞིག་གོ །ཞེས་གསུངས་ཤིང༌། ཤེས་རབ་བརྒྱ་པ་ལས་ཀྱང༌། གང་ལ་རང་གི་ཤེས་རབ་མེད། །དེ་ལ་བསྟན་བཅོས་ཅི་བྱར་ཡོད། །མིག་གཉིས་དང་ནི་བྲལ་བ་ལ། །མེ་ལོང་གིས་ནི་ཅི་ཞིག་བྱ། །སྦྲུལ་ལ་འོ་མ་བླུད་པ་ནི། །དུག་འཕེལ་འགྱུར་བ་ཁོ་ནར་ཟད། །ངན་པ་རྣམས་ལ་གདམས་པ་ཡང༌། །ཚིག་པ་ཟ་འགྱུར་ཞི་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །འོན་ཏེ་རྒྱུ་མཚན་ཅུང་ཟད་ཀྱང་མེད་པའི་ཅོལ་གཏམ་འདི་ལྟ་བུ་ལ་ཡང་རི་བོང་ཅལ་གྱི་དཔེ་བཞིན་རིགས་མཐུན་གྱི་རྨོངས་པ་རྣམས་མངོན་པར་དགའ་བས་ལེགས་བཤད་ཟབ་མོར་འཛིན་ཅིང༌། མཁས་པ་དང་མཁས་པའི་ལེགས་བཤད་ལ་དགྲར་ལྟ་བ་ནི་སྤྱིར་སྙིགས་མའི་རང་མཚང་དང༌། ཁྱད་པར་དུ་རང་ཉིད་ཟབ་མོའི་གནས་ལ་རྨོངས་པའི་དེ་ཉིད་གསལ་བར་ངོམ་པའི་མཚན་མ་ཡིན་ཏེ། ཤེས་རབ་སྡོང་བུ་ལས། བླུན་པོས་བླུན་པོ་མཐོང་གྱུར་ན། །ཙན་དན་བས་ཀྱང་བསིལ་བར་བྱེད། །གལ་


GTD004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མཁས་པ་མཐོང་གྱུར་ན། །ཕ་གསོད་པ་ནི་ལྟ་བུར་སེམས། །ཞེས་ཇི་སྐད་འབྱུང་བ་བཞིན་ནོ། །སེམས་ཀྱི་རྡོ་རྗེའི་རང་མདངས་ལྟ་བའི་གླུ། །རོལ་པའི་རྡོ་རྗེའི་ཐུགས་བཅུད་གདམས་པ་མཆོག །ཟབ་བརླིང་རྡོ་རྗེའི་ཚིག་གི་དགོངས་པའི་དོན། །མི་ཕྱེད་རྡོ་རྗེའི་རང་བཞིན་རྟོགས་དཀའ་བ། །ཇི་བཞིན་འགྲེལ་བའི་ལེགས་བཤད་གདོང་ལྔའི་དབྱངས། །བསྒྲགས་ཚེ་བདུད་ཀྱི་གཉེན་གྱུར་རི་དྭགས་མོ། །སྡང་ཞུགས་སྨོད་པའི་ཚིག་གི་ལྗན་ལྗིན་བཅས། །རང་མཚང་རྨོངས་པའི་མངལ་ཁུར་ས་ལ་ལྷུང༌། །མཁས་པའི་ལེགས་བཤད་ཉིད་ལ་འཕྲོས་བླངས་ཏེ། །མཁས་པས་སྨད་པའི་ཚིག་ངན་འབའ་ཞིག་གིས། །མཁས་པའི་གཞུང་དང་རང་ཉིད་སུན་འབྱིན་པའི། །མཁས་རློམ་གང་དེ་ལིང་ཏོག་འདྲ་བར་གསུངས། །ཀྱེ་མ་ཕྱོགས་འཛིན་ཆང་གིས་མྱོས་པས་འཆད་རྩོད་རྩོམ་པའི་མིག་ཟུམ་སྟེ། །སྡང་བའི་སྣ་ཞགས་བརྐྱངས་ནས་ལྟ་ངན་ནགས་སུ་རྒྱུ་བའི་གླང་པོ་ཆེ། །དྲན་ཤེས་ལྕགས་ཀྱུ་ལས་འདས་ཆོས་མིན་དགའ་མར་རོལ་པ་དེ་ལ་ཡང༌། །རྨོངས་པའི་འཁོར་ཚོགས་བུང་བའི་ཕྲེང་དཀྲིགས་བསྟོད་དབྱངས་སྙན་སྒྲོགས་ཀྱེ་མ་མཚར། །འོན་ཀྱང་འོས་དང་མི་འོས་དམན་མཆོག་གི །སྐྱེ་བའི་རིམ་པ་ཅི་ཡང་སྲིད་པའི་ཕྱིར། །རྒྱ་མཚོའི་སྐ་རགས་འཆིང་བའི་ས་ཆེན་འདི། །འབྱུང་པོ་འཛིན་པ་ཞེས་བྱར་ཀུན་ཏུ་གྲགས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བརྒྱད་པའི་ཚེས་ལ་ལྕང་སྐྱ་རྡོ་རྗེ་འཆང་སྐུ་མཚམས་གྲོལ་ཏེ་རྗེ་ཉིད་ནས་གསོལ་བ་བཏབ་པ་བཞིན་དུ་ཞབས་འབྲིང་རྣམས་དང་བཅས་བདེ་ལམ་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ་སོགས་དང༌། ཉིད་གཅིག་པུར་ཟབ་ཆོས་འགའ་ཞིག་སྩལ། དེ་སྐབས་རི་


GTD004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀུན་ཏུ་བདེ་བའི་ཚལ་གྱི་འདུ་ཁང་དང་རྟེན་བཞེངས་གསར་པ་རྣམས་ལ་ལྕང་སྐྱ་རྡོ་རྗེ་འཆང་དང་རྗེ་ཉིད་ཡབ་སྲས་ཀྱིས་ལྷན་དུ་སྤྱན་དབྱེའི་ཆོ་ག་རྒྱས་པར་གནང༌། ཡབ་སྲས་གཉིས་གསུང་འཕྲོས་ཀྱི་ཚེ། རྡོ་རྗེ་འཆང་ནས་ད་ལན་ཁྱེད་ཀྱིས་རྒྱལ་པོ་ལ་ངེས་པར་འཚམས་ཞུས་ཤིག་བྱེད་དགོས་གསུངས་པར། གཟུགས་གཞི་སོགས་གང་ས་ནས་དེ་འདྲ་མི་ནུས་པས་ངེད་འདིར་ཡོང་བ་རྒྱལ་པོས་མི་མཁྱེན་པའི་ཐབས་ཤིག་སྐུ་ཞབས་རང་མཁྱེན་ཞུས་པ་ལ། ངའི་ལོ་ཚོད་འདིར་སླེབས་པར་འདིང་ཞིག་མི་རྒྱག་ན་རྗེས་སོར་ང་ལ་དཔེ་ཆ་རེ་བླངས་ནས་སྟེར་རྒྱུ་མིན་ནམ་གསུངས་པས་རྗེ་ཉིད་ནས་རྒྱལ་པོས་མཁྱེན་མི་དགོས་པའི་ཞལ་ལེན་གནང་ན་ཞབས་ཕྱི་སྐུ་ཞབས་རང་གི་དགོངས་པ་བཞིན་བསྒྲུབས་ཆོག་ཞུས་ཀྱང་ཅུང་ཟད་མ་དགྱེས་པའི་ཚུལ་གྱིས་ལན་དངོས་སུ་མ་གནང༌། རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་སྙན་གསན་ཕུལ་བར་རྗེས་སོར་ཕོ་བྲང་དུ་ཕེབས་ནས་གནང་རྒྱུའི་ཞལ་བཞེས་མཛད། དེ་ཀའི་སེར་མོ་བའི་དགོན་པ་རྣམས་དང་ཧྭ་ཤང་གི་ལྷ་ཁང་སོ་སོར་ཆེ་ཆུང་གི་བབས་དང་བསྟུན་པའི་གནང་སྦྱིན་མཛད་ཅིང་རྒྱའི་གྲྭ་པའི་ཁྲོད་ནས་དཔའ་བོ་གཅིག་པའི་དབང་སོགས་བཀའ་ཆོས་དང་ལྗགས་རྩོམ་ཞུ་མཁན་མང་དུ་བྱུང་བ་རྣམས་ཀྱི་འདུན་པ་བསྐང༌། རི་བོ་རྩེ་ལྔའི་གནས་མཇལ་སོགས་ཀྱི་བཞེད་དོན་གྲུབ་སྟེ་ཆིབས་ཁ་བསྒྱུར་ནས། སྔར་ཆོས་སྐྱབས་ཏི་ཡན་ཆིས་གདན་འདྲེན་གྱི་ཞུ་བ་ནན་ཏན་ཕུལ་ཡོད་པ་བཞིན་དེའི་དགོན་པར་ཕེབས། ཞག་མང་དུ་བཞུགས་ཤིང་ཏི་ཡན་ཆི་ནས་བསྙེན་བཀུར་གཟབ་རྒྱས་ཞུས། ཁོང་གིས་གཙོས་དོན་གཉེར་ཅན་དུ་མ་ལ་ཟབ་


GTD004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཆོས་ཀྱི་བཀའ་དྲིན་ཡང་དག་པར་སྩལ། ཉིན་གཅིག་གསོལ་སྟོན་སྟེང་ནས་རྗེ་ཉིད་ཀྱི་ཞབས་འབྲིང་དུ་འོང་བའི་ལྷ་རམས་པ་བསོད་ནམས་དབང་རྒྱལ་དང༌། དུར་བེད་ལྷ་རམས་པ་རབ་རྒྱས་གཉིས་ཚོགས་གླེང་བྱེད་དུ་བཅུག་པར་ཁོང་རྣམ་གཉིས་ནས་ལུང་དང་རིགས་པ་དྲི་མ་མེད་པའི་འབེལ་གཏམ་ཕུལ་དུ་ཕྱིན་པའི་མཆོད་སྤྲིན་བསྟར་བ་ལ་ཐུགས་ཤིན་ཏུ་དགྱེས་པའི་སྟངས་ཀ་མཛད་ཅིང་ལེགས་སོའི་དཔའ་དར་གནང༌། དེ་ནས་ཆ་གན་ཏི་ཡན་ཆིའི་སུ་མེར་ཕེབས། དེ་དང་ཉེ་བའི་ཆ་ཆ་གན་བཱེ་ཤིང་དུ་ཐོར་གོད་ལྷ་རམས་པ་དགེ་བཤེས་བློ་བཟང་སྙན་གྲགས་དང་དར་ཧན་པཱེ་ལི་རྣམ་རྒྱལ་རབ་བརྟན་གཉིས་ཀྱིས་མཇལ་ཏེ་གདན་འདྲེན་ཞུས་པར་སླར་ཕེབས་རྒྱུའི་ཞལ་བཞེས་གནང༌། མཚོ་བདུན་བར་གྱི་འུ་ལཱ་ཕུལ་ཞིང༌། དེ་ནས་དུར་བེད་ཝང་གིས་གདན་འདྲེན་ཞུས་པར་ཆིབས་བསྐྱོད། ཝང་གི་ཨུརྒེ་ནས་སྐུ་རིམ་འགའ་ཞིག་གནང་ཞིང་འདོད་ཆོས་ཀྱང་མང་དུ་སྩལ་བར་ཡོན་འབུལ་སྤམ་མཐོ་བ་བཏེག །དེར་བཞུགས་སྐབས་ཐུ་མེད་པེའི་སིས་གདན་འདྲེན་ལ་རྡོ་རམས་པ་ངག་དབང་ཤེས་རབ་དང༌། ཇ་ལན་གཅིག་བཅས་མངགས་པ་འབྱོར་ཏེ་སྙན་གསན་ཕུལ་བར་སླར་ཕེབས་རྒྱུའི་ཞལ་བཞེས་གནང༌། དེ་ནས་སུ་ཉིད་གཡས་རུའི་ཝང་གིས་གདན་དྲངས་ཏེ་ཝང་འཁོར་བཅས་སོགས་རྟ་པ་བརྒྱ་ཕྲག་དུ་མས་མདུན་བསུས་ནས་ཨུ་རྒེར་ཕེབས། གསོལ་སྟོན་རྒྱས་པ་དང་རྟ་ནོར་དགུ་བཅུ་རྔ་མོང་བདུན་ཅུ་སོགས་ཀྱི་འབུལ་ནོད་བསྟར་ཏེ་གསོལ་བ་བཏབ་པ་བཞིན་ཆོས་ཀྱི་བདུད་རྩིའི་དགའ་སྟོན་གནང༌། དེ་ནས་ཕེབས་པའི་ལམ་ཁར་སུ་ཉིད་གཡོན་རུའི་ཐོ་ཡོན་ཆོས་རྗེས་བཞུགས་གུར་སོགས་གྲ་བསྒྲིགས་ཀྱི་སྒུག་སྡོད་བྱས་ཡོད་པར་ཕེབས་ཏེ་ཆོས་བཀའ་འགའ་ཞིག་


GTD004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ། ཁོང་གིས་ཀྱང་སྟོན་མོ་གཟབ་རྒྱས་དང་དངུལ་སྲང་སུམ་བརྒྱ་སོགས་ཀྱི་དངོས་འབུལ་བཏེགས། ལམ་སྐབས་ཐམས་ཅད་དུ་དཔོན་ཁག་སོ་སོ་ནས་རང་རང་གིས་ཚིགས་སུ་འུ་ལཱ་སོགས་ཀྱི་གྲ་བསྒྲིགས་ཐོགས་མེད་དུ་ཞུས། མི་སྡེ་རྣམས་ལའང་ཁྲལ་གྱི་འདུ་ཤེས་མེད་པར་རྗེ་འདིའི་ཞལ་མཐོང་བ་ཙམ་གྱིས་ཡིད་ཚིམ་སྟེ་བསོད་ནམས་ཀྱི་ཞིང་ས་བླ་ན་མེད་པ་འདི་འདྲ་དང་མཇལ་རྒྱུ་ཞིག་བྱུང་བ་ངེས་པར་སྐལ་བ་བཟང་སྙམ་དུ་དགའ་དད་འགྲན་པ་བཞིན་དུ་འཕེལ་བས་འཁོར་བ་མཐའ་ཅན་དུ་བྱས། དོ་ལོན་ནོར་དུ་ཕེབས་སྐབས་ལྕང་སྐྱ་རིན་པོ་ཆེའི་མཛོད་ནས་བསྙེན་བཀུར་ཕུལ་དུ་ཕྱིན་པ་བསྟབས་ཤིང༌། རྟ་འུ་ལཱ་སོགས་ཀྱི་མཐུན་རྐྱེན་བསྒྲུབས། བཅུ་གཅིག་པའི་ནང་ལ་ཡེ་ཧོར་དུ་ཕེབས་སྐབས། ཞག་གཅིག་གི་སར་མཚན་སྒྲོགས་མཁན་རིན་པོ་ཆེས་གཙོས་ཡེ་ཧོར་གྱི་བླ་མ་ལས་སྣེ་རྣམས་ཆིབས་བསུར་བྱོན་ཏེ་ཇ་ཐབ་ཞུས། ཕྱི་ཉིན་ཡེ་ཧོར་དུ་འབྱོར་ནས་མཁན་རིན་པོ་ཆེའི་གཟིམས་ཁང་ཏཱ་ཕུ་ཟིར་ཕྱག་ཕེབས། དེར་བཞུགས་རིང་ཡེ་ཧོར་གྱི་བླ་གྲྭ་མང་ལ་བཅུ་གཅིག་ཞལ་གྱི་དབང་དང༌། གཞན་ཡང་ཕན་ཚུན་གྱི་དགོན་སྡེ་དུ་མའི་བླ་གྲྭ། ཙུན་གར་ཨོས་ལོད་པ་སོགས་དད་འདུས་ཀྱི་མཇལ་བ་ཆེས་མང་བ་ལ་ཕྱག་དབང་དང་འདོད་ཆོས་རབ་བྱུང་བསྙེན་རྫོགས་བསྙེན་གནས་ཀྱི་སྡོམ་པ་སོགས་སྩལ་ཏེ་སོ་སོའི་ཡིད་ཀྱི་རེ་འབྲས་སྨིན་པར་མཛད། སླར་ཡང་རྩ་བའི་སྦྱིན་བདག་དམ་པ་ཐུ་མེད་ཧ་མག་ག་པེའི་སིས་གདན་འདྲེན་གྱི་མི་སྣ་འུ་ལཱ་དང་བཅས་མངགས་པ་འབྱོར་པས་བཅུ་གཉིས་པའི་ནང་དུ་དེར་ཆིབས་ཁ་བསྒྱུར། ལམ་ནས་ཧར་ཆེན་སྨོན་ལམ་བླ་མ་བཀྲ་ཤིས་དར་རྒྱས་ཀྱིས་གདན་


GTD004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་ཞབས་བརྟན་རྒྱས་པ་ཕུལ། དེ་ནས་རིམ་གྱིས་ཕེབས་ཏེ་ཐུ་མེད་པེའི་སི་དཔོན་བློན་འཁོར་བཅས་དང༌། དགོན་པའི་བླ་མ་ལས་སྣེ་སོགས་ཀྱི་རྟ་བསུ། མཆོད་རྫས་སྣ་ཚོགས་ཐོགས་པའི་དགེ་འདུན་མང་གི་སེར་སྦྲེང་དང་བཅས་པས་མདུན་བདར་ཏེ་དགོན་པར་ཕྱག་ཕེབས། དེར་བཞུགས་རིང་དཔོན་གཡོག་ཐམས་ཅད་ལ་གང་ཅིའི་ཞབས་ཏོག་བཀུར་སྟི་བླ་ན་མེད་པའི་ཁུར་ལེན་པེའི་སིས་མཛད། པེའི་སིས་རྗེ་ཉིད་བཞུགས་གནས་སུ་ཆེད་བསྐྲུན་གྱི་གཟིམས་ཁང་འཆི་མེད་གཞོན་ནུའི་སྡིང་ཁང་ལ་ཅོ་འདྲི་བའི་ནང་དེར་ལོ་མཇུག་ཏུ་བདུན་ཕྲག་གཅིག་ལ་སྒྲོལ་དཀར་གྱི་བསྙེན་མཚམས་གནང༌། དགུང་ལོ་ཞེ་གསུམ་ལ་ཕེབས་པ་ལྕགས་སྟག་གི་ལོ་གསར་ལ་པེའི་སི་ནས་སྟོན་མོ་ཤིན་ཏུ་རྒྱས་པ་ཞུས་ཤིང་ཁྲང་ཤི་སོགས་ཀྱི་རྩེད་སྣ་དུ་མའི་གཟིགས་མོ་ཕུལ། ཆོ་འཕྲུལ་སྨོན་ལམ་སྐབས་གསུང་ཆོས་སོགས་ལ་ལན་འགའ་ཕེབས་ཤིང་རྒྱུན་པར་ཞབས་ཕྱིའི་ཁྲོད་ནས་དགེ་བའི་བཤེས་གཉེན་བསོད་ནམས་དབང་རྒྱལ་སྐུ་ཚབ་ཏུ་གཏོང་བར་མཛད། པེའི་སི་དང་སྲས་སོགས་སོ་སོ་ནས་གསོལ་བ་བཏབ་པ་བཞིན་འཁོར་ལོ་སྡོམ་པ་ལྷ་རེ་གཉིས། འཇིགས་བྱེད་བཅུ་གསུམ་མ་དང༌། དཔའ་བོ་གཅིག་པ། ནམ་མཁའ་སྒོ་འབྱེད་སོགས་ཀྱི་དབང༌། གསང་བདེ་གཉིས་ཀའི་བསྐྱེད་རྫོགས་ཀྱི་ཁྲིད། ཚེམ་བུ་དམར་ཁྲིད་སོགས་ཟབ་ཆོས་མང་དུ་སྩལ། བསྒྲུབ་བྱ་ཆེས་མང་བར་བསྙེན་གནས་དགེ་བསྙེན་སོགས་དང་དགེ་ཚུལ་སློང་གི་སྡོམ་པ་ཕོག །ཉིན་རེ་བཞིན་ཕྱོགས་རིས་མེད་ནས་མཇལ་བ་སྟོང་ཕྲག་དུ་མ་འདུས་པ་ལ་ཕྱག་དབང་སོགས་ཀྱིས་རེ་བ་བསྐང༌། མཇལ་དར་རྐྱང་པ་ལ་ཡང་དངུལ་སྲང་ཁྲི་ཕྲག་གསུམ་བརྒལ་བ་སོགས་མཆོད་པའི་ཡོ་བྱད་


GTD004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་གྱི་སྤྲིན་བཞིན་གཏིབས། གཉིས་པའི་ཚེས་ལ་ཐུ་མེད་པེའི་སིའི་སྲས་ཀུན་བཟང་ཨ་གི་དང༌། ཆིས་ཡེ་གཉིས་ཀྱིས་ཕེབས་སྐྱེལ་ཞུས་ཏེ་ཕོ་བྲང་ཕྱོགས་སུ་ཆིབས་བསྐྱོད་པའི་ལམ་ནས་མི་དྲག་ཁ་ཤས་ཀྱིས་གདན་དྲངས་པར་ཕེབས་ཏེ་གསུང་གི་བདུད་རྩིས་རེ་བ་བསྐང༌། དེ་སྐབས་ལྕང་སྐྱ་རྡོ་རྗེ་འཆང་ཕོ་བྲང་ནས་ལེ་བར་དྲུག་ཅུའི་ས་ཆ་ཐང་ཤན་དུ་བཞུགས་པར་མཇལ་འཕྲད་མཛད་ཅིང་གང་ཅིའི་གསུང་གླེང་འཕེལ། ཉིན་གཅིག་ལྕང་སྐྱ་རྡོ་རྗེ་འཆང་ནས་རྗེ་ཉིད་ཞབས་འབྲིང་བ་རྣམས་དང་བཅས་ཁྲིད་དེ་གོང་མའི་གཟིམས་ཁང་དང་འདབས་ཆགས་པའི་སྐྱེད་ཚལ་སོགས་སུ་གཟིགས་མོ་ལ་ཕེབས། དེ་ནས་ཡབ་སྲས་གཉིས་ཕོ་བྲང་དུ་ཆིབས་བསྒྱུར་ཏེ་རྗེ་ཉིད་ཟུང་ཇུ་ཟི་དང་ཐག་ཉེ་བའི་ཐུ་མེད་པེའི་སིའི་ཁང་པར་བཞུགས། ཙན་དན་ཇོ་བོའི་མདུན་དུ་མཆོད་པ་གཟབ་རྒྱས་དང་དར་ཚོན་སྣ་ལྔའི་སྙན་ཤལ་ཕུལ་ཏེ་འཇམ་མགོན་བསྟན་པའི་སྙིང་པོ་མཐའ་དབུས་ཀུན་ཏུ་སྤེལ་བའི་ཐུགས་སྨོན་གྱིས་མཚམས་སྦྱོར་ནན་ཏན་མཛད། གཞན་གྱི་ལྷ་ཁང་སོ་སོར་ཡང་རྟེན་མཇལ་ཞིབ་ཏུ་གནང༌། སྨིན་གྲོལ་ནོ་མིན་ཧན། ཚ་རྡོར་ནོ་མིན་ཧན་སོགས་ཕོ་བྲང་ནང་གི་བླ་མ་ཆེ་ཁག་སོ་སོ་ནས་རང་རང་གི་ནང་དུ་གསོལ་སྟོན་དྲངས་ཤིང་འདོད་ཆོས་ཞུས་པ་རྣམས་ཀྱི་བཞེད་པ་བསྐང་། ཟླ་བ་གསུམ་པའི་ཚེས་ལ་རྗེ་ཉིད་ཀྱིས་གསོལ་བ་ནན་ཏན་དུ་བཏབ་པ་བཞིན་ཟུང་ཇུ་ཟིའི་བླ་བྲང་དུ་དཀྱིལ་འཁོར་འཁོར་ལོ་བྱེ་བའི་བདག་ཉིད་ལྕང་སྐྱ་རྡོ་རྗེ་འཆང་ནས་ཉིད་དང་སྨིན་གྲོལ་ནོ་མིན་ཧན་ངག་དབང་འཕྲིན་ལས་རྒྱ་མཚོ། ཤར་རྩེ་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས། མཚན་སྒྲོགས་མཁན་


GTD004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བློ་བཟང་དར་རྒྱས། རྒྱ་ཏིག་མཁན་པོ་སོགས་དོན་གཉེར་ཅན་བརྒྱ་སྐོར་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལམ་གྱི་དཀའ་གནད་མ་ལུས་པ་གསལ་བར་བྱེད་པའི་ལེགས་བཤད་བླ་ན་མ་མཆིས་པ་འཇམ་མགོན་རྒྱལ་བ་གཉིས་པའི་གསུང་གི་ཡང་སྙིང་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཚིག་གི་ན་ཡམ་ཙམ་མ་ཡིན་པར་འཕགས་པ་ཡབ་སྲས་ཀྱི་གཞུང་དུ་མ་ཁོག་སྦྱར་ཞིང༌། སྒྲ་སྒྱུར་མཁས་པ་གཉིས་ཀྱི་བཤད་སྲོལ་གཙང་མའི་སྤུ་རིས་ལེགས་པར་ཕྱེ་སྟེ། དམ་པ་གོང་མ་བར་མ་ཆད་པའི་མན་ངག་གིས་བརྒྱན་ནས་གསུང་བཤད་འབྱམས་ཀླས་པར་གོ་བ་བསྐྱེད་ཅིང༌། སྐབས་དོན་གྱི་སྟེང་དུ་མདོར་འདྲིལ་བས་གཟུང་སླ་བ་དང༌། ཆོས་ཐུན་རེ་རེ་བཞིན་རྡོར་སེམས་བསྒོམ་བཟླས། འགྲེལ་གཏོར། བརྒྱུད་འདེབས། མཇུག་ཏུ་གསང་འདུས་སྨོན་ལམ་གསུངས་པ་སོགས་ཕྱག་ལེན་ཕྲ་ཞིབ་དང་བཅས་ཉིན་བཅོ་ལྔའི་བར་སྨིན་རྒྱས་སུ་སྩལ། མཁའ་འགྲོ་འདུ་བར་དུས་ཆེན་ལ་སྒྱུ་ལུས་མཆོད་པ་ཡང་ཕྱག་བཞེས་ལྟར་མཛད་དེ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་བསྒྲེང་བའི་ཚུལ་ལྕང་སྐྱ་རྡོ་རྗེ་འཆང་གི་རྣམ་ཐར་ལས་ཀྱང༌། ཀླུ་སྒྲུབ་ཀླུ་དབང་རོལ་མཚོ་ལས་འོང་བའི། །རིན་ཆེན་རིན་ཐང་བྲལ་བ་རིམ་པ་ལྔ། །གཅེས་ནོར་གཅེས་པའི་བུ་ལ་འབོག་པ་བཞིན། །རྒྱལ་སྲས་རྒྱལ་བའི་གདུང་འཚོབ་ལ་གཏད་པས། །གངས་རིའི་ལྗོངས་སུ་ཉན་བཤད་སྲོག་ཆད་ནས། །གླེགས་བུའི་བེམ་པོར་གྱུར་པ་རིམ་ལྔའི་གཞུང༌། །ཙི་ནའི་ཡུལ་དུ་ཡབ་སྲས་ཟུང་འདི་ཡིས། །འཆད་ཉན་ཤི་གསོས་སྨན་གྱིས་བསླང་ངོ་ཞེས། །དུས་མཐའ་འདི་དང་རྣམ་པར་མི་འཚམ་པའི། །གྲགས་པ་སྲིད་པ་གསུམ་


GTD004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྡིར་བའི་སྒྲས། །རྒྱལ་ཀུན་ཆོས་ཀྱི་དབྱིངས་ལས་མྱུར་བཞེངས་ཏེ། །དགྱེས་འཛུམ་འོད་ཀྱིས་འཇིག་རྟེན་སད་པར་མཛད། །ཅེས་གསུངས་པ་ལྟར་རོ། །དེ་ལ་འདི་སྐད་ཅེས་ཀྱང་བྱ་སྟེ། རྫོགས་སངས་རྒྱས་ཀྱི་བསྟན་པ་རིན་ཆེན་སྒྲོན། །རྫོགས་པར་ཉེ་བའི་རྩོད་ལྡན་ཐ་མ་ལ། །རྫོགས་རིམ་རིམ་པ་ལྔ་ཡི་གཟབ་བཤད་ཀྱིས། །རྫོགས་ལྡན་གཞོན་ནུའི་དགའ་སྟོན་མངོན་པར་བསྒྲུབས། །ལུས་ངག་ཐ་མལ་སྣང་བའི་ཐུན་གསུམ་གྱིས། །དབེན་པ་ལས་སྐྱེས་ཁྱུང་སྔོན་སྐྱེས་ཀྱིས་དྲངས། །འོད་གསལ་ཉི་མ་འབར་བའི་གདེངས་ཀ་ནི། །འཇའ་ལུས་སྣང་སྟོང་སྒྱུ་མའི་རྩེ་དགའ་འཛིན། །དེ་ནས་དངུལ་སྲང་ལྔ་བཅུའི་དོད་འབུལ་གྱི་ཚོགས་འཁོར་རྒྱས་པ་བཤམས་པའི་ཐོག་གཏང་རག་གི་ཡོན་ལ་མཎྜལ་དང་སྐུ་གསུང་ཐུགས་རྟེན། གསེར་སྲང་སུམ་ཅུ། དངུལ་སྲང་སྟོང་དང་བརྒྱ། གོས་ཆེན་ཉི་ཤུ་སོགས་ཁྱད་ནོར་དུ་མའི་མཆོད་སྤྲིན་སྤྲོས། རྗེ་ཉིད་གཅིག་པུ་ལ་དམག་ཟོར་མའི་རྗེས་གནང་ཐུན་མོང་མ་ཡིན་པ་དང༌། དྲིལ་བུ་སྐོར་གསུམ་གྱི་རྒྱ་གཞུང༌། ཞབས་ཕྱི་རྣམས་དང་ལྷན་དུ་ཚེ་དཔག་མེད་དང་སྒྲོལ་དཀར་གྱི་ཚེ་ཁྲིད་སོགས་ཟབ་ཆོས་འགའ་ཞིག་གནང༌། ཉིན་རེ་བཞིན་རྡོ་རྗེ་འཆང་གི་མདུན་དུ་ཕེབས་ཏེ་མདོ་སྔགས་ཀྱི་དཀའ་གནད་དུ་མ་ལ་དོགས་གཅོད་སོགས་ཆོས་ཀྱི་བགྲོ་བས་དུས་འདའ་བར་མཛད། བཞི་པའི་ཚེས་གཅིག་ལ་གོང་མ་ཆེན་པོ་ཙན་དན་ཇོ་བོར་མཇལ་བར་ཕེབས་སྐབས་མི་མངོན་པའི་ཚུལ་དུ་ལྕང་སྐྱ་རིན་པོ་ཆེའི་ཞབས་ཕྱིའི་གྲངས་སུ་བཞུགས་ནས་གོང་མའི་གསེར་ཞལ་མཇལ། ཡུལ་གྲུ་ཆེན་པོའི་ཚོང་འདུས་སོགས་ལ་གཟིགས་མོ་གནང་བའི་ཕྱིར་ན་བཟའ་ཧ་ཅང་བཀྲག་མི་


GTD004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་མངོན་ཆུང་གནང་སྟེ་ཕེབས་ཀྱང་རྒྱ་མི་ཐམས་ཅད་ལངས་ནས་གུས་འདུད་བྱེད་པ་སོགས་ནི་ཆ་རྒྱུས་ཡོད་པ་དང་ལུང་རྟོགས་ཀྱི་ཡོན་ཏན་ཤེས་པ་མིན་ཡང་བསོད་ནམས་ཀྱི་གཟི་བྱིན་བཟོད་པར་དཀའ་བའི་དགེ་མཚན་གྱི་འབྲས་རྟགས་སུ་མངོན། དེ་ནས་ཆིབས་ཁ་བསྒྱུར་བར་ཉེ་བའི་ཚེ་ལྕང་སྐྱ་ཐམས་ཅད་མཁྱེན་པ་ནས་གསོལ་སྟོན་རྒྱས་པའི་ཐོག་ལམ་རིམ་བླ་བརྒྱུད་ཀྱི་ཐང་ཀ་གྲས་མཚུངས་ཤིན་ཏུ་ལེགས་པ་སུམ་ཅུ་སོ་གཅིག །ལི་མ་དགུ། དངུལ་སྲང་བདུན་བརྒྱ། མཛོད་གོས་དུ་མ། ནང་མཛོད་ལྔ་བཅུ་སོགས་ཐོན་འཇག་ཤིན་ཏུ་སྤམ་མཐོ་བ་དང༌། མཇུག་ཏུ་ཚེ་དཔག་མེད་ཀྱི་གསེར་སྐུ་གའུ་དང་བཅས་པ་ཕྱག་གིས་གནང་སྟེ་དགེ་ལྡན་བསྟན་པའི་རྩ་ལག་དམ་པར་ཞབས་པད་རིང་དུ་བརྟན་པའི་རྟེན་འབྲེལ་བསྒྲིགས། ཕེབས་ཁར་ལྕང་སྐྱ་རྡོ་རྗེ་འཆང་གི་མདུན་ནས་ཚེ་དབང་ཚེ་ཁྲིད་བཅས་གསན་ཅིང་ཡབ་སྲས་གཅིག་ལ་གཅིག་འཕྲེང་གི་རྣམ་པས་འབྲལ་མི་ཕོད་པ་ཙམ་བྱུང༌། དེ་ནས་ལྕང་སྐྱ་རིན་པོ་ཆེའི་ཞབས་ཕྱི་དྲག་རིམ་དང་ཏཱ་བླ་མ་མང་པོའི་ཆིབས་སྐྱེལ་བཅས་ཕྱག་བཏེག་སྟེ་བཱ་ཧར་དུ་ཞག །དེ་སྐབས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་མོས་གུས་ཀྱིས་ཐུགས་རྒྱུད་རང་དབང་མེད་པར་གཡོས་ཏེ་གསུང་མགུར་གནང་བ་ནི། དཔལ་ལྡན་དང་པོ་ཡི་མགོན་པོ་རྡོ་རྗེ་འཆང༌། །ངུར་སྨྲིག་དགེ་སློང་གི་ཚུལ་གྱིས་རྣམ་རོལ་ཏེ། །ཟབ་རྒྱས་ལེགས་བཤད་ཀྱི་ཆར་པ་འབེབས་མཛད་པ། །རོལ་པའི་རྡོ་རྗེ་ཡི་ཞབས་ལ་སྤྱི་བོས་འདུད། །འདུ་ཤེས་གསུམ་ལྡན་གྱི་འཇིགས་མེད་དབང་པོ་བདག །སྔོན་སྨོན་མཚམས་སྦྱོར་གྱིས་ཁྱོད་ཀྱི་འབངས་སུ་གྱུར། །ཟབ་རྒྱས་མན་ངག་གི་བདུད་རྩི་ཅི་ཡང་འཐུངས། །བསམ་


GTD004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གྱིན་བཀའ་དྲིན་རང་ཆེ་འོ་ཐུགས་རྗེ་ཅན། །ད་དུང་ཟབ་ཆོས་ཀྱི་བཀའ་དྲིན་ཞུ་འདོད་ཀྱང༌། །གནས་དུས་ཡུལ་དབང་གིས་བསྐལ་འདིས་ཡི་རེ་མུག །ཞལ་དཀྱིལ་ཡང་ཡང་དུ་མཇལ་བར་འདོད་ན་ཡང༌། །ད་ལྟ་རྒྱང་རིང་དུ་སོང་བས་ཡིད་རེ་སྐྱོ། །རྒྱ་ཆེན་ནམ་མཁའ་ལྟར་ཡངས་པའི་མཁྱེན་དགོངས་དང༌། །མདོ་སྔགས་ལེགས་བཤད་ཀུན་འདོམས་པའི་གསུང་དབྱངས་དང༌། །བྱིན་རླབས་འོད་འབར་གྱི་ཡིད་འཕྲོག་གཟུགས་སྐུ་དེ། །མ་བརྗེད་དྲན་བཞིན་དུ་གསོལ་བ་འདེབས་ཤིང་ཐལ། །འདོད་ཡོན་ཀུ་མུད་ལ་རོལ་བའི་ཟླ་ཤེལ་བདག །གླིང་བཞིའི་རྒྱལ་ཁམས་དེ་བལྟ་ཞིང་མྱུར་དུ་འགྲོ། །འོད་སྟོང་ལྡན་པ་ཁྱོད་བདེ་བར་བཞུགས་ཤིག་དང༌། །མི་རིང་མྱུར་མཇལ་གྱི་སྨོན་ལམ་འདེབས་འཚལ་ལོ། །རྣམ་གཡེང་ཆུ་གཏེར་དུ་འཁྱམས་པའི་ངང་མོ་བདག །ཕྱོགས་གཞན་མཚོ་རྫིང་གི་ངོ་མཚར་བལྟ་རུ་འགྲོ། །པདྨོའི་མཚོ་ཆེན་ཁྱོད་བདེ་བར་བཞུགས་ཤིག་དང༌། །མི་རིང་མྱུར་མཇལ་གྱི་སྨོན་ལམ་འདེབས་འཚལ་ལོ། །སྨྲ་བརྗོད་དར་དིར་ལ་དགའ་བའི་བུང་བ་བདག །རང་གནས་ལྡུུམ་ར་རུ་བག་ཡངས་བྱེད་དུ་འགྲོ། །པདྨ་དཀར་པོ་ཁྱོད་བདེ་བར་བཞུགས་ཤིག་དང༌། །མི་རིང་མྱུར་མཇལ་གྱི་སྨོན་ལམ་འདེབས་འཚལ་ལོ། །རྣམ་གཡེང་ཆོས་བརྒྱད་ཀྱི་ཁོལ་པོ་འཇིགས་མེད་བདག །གཞན་ཕན་སྙད་བཏགས་ཀྱིས་རྒྱལ་ཁམས་མྱུལ་དུ་འགྲོ། །ཡབ་རྗེ་དྲིན་ཅན་ཁྱོད་བདེ་བར་བཞུགས་ཤིག་དང༌། །མི་རིང་མྱུར་མཇལ་གྱི་སྨོན་ལམ་འདེབས་འཚལ་ལོ། །ཡིད་འོང་མཚོ་སྐྱེས་ཀྱི་གེ་སར་བཞད་མི་བཞད། །ཁྲི་གདུགས་ཉི་མ་ཡི་རྒྱག་ལུགས་དེ་ལ་རག །གུས་ལྡན་བཀའ་འབངས་ཀྱི་


GTD004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་སྡུག་ལེགས་ཉེས་ཀུན། །རྗེ་བཙུན་བླ་མ་ཡི་ཐུགས་རྗེ་ཉིད་རང་མཁྱེན། །སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་གསོལ་འདེབས་ན། །འཁོར་བ་ངན་སོང་གི་འཇིགས་ལས་སྒྲོལ་བར་མཛོད། །ཡི་དམ་ཀུན་འདུས་ཀྱི་ངོ་བོར་གསོལ་འདེབས་ན། །དངོས་གྲུབ་བདུད་རྩི་ཡི་ཆར་ཆེན་འབེབས་པར་མཛོད། །མཁའ་འགྲོ་ཀུན་འདུས་ཀྱི་ངོ་བོར་གསོལ་འདེབས་ན། །མ་ཡིས་བུ་བཞིན་དུ་འབྲལ་མེད་སྐྱོང་བར་མཛོད། །ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོར་གསོལ་འདེབས་ན། །འགལ་རྐྱེན་བར་ཆད་ཀྱི་འཕྲང་ལས་སྒྲོལ་བར་མཛོད། །བཅུ་གཉིས་བདག་པོ་དེ་ནམ་མཁར་གནས་ན་ཡང༌། །འོད་ཟེར་ཕྲེང་བ་ཡིས་པད་དཀར་བཞད་པར་བྱེད། །བཀའ་དྲིན་གསུམ་ལྡན་ཁྱོད་རྒྱང་རིང་བཞུགས་ན་ཡང༌། །གུས་ལྡན་བཀའ་འབངས་བདག་ཐུགས་རྗེས་འཛིན་ནམ་སྙམ། །ཅལ་ཅོལ་ལོང་གཏམ་ལ་དགའ་བ་མ་ཡིན་ཀྱང༌། །བླ་མའི་བཀའ་དྲིན་ནི་ཡང་ཡང་དྲན་གྱུར་ཏེ། །གང་ཤར་ཐོལ་བྱུང་དུ་ཚིག་གསུམ་སྨྲས་པའི་དགེས། །བླ་མའི་ཞལ་དཀྱིལ་དེ་ཡང་ཡང་མཇལ་བར་སྨོན། །ཞེས་པ་འདི་ནི་པེའི་ཅིང་ནས་ཚུར་འོང་བའི་ལམ་འགག་ཏུ་ཡིད་ཤིན་ཏུ་སྐྱོ་བར་གྱུར་ཏེ། མགྲིན་པའི་ལམ་ནས་ཅལ་ཅོལ་འདི་འདྲ་ཞིག་ཐོན་བྱུང་བ་གཟིགས་པའི་རྟེན་ནང་མཛོད་ཁ་བཏགས་བཅས་ཕུལ། ཞེས་སོ། །དེ་ནས་རིམ་གྱིས་ཕེབས་པར་མཚན་སྒྲོགས་མཁན་རིན་པོ་ཆེའི་ཐབ་བསུའི་སྟེང་དུ་ཡེ་ཧོར་གྱི་བླ་མ་ལས་སྣེ་མཐའ་དག་ཆིབས་བསུར་འབྱོར་བ་ལ་སོ་སོའི་ཁམས་དང་འཚམ་པའི་བཀའ་འདྲི་ཞིབ་རྒྱས་གནང༌། མི་ཏྲའི་བཀའ་རྣམས་ཀྱི་སྙན་གསན་སྔར་ནས་ཕུལ་ཡོད་པ་བཞིན་ཟླ་བ་བཞི་པའི་བཅུ་གསུམ་ལ་དབུ་བརྩམས་ཏེ་ཕྱི་དང་ནང་གི་དེ་ཉིད་ཉི་ཤུ་ཚང་


GTD004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྡོ་རྗེ་འཛིན་པ་ཆེན་པོ་མཚན་སྒྲོགས་མཁན་རིན་པོ་ཆེ་བློ་བཟང་དར་རྒྱས་པའི་ཞལ་སྔ་ནས་ཀྱི་དྲུང་ནས་གྲུབ་པའི་འཁོར་ལོོས་བསྒྱུར་བ་མི་ཏྲ་ཛོ་ཀིའི་ཐུགས་བཅུད་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ཆེན་པོས་དཀྱིལ་འཁོར་གྱི་འཁོར་ལོ་བྱེ་བ་ཕྲག་ཇི་སྙེད་ཅིག་གསུངས་པ་མཐའ་དག་རིགས་བསྡུས་ཀྱི་སྒོ་ནས་བྱིན་རླབས་ཀྱི་བཀའ་བབས་ཕྱོགས་གཅིག་ཏུ་དྲིལ་བའི་མན་ངག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག །ཟུང་འཇུག་ནོར་བུའི་གླིང་དུ་ཆས་པའི་རྣལ་འབྱོར་གྱི་དབང་ཕྱུག་དེད་དཔོན་མཁས་པ་མཐའ་དག་གིས་བརྟེན་པའི་གྲུ་གཟིངས་ཆེན་པོ། མི་ཏྲ་བརྒྱ་རྩར་གྲགས་པའི་དབང་ཆེན་ཡོངས་སུ་རྫོགས་པ་ཞག་བཞི་བཅུ་སྐོར་གྱི་རིང་ལ་སྨིན་རྒྱས་སུ་ནོད་པར་མཛད་དོ། །མི་ཏྲ་བརྒྱ་རྩའི་བྱིན་རླབས་དཔུང་ཚོགས་ཀྱིས། །མི་མཐུན་ཉེས་པའི་གཡུལ་ངོ་རབ་བཅོམ་སྟེ། །མི་འགྱུར་བདེ་བ་མཆོག་གི་རྒྱལ་ཁབ་ཏུ། །མི་འཇིགས་བཞི་ལྡན་སེང་གེའི་ཁྲི་ལ་འཁོད། །བཀའ་ཆོས་ཀྱི་བར་སྐབས་རྣམས་སུ་ཡང་ཕན་ཚུན་གྱི་དགོན་སྡེ་དང་ཙུན་གར་སོགས་ཀྱི་སེར་སྐྱ་དྲག་ཞན་དུ་མ་མཇལ་བར་འོང་བ་ལ་སོ་སོའི་མོས་པ་བཞིན་དུ་ལུང་རྗེས་གནང་སོགས་འདོད་ཆོས་དང་ཚིགས་སྔ་ཕྱིའི་སྡོམ་པ་གནང་སྟེ་ཐར་བའི་ས་བོན་བསྐྲུན། བར་སྐབས་ཤིག་ཏུ་ཧར་ཆེན་ཝང་རཏྣ་སིངྔྷི་ཡུམ་སྲས་བཅས་མཇལ་བར་འོངས་ཏེ་ཐོག་མའི་རྟེན་འབྱུང་གི་དངོས་འབུལ་བཏེག །ཝང་ནས་ཀྱང་མི་ཏྲའི་བཀའ་ལྷག་མ་རྫོགས་པར་གསན། འདི་དག་ལ་བརྟེན་ནས་མཁན་རིན་པོ་ཆེའི་འཕྲིན་ལས་ཀྱི་སྒོ་འཕར་ཡང་ཕྱེ་སྟེ་གཞན་ལས་ཁྱད་པར་དུ་འཕགས་པ་བྱུང་ཚུལ་རྒྱུས་ཡོད་ཀྱི་གཟུར་གནས་མཐའ་དག་གླེང༌། དེར་ཝང་ནས་


GTD004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཉིད་རང་གི་ཧོ་ཤུས་ལ་ཅིས་ཀྱང་ཕེབས་དགོས་ཀྱི་གསོལ་བ་ནན་ཏན་དུ་བཏབ་པར་ཞལ་གྱིས་བཞེས། དབང་ཆེན་ཡོངས་རྫོགས་གྲུབ་པའི་མཇུག་ཏུ་ཚོགས་ཀྱི་འཁོར་ལོ་ཤིན་ཏུ་རྒྱས་པ་དང་བཅས་གཏང་རག་གི་ཡོན་དུ་དངུལ་གྱི་མཎྜལ། སྐུ་གསུང་ཐུགས་རྟེན། ན་བཟའ་ཉེར་སྤྱད། དངུལ་སྲང་ལྔ་བརྒྱ། སྣམ་ཐེར་སོགས་འབུལ་བ་ཤིན་ཏུ་གཏོས་ཆེ་བ་བཏེག །མཁན་རིན་པོ་ཆེ་ནས་ཀྱང་ཚུར་རྗེ་ཉིད་ལ་རྗེས་གནང་དུ་མ་དང་ཟབ་ཁྲིད་འགའ་ཞིག་ཞུས་པ་རྣམས་ཀྱིས་ཐུགས་བཞེད་བསྐང༌། དེ་ནས་པོ་ཏ་ལ། ཡི་ལི་སུ་མེ། ཏཱ་ཕུ་ཟི། བདེ་མཆོག་ཕོ་བྲང༌། ཁུ་ཁུ་སུ་མེ་སོགས་ལའང་རྟེན་མཇལ་ཞིབ་རྒྱས་གནང་ཞིང་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་སྤྲོས་ཏེ་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཐུགས་སྨོན་རྒྱ་ཆེར་གནང༌། ཧར་ཆེན་ཝང་གིས་འུ་ལཱ་སོགས་ཀྱི་གྲ་བསྒྲིགས་ཐོག་ནས་རིམ་པར་ཕེབས་ཏེ་ཝང་ཡབ་སྲས་བློན་པོའི་ཚོགས་དང་བཅས་པ་དགོན་པའི་བླ་མ་ལས་སྣེ་སོགས་རྟ་པ་སྟོང་ཕྲག་ཙམ་གྱི་ཆིབས་བསུ་དང་དགེ་འདུན་མང་མའི་སེར་སྦྲེང་དང་བཅས་སྔོན་སངས་རྒྱས་བཅོམ་ལྡན་འདས་མ་ག་དྷ་བཟང་མོས་སྤྱན་དྲངས་ཏེ་བུ་རམ་ཤིང་འཕེལ་དུ་གཤེགས་པ་ལྟ་བུའི་ངོ་མཚར་གྱི་བཀོད་པ་མཐའ་ཀླས་པས་ཕྱོགས་འདུས་ཀྱི་མཇལ་བ་ས་ཡི་དྲེག་པ་ལྟར་བགྲང་གིས་མི་ལང་བ་རྣམས་ཡ་མཚན་དང་དད་པའི་ས་ལ་འགོད་བཞིན་དུ་ཝང་གི་ཡཱ་མོན་དུ་ཕེབས་པར་སྟོན་ཆེན་ཞུས་པའི་ཐོག་དགེ་བཤེས་གཉིས་ལ་ཆོས་ཀྱི་བགྲོ་གླེང་བྱེད་དུ་བཅུག །ཞག་བཅོ་ལྔ་སྐོར་ཐུའུ་བཀྭན་རིན་པོ་ཆེའི་གཟིམས་ཁང་དུ་ཕྱག་ཕབ་ནས་བཞུགས་ཏེ། ཝང་འཁོར་བཅས་ལ་བདེ་ལམ་གྱི་ཁྲིད། སྒྲོལ་དཀར་གྱི་རྗེས་གནང༌། ནམ་མཁའ་


GTD004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་འབྱེད་ཀྱི་དབང༌། འཇིགས་བྱེད་བཅུ་གསུམ་མའི་དབང་སོགས་འདོད་ཆོས་མང་དུ་སྩལ། ཝང་ནས་ཀྱང་དངུལ་གྱི་མཎྜལ། བཞུགས་གདན། རྒྱབ་ཡོལ། དངུལ་དཀར་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། མཛོད་ཀྱི་གོས་ཆེན་ཉི་ཤུ། དངུལ་སྲང་ལྔ་བརྒྱ་སོགས་ཀྱིས་མཚོན་པའི་དངོས་འབུལ་གྱ་ནོམ་པ་བསྟར། ཉིན་རེ་བཞིན་ཕྱོགས་སོ་སོ་ནས་མཇལ་བ་སྟོང་ཕྲག་དུ་མ་འདུས་པ་ལ་ཕྱག་དབང་སོགས་ཀྱིས་རེ་བ་བསྐང་ཞིང་སོ་སོ་ནས་ཀྱང་རང་རང་གི་འབྱོར་པ་དང་བསྟུན་པའི་འབུལ་ནོད་གཟབ་རྒྱས་ཕངས་མེད་དུ་ཞུས། དེ་སྐབས་ཐན་པ་ཆེ་བས་ཆར་འབེབ་དགོས་ཞུས་པ་ལ་ཐབས་གཞན་མ་གནང་བར་སྣོད་ཆེན་པོ་ཆུས་བཀང་བའི་ནང་དུ་ཆབ་བཞུགས་མཛད་པས་དེ་མ་ཐག་ནས་ཆར་གྱི་རྒྱུན་ལེགས་པར་བབས་པས་ཀུན་ངོ་མཚར་སྐྱེས། དེའི་རྐྱེན་གྱིས་རྗེས་སོར་ཐུའུ་བཀྭན་རིན་པོ་ཆེ་དེར་ཕེབས་སྐབས་ཀྱང་ཆར་འབེབ་ཀྱི་དོན་དུ་དེ་ལྟར་གནང་དགོས་ཞེས་ཁོང་རྣམས་ནས་ནན་ཏན་དུ་ཞུས་ཚུལ་སོགས་དམ་པ་ཉིད་ཀྱི་ཞལ་ནས་ཐོས། དེར་བཞུགས་སྐབས་གདན་སའི་བླ་གྲྭ་སྤྱི་ཚོགས་དང༌། སྦྱིན་བདག་དམ་པ་ཆིང་ཝང་རྡོ་རྗེ་ཕ་ལམ་ཐུན་མོང་ནས་རབ་འབྱམས་པ་ངག་དབང་དར་རྒྱས་དང་ངག་དབང་ཐབས་མཁས་སོགས་འཚམས་ཞུས་ལ་མངགས་པ་འབྱོར་ཏེ་སོ་སོའི་ཞུ་ཤོག་རྟེན་བཅས་ཕུལ་ནས་གནས་ཚུལ་ཞུས་པར་དགྱེས་ཚོར་ཆེ་བར་མཛད། སོ་སོར་བཀའ་ལན་ཞིབ་རྒྱས་འཚེམ་མེད་དུ་གནང་ཞིང་ལྷག་པར་འདུས་ཚོགས་སྤྱི་ལ་སྙན་ཚིག་གི་ལམ་ནས་དྲངས་པའི་ཆབ་ཤོག །ངོ་


GTD004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བཀྲ་ཤིས་གཡས་སུ་འཁྱིལ་བའི་མཚོར། །ཐུབ་བསྟན་བདུད་རྩིའི་དཔལ་ལ་རབ་ཆགས་ཤིང༌། །ལུང་རིགས་འདབ་གཤོག་བསྐྱོད་པའི་ཟློས་གར་ཅན། །ཐར་པ་དོན་གཉེར་ཁྲིམས་ལྡན་ངང་མོའི་ཚོགས། །ཉེར་འཚེ་རྔོན་པའི་རྙི་ཡིས་མ་ཟིན་པར། །བདེ་སྐྱིད་འཕུར་ལྡིང་གར་གྱིས་རྣམ་རོལ་ཅིང༌། །ཞེས་སོགས་མཆོག་དམན་ཀུན་གྱིས་གོ་བདེ་ཞིང་སེམས་ལ་ཕན་པ་ཞིག་གནང༌། རྗེ་འདི་ནི་རྒྱུན་པར་བཀའ་གདམས་གོང་མའི་རྣམ་ཐར་བཞིན་སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་དེ་རང་གི་ཡོན་ཏན་སྒྲོགས་པར་མི་བྱེད་ཀྱང་ཆབ་ཤོག་འདི་ཀའི་མཇུག་ཏུ། འོད་སྟོང་ལན་བརྒྱར་སྤྲོ་བའི་ཉིན་བྱེད་དེ། །འདབ་བརྒྱའི་དཔལ་ལ་སྲེད་པ་མིན་མོད་ཀྱང༌། །མཐུན་པའི་རླུང་གི་ཤིང་རྟས་དྲངས་པ་ན། །མི་སྡོད་གླིང་བཞི་མྱུལ་བར་སུ་ཞིག་བཤུང༌། །ཞེས་གསུངས་པ་ནི་དཔྱོད་ཤེས་པ་ཞིག་གིས་བརྟགས་ན་རྣམ་ཐར་ཁྱད་པར་དུ་འཕགས་པ་ཞིག་ཡིན་ཏེ། གཞན་ཕན་ཁོ་ནར་གཞོལ་བའི་ཐུགས་ཀྱི་དགོངས་པ་མ་གཏོགས། ཉིན་རེ་ལ་ཡང་དངུལ་སྲང་ཁྲི་ཕྲག་བརྒལ་བའི་དངོས་འབུལ་བྱུང་བ་སོགས་སྲིད་འབྱོར་ཅི་ཙམ་རྒྱས་པ་ལ་ཡང་མཆིལ་མའི་ཐལ་བ་བཞིན་དུ་སྲེད་པའི་འདུན་པ་སྐད་ཅིག་ཙམ་ཡང་མི་སྐྱེ་བ་ནི་འཕགས་ཆེན་དམ་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ནོ། །དེ་ནས་ཧར་ཆེན་གུང་བསྟན་འཛིན་དར་རྒྱས་ཀྱིས་གདན་དྲངས་པར་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་ལམ་ནས་ལྷ་རམས་པ་ངག་དབང་རིན་ཆེན་དང༌། ཧར་ཆེན་ཐོ་ཡོན་སོ་སོས་གདན་དྲངས་ཏེ་དངོས་འབུལ་གཟབ་རྒྱས་ཞུས་པར་གཞི་གསུམ་ཆོ་གའི་ལུང་སོགས་འདོད་ཆོས་འགའ་ཞིག་སྩལ། དེ་ནས་གུང་འཁོར་བཅས་ཀྱིས་ཡུལ་


GTD004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དང་བསྟུན་པའི་བསུ་བའི་བཀོད་པ་ངོ་མཚར་བ་འཆི་མེད་གཞོན་ནུའི་རོལ་རྩེད་ལྟ་བུས་མདུན་བསུས་ཏེ་དེར་ཕྱག་ཕེབས། ཞག་གསུམ་བཞུགས་ནས་གདུགས་དཀར་གྱི་དབང་སོགས་ཆོས་བཀའ་འགའ་ཞིག་གནང་ཞིང་དངོས་འབུལ་ཀྱང་ཤིན་ཏུ་རྒྱས་པར་བསྟར། དེར་ཧར་ཆེན་ཐུ་ས་ལག་ཆིས་གདན་དྲངས་ཏེ་ཆོས་བཀའ་ཁ་ཡར་ཞུས་པའི་རེ་བ་བསྐང༌། དེ་ནས་ཧར་ཆེན་བཀའ་འགྱུར་སུ་མེའི་ཧོ་བིལ་གན་བླ་མས་གདན་འདྲེན་ཞུས་པར་ཆིབས་བསྐྱོད་དེ་འཕགས་པ་བཅུ་གཅིག་ཞལ་གྱི་དབང་དང་རྗེས་གནང་སོགས་མང་དུ་སྩལ། འབུལ་ནོད་རྒྱ་ཆེ་བ་དང་བསྙེན་བཀུར་ཡང་དག་ཞུས། མཇལ་བ་འབུམ་ཕྲག་ཏུ་ཉེ་བ་ཙམ་བྱུང་བས་ཕྱག་དབང་དངོས་སུ་གནང་མ་ཐུབ་པར་ཕྱག་ནས་འཐོར་ཏེ་ཐམས་ཅད་ཀྱི་རེ་བ་ཚིམ་པར་མཛད། སོ་སོ་ནས་གསོན་གཤིན་དུ་མའི་དོན་དུ་དངོས་འབུལ་དང་སྐྱབས་འཇུག་ཞུས་པ་རྣམས་ལ་བསྔོ་སྨོན་གྱིས་སྤྱན་དམིགས་བཀའ་དྲིན་བསྐྱངས། དེ་ནས་ཧར་ཆེན་ཇ་སག་གུང་གིས་གདན་དྲངས་པར་ཕེབས་པའི་ཚེ་གུང་དཔོན་བློན་འཁོར་བཅས་དང༌། གཞན་ཡང་འབུད་དཀྲོལ་གྱི་རོལ་མོ་སྣ་ཚོགས། གདུགས་རྒྱལ་མཚན་སོགས་མཆོད་རྫས་སྣ་ཚོགས་ཐོགས་པའི་རྟ་པ། རུ་མཚོན་དུ་མ་བསྒྲེང་བའི་དམག་མི་སོགས་བསུ་བའི་དཀོད་པ་མཐའ་ཡས་པས་ནོར་འཛིན་གཡོ་བ་ལྟ་བུ་དང༌། ངུར་སྨྲིག་འཆང་བའི་དགེ་འདུན་དུ་མས་སེར་སྦྲེང་བཅས་གུང་གི་ཡཱ་མོན་དུ་ཕེབས། ཇ་སག་ཆེ་ཆུག་གུང༌། ཨ་གེ་ཚེ་དབང༌། ཨ་གེ་དབང་རྒྱལ་སོགས་ལ་གདུགས་དཀར་གྱི་དབང་དང༌། འཇིགས་


GTD004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དཔའ་བོ་གཅིག་པའི་དབང་བཞི་རྫོགས་པར་གནང༌། དངོས་འབུལ་གྱི་རིམ་པ་ཡང༌། དངུལ་སྲང་ལྔ་བཅུའི་མཎྜལ། ཡིད་བཞིན་འགུག་པའི་ལྕགས་ཀྱུ། དངུལ་གྱི་སྤྱད་པ་སྣ་ཚོགས་དང༌། གོས་ཆེན་བཟང་བསྒྲིགས་ཀྱི་མཆོད་རྫས་དུ་མ། ཕེབས་བྱམས་ལེགས་པ་ཁེབས་ལྡན་རྟ་ངང་པ་གཉིས་དང་བཅས་པ། དངུལ་སྲང་སུམ་བརྒྱ། བཟང་གོས་དང་གོས་སློག་དུ་མ་སོགས་འབུལ་ནོད་དངོས་གཙང་བ་བཏེག །འདིར་ཡང་ཉིན་རེ་བཞིན་ཕྱོགས་ནས་འོངས་པའི་མཇལ་བ་བར་མཚམས་མེད་པར་བྱུང་བ་རྣམས་ཀྱི་རེ་བ་བསྐངས་ཏེ་དད་པའི་ས་ལ་བཀོད། དེར་ཞག་བཅུ་ཙམ་བཞུགས་རིང་ཇ་སག་གུང་ནས་དཔོན་གཡོག་ཐམས་ཅད་ལ་བསྙེན་བཀུར་ཚད་མེད་པ་ཞུས། སྐབས་དེར་ཨ་རུ་ཧོར་ཆེན་རྟག་བརྟན་པེའི་ལིའི་སྲས་ཨརྠ་སིདྡྷི་མཇལ་བར་འོངས་ཏེ་ཡབ་པེའི་ལི་སྐུ་ཁམས་མ་བདེ་བས་ཕེབས་མ་ཐུབ་ཀྱང་སྔོན་ནས་མཆོད་ཡོན་དུ་གྱུར་པའི་འབྲེལ་བ་ཐུགས་ལ་བཞག་ནས་ཆིབས་བསྒྱུར་ཞིག་གནང་དགོས་ཞེས་ནན་ཏན་ཆེན་པོའི་སྒོ་ནས་སྙན་གསན་ཕུལ་བར། རྗེ་ཉིད་ནས་ཀྱང་དེ་ཤིན་ཏུ་བདེན་ཁྱེད་ཀྱི་ཡབ་པེའི་ལིས་ངེད་སྔར་དབུས་སུ་གྲྭ་རྐྱང་ལྟ་བུར་སྡོད་སྐབས་ཀྱང་དངུལ་སྲང་སྟོང་དུ་ཉེ་བ་བསྐུར་ཏེ་ཕན་ཐོགས་ཤིན་ཏུ་ཆེ་བ་བྱུང༌། དཔོན་རྒན་དེ་ངེད་དང་སྔར་ནས་ཆོས་འབྲེལ་ཟབ་པ་ཞིག་ཡོད་པས་ཅིས་ཀྱང་འོངས་རྩིས་བྱེད་ཅེས་ཞལ་བཞེས་མཛད། ཁོང་ངོ་གཡོག་རྣམས་ལ་སྒྲོལ་དཀར་དང༌། རྣམ་རྒྱལ་མའི་རྗེས་གནང་སྩལ། དེའི་ཚེ་ཧར་ཆེན་ཧུ་ཐ་རང་ཀ་པེའི་སི་རང་ཉིད་གོང་མ་ཆེན་པོའི་སྐུ་དོན་ལ་གཞན་དུ་ཕེབས་ཏེ་བཞུགས་མེད་ཀྱང༌། ཨ་ཀིས་གཙོས་ཧོ་ཤུས་


GTD004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མང་ནས་གདན་དྲངས་པ་བཞིན་ཕེབས་པའི་ལམ་དུ་ཐེའི་ཇི་ཐ་བུ་ནང་སོགས་དུ་མས་འབྱོར་བསྟུན་གྱི་གཅེས་ནོར་ཡོད་འབུལ་ལྟ་བུ་ཞུས་པ་རྣམས་ལ་སོ་སོའི་མོས་པ་བཞིན་ཆོས་ཀྱི་ཆར་ཕབ། དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་བཀྲ་ཤིས་དར་རྒྱས་ཀྱིས་གདན་དྲངས་ཏེ་ཞབས་ཏོག་དང་དངོས་འབུལ་གྱ་ནོམ་པ་ཞུས། ཁོང་གིས་གཙོས་དོན་གཉེར་ཅན་དུ་མ་ལ་དབང་དང་རྗེས་གནང་མང་དུ་སྩལ་ཅིང་ཆོས་གྲྭར་ཕེབས་ཏེ་ལམ་རིམ་ཆེན་མོའི་དབུ་ནས་བཤད་ལུང་ཐུན་གཅིག་གནང༌། དེར་དམ་བཅའ་ཚུགས་སུ་བཅུག་སྟེ། གཟིགས་རྟོག་མཛད་ཅིང་དགྱེས་པའི་གསུང་གིས་དབུགས་དབྱུང་མཛད། དེ་ནས་ཨ་ཀི་མགོན་པོ་སྐྱབས་ཀྱིས་གཙོས་བསུ་བ་ཚན་ཆེ་བས་མདུན་བདར་ཏེ་ཧོ་པེའི་སིའི་ཡཱ་མིན་དུ་ཕེབས་ཞག་བཅུ་སྐོར་ཙམ་བཞུགས་ནས་དམ་པའི་ཆོས་ཀྱི་དགའ་སྟོན་གནང༌། བསྙེན་བཀུར་གྱ་ནོམ་པ་དང་དངུལ་སྲང་སྟོང་ཕྲག་སོགས་ཀྱི་དངོས་འབུལ་བཏེག །དེ་ནས་ཐུ་མེད་དུ་ཕེབས་པའི་ལམ་ཁར་མི་དྲག་དང་འབྱོར་ལྡན་དུ་མས་སྤྱན་དྲངས་ཏེ་དངོས་འབྱོར་གྱི་བདོག་པ་ཡོད་འབུལ་ལྟ་བུ་ཞུས། དེ་ཐམས་ཅད་ལ་ཡང་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་ཀྱི་བདུད་རྩིས་རེ་འབྲས་སྨིན་པར་མཛད། ཐུ་མེད་པེའི་སིའི་དགོན་པར་ཕེབས་ཉིན་ཀུན་བཟང་ཨ་ཀིས་གཙོས་རྟ་པ་བརྒྱ་ཕྲག་དུ་མས་ཆིབས་བསུ་དང་དགེ་འདུན་མང་མས་སེར་སྦྲེང་བཅས་གཟིམས་ཁང་དུ་ཕྱག་ཕེབས་པར་སྟོན་ཆེན་ཕུལ། ས་སྐྱོང་དམ་པ་ཉིད་ནས་ཞུས་ངོར་འདུ་ཁང་ནང་དུ་དེ་ཀའི་ཚོགས་ཡོངས་དང་དཔོན་བློན་འཁོར་བཅས་སོགས་ལ་ཚེ་དཔག་མེད་ལྷ་དགུ་དང༌། གཤེད་


GTD004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དམར། དགྲ་ནག་གསུམ་གྱི་དབང་ཆེན་སྩལ། པེའི་སི་རང་ཉིད་ནས་དངུལ་སྲང་སྟོང་དང་ལྔ་བརྒྱ། དཔོན་མོ་ཤཱཀ་ཤ་པད་ཡུམ་སྲས་ཀྱིས་དངུལ་སྲང་སྟོང་སོགས་མཆོད་སྤྲིན་དངོས་གཙང་ཞིང་རྒྱ་ཆེ་བ་བསྟར། གཟིམས་ཆུང་དུ་པེའི་སི་དཔོན་གཡོག་ཉུང་བསྡུས་ལ་རྗེས་གནང་འགའ་ཞིག་དང༌། དུག་དབང་རྨ་བྱ་རྒྱས་པ། ནེ་གུ་ཆོས་དྲུག་སོགས་ཟབ་ཁྲིད་མང་དུ་གནང༌། དེར་བཞུགས་སྐབས་བསྙེན་རྫོགས་བསྒྲུབ་མི་མང་དུ་བྱུང་བས། མདོ་རྩར། དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིག་གཅིག་གིས་བསྒྲུབ་ཏུ་རུང་བར་གསུངས་པ་ལྟར་སུམ་ཚན་སུམ་ཚན་གྱི་མཚམས་སོ་སོར་བྱས་ཏེ་བཅུ་གཉིས་རེ་སྡེབ་བསྒྲུབ་ཀྱི་སྒོ་ནས་བསྒྲུབ་བྱ་སྟོང་དུ་ཉེ་བ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཏེ་ཤར་ཕྱོགས་ཡངས་པའི་ནོར་འཛིན་མཐའ་དག་ངུར་སྨྲིག་འཆང་བའི་དགེ་འདུན་གྱིས་ཁྱབ་པ་བཞིན་དུ་མཛད་པ་འདི་ལྟ་བུ་ནི་དཔག་པར་དཀའ་བའི་བསྟན་པའི་བྱ་བ་རླབས་པོ་ཆེ་ཞིག་ཡིན་ནོ། །སླར་ཡང་ཨ་རུ་ཧོར་ཆེན་ནས་གདན་འདྲེན་གྱི་མི་སྣ་ཐུ་ས་ལག་ཆི་བ་ཡན་ཇོ་ལཱ་སོགས་མི་དྲག་བཅུ་སྐོར་དང་ཨུ་ལག་པ་བཞི་བཅུ་སྐོར་བཅས་འབྱོར་ཏེ་དགུ་པའི་ཚེས་བརྒྱད་ལ་དེ་ཕྱོགས་སུ་ཆིབས་ཁ་བསྒྱུར། ལམ་ནས་ཚ་བབས་དང་ཞག་བབས་སོགས་ཀྱི་གྲ་བསྒྲིགས་མི་སྣ་རྣམས་ནས་ཁུར་ལེན་གྱིས་ཞབས་འདེགས་ཞུས། ལམ་ཁར་ནཱེ་མན་ཝང་གི་ཨུརྒེར་གདན་དྲངས་ཏེ་བསུ་སྐྱེལ་བསྙེན་བཀུར་ཡང་དག་བསྒྲུབས། རྗེས་གནང་འགའ་ཞིག །དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་ཞུས་པའི་ཡོན་དུ་སྒྲོལ་མ་དཀར་སྔོན་གྱི་གོས་སྐུ་གཉིས། རྟ་ནོར་ཆེས་མང་བ་དང་དངུལ་སོགས་བདོག་པ་བསྟར། ནཱེ་མན་ཞབས་དྲུང་དཀོན་མཆོག་རྒྱལ་


GTD004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱིས་དགོན་པ་གསར་འདེབས་ཀྱི་ས་མོན་ཅོག་ཟེར་བར་བསུ་བ་སེར་སྦྲེང་དང་བཅས་གདན་དྲངས་ཏེ་ཕེབས་ནས་ཞག་གཉིས་བཞུགས་ཤིང་ཁོང་གིས་ཞུས་ངོར་བཅུ་གཅིག་ཞལ་གྱི་དབང་སོགས་འདོད་ཆོས་དུ་མ་སྩལ། ཁོང་ལ་ཡང་སླར་བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་འཇུག་དགོས་ཀྱི་བཀའ་ཕེབས་པར་ཁས་ལེན་ཞུས། སྐུ་གསུང་ཐུགས་རྟེན། དངུལ་སྲང་བརྒྱ་དང་རྟ་ནོར་སུམ་ཅུ་སོགས་ཀྱི་དངོས་འབུལ་བཏེག །ཕྱོགས་དེར་གཙོ་བོ་དོང་ཆུ་ལ་བརྟེན་དགོས་པས་ཕྱོགས་འདུས་ཀྱི་མཇལ་བ་རྣམས་ཀྱི་དོན་ལ་ཆེར་གཏད་ཀྱི་དོང་ཆུ་བཞི་བརྐོས་ཏེ་ལེན་དུ་བཅུག་ཀྱང་ཐེམ་དཀའ་ཙམ་བྱུང་སྣང༌། ཆ་གན་ཐུ་མེ་སུ་མིའི་གྲྭ་མང་མཇལ་བར་འོང་བ་ལ་ཡང་འདོད་ཆོས་ཀྱིས་རེ་བ་བསྐང༌། ཅབ་ཐུ་ས་ལག་ཆི། ཆེ་ཆུག་ཧ་ཐོན་སོགས་ཀྱིས་གདན་དྲངས་པར། འདོད་མོས་བཞིན་གྱི་ཆོས་བཀའ་ཅི་རིགས་གནང༌། ནཱེ་མན་དུ་བཞུགས་ཐོག །ཨ་རུ་ཧོར་ཆེན་པེའི་ལི་བློན་འབངས་བརྒྱ་ཕྲག་བཅས་དང་གནམ་སྔོན་ཞབས་དྲུང༌། ཞབས་དྲུང་བླ་མ་འཕྲིན་ལས་རབ་རྒྱས་སོགས་བླ་གྲྭ་དུ་མ་སྔོན་ལ་བསུ་བར་འབྱོར་ཏེ་ལམ་ཐོག་ཏུ་སྟོན་ཆུང་དང་ཐོག་མའི་རྟེན་འབྱུང་གི་དངོས་འབུལ་ཞུས། འདི་ནས་བཟུང་ཕྱི་ལོགས་ཀྱི་ས་ཆར་སོང་གཤིས་ཞག་མང་པོའི་ལམ་ནས་འོང་བའི་ཐག་རིང་གི་མཇལ་བ་མང་ཞིང་ནམ་ཟླ་དགུན་དུ་སོང་བས་ཡུན་རིང་སྒུག་སྡོད་བྱེད་པ་དཀའ་ཚེགས་ཆེ་ལ་ནང་དགུང་ཁོ་ནར་མཇལ་ཁ་བཏང་ན་རྫོགས་མི་ཐུབ་པས་བརྩེ་བ་ཆེན་པོའི་ཐབས་མཁས་ཀྱིས་བཀོད་ཁྱབ་གནང་བ་ལྟར་ཉིན་མོ་གར་ཕེབས་ཀྱི་ཚ་བབས་དང་ཞག་བབས་ཀྱི་བར་དུ་འཕྲེང་བསྒྲིགས་


GTD004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅུག་སྟེ། ཆིབས་གོང་ངམ་ཕེབས་བྱམས་ཀྱི་སྟེང་ནས་ཕྱག་དབང་གནང་བཞིན་པར་ཕེབས་པས་ཐམས་ཅད་འདུན་པ་རྫོགས་ཤིང་དད་པའི་མྱུ་གུ་སྨིན་པར་གྱུར། བདེ་ཐང་མཁན་པོ་རྟ་པ་ལྔ་བརྒྱ་ཙམ་དང་བཅས་ཆིབས་བསུར་འབྱོར་ཏེ་གདན་དྲངས་པར་ཕེབས་ནས་འདོད་ཆོས་འགའ་ཞིག་སྩལ་བར་དངོས་འབྱོར་གྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས། ཤི་རཱེ་བླ་མ་ཤེས་རབ་དོན་གྲུབ་ཀྱིས་བསྙེན་བཀུར་ཡང་དག་ཞུས་ཏེ་གསོལ་བ་བཏབ་པར་ཆོས་བཀའ་འགའ་ཞིག་གནང༌། བ་ཡན་ཇུ་ལས་དངུལ་སྲང་ཕྱེད་དྲུག་བརྒྱ་སོགས་ཀྱི་དངོས་འབུལ་བཏེགས་ཏེ་ཆོས་ཀྱི་བཀའ་དྲིན་ཞུས་པའི་རེ་བ་བསྐང༌། སླར་ཡང་པེའི་ལིས་གཙོས་མི་བཟང་རྣམས་དང༌། བླ་མ་ཞབས་དྲུང་གིས་ཐོག་དྲངས་པའི་བླ་གྲྭ་དུ་མ་སོགས་རྟ་པ་སྟོང་ཕྲག་བརྒལ་བའི་ཆིབས་བསུ་དང་དགེ་བའི་བག་ཆགས་ཀྱིས་རྒྱུད་བསྐུལ་ཏེ་ཞལ་གྱི་དཀྱིལ་འཁོར་མཇལ་འདོད་ཀྱི་འདུན་པས་ཕྱོགས་སོ་སོ་ནས་ལྷགས་པའི་ཁྲོམ་ཆེན་པོ་དབྱར་གྱི་འབུ་སྲིན་བཞིན་བགྲང་གིས་མི་ལངས་པའི་དབུས་ན་ཚོགས་གཉིས་ལང་ཚོ་རྒྱས་པའི་གཟི་བྱིན་ལྷམ་མེ་བ་དང་བཅས་མཐོང་ཐོས་དྲན་རེག་གིས་འགྲོ་བ་མཐའ་དག་སྨིན་གྲོལ་གྱི་ལམ་ལ་འགོད་བཞིན་པར་འབྱོར་ཏེ་ཐོག་མར་དཔོན་པོའི་ཁང་པར་ཕེབས། གཙང་ཞིང་གྱ་ནོམ་པའི་ཟས་སྣ་དུ་མ་དྲངས་ཤིང་དགེ་བཤེས་གཉིས་ནས་ཆོས་ཀྱི་འབེལ་གཏམ་མཛད་དེ་ལུགས་གཉིས་ཀྱི་དགའ་སྟོན་ཟུང་འབྲེལ་དུ་བསྟར། དེ་ནས་རྗེ་ཉིད་ཕེབས་རྒྱུའི་དོན་དུ་གསར་བསྐྲུན་བྱས་པའི་གཟིམས་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེར་ཟླ་ངོ་གཅིག་ཙམ་བཞུགས། པེའི་ལིས་ཞུས་ངོར་སེར་སྐྱ་དྲག་ཞན་ཆེས་མང་བ་ལ་འཇིགས་བྱེད། ཀུན་


GTD004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རིག །ཐུགས་རྗེ་ཆེན་པོ་གསུམ་གྱི་དབང༌། སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། རྗེ་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་ཀྱི་ལུང་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགོན་པའི་སྒྲིགས་ལམ་ཀུན་སྤྱོད་འདོན་རྟ་དབྱངས་སོགས་སྔར་རྗེ་ཉིད་ཀྱི་སྐུ་ཚབ་ཏུ་མངགས་པའི་དགེ་བཤེས་བསྟན་འཛིན་རྒྱ་མཚོས་བཀྲ་ཤིས་འཁྱིལ་གྱི་ཕྱག་བཞེས་བསླབས་པ་མ་ཉམས་པར་འདུག་པས་དགྱེས་པ་ཆེན་པོ་མཛད་དེ་ཕྱིན་ཆད་ཀྱང་དེ་ལུགས་སོར་བཞག་དགོས་པའི་བཀའ་ནན་ཕེབས། པེའི་ལི་འཁོར་བཅས་ཀྱང་མི་ཕྱེད་པའི་དད་པ་ཐོབ་སྟེ་ཞབས་བརྟན་གྱི་འབུལ་བར་དངུལ་སྲང་ལྔ་བརྒྱ། རྟ་ནོར་བརྒྱད་བརྒྱ་དང་ལྔ་བཅུ། ལུག་དྲུག་བརྒྱ། ཧོ་ཤུས་ནས་རྟ་ནོར་ཕྱེད་དང་བཞི་བརྒྱ་སྐོར། པེའི་ལིའི་རིམ་གྲོར་སྦྱིན་སྲེག་ཞིག་གནང་བ་ལ་དངུལ་སྲང་བརྒྱ། བཞུགས་གུར་ཁྱད་འཕགས། མུ་ཧུ་ལག་ཤིང་རྟ་གཅིག །རྟ་སྒ་སྲབ་ཅན་བཞི་སོགས་ཀྱི་ཡོན་འབུལ་ཟུར་དུ་བཏེག །དེ་ནས་བླ་མ་ཞབས་དྲུང་གིས་གདན་དྲངས་ནས་དགེ་འདུན་མང་གི་སེར་སྦྲེང་དང་བཅས་ཕྱག་ཕེབས། འདུ་ཁང་དུ་ཚོགས་མང་དང་དད་ལྡན་སྦྱིན་བདག་དུ་མར་གཤེད་དམར་དང་དགྲ་ནག་གཉིས་ཀྱི་དབང་ཆེན་སྩལ་ཅིང་ཁོང་གཅིག་པུ་ལ་སྒེར་དུ་ཡང་ཟབ་ཆོས་འགའ་ཞིག་གནང༌། ཕྱོགས་གཞན་ནས་མཇལ་བ་མང་དུ་འོང་བ་ལ་ཕྱག་དབང་དང་འདོད་ཆོས་ལྷུགས་པར་སྩལ། གསོན་གཤིན་དུ་མས་སྐྱབས་ཞུས་ཀྱི་རྟེན་ཕུལ་བ་བདག་གིར་བཞེས་ཏེ་བསྔོ་སྨོན་གྱིས་མཚམས་སྦྱོར་མཛད་ནས་ཐར་པའི་སྒོ་ལམ་ཡངས་པོར་ཕྱེ། བླ་མ་ཞབས་དྲུང་ནས་དངུལ་


GTD004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་བརྒྱ་ལྷག་དང༌། རྟ་ནོར་ཉིས་བརྒྱ་སོགས་ཀྱི་འབུལ་ནོད་སྤམ་མཐོ་བ་བཏེག །གནམ་སྔོན་ཞབས་དྲུང་གི་གཟིམས་ཁང་དུ་ཕེབས་ནས་ཞག་བཞུགས་གནང་སྟེ་ཆོས་བཀའ་འགའ་ཞིག་སྩལ། དེ་ནས་ཙུན་ཇ་རོད་ཤི་དར་པེའི་ལིས་གདན་དྲངས་པར་དེའི་འུ་ལཱ་སྟེང་ནས་ཕེབས་པས་ཆིབས་བསུ་དང་གསོལ་སྟོན་སོགས་ཀྱི་བསྙེན་བཀུར་གང་གཟབ་ཞུས། པེའི་ལིས་ཐོག་དྲངས་དོན་གཉེར་ཅན་དུ་མ་ལ་ཐུགས་རྗེ་ཆེན་པོའི་དབང་དང་གདུགས་དཀར་གྱི་དབང་སོགས་ཆོས་བཀའ་རྒྱ་ཆེར་གནང༌། དངུལ་སྲང་སུམ་བརྒྱ་དང༌། རྟ་སུམ་ཅུ། ཧོ་ཤུས་མང་ནས་དངུལ་སྲང་བརྒྱ་དང་རྟ་ནོར་སུམ་བརྒྱ་སོགས་ཀྱི་དངོས་འབུལ་བསྟར། པ་རོན་ཇ་རོད་དཀོན་མཆོག་སྐྱབས་པེའི་ལིས་ཨུརྒེར་གདན་དྲངས་ཏེ་འདོད་ཆོས་འགའ་ཞིག་ཞུས་ནས་རྟ་ནོར་བརྒྱ་ཕྲག་གིས་མཚོན་པའི་ཡོན་འབུལ་ཞུས། གཞན་ཡང་འབྱོར་ལྡན་དུ་མས་སྤྱན་དྲངས་པ་སོ་སོའི་ཡིད་ཀྱི་རེ་བ་ཚིམ་པར་མཛད་དེ་སླར་ཡང་ཨ་རུ་ཧོར་ཆེན་དུ་ཕེབས། དཔོན་པོས་སྙན་བསྐུལ་ཞུས་པ་ལྟར་མཆོད་ཡོན་དགོངས་མཐུན་གྱི་ངོས་ནས་སུ་རུག་དར་གོ་དང་འཚོ་མཁན་བཅས་བཞག །འཇམ་དབྱངས་གོང་མའི་ནང་བློན་ཆེན་པོ་པཱ་རིན་ཝང་ནས་ཐུ་ས་ལག་ཆི་བཀྲ་ཤིས་ཕུན་ཚོགས་དང་ཐུ་མུར་ཁཱ་གཉིས་གདན་འདྲེན་དུ་མངགས་ཏེ་སྙན་གསན་ཕུལ་བར་ད་ལྟ་གྲང་ངད་ཆེ་བའི་སྟབས་ཀྱིས་རྗེས་སོར་ཕེབས་ཆོག་ཅེས་བཀའ་ཕེབས་ཀྱང་མ་འགྱངས་པར་ཝང་རང་ཉིད་དངོས་སུ་འབྱོར་ཏེ་ནན་གྱིས་ཞུས་པས་ངོ་མ་བཟློག་པར་དེ་ཕྱོགས་སུ་ཆིབས་བསྐྱོད། ཞག་བབས་ཚ་བབས་འུ་ལཱ་སོགས་ཝང་ནས་བསྒྲིགས། ལམ་ནས་བཱ་རིན་ཇ་སག་པའི་ལི། སུ་ལ་


GTD004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པེའི་སི། དཀའ་བཅུ་བླ་མ་སོ་སོ་ནས་གདན་དྲངས་པར་བརྩེ་བའི་གསུང་གིས་དབུགས་དབྱུང་དང་ཆོས་ཀྱི་བདུད་རྩིའི་དགའ་སྟོན་སྩལ་བས་རང་རང་གི་འབྱོར་པ་དང་བསྟུན་པའི་འབུལ་ནོད་སྤམ་མཐོ་བ་བཏེག །ཝང་གིས་གཙོས་རྟ་པ་བརྒྱ་ཕྲག་དུ་མ་ཆིབས་བསུར་འབྱོར་ཏེ་རྟ་རྒྱུག་གི་གཟིགས་མོ་འབུལ་བས་མཚོན་སོག་ལུགས་ཀྱི་བཀུར་གཟོས་ཕུལ་དུ་ཕྱིན་པས་མཉེས་པར་བྱས། དེ་ནས་དགེ་འདུན་དུ་མའི་སེར་སྦྲེང་དང་བཅས་པཱ་རིན་པ་ཐོ་ཝང་གི་ཡཱ་མོན་དུ་ཕྱག་ཕེབས་པར་སྟོན་མོ་རྒྱས་པ་ཕུལ། ཕྱོགས་འདུས་ཀྱི་མཇལ་བ་བགྲང་ལས་འདས་པ་ལ་ཕྱག་དབང་སོགས་ཀྱིས་བཀའ་དྲིན་བསྐྱངས། ཝང་གིས་ཞུས་ངོར་གདུགས་དཀར་གྱི་དབང་ཆེན་བྱད་འགྲོལ་དང་བཅས་པ་སོགས་ཆོས་ཀྱི་མཆོད་སྦྱིན་རྒྱ་ཆེར་སྩལ་བའི་ཡོན་དུ་དངུལ་སྲང་སྟོང་ཕྲག་ལྔ་སོགས་རྨུགས་འཛིན་གྱི་འབྱོར་པའི་དཔལ་ལ་འཁུ་བའི་མཆོད་སྤྲིན་བསྟར། ཝང་གི་ཤི་རཱེ་བླ་མས་གདན་དྲངས་པར་ཡང་ཕེབས་ཏེ་ཆོས་བཀའ་འགའ་ཞིག་གནང་བར་དངུལ་སྲང་སུམ་བརྒྱ། རྟ་སུམ་ཅུ་སོགས་ཕུལ། སླར་ཡང་ཨ་རུ་ཧོར་ཆེན་དུ་ཕེབས་ནས་བཞུགས་སྐབས་ལྕང་སྐྱ་རྡོ་རྗེ་འཆང་ལ་ཞུ་ཤོག་ཅིག་ཕུལ་བའི་ནང་དུ་ཉིད་ལ་མནལ་ལམ་དུ་རྡོ་རྗེ་འཆང་ཉིད་ནས་ཚིགས་བཅད་ངོ་མཚར་བ་འགའ་ཞིག་གསུངས་ཚུལ་གྱི་དོན་ལས་བརྩམས་པའི་དྲི་བ་ཞུས་ཡོད་འདུག་པ་ཡབ་སྲས་གཉིས་ཁོ་ནའི་ཐུགས་ལ་གསལ་བའི་རྣམ་ཐར་ངོ་མཚར་བ་ཞིག་ཡིན་འདྲ་ཡང་གཞན་ལ་གསལ་བར་གསུངས་པ་མི་སྣང༌། དེ་ནས་ཨ་རུ་ཧོར་ཆེན་གྱི་འུ་ལཱ་སྟེང་ནས་ནང་ལོགས་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར། ལམ་ནས་བལ་ཅོ་རོང་བླ་མས་


GTD004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དྲངས་ཏེ་དངོས་འབུལ་གཟབ་རྒྱས་བསྟར་ནས་ཆོས་བཀའ་འགའ་ཞིག་ཞུས་པ་འདོད་མོས་བཞིན་གནང༌། རིམ་གྱིས་ཕེབས་པར་མོང་གོལ་ཅིན་ནས་བསྟན་པའི་གསལ་བྱེད་ཆ་གན་ཏི་ཡཱན་ཆིའི་སྤྲུལ་སྐུས་སྔར་སྙན་གསན་ཕུལ་ཡོད་པ་བཞིན་གདན་འདྲེན་ཞུ་མི་ཕྱག་མཛོད་ཀྱིས་གཙོས་མི་དྲག་ཁ་ཤས་འུ་ལཱ་དང་བཅས་འབྱོར་པས་མོང་གོལ་ཅིན་དུ་ཆིབས་བསྐྱོད། ལམ་ནས་ཉིན་རེ་བཞིན་མཇལ་བ་སྟོང་ཕྲག་དུ་མར་ཕྱག་དབང་གནང་སྟེ་འབྲེལ་ཚད་དོན་ལྡན་དུ་མཛད། སྤྲུལ་བའི་སྐུས་གཙོ་མཛད་མོང་གོལ་ཅིན་པེའི་ལི་བསོད་ནམས་དཔལ་འབྱོར་ཡབ་སྲས་སོགས་རྟ་པ་བརྒྱ་ཕྲག་དུ་མས་ཕེབས་བསུ་དང་ཇ་ཐབ། དགེ་འདུན་མང་གི་སེར་སྦྲེང་དང་བཅས་མོང་གོལ་ཅིན་དགོན་པར་ཕེབས། བཅུ་གཉིས་པའི་ཚེས་ལ་ཆ་གན་ཏི་ཡཱན་ཆིའི་སྤྲུལ་སྐུ་དང་ལྷ་རམས་པ་དར་རྒྱས་སོགས་དོན་གཉེར་ཅན་དུ་མ་ལ་ལམ་རིམ་ཆེན་མོའི་བཤད་ལུང་ཤིན་ཏུ་རྒྱས་པ་གསུང་རབ་སྤྱིའི་ཁོག་ཕུབ་ཅིང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་བཤད་པས་གཞུང་བསྲངས། བླ་མ་གོང་མའི་ཞལ་ཤེས་མན་ངག་དུ་མས་ཟུར་བརྒྱན། ཚིག་དོན་གྱི་ཆ་ལ་ལོག་པར་རྟོག་པའི་དྲི་མ་མཐའ་དག་ལུང་དང་རིགས་པའི་དགག་བཞག་གིས་བྱི་དོར་བྱས་ཏེ་རྩལ་བཤད་མཛད་པས་མཁས་པ་མཐའ་དག་གི་རྒྱུད་ལ་བླ་མ་དང་ཆོས་ལ་དམིགས་པའི་དད་པ། རང་ཉིད་འདི་ལྟ་བུ་དང་མཇལ་བ་སྐལ་བ་བཟང་སྙམ་པའི་དགའ་བ། དེ་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པར་འདོད་པའི་སྤྲོ་བ། གསུང་རབ་དུ་མའི་དགོངས་དོན་རྟོགས་པའི་ཤེས་རབ་རྣམས་ཕན་ཚུན་འགྲན་པ་བཞིན་དུ་འཕེལ། སྤྲུལ་བའི་སྐུ་ནས་དངུལ་སྲང་དགུ་བརྒྱ་ལྔ་བཅུ་སོགས་ཡོན་འབུལ་ཡང་སྤམ་མཐོ་


GTD004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏེག །དགུང་ལོ་ཞེ་བཞི་པ་ལྕགས་མོ་ཡོས་ཀྱི་ལོ་གསར་ཀྱང་དེར་གནང་བས་ཁྲང་ཤི་འཁྲབ་པ་སོགས་ཡུལ་ལུགས་ཀྱི་རོལ་རྩེད་དུ་མས་གཟིགས་མོ་ཚར་དུ་དངར་བ་སྤྱན་ལམ་དུ་བསྟར། ཕྱོགས་འདུས་ཀྱི་མཇལ་བ་འབུམ་ཕྲག་བརྒལ་བ་བྱུང་བས་དམངས་ལ་ཉིན་ཁ་ཤས་ཕྱག་ནས་འཐོར་ཏེ་རེ་བ་ཚིམ་པར་མཛད་ཅིང་མཇལ་དར་རྐྱང་པ་ལ་ཡང་དངུལ་སྲང་ཁྲི་ཕྲག་ལྷག་པ་བྱུང༌། ཚུལ་འདི་ནི། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་ན། མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཐོས་པ་དང། རེག་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །ཞེས་གསུངས་པ་ལྟར་མཐོང་ཐོས་དྲན་རེག་ཙམ་གྱི་སྒོ་ནས་ཀྱང་གདུལ་བྱའི་དོན་མཛད་པའི་རྣམ་པར་ཐར་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ལག་རྗེས། ཉོན་མོངས་མེད་པའི་ཏིང་ངེ་འཛིན་གྱི་བྱེད་ལས་ཁྱད་པར་ཅན་ཞིག་གོ །ཉིན་གཅིག་ངེད་ཆོས་གྲྭར་སོང་ནས་དོན་བདུན་ཅུའི་བརྩི་བཞག་གཏོང་རྒྱུ་ཡིན་ཞེས་བཀའ་ཕེབས་པས། སྔར་སྐུ་ཞབས་ཉིད་སྐུ་འབུམ་གྱི་ཁྲིར་བཞུགས་པའི་ཚེ་ཆ་གན་ཏཱི་ཡན་ཅིའི་སྤྲུལ་བའི་སྐུ་དབུས་ནས་མར་ཕེབས་པའི་ལམ་ཞོར་དུ་མཇལ་ཏེ་རང་གི་དགོན་པར་མཚན་ཉིད་ཅིག་ཚུགས་ན་ཇི་འདྲ་ཡོང་ཞུས་པར་མཚན་ཉིད་ཚུགས་ན་ལེགས་འཆད་ཉན་འཕེལ་བོ་ཡོང༌། རྗེས་སོར་དོན་བདུན་ཅུའི་བརྩི་བཞག་ངེད་ཀྱིས་གཏོང་དགོས་གསུངས་པ་ལ་ཐུགས་བརྟག་ལེགས་པར་འདུག་སྙམ་དུ་དགྱེས་ཚོར་ཙམ་ལས་བརྩི་བཞག་གནང་རྒྱུ་རྟེན་འབྲེལ་གྱི་གསུང་ཙམ་ཡིན་དགོངས་པ་བྱུང་ཡང༌། སྐབས་དེར་གྲྭ་ཚང་ལ་ཡང་བསྡུས་གྲྭ་བློ་རྟགས་


GTD004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་འཛིན་གྲྭ་རིམ་པར་ཕྱེ་སྟེ་དོན་བདུན་ཅུའི་འཛིན་གྲྭ་ཚུགས་རན་གྱི་མཚམས་སུ་སླེབ་པ་དུས་ཐུག་པ་བཅས་སྔར་གྱི་གསུང་གི་དོན་གཟོད་དྲན་ཏེ་དེ་དུས་ནས་མ་འོངས་པ་འདི་ཐམས་ཅད་མངོན་སུམ་དུ་གཟིགས་པར་འདུག་སྙམ་དུ་མོས་གུས་དང༌། འཆད་ཉན་འཕེལ་བར་གསུངས་པ་ལ་ཡང་ཡིད་ཆེས་ཇེ་བརྟན་དུ་སོང་བས་དཔོན་སློབ་ཐམས་ཅད་སྤྲོ་བ་ཚད་མེད་པ་དང་བཅས་ཆོས་གྲྭར་འཚོགས་པ་ལ་རྗེ་ཉིད་ནས་དོན་བདུན་ཅུའི་བརྩི་བཞག་གནང༌། སྤྲུལ་སྐུས་ཞུས་ངོར་དོན་བདུན་ཅུ་ཉུང་འདུས་ཤིག་གི་ལྗགས་རྩོམ་ཡང་མཛད། སྔར་འཆད་ཉན་ལ་ཉམས་ཆག་ལན་འགའ་བྱུང་ཡང་དེ་ནས་བཟུང་བར་ཆད་མེད་པར་འཆད་ཉན་འཕེལ་རྒྱས་སུ་སོང་བ་ནི་རྗེ་འདིའི་ཐུགས་རྗེ་ཡིན་ཞེས་གྲྭ་པ་ཐམས་ཅད་མགྲིན་གཅིག་ཏུ་གླེང༌། སྤྲུལ་བའི་སྐུ་ནས་གསོལ་བ་བཏབ་པ་བཞིན་ཚོགས་མང་ལ་གདུགས་དཀར་གྱི་དབང་དང་རྗེས་གནང་ཁ་ཤས་སྩལ་ཅིང༌། ཁོང་ལ་སྒེར་དུ་ཡང་ཟབ་ཆོས་འགའ་ཞིག་གནང༌། ཟླ་བ་གཉིས་པའི་མཚམས་ཤིག་ནས་སྐུ་ཁམས་ཅུང་ཟད་ལྟེམ་པར་ཞབས་ཕྱི་རྣམས་དང་དེ་ཀའི་དགེ་འདུན་ཐམས་ཅད་ནས་གཏོར་སྒྲུབ། གཏོར་ཆེན། གདུགས་ཤེར་སོགས་ཞབས་བརྟན་རིམ་གྲོ་ཉིན་མཚན་མེད་པར་བསྒྲུབས། དེར་ལྷ་རམས་པ་བཀྲ་ཤིས་དར་རྒྱས་ཀྱིས་གཙོ་བྱས་ཏེ་གཏོར་ཆེན་ཞིག་ཚུགས་སྐབས་གཏོར་རྒྱག་བྱེད་ས་རྗེ་ཉིད་བཞུགས་ཡུལ་དང་ཐག་ཤིན་ཏུ་རིང་ཡང་སྐབས་ཤིག་གསེར་སྐྱེམས་ཀྱི་མཚམས་ནོར་སོང་གསུངས་པ་རྗེས་སུ་དྲིས་ཚེ་དེ་ཁོ་ན་བཞིན་འདུག་པས་མངོན་ཤེས་ཀྱིས་གཟིགས་པར་ངེས་པ་རྙེད། ནང་གཅིག་སྔ་བར་དེ་རིང་ཚང་མས་རྨ་ཆེན་ལ་གསོལ་ཁ་ཐོངས་གསུངས་ཏེ་དེའི་མཚན་མོ་རྨ་ཆེན་གྱིས་


GTD004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་གདན་སར་ཕེབས་རྒྱུའི་སྙན་བསྐུལ་ཞུས་པའི་མནལ་ལམ་ངོ་མཚར་བ་ཞིག་བྱུང་བ་ཡིན་འདུག །དེ་ནས་སྤྲུལ་བའི་སྐུ་སོགས་ཀྱིས་ཞབས་བརྟན་ཕུལ་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་པར་ཞལ་བཞེས་བཟང་པོ་མཛད་ཅིང་མ་འགྱངས་པར་གཟུགས་སྐུའི་ཟླ་ཤེལ་སྙུན་གྱི་སྒྲིབ་གཡོགས་དང་བྲལ་ཏེ་གཟི་བྱིན་གྱི་འོད་དཀར་ཡོངས་སུ་སྤྲོ་བས་ཀུན་གྱི་ཡིད་ལ་དགའ་བདེའི་ཀུ་མུད་ཅི་ཡང་བཞད་པར་གྱུར་ཏོ། །དེ་ནས་མོང་གོལ་ཅིན་པེའི་ལིས་གདན་དྲངས་ནས་དེར་ཆིབས་བསྐྱོད། དབང་དང་རྗེས་གནང་སོགས་ཆོས་བཀའ་ཅི་རིགས་སྩལ་བར་དངུལ་སྲང་སྟོང་ཕྲག་སོགས་བདོག་པའི་ཚན་གྲངས་གཟབ་རྒྱས་བསྟར། རྒྱལ་མཚན་ཇ་ལན་གྱིས་ཀྱང་བསྙེན་བཀུར་གཟབ་ཅིང༌། ཆོས་བཀའ་འགའ་ཞིག་ཞུས་ཏེ་སྔ་ཕྱིར་དངུལ་སྲང་སྟོང་གི་དངོས་འབུལ་བཏེག །གཞན་ཡང་དོན་གཉེར་ཅན་དུ་མས་གདན་འདྲེན་ཞུས་པ་སོ་སོའི་རེ་བ་བསྐངས་ཏེ་སླར་ཡང་མོང་གོལ་ཅིང་དགོན་པར་ཕེབས། ཨ་རུ་ཧོར་ཆེན་པེའི་ལིས་རྗེ་ཉིད་སྐུ་ཁམས་ཅུང་ཟད་མ་བདེ་ཚུལ་ཐོས་ཏེ་མགྱོགས་ཤད་ཀྱིས་འོངས་ནས་ཞབས་བརྟན་ཕུལ་བར་གང་ཅིའི་གསུང་གླེང་ཞིབ་རྒྱས་གནང༌། གསུམ་པའི་ཚེས་ལ་ཐུ་མེད་པེའི་སི་དུས་ཀྱི་ཆོས་ཉིད་དུ་གྱུར་པས་ལྗགས་བསྔོ་ཞུ་རྟེན་འབྱོར་བར་དེ་ཉིད་འཁོར་བ་སྤྱི་དང་བྱེ་བྲག་གི་འཇིགས་པ་ལས་གྲོལ་བའི་ཕྱིར་ཐུགས་དམ་སྤྱན་དམིགས་རྒྱུན་རིང་མཛད་དེ་གཏན་བདེའི་དཔལ་ལ་བཀོད། ཧ་ཐོན་དང་སྲས་རྣམས་ལ་འཁོར་བ་མི་རྟག་པའི་ངང་ཚུལ་ལས་བརྩམས་ཏེ་སེམས་གསོ་བའི་བསླབ་བྱ་ཞིབ་རྒྱས་དང་བཅས་མགྲོན་གཉེར་རྫོངས་སྟ་གནང༌། གསུམ་པའི་ཚེས་ལ་ཐུ་མེད་པེའི་སིའི་


GTD004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པར་ཕེབས་སྐབས་ཀྱང་སྲས་དང་ཧ་ཐོན་སོགས་ནས་བསྔོ་རྟེན་གཟབ་རྒྱས་ཕུལ་ཏེ་པེའི་སིའི་གདུང་ཞུགས་འབུལ་གནང་དགོས་ཚུལ་ཞུས་པའི་རེ་བ་བསྐང། དེར་བཞུགས་རིང་ཕན་ཚུན་དུ་མ་ནས་ཕྱག་དབང་དང་འདོད་ཆོས་ལྗགས་བསྔོ་སོགས་ཞུ་མཁན་ཆེས་མང་དུ་བྱུང་བ་རྣམས་ལ་སོ་སོའི་མོས་པ་བཞིན་གནང་སྟེ་རེ་འབྲས་སྨིན་པར་མཛད། དེ་ནས་རིམ་གྱིས་ཆིབས་ཁ་ཕྱིར་བསྒྱུར་བར། ཨོང་ཉོད་དར་ཧན་པེའི་ལི་དང༌། དབང་ཆེན་ཐོ་ཡོན་བཅས་ཀྱིས་གདན་དྲངས་པ་བཞིན་དེའི་འུ་ལཱ་སྟེང་ནས་ཨོང་ཉོད་དུ་ཕེབས། བསུ་བ་སེར་སྦྲེང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པེའི་ལིའི་དགོན་པར་བབས། ཕྱོགས་འདུས་ཀྱི་མཇལ་བ་ཆེས་མང་བ་རྣམས་ཀྱི་རེ་བ་བསྐངས་ཤིང་སོ་སོ་ནས་གང་འབྱོར་གྱི་དངོས་པོ་ཡོད་འབུལ་ལྟ་བུ་བྱས། པེའི་ལིས་ཞུས་ངོར་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་དང༌། བླ་མ་མཆོད་པའི་ཁྲིད་སོགས་ཟབ་ཆོས་འགའ་ཞིག་སྩལ། དངུལ་སྲང་དྲུག་བརྒྱ། གོས་ཆེན་སུམ་ཅུ། རྟ་ཕོ་རྒོད་བརྒྱ་སོགས་ཀྱི་མཆོད་སྤྲིན་སྦྲེངས། འདིར་བཞུགས་སྐབས་ཧར་ཆེན་ཇ་སག་ཆེ་ཆུག་གུང་ངོ་གཡོག་དུ་མ་ཆིབས་སྐྱེལ་དུ་འབྱོར་ཏེ་སྟོན་མོ་གཟབ་རྒྱས་ཀྱི་ཐོག་བྱམས་པའི་སྐུ་ཐང་སྲིད་དུ་ཁྲུ་དགུ། ཞེང་དུ་ཁྲུ་བདུན་པ་གོང་གཤམ་ཁྱད་འཕགས་ཅན། གཟིམས་གུར་གསར་པ་གོས་ཆེན་བླ་བྲེ་དང་བཅས་པ་ཆ་འགྲིག །རས་གུར་ཁང་པའི་དབྱིངས་ཅན། རྔ་མོང་དཀར་པོ་དངུལ་གྱི་སྣ་ཐུར་དང་བུ་ལ་གའི་སྡོམ་ཅན་སོགས་ཁྱད་ནོར་དུ་མ་དང་དངུལ་སྲང་ཉིས་བརྒྱས་མཚོན་བདོག་པ་སྤམ་མཐོ་བའི་ཕེབས་རྫོངས་ཞུས། དེ་ནས་ཕྱག་བཏེགས་ཏེ་ཨུ་ཅུ་མུ་ཆིན་གཡོན་རུའི་པེའི་ལིས་གདན་འདྲེན་པ་


GTD004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འུ་ལཱ་དང་བཅས་འབྱོར་བའི་སྟེང་ནས་དེར་ཕེབས་པའི་ལམ་ཁར་བཱ་རིན་ཝང་གིས་གདན་དྲངས་ཏེ་ཞག་ཤས་བཞུགས་པ་ལ་སྔར་རྒྱུན་བཞིན་བཀུར་སྟི་རིམ་གྲོ་བླ་ན་མེད་པ་དང་ཕེབས་རྫོངས་ཀྱི་བདོག་པ་སྤེལ། ཨ་རུ་ཧོར་ཆེན་པེའི་ལི་ཡང་ཆིབས་སྐྱེལ་དུ་འབྱོར་ཏེ་ཕེབས་རྫོངས་ཞུས། བཱ་རིན་ཝང་དང་རྟག་བརྟན་པེའི་ལི་སོགས་ཆིབས་སྐྱེལ་བ་དུ་མ་དང་བཅས་ཨུ་ཅུ་མུ་ཆིན་དུ་ཕེབས་པར་དེ་ཀའི་པེའི་ལི་འཁོར་བཅས་བསུ་བར་འབྱོར། དེར་དབང་དང་རྗེས་གནང་སོགས་ཟབ་ཆོས་དུ་མའི་བཀའ་དྲིན་བསྐྱངས་ཏེ་ཞག་བཅུ་ཙམ་བཞུགས། པེའི་ལིས་ཀྱང་དངུལ་སྲང་ལྔ་བརྒྱ། རྟ་ཕོ་རྒོད་བརྒྱ། ལུག་སྟོང་སོགས་ལེགས་འབུལ་ཚན་ཆེ་བ་བསྟར། པན་ཐུས་ལག་ཆི་སོགས་མི་དྲག་སོ་སོ་ནས་རང་འབྱོར་དང་བསྟུན་པའི་བསྙེན་བཀུར་ཡང་དག་ཞུས། ལམ་ནས་དགོན་པ་ཁ་ཤས་ཀྱིས་སྤྱན་དྲངས་པ་སོ་སོར་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་སྩལ། དེ་ནས་ཨུ་ཅུ་མུ་ཆིན་གཡས་རུའི་ཆིང་ཝང་ཕུན་ཚོགས་རབ་བརྟན་གྱིས་གདན་འདྲེན་གྱི་བསུ་བ་རིམ་ཅན་དང་རྟ་འུ་ལཱ་སོགས་ཀྱི་གྲ་བསྒྲིགས་ཐོག་ནས་དེར་ཕྱག་ཕེབས། ཞག་འགའ་བཞུགས་ནས་ཝང་འཁོར་བཅས་ལ་འདོད་ཆོས་དུ་མས་བཀའ་དྲིན་བསྐྱངས་ཏེ་ཚིམ་པར་མཛད། ཡོན་འབུལ་དུ་དངུལ་སྲང་སྟོང༌། རྔ་མོང་ལྔ་བཅུ། རྟ་བརྒྱ། ལུག་ཉིས་སྟོང་བཅས་དངོས་འབྱོར་གྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས། ཧོ་བིལ་གན་བླ་མས་བསུ་བ་སེར་སྦྲེང་དང་བཅས་རང་གི་དགོན་པར་གདན་དྲངས་ཏེ་ཆོས་བཀའ་འགའ་ཞིག་ཞུས་པ་རྣམས་དགྱེས་བཞིན་དུ་གནང༌། ཨ་རུ་ཧོར་ཆེན་པེའི་ལིའི་སྲས་འདི་བར་དུ་ཆིབས་སྐྱེལ་ལ་འོང་བར་ཐོན་ཕྱག་གྱ་ནོམ་པ་གནང་སྟེ་ཕྱིར་སློག །


GTD004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཨ་བག་པེའི་སི་རྟག་བརྟན་གྱི་གདན་འདྲེན་པ་འབྱོར་ཏེ་སྙན་གསན་ཕུལ་བ་ཞལ་གྱིས་བཞེས། དྲུག་པའི་ཚེས་ལ་དེར་ཆིབས་བསྐྱོད་དེ་པེའི་སི་འཁོར་བཅས་ཀྱིས་ཆིབས་བསུ་དང༌། དགེ་འདུན་རྣམས་ཀྱི་སེར་སྦྲེང་བཅས་པེའི་སིའི་དགོན་པར་ཕྱག་ཕེབས། མི་འཁྲུགས་པའི་དབང་སོགས་ཆོས་བཀའ་འགའ་ཞིག་སྩལ་བར་དངུལ་སྲང་ལྔ་བརྒྱ་དང་རྟ་ཉི་ཤུ་སྐོར་གྱི་ཡོན་འབུལ་བཏེག །ཕྱོགས་འདུས་ཀྱི་མཇལ་བ་དུ་མར་ཕྱག་དབང་དང་འདོད་ཆོས་བསྙེན་གནས་ཀྱི་སྡོམ་པ་སོགས་སྩལ་ཏེ་ཐར་པའི་ས་བོན་བསྐྲུན། བསྟན་པའི་གསལ་བྱེད་ཆེན་པོ་ཧལ་ཧ་རྗེ་བཙུན་དམ་པའི་སྤྲུལ་བའི་སྐུ་རིན་པོ་ཆེ་དང་ལྕང་སྐྱ་རྡོ་རྗེ་འཆང་རྣམ་གཉིས་དོ་ལོན་ནོར་དུ་ཕེབས་ནས་བཞུགས་ཡོད་པ་དང་མཇལ་འཛོམ་གྱི་ཕྱིར་བདུན་པའི་ནང་ལ་དེར་ཆིབས་ཁ་བསྒྱུར། ལྕང་སྐྱ་ཐམས་ཅད་མཁྱེན་པའི་གསོལ་དཔོན་དགེ་ལེགས་ནམ་མཁའ་སོགས་བསུ་བ་མང་དུ་འབྱོར་ཏེ་ཇ་ཐབ་ཞུས། དེ་ནས་ཤ་ར་སུ་མེར་ཕྱག་ཕེབས་ཏེ་རྡོ་རྗེ་འཆང་ཆེན་པོའི་མདུན་དུ་ཉིན་རེ་བཞིན་ཕེབས་ནས་བསྟན་པ་ཡོངས་རྫོགས་ཀྱི་གནད་ལས་བརྩམས་བའི་ཟབ་རྒྱས་ཆོས་ཀྱི་བཀའ་མཆིད་རྒྱུན་མི་འཆད་དུ་མཛད་པས་བཀའ་ཆོས་ཕལ་ཆེར་གྱི་ཚེ་ལྕང་སྐྱ་རྡོ་རྗེ་འཆང་འདི་ལྟར་གསུངས་ཞེས་ཡང་ཡང་ལུང་འདྲེན་མཛད་པ་ཞིག་ཡོད་ཅིང་རྡོ་རྗེ་འཆང་ནས་ཀྱང་སྐབས་སྐབས་སུ་འདི་ལ་འཇམ་དབྱངས་བཞད་པ་ཚང་ནས་འདི་གསུང་གིན་འདུག །ངེད་ཀྱིས་འདི་བྱས་པ་ཡིན་ཞེས་པ་ལྟ་བུ་ཡང་ཡང་གསུངས་པ་ཞིག་ཡོད་པར་རྒྱུས་ཡོད་རྣམས་གླེང༌། ཉིན་གཅིག་ལྕང་སྐྱ་རྡོ་རྗེ་འཆང་ལ་དངུལ་སྲང་སྟོང་དང་ནང་མཛོད་དྲི་མེད་བཅས་ཕུལ་ཏེ་ངེད་ལ་འབུལ་ནོད་གང་བྱུང་བ་འདི་རྣམས་རང་དོན་དུ་སྐར་མ་གང་ཡང་མི་བསྔོ། འོན་ཀྱང་གཤིན་པོའི་རྣམ་ཤེས་གསོན་པོའི་


GTD004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ལ་ཕན་དུ་རེ་ནས་བྱིན་པ་ཁོ་ན་ཡིན་ཚུལ་བསམ་ན་སྐྲག་པར་འདུག་པས་ངེད་ལ་འབྲེལ་ཚད་ཀྱི་ཤི་གསོན་ཐམས་ཅད་སྐུ་ཞབས་ཉིད་ནས་ཐུགས་ལ་འཛིན་དགོས་ཞེས་སྐྱབས་འཇུག་ཞུས་པར། ཧ་ཧ་ཁྱོད་སྐྲག་ན་ང་མི་སྐྲག་དགོས་པ་ཨེ་རེད་གསུངས་ཏེ་བཞད་མོ་ཆེར་གནང༌། འདིས་ནི་ཡབ་སྲས་གཉིས་ཀའི་ཆེ་བ་འདོན་པར་སྣང་ཡང༌། གྲོང་ཆོག་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱིས་སོར་མོ་ནང་དུ་བཀུག་སྟེ་ཐུགས་བསམ་བཞེས་དགོས་པའི་ཚོད་དུ་འདུག་གོ །དེར་རྗེ་བཙུན་དམ་པའི་སྤྲུལ་བའི་སྐུ་རིན་པོ་ཆེར་མཇལ་བར་ཕེབས་ཚེ་འཇམ་དཔལ་རྡོ་རྗེ་ནོ་མིན་ཧན། དགེ་རྒན་ནོ་མིན་ཧན། མེར་གེན་ནོ་མིན་ཧན་གསུམ་གྱིས་གཟིམས་འགག་གི་ཕྱི་ལོགས་ནས་བསུས་ཏེ་ནང་དུ་ཕེབས་སྐབས་ཀྱང་གདན་ཁྲི་སོགས་ཀྱིས་བཀུར་གཟོས་ཡང་དག་ཞུས། སྤྲུལ་བའི་སྐུ་རིན་པོ་ཆེར། བཞུགས་གདན། རྒྱབ་ཡོལ། དངུལ་སྲང་ཉིས་བརྒྱ་བཅས་ཀྱི་དངོས་འབུལ་བཏེག །ནོ་མིན་ཧན་གསུམ་སོ་སོ་ནས་རང་རང་གི་གཟིམས་གུར་དུ་གདན་དྲངས་ཏེ་ཕུ་དུད་བླ་ན་མེད་པ་དང་བཅས་གསོལ་སྟོན་བསྟར་ཞིང་ཆོས་འབྲེལ་ཞུས། ཁུ་ཁུ་སུ་མེར་པ་ལིག་ཐུ་ནོ་མིན་ཧན་གྱིས་གདན་དྲངས་ནས་གསོལ་སྟོན་གཟབ་རྒྱས་དང་དངོས་འབུལ་བཏེག་སྟེ་ཆོས་བཀའ་འགའ་ཞིག་ཞུས་པའི་བཞེད་པ་བསྐང་། དེ་སྐབས་ལྕང་སྐྱ་རྡོ་རྗེ་འཆང་ནས་རྗེ་བཙུན་དམ་པའི་སྤྲུལ་བའི་སྐུ་རིན་པོ་ཆེར་གསང་བདེ་འཇིགས་གསུམ་གྱི་དབང་སོགས་ཆོས་བཀའ་མང་དུ་གནང་བ་ཡང་ལྷན་དུ་གསན། རྗེ་ཉིད་ནས་ཞུས་པ་བཞིན་བདེ་མཆོག་དཀར་པོའི་རྗེས་གནང༌། ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་གྱི་སྟེང་


GTD004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནཱ་རོ་ཆོས་དྲུག་གི་ཉམས་ཁྲིད་རྒྱས་པ་ལུས་སྦྱོང་དང་རླུང་གི་རྣལ་འབྱོར་སོགས་ཀྱི་ཕྱག་བཞེས་དང་བཅས་ཞིབ་ཏུ་སྩལ། དངུལ་སྲང་ལྔ་བཅུའི་རྒྱུ་ཡོན་སྦྱར་ཏེ་དཔལ་ཧེ་རུ་ཀ་དང་གཉིས་སུ་མ་མཆིས་པའི་བླ་མ་རྡོ་རྗེ་འཆང་ཆེན་པོ་རིག་པ་འཛིན་པའི་འཁོར་དང་བཅས་པ་ལ་ཚོགས་འཁོར་རྒྱས་པར་ཞུས་ཏེ་གནས་གསུམ་དཔའ་བོ་མཁའ་འགྲོ་མཐའ་དག་དབྱར་གྱི་ཆར་སྤྲིན་བཞིན་དུ་འདུས་པ་དང་ཆབས་ཅིག་པར་ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་ལྡན་དུ་རོལ་པའི་སྐབས་ཚོགས་གྲལ་ནས་ལྕང་སྐྱ་རྡོ་རྗེ་འཆང་གིས་གསུང་མགུར་གནང་བ་ནི། ན་མོ་གུ་རུ་བྷྱཿཞིང་རབ་འབྱམས་རྒྱལ་བ་ཞི་ཁྲོའི་ཚོགས། །དོན་གཅིག་ཏུ་འདུས་པའི་ཡེ་ཤེས་གར། །ཕ་དྲིན་ཅན་ངག་དབང་མཆོག་ལྡན་ཞབས། །སྙིང་ཆོས་འཁོར་འདབ་བརྒྱད་ལྟེ་བར་བཞུགས། །ལུང་རྟོགས་པའི་ཡོན་ཏན་རྒྱ་ཆེ་ཞིང༌། །ཚེ་དུ་མར་བསྟན་ལ་བྱ་བ་མཛད། །གནས་ལྔ་རིག་མཁྱེན་པའི་ལང་ཚོ་རྒྱས། །རྗེ་སྤྲུལ་བའི་སྐུ་ཁྱོད་བདག་ལ་གསོན། །ཡོངས་རང་རེ་འཁོར་བའི་སེམས་ཅན་རྣམས། །རྨོངས་མ་རིག་འཁྲུལ་པའི་དབང་གྱུར་ཀྱང༌། །ཡིད་གདོད་མའི་སེམས་ཀྱི་རྡོ་རྗེ་དེ། །འོད་གསལ་བ་དྲི་མས་དབེན་པ་ཡིན། །དོན་དེ་ཕྱིར་སེམས་ཀྱི་རང་བཞིན་ཏེ། །ཚུལ་ཇི་བཞིན་རང་ངོ་འཕྲོད་པའི་ཕྱིར། །མགོན་ཀླུ་སྒྲུབ་ཡབ་སྲས་གཞུང་ལུགས་ལ། །སྒོ་དུ་མས་ཉམས་ལེན་འབད་པ་གཅེས། །མ་དྲིན་ཅན་རིགས་དྲུག་འགྲོ་བ་རྣམས། །གནས་སྲིད་པར་དུཿཁས་མནར་བ་ལ། །བྱམས་སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ། །ཐབས་བྱང་ཆུབ་སེམས་ལ་འབད་ཀྱང་འཚལ། །སྤྱིར་དལ་འབྱོར་རྟེན་འདི་རྙེད་དཀའ་ཞིང༌། །སྒོས་བློ་བཟང་རྒྱལ་བའི་བསྟན་པ་དང༌། །ལར་འཕྲད་


GTD004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤིན་ཏུ་རྙེད་དཀའ་བས། །སྙན་རྒྱུད་ཀྱི་གནད་ལ་སྒྲུབ་པ་གཅེས། །རྗེ་བླ་མའི་གསང་བའི་ཡི་དམ་མཆོག །དཔལ་བདེ་གསང་འཇིགས་གསུམ་དཀྱིལ་འཁོར་གྱི། །ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ། །ཉིན་མཚན་དུ་འབད་པ་ཤིན་ཏུ་གཅེས། །ལྷ་བླ་མ་རང་སེམས་རྡོ་རྗེ་གསུམ། །དབྱེར་མེད་པའི་ཟབ་ལམ་རྣལ་འབྱོར་གྱིས། །ཡུལ་གང་སྣང་ཀུན་ལ་རྒྱས་བཏབ་སྟེ། །རྐྱེན་གང་ཤར་ལམ་དུ་སློངས་པར་མཛོད། །ཉིད་ད་ལྟ་རང་ཡུལ་ཕེབས་ནས་ཀྱང༌། །དུས་རིང་པོར་མི་ཐོགས་རང་རེ་རྣམས། །ཞལ་མཇལ་བའི་རྟེན་འབྲེལ་འགྲིག་པས་ན། །ཆོས་ཟབ་རྒྱས་དེ་དུས་བགྲོ་བར་བྱ། །དཔལ་རྒྱལ་བ་རྡོ་རྗེ་འཆང་ཆེན་ནས། །རྗེ་བཀའ་དྲིན་ཅན་གྱི་བླ་མའི་བར། །ཆོས་དམ་ཚིག་གཙང་མའི་བརྒྱུད་པ་ཡིན། །དཔལ་བརྒྱུད་པ་བཟང་པོའི་བཀྲ་ཤིས་ཤོག །མ་མཁའ་འགྲོ་བྱེ་བས་བསྐོར་བའི་དབུས། །ཉམས་གསང་གསུམ་གར་དགུས་མངོན་པར་བརྗིད། །མགོན་ཡི་དམ་འཁོར་ལོ་སྡོམ་པ་ཡིན། །དཔལ་ཡི་དམ་མཆོག་གི་བཀྲ་ཤིས་ཤོག །ཡུལ་འཛམ་གླིང་གནས་མཆོག་ཉེར་བཞི་ཡི། །ཡོངས་དཔའ་བོ་མཁའ་འགྲོ་ཀུན་གྱི་གཙོ། །ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་ཡིན། །མ་མཁའ་འགྲོ་བཟང་པོའི་བཀྲ་ཤིས་ཤོག །སྐྱབས་ཐུགས་རྗེ་ཆེན་པོའི་སྤྲུལ་བ་མཆོག །ཚེ་འདི་ཕྱི་བར་དོའི་འཇིགས་ལས་སྐྱོབས། །ལས་སྒྲུབ་མཛད་ཡེ་ཤེས་མགོན་པོ་ཡིན། །དཔལ་ཆོས་སྐྱོང་བཟང་པོའི་བཀྲ་ཤིས་ཤོག །མཆོག་སངས་རྒྱས་སྒྲུབ་པའི་ཐབས་གཅིག་བུ། །ལམ་བྱང་ཆུབ་སེམས་གཉིས་སྒོམ་པ་འདི། །མི་ང་ཡི་ཉམས་ལེན་སྙིང་པོ་ཡིན། །ལམ་


GTD004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་བཟང་པོའི་བཀྲ་ཤིས་ཤོག །རྗེ་སྤྲུལ་བའི་སྐུ་ཁྱོད་ཞབས་པད་བརྟན། །བཤད་སྒྲུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས། །མ་འགྲོ་ཀུན་བདེ་སྐྱིད་དཔལ་ལ་རོལ། །དུས་རྣམ་ཀུན་དགེ་བའི་བཀྲ་ཤིས་ཤོག །ཅེས་ལྕགས་ཡོས་ཟླ་བ་བརྒྱད་པའི་མཁའ་འགྲོ་འདུ་བའི་དུས་ཆེན་ལ་མཚོ་བདུན་དགོན་གསར་ཆེན་མོར་སྒྲུབ་ཁང་དུ་རྗེ་འཇམ་དབྱངས་བཞད་པའི་སྤྲུལ་བའི་སྐུ་མཆོག་གིས། ཚོགས་འཁོར་གྱི་མཆོད་པ་མཛད་པའི་ཚེ་ཚོགས་གྲལ་དུ། ལྕང་སྐྱ་རོལ་པའི་རྡོ་རྗེས་གང་ཤར་ཐོལ་བྱུང་དུ་སྨྲས་པའོ། །ཞེས་སོ། །དེ་སྐབས་ཞལ་ནས། སྔར་ངེད་ཀྱིས་འཁོར་ལོ་བདེ་མཆོག་གི་ཉམས་ལེན་གང་ཐུབ་བྱས་པ་ཡིན་ཀྱང༌། ད་གཟུགས་པོས་ཆེར་མི་ལྕོགས་འདུག་པས་ཁྱེད་ནས་ཐུགས་དམ་གྱི་མཐིལ་དུ་མཛད་དགོས་ཞེས་ཆོས་ཀྱི་བཀའ་བབས། འདི་ཀའི་སྦྱིན་བདག་དམ་པ་ཆིང་ཝང་རྡོ་རྗེ་ཕ་ལམ་བར་ཆད་ཀྱི་རྣམ་པས་གཤེགས་ཏེ་ཁེར་གེམ་སུ་ལ་འོང་ཐག་མ་ཆོད་པའི་གནས་ཚུལ་ལ་བརྟེན། རྗེ་ཉིད་ནས་བཱ་རིན་ཝང་དང༌། ཨཱེ་ཕུ་བདེ་ལེགས་གུང་སོགས་ནང་གི་བློན་ཆེན་མང་པོར་ཇ་སག་ངག་དབང་དར་རྒྱས་ལ་འོས་ཚུལ་དང༌། དེར་འོང་ཐབས་ཀྱི་གྲོགས་ལྡན་དགོས་པའི་བཀའ་ནན་གྱི་ཡི་གེ་གནང་བ་ཁོང་རྣམ་པས་ཀྱང་བཀའ་སྤྱི་བོས་མནོས་ཏེ་ཁུར་ལེན་བྱས་པས་དོན་སྨིན་བྱུང༌། རྗེ་བཙུན་དམ་པའི་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་དངུལ་སྲང་བརྒྱ་དང༌། རྟ་དགུ། རྔ་མོང་དགུ །ཝ་ནག་ཝ་རྒྱ་ཝ་དམར་བུ་ལ་གསེར་མ་ཧ་སག་སོགས་ཐོན་ཕྱག་ཤིན་ཏུ་གཟབ་རྒྱས་བསྟར། བརྒྱད་པའི་ཚེས་ལ་དེ་ནས་ཆིབས་བསྒྱུར་བའི་ཉིན་ལྕང་སྐྱ་རྡོ་རྗེ་འཆང་གི་


GTD004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཕེབས་ཏེ་སྐྱབས་འཇུག་ཞུས་པར་རྡོ་རྗེ་འཆང་ནས་རྗེ་ཉིད་ལ་རྒྱལ་བ་གཉིས་པའི་བསྟན་པ་ཐུགས་ལ་བཅངས་ཏེ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་ཚུལ་གྱི་གསུང་ནན་ཏན་ཕེབས། ཡབ་སྲས་གཉིས་ཀས་སྤྱན་ཆབ་བསིལ་ཞིང་ཤིན་ཏུ་འབྲལ་མི་ཕོད་པས་གཟིམས་འགག་ནས་ཕྱིར་འབྱོན་དཀའ་བ་ཙམ་བྱུང༌། དེ་ནས་ཕེབས་པར་གསོལ་དཔོན་ནམ་མཁའ་སོགས་ཞབས་ཕྱི་ཆེ་བགྲེས་དུ་མས་ཕེབས་སྐྱེལ་དང་ཇ་ཐབ་ཞུས། སུ་ཉིད་གཡོན་རུའི་ཝང་དང་ཐོ་ཡོན་ཆོས་རྗེ་སོགས་ཀྱིས་སྔར་ནས་གདན་དྲངས་པ་བཞིན་དེ་ཕྱོགས་སུ་ཕྱག་བཏེགས། བླ་དཔོན་དེ་གཉིས་ཀྱིས་གཙོས་བསུ་བ་གཏོས་ཆེ་བ་འབྱོར། དེར་བཞུགས་རིང་ལ་ཕྱོགས་ཀྱི་མཇལ་བ་སྟོང་ཕྲག་དུ་མ་འདུས་པ་སོ་སོར་ཕྱག་དབང་སོགས་བརྩེ་གཟིགས་ཀྱིས་བཀའ་དྲིན་བསྐྱངས། ཝང་གིས་ཞུས་ངོར་སེང་གདོང་མའི་རྗེས་གནང་སོགས་ཆོས་བཀའ་འགའ་ཞིག་གནང་ཞིང༌། ཝང་ནས་ཀྱང་རྔ་མོང་བཅུ་དང༌། རྟ་ནོར་བརྒྱད་ཅུ། ལུག་སུམ་བརྒྱ། ཧོ་ཤུས་ནས་རྔ་མོང་དྲུག་ཅུ་སྐོར་སོགས་ཀྱི་དངོས་འབུལ་བཏེག །དེ་ནས་ཐོ་ཡོན་ཆོས་རྗེས་གདན་དྲངས་པར་ཕེབས་ཏེ་ཞག་ཤས་བཞུགས་ནས་ཆོས་བཀའ་གང་ཞུས་མཐའ་དག་ཐུགས་ཀྱི་བཞེད་པ་བཞིན་དུ་གནང༌། འདི་ལན་ཡང་དངུལ་སྲང་ལྔ་བརྒྱ་དང༌། རྔ་མོང་སྒ་ཐག་ཅན་བརྒྱད་ཅུ་སོགས་འབུལ་ནོད་མཐའ་ཡས་པ་བསྟར། དེ་ནས་སུ་ཉིད་གཡས་རུའི་ལས་སྐྱབས་ཐེའི་ཇིས་གདན་དྲངས་པར་ཕེབས་པའི་ལམ་ནས་ཧལ་ཧ་རབ་འབྱམས་པ་བསྟན་འཛིན་གྱིས་ཞུས་ངོར་འཇུག་པ་རང་འགྲེལ་སོགས་ཀྱི་ལུང་འགའ་ཞིག་གནང༌། ཐེའི་


GTD004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཇིས་ཀྱང་དངུལ་སྲང་ལྔ་བརྒྱ། རྟ་དང་རྔ་མོང་ཉི་ཤུ་སོགས་ཀྱི་ལེགས་འབུལ་བསྟར། དུར་བེད་རབ་རྒྱས་ལྷ་རམས་པས་རང་གི་དགོན་གསར་དུ་གདན་དྲངས་ཏེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་དབང་སོགས་ཆོས་བཀའ་འགའ་ཞིག་ཞུས། དངུལ་སྲང་སུམ་བརྒྱ་དང་རྔ་མོང་བདུན་ཅུས་ཐོག་དྲངས་དངོས་འབྱོར་གྱི་བདོག་པ་གཟབ་རྒྱས་ཕུལ། དུར་བེད་ཝང་གི་དཔོན་མོ་སྲས་བཅས་ཀྱི་ཞུས་ངོར་རྗེས་གནང་འགའ་ཞིག་སྩལ་བར་དངོས་འབུལ་རྒྱ་ཆེ་བ་ཕུལ། ཕྱོགས་འདུས་ཀྱི་མཇལ་བ་རྣམས་ལ་ཕྱག་དབང་སོགས་ཀྱི་རེ་བ་བསྐངས་ཤིང་བསྒྲུབ་བྱ་དུ་མར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཕོག །དེ་ནས་ཧལ་ཧ་དར་ཧན་པེའི་ལི། དགེ་བཤེས་སྙན་གྲགས་སོ་སོ་ནས་གདན་དྲངས་པར་ཕེབས་ཏེ་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་སོགས་ལེགས་བཤད་བདུད་རྩིའི་དགའ་སྟོན་གྱིས་ཚིམ་པར་མཛད། པེའི་ལིའི་དགོན་ནས་ཞབས་བརྟན་གྱི་འབུལ་བར་དངུལ་གྱི་མཎྜལ། བཞུགས་གདན། རྒྱབ་ཡོལ། རྔ་མོང་བཅུ་གཉིས། རྟ་ནོར་དྲུག་ཅུ་སྐོར། ལུག་ལྔ་བརྒྱ། ཧོ་ཤུས་ནས་རྟ་བརྒྱ་དང་ལྔ་བཅུ་སྐོར་རྔ་མོང་བཅུ་དྲུག་བཅས་ཕུལ། ཧལ་ཧ་གུང་ཀུན་དགའ་རབ་བརྟན་གྱིས་གདན་དྲངས་ཏེ་བྱམས་ཆོས་སྡེ་ལྔའི་ལུང་སོགས་ཞུས། དེ་ནས་དགུ་པའི་ནང་ལ་མཁར་སྔོན་པོ་བརྒྱུད་ནས་རིམ་གྱིས་ཆ་གན་ཏཱེ་ཡཱན་ཆིའི་དགོན་པར་ཕེབས། ཁོང་གིས་ཞུས་ངོར་རྗེས་གནང་འགའ་ཞིག་སོགས་དམ་པའི་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ། དེར་བཞུགས་སྐབས་ཛ་སག་ངག་དབང་དར་རྒྱས་ལ་ཇུན་ཝང་གི་ཐོབ་བྱུང་སྟེ་ཕྱིར་འཁོར་བའི་ལམ་ནས་མཇལ་བར། གསོལ་སྟོན་བཏེག་ཅིང་གང་ཅིའི་གསུང་གླེང་


GTD004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ་ཝང་སྔོན་ལ་ཕེབས། དེ་ནས་ཆོས་སྐྱབས་ཏཱེ་ཡཱན་ཆིའི་དགོན་ནས་གདན་དྲངས་པར་ཕེབས་ཏེ་ཟབ་ཆོས་དུ་མའི་བཀའ་དྲིན་ལྷུག་པར་སྩལ། ཁོང་རྣམས་ནས་ཀྱང་བསྙེན་བཀུར་གྱ་ནོམ་པ་དང་དངོས་འབྱོར་གྱི་མཆོད་སྤྲིན་བསྟར། བཅུ་གཅིག་པའི་ཚེས་ལ་དེ་ནས་རིམ་གྱིས་བྱོན་ཏེ་རྨ་ཆུར་དར་ལམ་གྱི་སྟེང་ནས་ཕེབས། ཙུན་གར་པེའི་སི་འཁོར་བཅས་དགོན་པའི་བླ་མ་ལས་སྣེ་སོགས་ཀྱི་ཆིབས་བསུ་དང་བཅས་བག་ཇོ་བོར་བབས། པེའི་སིས་ཞུས་ངོར་འདོད་ཆོས་དུ་མ་གནང་ཞིང་ཕྱོགས་འདུས་ཀྱི་མཇལ་བ་སོ་སོའི་རེ་བ་བསྐང༌། པེའི་སི་ནས་དངུལ་སྲང་ལྔ་བརྒྱ། རྟ་བརྒྱད་ཅུ། ནོར་བདུན་ཅུ་སོགས་ཡོན་འབུལ་སྤམ་མཐོ་བ་བཏེག །དེ་ནས་ཕེབས་པའི་ལམ་དུ་ཧང་ཀིན་པེའི་ལིས་བཞུགས་གུར་སོགས་ཀྱི་གྲ་བསྒྲིགས་སྟེང་དུ་གདན་དྲངས་ཏེ་སྟོན་ཆེན་དང་དངོས་འབུལ་བཏེག་ནས་འདོད་ཆོས་འགའ་ཞིག་ཞུས། ཨོ་ཐོག་པེའི་ལིའི་ས་ཆར་འབྱོར་སྐབས་པེའི་ལི་ཡུམ་སྲས་དང་བཅས་ལམ་ཐོག་ཏུ་མཇལ་བར་འོངས་ཏེ་གསོལ་སྟོན་དང་ལེགས་འབུལ་བསྟར། ཨ་ལག་ཤཱ་ཡཱ་མོན་དང་ཉེ་བར་ཕེབས་སྐབས་བསྟན་པའི་གསལ་བྱེད་དྭགས་པོ་ཀུན་གྲོལ་ནོ་མིན་ཧན་ནས་གདན་འདྲེན་ཞུས་པ་བཞིན་དཔོན་གཡོག་ཉུང་བསྡུས་དེར་ཆིབས་བསྐྱོད། ལམ་ནས་དར་རྒྱས་ནོ་མིན་ཧན་གྱིས་ཨུར་གེར་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་ཞུས་པར་ཆོས་བཀའ་ཅི་རིགས་གནང༌། དེ་ནས་དྭགས་པོ་སྤྲུལ་བའི་སྐུ་རིན་པོ་ཆེས་གཙོས་དགེ་འདུན་མང་གི་སེར་སྦྲེང་དང་བཅས་སྤྲུལ་བའི་སྐུའི་གཟིམས་ཁང་དུ་ཕེབས། དེར་བཞུགས་རིང་བསྙེན་བཀུར་གཟབ་རྒྱས་


GTD004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་ཞིང་སྤྲུལ་བའི་སྐུ་ནས་ཞུས་ངོར་རྡོར་དབྱིངས་ཀྱི་དབང་སོགས་ཟབ་ཆོས་མང་དུ་སྩལ། ཁོང་གི་མ་ཡུམ་དང་གུང་བཅས་ཀྱིས་གདན་དྲངས་པ་སོ་སོར་ཡང་ཕེབས་ཏེ་རེ་འབྲས་སྨིན་པར་མཛད། ཕྱོགས་རིས་མེད་ནས་མཇལ་བ་མང་དུ་འདུས་པ་ལ་ཆོས་འབྲེལ་དང་ཕྱག་དབང་སྩལ་ཏེ་ཕན་བདེའི་ལམ་ལ་བཀོད། ཨ་ལག་ཤ་ཝང་གི་འུ་ལཱ་སྟེང་ནས། སན་ཅིང་བར་དུ་ཕེབས་པའི་ལམ་ཁར་ཐོང་གེ་ཐུ་ས་ལག་ཆིས་བསྙེན་བཀུར་ཡང་དག་ཞུས། ཟུང་ཤཱན་མཁར་དང་ཉེ་བར་བཞུགས་སྐབས་སྟག་ལུང་དགོན་པའི་བླ་མ་ལས་སྣེ་རྣམས་ཀྱིས་ཐབ་བསུ་ཞུས་པ་སོ་སོར་བདག་རྐྱེན་དང་དགོན་པར་མང་འགྱེད་སྩལ། དེ་ནས་རིམ་གྱིས་ཕེབས་ཏེ་ཤིན་ཏེན་ཟེར་བར་དགུང་ལོ་ཞེ་ལྔ་པ་ཆུ་འབྲུག་གི་ལོ་གསར་གནང་། རྟ་ཚག་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་པའི་ལམ་ནས་སྐུ་འབུམ་དུ་བཞུགས་ཡོད་ཚུལ་གསན་ཏེ་དངུལ་སྲང་ལྔ་བཅུ་གོས་ཡུག་སོགས་ཀྱི་རྟེན་དང་བཅས་འཚམས་ཞུས་ཆེད་མངགས་མཛད། རིམ་གྱིས་ཕེབས་ཏེ་བིན་གོ་ལུང་པའི་མདོར་བཞུགས་སྐབས་བཀྲ་ཤིས་འཁྱིལ་གྱི་བསུ་བ་དང་པོ་འབྱོར། ཕུན་དྲུང་ཡེར་བསྟན་པའི་གསལ་བྱེད་སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་དང་སྦྱིན་བདག་དམ་པ་ཇུན་ཝང་ངག་དབང་དར་རྒྱས། ཆོས་སྡེ་ཆེན་པོ་སྐུ་འབུམ་སོགས་ཀྱི་བསུ་བ་ཚན་ཆེ་བ་དང༌། བ་ཡན་མཁར་དུ་ཕྱག་མཛོད་དར་ཧན་ཆོས་རྗེས་གཙོས་ལས་སྣེ་ཧྲག་བསྡུས་སོགས་ཆིབས་བསུ་གཉིས་པ། གསེར་ཆེན་ཆུ་ཁར་ཆིབས་བསུ་གསུམ་པ་གྲྭ་ཚང་ཕན་ཚུན་གྱི་བླ་མ་ཁྲི་གདན་ཟུར། སྤྲུལ་སྐུ་ཆེ་ཁག །ལས་སྣེ་མོ། དབོན་ཆོས་མཛད། གྲྭ་རྒན་ཆེ་བགྲེས་


GTD004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྟ་པ་སྟོང་ཕྲག་ཙམ་གྱིས་ཕེབས་བསུ་རིམ་པར་ཞུས། འདི་ཀའི་དགོན་ལག་ཨ་མཆོག །རྒན་ཀྱ། གཙོས། མཛོ་དགེ་སོགས་ཀྱི་དགོན་ཁག་སོ་སོ་ནས་ཀྱང་བསུ་བ་སྔ་ཕྱི་རིམ་པར་འབྱོར། ལམ་ནས་ཐུར་ཆེན་དགོན་པ། བྲ་རྟི་རབ་རྒྱས་དགོན། སེ་ར་ལུང༌། མཆོད་རྟེན་ཐང༌། ཀ་མདོའི་དགོན། ལེབ་ཀྱའི་སྒར་བ། བིས་མདོ་སྒར་པ་སོ་སོ་ལ་ཡང་འགྱེད་གནང་ཞིང་བླ་མ་སྤྲུལ་སྐུ་སྦྱིན་བདག་གཙོ་ཆེ་བ་རྣམས་ལ་བབས་འོས་དང་བསྟུན་པའི་གནང་སྐྱེས་སྩལ་ཏེ་ཚིམ་པར་མཛད་དོ། །དེ་ལྟར་ཆེན་པོ་ཧོར་གྱི་ཡུལ་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་བ་ཡང༌། ཟང་ཟིང་གི་དངོས་པོ་བསྡུ་བའི་ཕྱིར་མ་ཡིན་གྱི། གོང་དུ་སྨོས་པའི་ཆོས་བཀའ་རྣམས་གསན་པ་དང༌། རྗེ་བླ་མའི་རིང་ལུགས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་སྤེལ་ཞིང༌། ལྗོངས་དེའི་འགྲོ་བ་རྣམས་གཏན་བདེའི་ལམ་ལ་བཀྲི་བའི་ཕྱིར་ཡིན་ཏེ། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་མ་འོངས་ལུང་བསྟན་ལས། ས་ལ་གནས་པའི་འཇམ་དཔལ་ཞིང༌། །ཞེས་ཕྱོགས་ངོས་བཟུང་སྟེ། བསིལ་ལྡན་ལྗོངས་ནས་དགེ་སྦྱོང་གི །རྒྱལ་མཚན་ཐོགས་པ་དུ་མ་ཡང༌། །ལས་ཅན་མང་པོའི་དོན་ཕྱིར་དུ། །ཕྱོགས་དེར་བསོད་སྙོམས་རྒྱུ་ཞིང་ལྷགས། །ཞེས་གསུངས་པ་ལྟར་རོ། །སྨྲས་པ། ཀུན་ཏུ་རྨོངས་པའི་དྲི་མ་རབ་འཁྲུད་ཅིང༌། །དགེ་ལེགས་གསེར་གྱི་བྱེ་མ་འདྲེན་པ་ཡི། །ཞབས་རྡུལ་རྙོག་པ་མེད་པའི་གངྒཱ་མ། །ལུས་ཅན་རལ་པའི་ཀློང་ན་འཁོར་ཞིང་རྒྱུ། །མ་སྨད་གྲགས་པའི་བ་དན་སྟོང་འཕུར་ལྷག་བསམ་དྲི་མེད་ཤེལ་གྱི་བ་གམ་མངོན་མཐོ་ལྷུན་གྲུབ་འཕྲིན་


GTD004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསེར་གྱི་ཁང་ཆེན་དུ། །རྣམ་གྲོལ་བདེ་བའི་དུས་སྟོན་བསྟར་ཞིང་ཟབ་གསང་ཆོས་ཀྱི་སྒོ་འཕར་ཕྱེ་སྟེ་བརྩེ་ཆེན་སྨིན་ལེགས་དགའ་མའི་འཛུམ་གྱིས་བསུ་བྱེད་ན། །སྲིད་པ་ཡ་ངའི་འབྲོག་ཏུ་འཁྱམས་ཤིང་ཤེས་རབ་གྲོགས་ཀྱིས་རིང་སྤང་བརྩོན་པའི་གོམ་འཁྱོར་ཁྲོ་གཏུམ་ལས་ཀྱི་སྲིན་པོས་བདས་པ་ཡིས། །དུབ་པའི་ལུས་ཅན་མཐའ་དག་ད་ནི་ངལ་གསོའི་བསྟི་གནས་མཆོག་རྙེད་ཨེ་མ་སྐལ་བ་བཟང་ཞེས་ཀུན་དགའ་རོ་ལྡན་གླུར་ལོངས་ཤིག །ཤར་ཕྱོགས་སྐྱེ་དགུའི་ལེགས་སྤྱད་ཤར་རིའི་སྤོར། །ལེགས་བྱས་གོ་ལའི་བགྲོད་པ་ལེགས་བསྒྱུར་བས། །ཟླ་མེད་སྟོན་པ་སྨྲ་བའི་ཟླ་བ་མཆོག །ཀུན་བཟང་སྤྱོད་པའི་སྣང་བ་ཀུན་ཏུ་སྤྲོས། །ཞབས་སེན་བདུད་རྩིས་ཤིས་པར་བསྒྲུབས་པ་ཡིས། །རང་དགའ་རྒྱས་པའི་ཡིད་ཀྱི་ཆུ་གཏེར་ལས། །དད་པའི་རྦ་རླབས་འཁྲི་ཤིང་གཡོ་བའི་རྩེར། །གཏོང་བའི་ཀུ་མུད་བཞད་པས་མགོ་ལྕོག་ལྡེམ། །ཁུང་དུ་གསལ་བའི་མེ་ཁྱེར་མང་ན་ཡང༌། །ཤར་ནུབ་རྒྱ་མཚོའི་རླབས་འཕྲེང་ཟློས་གར་དང༌། །འགྲོགས་པའི་འཕྲིན་ལས་འོད་ཀྱི་རྩེ་དགའ་ཅན། །འཛམ་གླིང་བསྟན་པའི་ཉི་མ་ཁྱོད་མིན་སུ། །ཁྱོད་ཀྱི་གྲགས་པ་ཕྱོགས་ཀྱི་མཐར་བགྲོད་ཚེ། །སྙན་པ་ཞག་གསུམ་ལམ་གྱི་སྐ་རགས་ཅན། །ལ་ལ་རང་རིགས་རྨོངས་པས་སྟོང་འུད་ཀྱིས། །གསོབ་སྟེ་རང་ཚོད་ལྟོ་བ་བཀས་ཀྱིས་དོགས། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས། ཤར་ཕྱོགས་ནོར་འཛིན་ཡངས་པོར་ཆིབས་བསྐྱོད་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་ཚུལ་གྱི་སརྒ་སྟེ་བརྒྱད་པའོ།། །།

དགུ་པ་མདོ་སྨད་ལྷོ་རྒྱུད་ཀྱི་ཆར་འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཚུལ་གཙོ་བོར་གྱུར་པའི་སྐབས་ཀྱི་སརྒ།


GTD004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གསུང་རྙོག་མས་དབེན་པའི་ཡིད་བཞིན་མཚོ། །བཞིན་ལག་རླབས་ཕྲེང་གར་གྱིས་རོལ་པ་ལས། །ཟད་མེད་སྤྲོ་བའི་བྱིན་རླབས་གཟེགས་མ་ཡིས། །ལེགས་བཤད་འདབ་བརྒྱའི་ཕྲེང་བ་སྨིན་པར་མཛོད། །དེ་ལྟར་ཟླ་བ་དང་པོའི་ཚེས་བཅུ་གཅིག་གི་ཉིན་དགོན་ལག་ཕན་ཚུན་སོགས་ཕྱོགས་རིས་མེད་ཀྱི་སེར་སྐྱ་དྲག་ཞན་བརྒྱ་ཕྲག་དུ་མའི་ཆིབས་བསུ་དང་གདན་ས་ནས་དགེ་འདུན་ཉིས་སྟོང་དུ་ཉེ་བའི་སེར་སྦྲེང༌། དད་འདུས་ཀྱི་མཇལ་བ་ཁྲི་ཕྲག་བརྒལ་བ་སོགས་ཁྲོམ་ཚོགས་ཆེན་པོ་སའི་དྲེག་པ་ལྟ་བུས་མདུན་བསུས་ཏེ་བླ་བྲང་ཆེན་མོར་ཕྱག་ཕེབས། བཤུལ་ཐག་རིང་པོ་ནས་བྱོན་ཡང་སྐུ་ངལ་བའི་རྣམ་པ་མི་མཛད་པར། རྗེ་ཉིད་ལ་རེ་ལྟོས་འཆའ་བའི་འགྲོ་བ་རྣམས་ལ་རྗེས་སུ་བརྩེ་བའི་གཞན་དབང་དུ་གྱུར་པས་ཞག་གཅིག་སོང་མཚམས་ནས་གསུང་ཆོས་ལ་ཕེབས་ཏེ་སྐྱེས་རབས་སོགས་ཀྱི་བཤད་པ་རྒྱས་པར་མཛད། ཉིན་ལྟར་ཕྱོགས་རིས་མེད་ནས་མཇལ་བ་སྟོང་ཕྲག་དུ་མ་དབྱར་གྱི་ཆར་སྤྲིན་བཞིན་དུ་འདུས་པ་རྣམས་ལ་ཕྱག་དབང་སོགས་འདོད་པ་བཞིན་སྩལ་ནས་ཡིད་ཀྱི་རེ་བ་བསྐང༌། སྤྱི་སྒེར་སོ་སོ་ནས་གསོལ་སྟོན་གང་གཟབ་དང་བཞུགས་གྲལ་རྒྱས་པ་ཚོགས་ལངས་དང་བཅས་པ་བསྟར། དངུལ་སྲང་ཉིས་སྟོང་ལྷག་ཙམ་གྱི་སྐུ་འགྱེད་དང༌། ཙན་དན་ཇོ་བོའི་སྐུ་མི་ཚད་ཙམ་ཞིག་འདུ་ཁང་ནང་དུ་གསར་འཇོག་མཛད། སྤྱི་འབུལ་ཕྱག་མཛོད་ཕུག་ལ་དངུལ་སྲང་ལྔ་བརྒྱ། དངུལ་སྲང་སྟོང་ལས་གྲུབ་པའི་འཆམ་གོས་ཤིན་ཏུ་འགངས་ཆེ་བ་གྲས་མཚུངས་ཆ་ཚང༌། དངུལ་སྲང་ཉིས་བརྒྱ་སྐོར་ལས་གྲུབ་པའི་སྨོན་ལམ་གྱི་མཆོད་རྫས་ཚེམ་གྲུབ་ཆ་དང༌། སྣམ་སྦྱར་བརྒྱད། གདུགས་རྒྱལ་


GTD004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འཕན་ཆ་སོགས་སྦྱོར་འཇགས་དང༌། སྔ་སོར་དབྱར་གནས་མ་ཚུགས་འདུག་པ་གདན་ས་ཆེན་པོ་གཅིག་ལ་གཞི་གསུམ་གྱི་ཕྱག་ལེན་མེད་པ་ཧ་ཅང་མི་འཚམ་པར་དགོངས་ཏེ་གསར་དུ་བཙུགས་པའི་ཐེབས་སུ་དངུལ་སྲང་སྟོང་ཕྲག་གཅིག །ཐོས་བསམ་གླིང་ལ་དངུལ་འགྱེད་ཟུར་དུ་གནང་ཞིང་གྲྭ་ཇའི་ཐེབས་སུ་དངུལ་སྲང་ཆིག་སྟོང༌། རྒྱུད་དུས་འཁོར་གཉིས་ལ་དངུལ་སྲང་བརྒྱ་རེ་དང༌། དངུལ་སྲང་བརྒྱ་རེའི་ཟོང་གི་ཁེ་བེ་སུའི་གྲལ་གདན་བཅུ་རེ། རྒྱ་གླིང་ཆ་རེ་དང་རྒྱུད་པར་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཡོལ་བ་སྤུས་ལེགས་སོ་སོར་ཁ་བཏགས་ཀྱི་འགྱེད། ཨ་མཆོག་དགོན་པར་ཙན་དན་ཇོ་བོའི་སྐུ་གཅིག །རྗེའི་གསེར་སྐུ་ཆེ་བ་གཅིག །གཉྫི་ར་གཅིག །དངུལ་སྲང་སྟོང་བཅས་སྦྱོར་འཇགས་ཐོག །དངུལ་ཞོ་ལྔ་རེ་དང༌། ཁ་བཏགས་རེའི་འགྱེད། དེ་མཚུངས་ཨུརྒེ་གྲྭ་ཚང༌། གཙོས་མཛོ་དགེ་སོགས་དགོན་ལག་སོ་སོ་དང་གཞན་ཡང་རིས་མེད་ཀྱི་དགོན་སྡེ་དུ་མར་མང་འགྱེད་དང་འཇོག་པ་གྱ་ནོམ་པ་གནང༌། བླ་མ་སྐུ་སྐྱེ་དཔོན་རིགས་ཆེ་ཆུང་སྦྱིན་བདག་གཙོ་ཆེ་བ་རྣམས་ལ་དངུལ་གོས་དར་པགས་རིགས་གྱོན་པ་ཉེར་སྤྱད་སོགས་འཚེམ་མེད་དུ་སྩལ་བའི་གནང་ཆ་ཐོར་བུའི་སྐོར་ལ་དངུལ་རྐྱང་སྲང་སུམ་སྟོང་ལྔ་བརྒྱ་སྐོར་ཞིག་སོང༌། དགེ་ཚུལ་དུ་མ་དང་བསྙེན་རྫོགས་བརྒྱ་ཕྲག་ཙམ་ཞིག་གསར་བསྒྲུབས་མཛད། སྔར་སྤུངས་ཐག་གི་སྲོལ་མེད་པ་ལ། དད་ལྡན་རྣམས་ཀྱིས་དངོས་པོ་ཆུང་ངུ་ཞིག་ཀྱང་དགེ་འདུན་ཐམས་ཅད་ལ་འབུལ་དུ་ཡོད་པས་བསོད་ནམས་རྫོགས་ཚབས་ཆེ་བ་དང༌། གྲྭ་པའི་མཐུན་རྐྱེན་ལ་ཡང་ཕན་ཐོགས་པར་གཟིགས་ནས་གསར་འཛུགས་མཛད་དེ། ཐོག་མར་བླ་བྲང་ནས་འགྱེད་རེ་འདེང་ངེས་ཀྱི་འཇོག་པ་གནང་ཞིང༌། དེ་ཀའི་སྲོལ་ལོ་


GTD004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྟར་ཆགས་སུ་གནས་དགོས་པར་བཀས་བཅད། དགོན་པ་བཏབ་ནས་བགྲང་བྱ་དྲུག་ཅུ་སྐོར་ལས་མ་སོང་ཡང་གྲྭ་འཚོགས་འཕེལ་རྒྱས་ཆེ་བས་སྔར་གྱིའདུ་ཁང་ཀ་བ་བརྒྱད་ཅུ་མ་དེར་དགེ་འདུན་རྣམས་མ་ཤོང་བར་མཆོད་ཁང་ཆེན་མོ་གསར་རྒྱག་གི་བཀའ་ཕེབས་ཏེ་དོ་དམ་པ་ཇོ་རུག་ཐུ་དབོན་པོ་ངག་དབང་ཆོས་གྲགས། ཨུས་ཙང་དཔོན་པོ་དགེ་འདུན་འཇམ་དབྱངས་སོགས་བསྐོ་བཞག་མཛད་ནས་རྩིག་རྡོ་ལེན་པ་སོགས་ཀྱི་ལས་མགོ་བརྩམས། སྣང་ར་ནས་ཡུམ་མཇལ་བར་ཕེབས་པ་ལ་སྐྱེས་ཀྱི་ཚུལ་དུ་གནང་ཆ་གྱ་ནོམ་པ་སྩལ་ཏེ། སྣང་རར་བྱམས་ཆེན་ཞིག་བཞེངས་རྒྱུའི་ལྗགས་བཀོད་གནང༌། ཚ་ཁོ་རི་ཁྲོད་པ་སོགས་དོན་གཉེར་ཅན་དུ་མ་ལ་ཚེམ་བུ་བུའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་དམར་ཁྲིད་སོགས་ཆོས་བཀའ་ཅི་རིགས་སྩལ། ཇུན་ཝང་ངག་དབང་དར་རྒྱས་མཇལ་དུ་ཕེབས་པར་བླ་བྲང་ནས་བསྙེན་བཀུར་གཟབ་རྒྱས་ཐོག་ལུགས་གཉིས་ཀྱི་བཀའ་མཆིད་དང༌། སྤྱི་ཁང་དུ་དགེ་གཉེར་སོགས་ཚོགས་འདུ་མང་ནས་ཀྱང་དཀར་སྤྲོའི་གཞིས་ལེན་གང་ལེགས་འབུལ་རྒྱུའི་བཀོད་ཁྱབ་གནང༌། ཆོས་གྲྭར་ཕེབས་ནས་བགྲོ་གླེང་གི་རྒྱུགས་ཞིབ་ཏུ་བཞེས་ཤིང༌། སྐད་གྲྭ་པ་རྣམས་མདུན་དུ་བོས་ཏེ་འདོན་དབྱངས་གདངས་འདུར་སོ་སོའི་ཉམས་གསོས་དང་གསར་སློབ་སོགས་ཐུགས་ཁུར་ཆེ་བར་མཛད། རྒྱུགས་འབུལ་མི་མང་དུ་བྱུང་བར་མང་ཉུང་བབས་བསྟུན་གྱི་གནང་ཆ་སྩལ། སྨད་ཕྱོགས་སུ་ཕེབས་སྐབས། བཀོད་ཁྱབ་གནང་བ་བཞིན་བཀྲས་ལྷུན་ཚོགས་གསོག་པས་གྲྭ་པ་བརྒྱ་སྐོར་ཞིག་ལ་འཆམ་ཆེན་ལྕགས་མཁར་བཅས་ཀྱི་ཕྱག་ལེན་ཆ་ཚང་བར་བསླབས་པ་


GTD004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་འབུལ་ཞུས་པས་ཁོང་ལ་ལེགས་སྐྱེས་གྱ་ནོམ་པ་དང༌། གྲྭ་པ་རྣམས་ལ་ཡང་དགྱེས་གཟིགས་དང་བཅས་གནང་ཆ་མཛད། དེའི་ཡན་ལག་ཏུ་བྱ་ཁྱུང་ནས་ཀེང་འཆམ་སློབ་མི་གཉིས་འོང་བར་ཡང་ཞིབ་སློབ་བྱེད་དུ་བཅུག །དཔྱིད་མཇུག་ཟླ་བ་གཅིག་གི་རིང་བཅད་རྒྱ་དམ་པོར་གནང་སྟེ་ཐུགས་དམ་ཟབ་མོའི་ཉམས་བཞེས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད། མཇུག་ཏུ་རྒྱུད་གྲྭ་ནས་བགྲེས་པ་ཁ་ཤས་འབོད་བར་གནང་སྟེ་ཉིན་བདུན་གྱི་རིང་གསང་བ་འདུས་པའི་བདག་འཇུག་བཞེས། སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་སོགས་དོན་གཉེར་ཅན་ཁ་ཤས་ལ་དབྱངས་ཅན་དགྱེས་གླུའི་སྟེང་ནས་སྙན་དངགས་ཞིབ་ཁྲིད་གནང་སྟེ་རྩོམ་རྒྱུགས་དང༌། གྲས་རྒྱག་པ་སོགས་ཕྱག་ལེན་བཞིན་མཛད། འགྲེལ་པའི་དཔེར་བརྗོད་དགོངས་པར་མ་བབས་པ་རྣམས་ལ་རྩ་བ་དང་མཐུན་པའི་དཔེར་བརྗོད་འཕྲལ་རྩོམ་གནང་བས་བློ་གསར་རྣམས་མོས་གུས་དང་སྤྲོ་བ་འཕེལ། སླར་ཡང་བཅད་རྒྱའི་ཐུན་མཚམས་སུ་སྟོང་སྐོར་སྤྲུལ་བའི་སྐུར་སུམ་རྟགས་ཁྲིད་ཅིང་གཟིམས་ཁང་སྟེང་ནས་ཕར་ཕྱིན་པའི་འཛིན་གྲྭ་གཏུགས་པར་གཟིགས་ཏེ་རྒྱལ་ཕམ་ཤན་འབྱེད་ཀྱི་ཡི་གེ་གནང༌། རྒྱུད་པ་དཔོན་སློབ་ཤེས་རབ་དར་རྒྱས་ནས་ཁྲིའི་དགོངས་པ་ཞུས་པར་མཆོད་ཡོན་དགོངས་མཐུན་གྱིས་ལྷ་རམས་པ་བསོད་ནམས་གྲགས་པ་རྒྱུད་པ་དཔོན་སློབ་དང༌། རྡོ་རམས་པ་བློ་བཟང་སྦྱིན་པ་བླ་མ་དབུ་མཛད་དུ་བསྐོས། ཅོ་ནེ་དཔོན་ནས་བསྟན་འགྱུར་གྱི་པར་གསར་དུ་བརྐོས་པའི་དཀར་ཆག་རྗེ་ཉིད་ལ་ཞུས་པ་གསར་རྩོམ་གྱི་དབུ་བཙུགས། ཧོར་ཟླ་ལྔ་པའི་ནང་དུ་ཁྱི་གྱ་སྨན་ཆུར་ཕེབས་ཏེ་ཞག་བདུན་དུ་སྐུའི་འཕྲོད་བསྟེན་མཛད།


GTD004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་རོལ་པའི་རྡོ་རྗེའི་སྒྲུབ་གནས་ཤ་རྫོང་དུ་བྱོན་ཏེ་ཞག་ཤས་བཞུགས་ནས་མཆོད་མཇལ་གནང༌། དེ་ནས་གདན་ས་ཆེན་པོ་སྐུ་འབུམ་དུ་ཕྱག་ཕེབས་པར་ཆིབས་བསུ་སེར་སྦྲེང་སྤྱི་སྒེར་གྱི་སྟོན་མོ་སོགས་ཤངས་ལེན་ཤིན་ཏུ་གཟབས། དགེ་འདུན་ཉིས་སྟོང་དུ་ཉེ་བར་དངུལ་སྲང་དགུ་བརྒྱའི་སྐུ་འགྱེད་བསྟར། ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་དུ་ཆིབས་བསྐྱོད་པར་བླ་གྲྭ་ཐམས་ཅད་ནས་བསུ་བ་སེར་སྦྲེང་དཀར་སྤྲོ་སོགས་བསྙེན་བཀུར་ཕུལ་དུ་ཕྱིན་པ་ཞུས། ཚོགས་མང་ལ་དངུལ་སྲང་བདུན་བརྒྱའི་སྐུ་འགྱེད་དང༌། དེ་ཀའི་རྒྱུད་གྲྭ་དེ་ཉིད་ཀུན་མཁྱེན་གོང་མས་ཕྱག་འདེབས་གནང་བས་རང་གི་གདན་ས་ལྟ་བུ་ཡིན་གཤིས་རྒྱུད་ཁང་གསར་རྒྱག་གི་ཐེབས་སུ་དངུལ་སྲང་ལྔ་བརྒྱ་གནང༌། དེ་ནས་སྟོང་སྐོར་དུ་བྱོན་དེ་དགོན་པར་དངུལ་ཞོ་དོ་རེའི་འགྱེད་དང༌། འདུ་ཁང་ཞིག་གསོའི་ཐེབས་ལ་དངུལ་སྲང་བརྒྱ་སོགས་གནང་ཆ་སྩལ། སྒོ་མེ་ཆབ་ཚན་དུ་ཞག་བདུན་བཞུགས་ནས་རིམ་གྱིས་སྣང་རར་བྱོན། སྡེ་པ་སོ་སོ་ནས་སྟོན་མོ་གཟབ་རྒྱས་ཞུས་པར་བབས་འོས་ཀྱི་སྟེར་སྦྱིན་མཛད། ཚུར་བྱོན་པའི་ལམ་ནས་བྲག་དཀར་རི་ཁྲོད། རོང་པོ་བཀྲ་ཤིས་ཆོས་རྫོང་སོགས་རི་དགོན་ཁ་ཤས་དང༌། གྲོང་སྡེ་སོ་སོ་ནས་གདན་འདྲེན་དང་ཐབ་བསུ་བྱས་པ་ཐམས་ཅད་ལ་ལུགས་གཉིས་ཀྱིས་རེ་བ་བསྐངས་ཏེ་གདན་སར་བབས། རྗེ་ཉིད་ཕྱོགས་དེར་ཕེབས་ཤུལ་ནས་འཆད་ཉན་གྱི་བར་ཆད་ལྟ་བུས་དགོན་པའི་ནང་དུ་ཟིང་ཆ་བྱུང་སྐབས་རྗེ་ཉིད་ལ་མི་གུས་པའི་གྲངས་སུ་བརྩི་བའི་གྲྭ་པ་གཅིག་ལ་གྲྭ་མང་དཔུང་བསྒྲིལ་གྱིས་བཅེར་བའི་གནས་ཚུལ་གསན་ནས་


GTD004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལན་རྩ་སུ་ལ་ཡོད་ཀྱི་སྦྱངས་ཤད་ཞིབ་ཏུ་གནང་སྟེ། ངས་གྲྭ་པ་གཅིག་ཐུབ་མོད་ཀྱང་ལས་འབྲས་མི་ཐུབ་གསུངས་ཏེ་གྲྭ་མང་ལ་བཀའ་བཀྱོན་གནང༌། ཡང་དགོན་སྡེ་འདི་རྒྱལ་བས་ལུང་བསྟན་པའི་དགོན་པ་ཡིན་པས་བསྟན་པ་དང་འགྲོ་བའི་སྨན་ཡོན་དུ་འགྱུར་ངེས་སྙམ་ལུགས་གཉིས་གང་ས་ནས་བླ་ལྷག་ཏུ་བསྐྱངས་པ་ཡིན། ངེད་ཀྱི་ངོས་ནས་སུ་ལ་ཡང་ཉེ་རིང་བྱེད་དོན་མེད་ཁྱོད་མཐོ་དམན་སུས་ཀྱང་ས་ཆ་ཡུལ་ཕྱོགས་གྲྭ་ཚང་ཕན་ཚུན་འཛིན་གྲྭ་གོང་འོག་རྒན་གཞོན་སོགས་རིས་སུ་བཅད་དེ་དཀྲུགས་ཤིང་གཏན་ནས་བྱས་མི་ཆོག །དགེ་འདུན་ཐུགས་མཐུན་པ་ཤིན་ཏུ་གལ་ཆེ། ཞེས་སོགས་དང༌། འཆམ་ཆེན་འདི་སྔོན་སྡེ་པ་ཚང་ནས་ཅིས་ཀྱང་དགོན་པར་ཚུགས་དགོས་ཞེས་ངེད་ལ་ཞལ་ཆེམས་ནན་ཏན་གནང་ཡོད་པས་ཁྲལ་ཆོས་དང་སླ་ཆོས་སུ་མ་སོང་བར་གལ་ཆེན་བྱེད་དགོས་ཞེས་སོགས་སྒྲིགས་ལམ་ཀུན་སྤྱོད་ཀྱི་ཚོགས་གཏམ་ཤིན་ཏུ་རྒྱས་པ་གནང༌། འདི་དག་ནི་ཚད་མ་རྣམ་འགྲེལ་ལས། ཙན་དན་སྟེ་འུར་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་པ་ལྟར་གྱི་གྲགས་པ་དོན་ལ་གནས་པའི་རྣམ་པར་ཐར་པ་གཟུར་གནས་རྣམ་དཔྱོད་ཅན་དག་གི་ཡིད་རང་དབང་མེད་པར་འཕྲོག་པའི་ཁྱད་ཆོས་བླ་ན་མེད་པའོ། །དཔོན་པེའི་སི་བཱ་ཐུར་དེའི་ཆིང་ཡུལ་དབུས་སུ་བྱོན་པ་ལམ་ནས་བར་ཆད་ཀྱི་རྐྱེན་དབང་དུ་གྱུར་པའི་དགོངས་རྫོགས་བསྒྲུབ་ཆེད་དུ་དཔོན་མོ་ནོར་འཛིན་དབང་མོ་མཚོ་ཁ་ནས་འབྱོར་ཏེ་ཚོགས་པར་མང་འགྱེད་དང༌། ཉིད་ལ་བསྔོ་རྟེན་གྱ་ནོམ་པ་ཕུལ་བས་དཔོན་འདས་པ་དེ་ཉིད་འཁོར་བ་སྤྱི་དང་བྱེ་བྲག་གི་འཇིགས་པ་ལས་སྒྲོལ་བའི་སྤྱན་དམིགས་གང་


GTD004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཟབ་རྒྱུན་ཆགས་སུ་མཛད། མིའི་དབང་མོ་ལ་ཡང་གནང་ཆ་སྤམ་མཐོ་བ་དང་སེམས་ལ་ཕན་པའི་བཀའ་མཆིད་ཞིབ་རྒྱས་གནང༌། དགུང་ལོ་ཞེ་དྲུག་ལ་ཕེབས་པའི་ལོ་གསར་གྱི་དགའ་སྟོན་སོགས་རྒྱས་པར་བསྟར། གསུང་ཆོས་ལ་ཡང་བསྐྱར་སྐྱེས་རབས་ཀྱི་དབུ་གསར་འཛུགས་དང་དགོངས་པ་རབ་གསལ་དགག་བྱ་ངོས་འཛིན་གྱི་ཐད་ནས་གནང༌། གཉིས་ཀ་ལ་ཡང་གསུང་བཤད་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་ལ། རྣོ་ཞིང་འདྲིལ་བ་དཀའ་བའི་གནས་ལ་རྩལ་དུ་བཏོན་ནས་དགག་བཞག་བསྐྱངས་ཏེ་བཤད་པ་མཛད་པས། བློ་གྲོས་ཀྱི་ནོར་དང་ལྡན་པ་རྣམས་དད་པའི་ཤུགས་ཀྱིས་མིག་ནས་མཆི་མ་འཁྲུག་པ་བྱུང༌། མཇལ་བ་ཁྲི་ཕྲག་ལྷག་འདུས་པར་ཕྱག་དབང་སོགས་ཀྱིས་རེ་བ་བསྐང༌། སྔར་ཆོས་ཐོག་ཆོས་མཚམས་ཀུན་ལ་གུང་ཞོག་གི་ཚོགས་གཉིས་རེ་ཡོད་ཀྱང༌། ཆོས་མཚམས་སུ་གུང་ཚིགས་མང་ཇ་དགོས་པ་ཆུང་ཞིང་བརྩི་བཞག་འཛིན་པ་སོགས་ལ་གནོད་པར་དགོངས་ནས་མི་དགོས་པར་བཅད། གདན་ས་འདི་ཉིད་ཀྱི་ཁྱད་ཆོས་བླ་ན་མེད་པའི་གཙོ་བོ་ནི་མཚན་ཉིད་ཀྱི་འཆད་ཉན་ཡིན་པས། གྲྭ་འཚོགས་སོགས་གང་ས་ནས་ཐོས་བསམ་གླིང་གཙོ་ཆེ་དགོས་པར་གཟིགས་ཏེ་རྒྱུད་པར་གྲྭ་པ་ཉིས་བརྒྱ་དང་བཅུ་གཅིག །དུས་འཁོར་ལ་བརྒྱ་དང་ང་གཅིག་ལས་ལྷག་ཞུགས་མི་ཆོག་པ་སོགས་སྐབས་སུ་གང་བབས་ཀྱི་སྒྲིགས་ལམ་འགའ་ཞིག་གསར་ཚུགས་མཛད། ཚོགས་ཆེན་ཁྲི་པ་ངག་དབང་འཕྲིན་ལས་པས་དགོངས་པ་ཞུས་པར་དགྱེས་བཞིན་དུ་གནང༌། ཁོང་ལུགས་གཉིས་གང་ལ་ཡང་མཁྱེན་དཔྱོད་ནམ་མཁའ་ལྟར་ཡངས་ཤིང་སྙིང་སྟོབས་ཕུལ་དུ་ཕྱིན་པའི་སྟོབས་ཀྱིས་རྗེ་ཉིད་སྨད་ཕྱོགས་


GTD004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕེབས་ཤུལ་ནས་འཆད་ཉན་དང་སྒྲིགས་ལམ་སོགས་ཅུང་ཟད་ཀྱང་ཉམས་ཆག་མེད་པར་བསྐྱངས་པའི་ལེགས་སོའི་ཞལ་དཀར་དུ་ནང་མཛོད་ཆེ་ལེགས་དང་བཅས་ཤིན་ཏུ་དགྱེས་པའི་བཀའ་ལུང་གནང༌། དེ་ནས་མཆོད་ཡོན་བཀའ་བགྲོས་ཀྱིས་རིགས་པའི་དབང་ཕྱུག་ལྷ་རམས་པ་བསོད་ནམས་དབང་རྒྱལ་ཁྲིར་བསྐོ་བཞག་མཛད་ཅིང་ཁྲི་སྟོན་བཞུགས་གྲལ་གྱི་མགོན་དུ་གདན་དྲངས་པར་ཡང་ཕེབས། ཁྲི་ཟུར་སྙན་གྲགས་ཚང་ནས་གསོལ་བ་བཏབ་པ་ལྟར་དཔོན་གཡོག་ཉུང་བསྡུས་ལ་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང་བཞི་ཡོངས་རྫོགས་སྟ་གོན་དང་བཅས་པ་གནང༌། སྔ་སོར་དཀོན་མཆོག་ཝང་གི་ཨུརྒེར་ཡི་གེ་གནང་དོན་བཞིན། དེ་ནས་རྩེའི་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་གྱི་སྐོར་ལ་ཕྱག་ལེན་ཞིབ་ཏུ་སྦྱངས་པའི་རབ་འབྱམས་པ་བསོད་ནམས་ཟླ་བ་དང༌། དུས་འཁོར་ཆོག་གྲྭའི་དབུ་མཛད་སོགས་གྲྭ་པ་བཅུ་ཙམ་འབྱོར་པར་ཕོགས་སོགས་ཆ་རྐྱེན་གང་གཟབ་ཐོག །དུས་འཁོར་གྲྭ་ཚང་པ་རྣམས་ལ་ཆོ་གའི་གདངས་འདུར་རྡུལ་ཚོན་སོགས་ཀྱི་ཕྱག་ལེན་མཐའ་དག་ཞིབ་ཁྲིད་བྱེད་དུ་བཅུག །དུས་འཁོར་གྲྭ་ཚང་སྤྱི་ནས་གསོལ་བ་བཏབ་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་རྒྱུར། རབ་འབྱམས་པ་བསོད་ནམས་ཟླ་བས་ཁུར་བླངས་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་ནག་པ་ཟླ་བའི་ཚེས་གཅིག་ལ་མགོ་བརྩམས་ནས། དམ་པ་གོང་མའི་ཕྱག་བཞེས་མ་ཉམས་པར་བྱས་ཏེ་བཞེངས་པ་ཚེས་བརྒྱད་ལ་ལེགས་པར་གྲུབ། དེ་ནས་སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ཉིད། བདེན་དོན་རྣམ་པ་བཅུ་གཉིས་ཀྱི་བདག་ཉིད། དེ་ཉིད་རྣམ་པ་བཅུ་དྲུག་རིག་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་


GTD004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཕྱག་རྒྱ་ཆེན་མོ་དང་མཉམ་པར་སྦྱོར་བའི་བདེ་ཆེན་རང་གི་རིག་པའི་ངོ་བོ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ། ཉན་མཁན་གྱི་སློབ་མ་སྟོང་སྐོར་སྤྲུལ་བའི་སྐུ། ཁོ་བོ་ཅག་དང་གྲྭ་ཚང་ཕན་ཚུན་གྱི་ཁྲི་གདན་ཟུར། ཝང་ཏཱ་ལེའི་དཱའི་ཆིང༌། འབུམ་གླིང་སྒྲོལ་མ་ཕུའི་སྐུ་སྐྱེ། ཆེས་འཁོར་གྱི་ཧོར་སྤྲུལ་སྐུ། གུར་ཡག་བླ་མ་ངག་དབང་བཀྲ་ཤིས། དར་ཞིང་བླ་མ་འཇམ་དབྱངས་སོགས་ཕྱོགས་འདུས་དང༌། གདན་སའི་གྲྭ་པ་བསྡོམས་པ་ཉིས་སྟོང་བརྒལ་བར་ཚེས་བཅུ་གཅིག་ལ་སློབ་མ་རྗེས་འཛིན་དང་བཅུ་གཉིས་ལ་སྟ་གོན། བཅུ་གསུམ་ལ་བསྐྱེད་རིམ་བསྒོམ་པའི་སྣོད་རུང་དུ་བྱེད་པ་བྱིས་པ་འཇུག་པའི་དབང་བདུན། བཅུ་བཞི་ལ་རྫོགས་རིམ་ཉན་སེམས་སྒོམ་པ་ལ་དབང་དུ་བྱེད་པའི་དབང་གོང་མ་གསུམ། བཅོ་ལྔ་ལ་རྒྱུད་རྫོགས་པར་སྟོན་པ་པོར་བྱེད་པ་གོང་མའི་ཡང་གོང་མ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་རི་བོ་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་དབང་རྒྱུན་མཁས་གྲུབ་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་ཕྱག་ལེན་རྣམ་པར་དག་ཅིང་རིམ་གཉིས་ཡན་ལག་དང་བཅས་པའི་རྒྱུད་དོན་མ་ལུས་པ་དབང་གི་ཁོག་ནས་དྲངས་པའི་གསུང་བཤད་མཐའ་ཆོད་པ་དང་བཅས་ཏེ་སྩལ་བས་སྐལ་ལྡན་ཡིད་ཀྱི་བུམ་བཟང་བྱིན་རླབས་བདུད་རྩིའི་ཟིལ་དངར་གྱིས་ཡོངས་སུ་གཏམས། སྟ་གོན་གྱི་ཉིན་ཚོགས་པ་ཆེ་སྟབས་སོ་ཤིང་འདོར་བའི་མགོ་བརྩམས་པའི་ཚེ་མཐའ་རང་ན་ཡོད་པའི་གྲྭ་པ་འགའ་ཞིག་གིས་ང་ཚོ་མཐའ་བའི་ནང་ན་ཡོད་པ་ཚོ་ནམ་ཞིག་སླེབས་ན་ཞེས་གཅིག་གིས་གཅིག་ལ་ཀུ་རེ་སྨྲས་པ་རྗེས་སོར་ཁོང་


GTD004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཚོའི་ཐད་ཀར་བབས་ནས་འོང་བའི་ཚེ་མཐའ་བའི་ནང་ན་ཡོད་པ་ཚོ་སླེབས་བྱུང་གསུངས་པས་སྔར་སྨྲས་པ་དེ་མངོན་མཁྱེན་གྱིས་གསན་པར་གོ་ནས་དད་གུས་སྐྱེས་ཤིང་འཇིགས་ཞུམ་པ་བྱུང༌། རྒྱུད་པ་གྲྭ་ཚང་སྤྱི་ནས་གསོལ་བ་བཏབ་པ་ལྟར་གོང་སྨོས་ཀྱི་ཉན་མཁན་རྣམས་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་དབང་བཞི་ཡོངས་རྫོགས་དང༌། ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་དབང་བསྐུར་ཟབ་མོ་གནང་སྟེ། མཇུག་ཏུ་ཚོགས་འཁོར་རྒྱས་པ་མཛད། ཝང་གིས་ཞུས་ངོར་གཟིམས་ཆུང་ལྷོ་བྲག་བཀའ་འབུམ་གྱི་དབང་ལུང་རྗེས་གནང་ཆ་ཚང༌། མཁའ་སྤྱོད་མ་དམར་མོའི་དབང་དང༌། གདུགས་དཀར་ལྷ་བཅུ་བདུན་མའི་དབང་རྣམས་གནང་ཞིང༌། དཔོན་ཚང་གཅིག་པུར་དམར་པོ་མདའ་འགེངས་ཀྱི་རྗེས་གནང༌། དེའི་ཆོས་སྐོར་གྱི་ལུང་བཅས་སྩལ། གཞན་ཡང་དོན་གཉེར་ཅན་དུ་མ་ལ་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ལུང་དང་བཅས་པ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་སོགས་སོ་སོའི་མོས་པ་བཞིན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། རིག་གནས་སྐོར་སོགས་ཕྱག་དཔེ་འགའ་ཞིག་རྩོལ་སྒྲུབ་ཀྱི་ཆེད་དུ་མགྲོན་གཉེར་ཤེས་རབ་རྒྱ་མཚོ་སྡེ་དགེའི་ཕྱོགས་སུ་རྫོངས་སྟ་མཛད། བསྟན་པའི་དམིགས་རྐྱེན་ལ་དགོངས་ནས་རིགས་ལམ་སྨྲ་བ་རབ་འབྱམས་པ་ངག་དབང་ཚུལ་ཁྲིམས། བློ་བཟང་འཇིགས་མེད། ཧོར་ཆིན་ཞབས་དྲུང༌། བློ་བཟང་རྒྱལ་མཚན་བཞི། སྐུ་འབུམ་དགོན་ལུང་སོགས་མཚན་ཉིད་ཀྱི་དགོན་ཆེ་ཁག་རྣམས་ལ་གྲྭ་སྐོར་དུ་མངགས་ཏེ་ཕན་ཚུན་མཐའ་དག་ལེགས་བཤད་ཀྱི་དགའ་སྟོན་ལ་བཀོད། གྲུབ་མཐའི་རྣམ་གཞག་རིན་པོ་ཆེའི་


GTD004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ཞེས་ཚིག་ཉུང་བས་འཛིན་སྐྱོར་སླ་ཞིང་བློ་མཆོག་དམན་ཀུན་གྱིས་གོ་བདེ་བ་གྲུབ་མཐའི་གནད་འགག་རྣམས་ཆ་ཚང་བར་འདྲིལ་བའི་ལེགས་བཤད་དྲི་མ་མེད་པ་འདི་ཉིད་ལྗགས་རྩོམ་མཛད། དམེ་ཤུལ་དཀར་པོ་གཤོང་དུ་དགོན་པ་ཞིག་འདེབས་བཞེད་ནས་ཟླ་བ་བདུན་པའི་ཚེས་ལ་དེར་བྱོན། བསང་མཆོད་བཏང་བའི་ཚེ་མདུན་རིའི་ཐད་ནས་འཇའ་ཚོན་ཞིག་ཤར་བས་ནམ་མཁའ་ཁྱབ་པ་སོགས་ལྟས་ཡ་མཚན་པ་བྱུང༌། ཉེ་འཁོར་ན་བྲག་དོ་ཆད་ཤིན་ཏུ་གཉན་པར་བརྩི་བས་དགྲ་ལྟ་བུ་ཞིག་ཡོད་པ་དེ་ལ་གཟིགས་ནས་འདི་མེད་ན་བཟང་བ་ལ་ཞེས་གསུངས་ཤིང་ཉི་མ་ཁ་ཤས་སོང་མཚམས་བྲག་དེ་རང་ཞིག་ལ་སོང་བས་ཀུན་ཡ་མཚན་ཆེ་ཆེ་ལྟར་བྱེད་ཀྱང་བདག་ཉིད་ཆེན་པོ་འདི་ལྟ་བུ་ལྟ་ཞོག །འཇིག་རྟེན་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་ཀྱང་དེ་འདྲ་ཚེགས་མེད་དུ་འགྲུབ་པ་ཞིག་ཡིན་པར་སྣང༌། དེ་ནས་སྔར་དཔོན་ཚང་ནས་གདན་འདྲེན་ཞུས་ཡོད་པ་ལྟར། དེ་ཕྱོགས་སུ་ཆིབས་བསྐྱོད་པར་ཝང་འཁོར་བཅས་ཀྱིས་རྟ་བསུ་དང༌། གྲྭ་ཚང་ནས་སེར་སྦྲེང་བཅས་ཨུརྒེར་བབས། གཞིས་ལེན་གཟབ་རྒྱས་ཞུས་ཤིང་ཨུརྒེ་གྲྭ་ཚང་གསང་སྔགས་སྨིན་རྒྱས་གླིང་གི་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབུལ་སྤམ་མཐོ་བ་དང་བཅས་ཞབས་བརྟན་ཕུལ། གྲྭ་ཚང་ལ་ཡང་སྒྲིགས་ལམ་གསར་འཛུགས་སོགས་ཀྱི་བཀོད་ཁྱབ་མཛད། གླ་རི་མགོའི་ཕྱོགས་ནས་གདན་དྲངས་པ་ལྟར་དེ་ཀའི་དགོན་པ་བཀྲ་ཤིས་ཆོས་འཕེལ་གླིང་དུ་སེར་སྐྱ་མཐའ་དག་ལ་ཀུན་རིག་གི་དབང་ཆེན་སྩལ། གདན་སར་བབས་ཏེ། རྒྱུད་པ་དཔོན་སློབ་བསོད་ནམས་གྲགས་


GTD004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨུརྒེ་གྲྭ་ཚང་གི་བླ་མར་བསྐོས་པའི་རྗེས་སུ་རྒྱུད་པ་བླ་མ་དབུ་མཛད་བློ་བཟང་སྦྱིན་པ་རྒྱུད་པའི་ཁྲི་དང༌། རྡོ་རམས་པ་ནམ་མཁའ་རྒྱལ་མཚན་བླ་མ་དབུ་མཛད་དུ་བསྐོ་བཞག་གནང༌། ཧོར་ཟླ་དགུ་པའི་ནང་དུ་སྣང་རའི་བྱམས་ཆེན་གསར་བཞེངས་ཀྱི་རབ་གནས་ལ་བྱོན་ཏེ་བཀྲ་ཤིས་སྙེ་མའི་སྒོ་ནས་དམ་ཡེ་དབྱེར་མེད་དུ་བྱས་པའི་དགེ་མཚན་གྱི་གཟི་འོད་ཁོར་ཡུག་ཏུ་ཁྱབ་པར་མཛད། མགུར་ནས་བསུ་བ་སེར་སྦྲེང་དང་བཅས་དེར་བྱོན་ཏེ་ལ་མོ་ཞབས་དྲུང་རིན་པོ་ཆེ་དང་མཇལ་འཛོམ་ཐོག་ཕན་ཚུན་གསུང་གླེང་དང་བསྙེན་བཀུར་གང་ལེགས་ཞུས། ཚུར་བྱོན་པའི་ལམ་གར་ཤཱཀྱ་བུ་རྒྱུད། སྤྲེ་ནག །ཝ་རྒྱ། ཚེ་བརྟན་བུ་རྒྱུད། སྣ་ཀྱ་སོགས་ཀྱིས་བསྙེན་བཀུར་ཞིང༌། ཀ་མདོར་སྡེ་འཁྲུགས་ཆེན་པོ་ཞིག་ཡོད་པ་ཆིངས་དམ་མཛད་དེ། འགྲོ་བ་མང་པོར་མི་འཇིགས་པའི་སྦྱིན་པ་སྩལ། གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས་དང༌། སྤྱི་སོའི་སྡེ་པ་ངོ་གཡོག་བཅས་གདན་འདྲེན་དུ་བཏང་བ་ལྟར་བསྟན་པའི་གསལ་བྱེད་ཆེན་པོ་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་བཀྲ་ཤིས་འཁྱིལ་དུ་ཕེབས་པ་ལ་ཆིབས་བསུ་རིང་ཐུང་དང༌། ཐབ་བསུ་སེར་སྦྲེང༌། སྤྱི་སྒེར་གྱི་སྟོན་མོ་སོགས་ཤངས་ལེན་གཟབ་རྒྱས་ཞུས། སྐྱབས་མགོན་མཆོག་ནས་བཀོད་ཁྱབ་གནང་བ་བཞིན། ཐུའུ་བཀྭན་རིན་པོ་ཆེ་འདུ་ཁང་ཆེན་མོར་འཇིགས་བྲལ་ཆོས་ཀྱི་ཁྲི་ལ་སྤྱན་དྲངས་ཏེ། མཎྜལ་དར་ཚོན། སྐུ་གསུང་ཐུགས་རྟེན། ན་བཟའ་ཉེར་སྤྱད། དངུལ་སྲང་ལྔ་བརྒྱ། གོས་ཆེ་ཆུང༌། ཟམ་རས། གཅན་གཟན་གྱི་པགས་པ་དུ་མ། ཆིབས་ཆེན་ལེགས་པ་སོགས་བདོག་པའི་མེ་ཏོག་གིས་མངོན་པར་མཆོད་ནས་སྐྱབས་མགོན་རྣམ་


GTD004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྐུ་འཕྲེང་དུ་མར་འབྲེལ་བའི་ཐུགས་བསྐྱེད་ཀྱི་དོན་བཞིན་དུ་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་མགོན་དུ་ཞབས་པད་རྡོ་རྗེའི་ཁམས་ལྟར་བརྟན་དགོས་པའི་གསོལ་འདེབས་ནན་ཅན་ཞུས་པར་དགྱེས་པའི་བཀའ་ལན་དང༌། ཆོས་གྲྭར་བཀའ་ཆོས་གནང་དགོས་ཀྱི་གསོལ་བ་བཏབ་པར་ཚོགས་ཡོངས་ལ་རྗེ་བདག་ཉིད་ཆེན་པོས་སྟོན་པ་ཐུབ་པའི་དབང་པོར་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་ཚིག་ཉུང་ཡང་བརྗོད་དོན་ནམ་མཁའ་ལྟར་རྒྱ་ཆེ་བ་དེ་ཉིད་ཀྱི་སྟེང་ནས་གསུང་བཤད་ཤིན་ཏུ་འབྱམས་ཀླས་ཤིང༌། དབུ་ཚད་ཀྱི་རིགས་ལམ་ཤིན་ཏུ་རྣོ་བའི་རྩལ་ཐོན་ངེས་པ། སྐབས་སུ་གང་བབས་ཀྱི་འཕགས་པ་ཡབ་སྲས་སོ་སོའི་གཞུང་དུ་མའི་ཤེས་བྱེད་དང་བཅས་ཐོགས་མེད་དུ་གནང་བས་མཁས་དགུའི་ཡིད་ཀྱི་བརྟན་པ་ཅིག་ཅར་ཕྲོགས་ཏེ་རིགས་པའི་རྗེས་སུ་འབྲང་བའི་གུས་པ་ལྷག་པར་འཕེལ། དེ་རྗེས་ཐུའུ་བཀྭན་རིན་པོ་ཆེ་ནས་ཀྱང་སྐྱབས་མགོན་མཆོག་ཚོགས་དབུས་སུ་སྤྱན་དྲངས་ཏེ། ཞབས་བརྟན་གྱི་གསོལ་འདེབས་དང་སྦྲགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲོས་ཤིང༌། ཚོགས་པར་མང་འགྱེད་གྱ་ནོམ་པ་གནང༌། ཁོང་ལ་སྔར་ནས་སྐུ་ཁམས་མི་བདེ་བ་ཞིག་བྱུང་སྟེ་རྒྱུན་རིང་ཙམ་སོང་ཡང་སྐབས་འདིར་སྐྱབས་མགོན་མཆོག་ནས་གདུགས་དཀར་གྱི་དབང་ཞིག་གནང་བས་བྱད་འགྲོལ་ཚར་མ་ཐག་བདེ་ཆམ་གྱིས་སོང་ཞིང༌། དེ་ནས་བཟུང་སྟེ་བསྙུང་གཞི་དེ་ཉིད་ལྷག་མེད་དུ་དྭངས་སོང་ཞེས་གསུངས་པ་ཞལ་ནས་དངོས་སུ་ཐོས། སུ་ཉིད་གཡས་རུའི་ཕྱོགས་ནས་


GTD004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱབས་ཐེའི་ཇིའི་བུ་ཐོ་ཡོན་རབ་རྒྱས་སོགས་འགྲུལ་སྡེབ་ཁ་ཤས་འབྱོར་བས་ཚོགས་སུ་གདན་དྲངས་ཏེ་གསེར་དངུལ་སོགས་འབུལ་བ་སྤམ་མཐོ་བ་ཕུལ་ནས་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་ཞུས། ཚོགས་པར་མང་འགྱེད་ཀྱིས་བསྙེན་བཀུར་ཡང་དག་བསྒྲུབས། མཆོད་གནས་བླ་མ་ཞིག་ཞུས་པར་དུས་འཁོར་དཔོན་སློབ་རབ་བརྟན་རྒྱ་མཚོ་ལ་བཀའ་ཕེབས། ཤིང་རྟའི་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་སྔར་རྒྱུན་བཞིན་གནང༌། འདི་ལོ་གསུང་ཆོས་སུ་ལེགས་བཤད་སྙིང་པོ་ཆུང་བ་ལ་མཁས་གྲུབ་ནོར་བཟང་བའི་འགྲེལ་པའི་ས་བཅད་ཀྱི་སྟེང་ནས་ཐལ་རང་གི་དགག་བྱའི་ཁྱད་པར་ཕྲ་མོ་ཚུན་ཆད་ལ་མཁས་པ་སོ་སོའི་བཞེད་ཚུལ་དུ་མ་བཀོད་ནས་དགག་བཞག་མཐའ་ཆོད་པ་དང༌། ཚིག་རེ་རེ་ལ་ཡང་བཤད་ཚུལ་གྱི་རྣམ་གྲངས་མི་འདྲ་བ་དུ་མ་བཅས་གཟབ་བཤད་ཕུལ་དུ་ཕྱིན་པ་མཛད་པས་རྣམ་དཔྱོད་ཅན་རྣམས་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་གུས་ཚད་མེད་པ་སྐྱེས་ཏེ། འགའ་ཞིག་གིས་རྗེ་འདིས་གསུང་རབ་ཀྱི་དོན་འཆད་པའི་ཚེ་རྗེ་བཙུན་འཇམ་དབྱངས་དང་དབྱངས་ཅན་མ་སོགས་སྐུ་ལུས་ལ་ཞུགས་ནས་འཆད་པ་ཡིན་ནམ་ཞེས་ཟེར་བ་ཡང་རྣམ་པ་གཅིག་ཏུ་བསྟོད་པའི་ལུགས་ཡིན་མོད་ཀྱང༌། བཀའ་གདམས་གླེགས་བམ་ལས། འཇམ་པའི་དཔལ་དུའང་འགལ་བ་མེད། །ཅེས་གསུངས་པ་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ལྕང་སྐྱ་རྡོ་རྗེ་འཆང་གིས་མཛད་པ་ལས། འཇམ་དབྱངས་བཞད་པ་དང་རྗེ་རིན་པོ་ཆེ་དབྱེར་མེད་ཡིན་སྙམ་པ་ཞིག་གིས་ལུང་བསྟན་གནང་ཚུལ་གསུངས་པ་དང༌། རྗེ་འདི་མངལ་དུ་བཞུགས་སྐབས་ཡུམ་གྱི་མནལ་ལམ་དུ། འཆི་བས་འཇིགས་ནས་སྐུ་འབུམ་ལ་གནས་མཇལ་དུ་འགྲོ་


GTD004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་བྱས་པར་མངལ་གྱི་བྱིས་པ་དེས་ཨ་མ་ཁྱོད་ཀྱི་ལམ་མགོ་ངས་ཐོན་ཡོང་ང་རྗེ་རིན་པོ་ཆེའི་སྐྱེ་བ་ཡིན་ཟེར་བ་ཞིག་རྨིས་པ་སོགས་ལ་དཔག་ན། རྗེ་འདིར་འཇམ་དབྱངས་ཟུར་ནས་འཇུག་དགོས་པ་ཞིག་རང་མིན་ནམ་སྙམ། བསྒྲུབ་བྱ་དུ་མ་དགེ་ཚུལ་དང་བསྙེན་རྫོགས་བསྒྲུབ་པ། བསྟན་པ་སྤྱི་དགོས་ཀྱི་རིམ་གྲོར་མཆོད་ཁང་ཆེན་མོའི་ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བཞི་བླུགས་པའི་དབང་གི་སྦྱིན་སྲེག་གི་ཉིན་རྗེ་ཉིད་ཚོགས་དབུར་ཕེབས། འདུ་ཁང་རྙིང་པ་བསྐྱོད་རྒྱུར་ལྡེབས་རིས་གཙོ་བོ་རྣམས་སླར་ཚད་སོགས་མཚུངས་པར་བྱེད་དགོས་གསུངས་ཏེ་བཀབ་ཤོག་ལེན་དུ་བཅུག །ཨར་ཆོག་གི་སྐབས་ཡེ་ཤེས་པ་སྤོས་གྲུབ་བསྟུན་འཇིགས་བྱེད་དང་ཆོས་རྒྱལ་ཕྱི་ནང་གཉིས་ཀྱི་སྐུ་ལ་སེར་ཀ་འཕྲལ་དུ་ཞུགས་པ་དེར་འཁོད་རྣམས་ཀྱིས་མངོན་སུམ་དུ་མཐོང་བས་ཡ་མཚན་ཆེ་བར་གྱུར། དུས་འཁོར་རྡོ་རྗེ་འཛིན་པ་སྨྲ་བའི་སེང་གེ་བློ་བཟང་རིན་ཆེན་པའི་ཞལ་སྔ་ནས་དུས་འཁོར་ཁྲི་དང༌། ཁྱ་དགེ་སྤྲུལ་སྐུ་རྡོ་རྗེ་འཛིན་པར་བསྐོ་བཞག་གནང༌། སློབ་ཟུར་རབ་བརྟན་རྒྱ་མཚོ་བ་ལ་ཐིག་ལེ་བཅུ་དྲུག་གི་དབང་དང་སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་བཀའ་གང་ཞུས་སྩལ། དཔོན་ཚང་ནས་ཞུས་པ་བཞིན་བདེ་མཆོག་དཀར་པོའི་ཚེ་སྒྲུབ་ཉིན་བདུན་གྱི་བར་བཀའ་དྲིན་བསྐྱངས། སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་དང༌། གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས། དྲུང་ཡིག་ཆོས་འཛིན། བློ་བཟང་འཇིགས་མེད་སོགས་ལ་དབྱངས་ཅན་སྒྲ་མདོའི་རི་མོ་ཞིབ་ཁྲིད་མཛད། ཁོ་བོ་ཅག་ནས་གསོལ་བ་བཏབ་པ་བཞིན་འཇིགས་བྱེད་ལྷ་བཅུ་གསུམ་མའི་


GTD004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་ཉིན་གཉིས་ལ་རྒྱས་པར་བཀའ་དྲིན་བསྐྱངས། སྟ་གོན་གྱི་ནུབ་མོ་ཁྲག་རློན་པ་ཞིག་བཏུང་བ་རྨིས་ཏེ་བཙོག་གྲིབ་ལྟ་བུ་ཞིག་ཡིན་ནམ་སྙམ་ཡང་སྙན་འབུལ་ཞུས་པར་ཤིན་ཏུ་ལེགས་གསུངས་ནས་བརྩེ་བས་དབུགས་དབྱུང་མཛད། མཇུག་ཏུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དཔའ་བོ་གཅིག་པའི་ལྗགས་ལུང་སྩལ་ཏེ། ངེད་ཀྱིས་སྔར་སྟོང་སྐོར་རིན་པོ་ཆེའི་མདུན་དུ་དབང་ཐོབ་པ་ནས་བཟུང་དཔའ་གཅིག་ཆག་མ་མྱོང་བས་ཆོས་གྲྭ་པ་རྣམས་སློབ་གཉེར་མཐར་ཕྱིན་པ་ལ་རྒྱབ་རྟེན་དུ་འདི་ལྟ་བུ་རེ་ཅིས་ཀྱང་མ་ཆག་པ་བྱེད་དགོས་ཞེས་ནན་ཏན་དུ་གསུངས། བཞི་པའི་ཚེས་ལ་སྐུ་འབུམ་དུ་ཕེབས་ཏེ་སྟག་མཚེར་ཞལ་སྔ་ནས་ཀྱིས་གཙོས་དགེ་འདུན་བརྒྱ་ཕྲག་མང་པོར་ཐུགས་རྗེ་ཆེན་པོའི་དབང་སོགས་འདོད་ཆོས་དུ་མ་དང༌། དགོན་ལུང་དུ་ཐུའུ་བཀྭན་རིན་པོ་ཆེས་གཙོས་ཧྲག་བསྡུས་ལ་ཚེ་དཔག་མེད་ཀྱི་དབང༌། རྒྱལ་ཐང་པའི་གཅོད་ཀྱི་དབང་ཁྲིད་སོགས་ཆོས་ཀྱི་ཆར་ཕབ་ཅིང་ཆོས་བཟང་རི་ཁྲོད་དུ་འདུ་ཁང་རབ་གནས་མཛད་དེ་རིམ་གྱིས་གདན་སར་བབས། དགོན་པའི་རྒྱབ་རིའི་རྩེར་བདེ་མཆོག་ཀླད་ཅེས་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་བཞུགས་པར་ཀུན་མཁྱེན་གོང་མའི་གསུང་རྒྱུན་ལས་འབྱུང་བའི་གནས་ཁྱད་པར་ཅན་བདེ་ཁོད་སྙོམས་པ་ཞིག་ཡོད་པ་དེར་འཕྱིང་གུར་ཕུབས་ནས་བཞུགས་ཏེ་དབུ་མའི་མཐའ་དཔྱོད་ལྗགས་རྩོམ་མཛད། དེར་སྐབས་སྐབས་སུ་བཅད་རྒྱ་གནང་ཡུལ་གྱི་གཟིམས་ཁང་ཞིག་གསར་དུ་རྒྱག་རྒྱུའི་ལྗགས་བཀོད་གནང་སྟེ་མིང་ཐར་པ་རྩེར་བཏགས། དཔའ་རིའི་ཐུར་ཆེན་ནས་དྭགས་པོ་རིན་པོ་ཆེ་ཀུན་གྲོལ་ནོ་མིན་ཧན་གྱིས་སོས་ཀ་སྙན་གསན་ཕུལ་ཡོད་པ་ལྟར་གདན་འདྲེན་པ་ཡང་བསྐྱར་གྱིས་འོང་བས་ལྔ་པའི་


GTD004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་བདུན་ལ་དེ་ཕྱོགས་སུ་ཆིབས་བསྐྱོད། ལམ་ནས་སྐུ་དངོས་དཔོན་གཡོག་ཉུང་བསྡུས་སྔོན་ལ་ཕེབས་ཏེ་ཧོ་ཤུ་རྗེས་སུ་ལུས་པ་རྒྱ་གྲོང་ཞིག་ཏུ་ཞག་བབས་བྱས་ཡོད་པར་མཚན་མོ་ཆར་ཐོག་ཆེན་པོ་བརྒྱབ་ནས་ཕན་ཚུན་ཐམས་ཅད་འུར་ཟིང་ཆེ་བར་བྱུང༌། གནས་ཚང་གི་ཁང་པ་ཡང་ཆུས་ཁྱེར་ལ་ཁད་ཙམ་བྱུང་བའི་ཚེ་རྗེ་ཉིད་ལ་གསོལ་བ་དྲག་ཏུ་བཏབ་པས་རིམ་གྱིས་ཇེ་འཇམ་དུ་སོང༌། ཕྱི་ཉིན་ནམ་ལངས་ནས་བལྟས་ཚེ་གཡས་གཡོན་གྱི་ཁང་པ་གཅིག་ཀྱང་མ་ལུས་པར་གྲོང་ཐམས་ཅད་ཆུས་ཁྱེར་བའི་ཤུལ་གྱི་ཐང་སྟོང་ཞིག་ན་ཁང་པ་འདི་གཅིག་པུར་ལུས་ཡོད་པ་མཐོང་སྟེ་རྒྱ་མི་རྣམས་ཀྱང་དད་པ་ཚད་མེད་པ་སྐྱེས། དེ་ནུབ་རྗེ་ཉིད་ལན་ཇུས་མཁར་གྱི་ཉེ་འགྲམ་ཞིག་ཏུ་བཞུགས་པ་དེར་ཡང་ལུང་པ་ཐམས་ཅད་ཆུས་ཁེངས་པ་ལྟར་སོངས་ཏེ་རྨ་ཆུའི་ཟམ་སོགས་ཁྱེར་ཡང་ཉིད་འཁོར་བཅས་ཀྱི་སྐུ་ཆས་ཁལ་རྟ་སོགས་ལ་སྐྱོན་ཅུང་ཟད་ཀྱང་མ་བྱུང༌། ཟླ་བ་དྲུག་པའི་ཚེས་གསུམ་ལ་ཀུན་གྲོལ་ནོ་མིན་ཧན་གྱིས་གཙོས་བླ་དཔོན་ཆེ་བགྲེས་སོགས་རྟ་པ་བརྒྱ་ཕྲག་དུ་མས་ཆིབས་བསུ་སེར་སྦྲེང་དང་བཅས་ཐུར་ཆེན་དགོན་པ་ཐོས་བསམ་དར་རྒྱས་གླིང་དུ་ཕྱག་ཕེབས། དེ་ཀའི་ཚེས་དགུ་ནས་བདུན་པའི་ཚེས་བཅུ་སྐོར་གྱི་བར་དུ་དྭགས་པོ་རིན་པོ་ཆེས་གཙོ་མཛད། རྒྱ་རྡོག་སྨོན་ལམ་ལྷུན་གྲུབ། སེར་རྩུད་དགོན་པའི་བླ་མ་ངག་དབང་ཚུལ་ཁྲིམས། ཏེའི་ཐུང་དགོན་ཆེན་གྱི་བླ་མ་ཁྲི་གདན་ཟུར། དེ་ཀའི་མཚན་ཉིད་གྲྭ་ཚང་གི་དཔོན་སློབ་དོན་གྲུབ་བཀྲ་ཤིས་སོགས་སྐྱ་སེར་ཉིས་སྟོང་ལྷག་ལ། རྡོ་རྗེ་ཕྲེང་བ་དང༌། ཀྲྀ་ཡ་སྦྲགས་པའི་དབང་ཡོངས་སུ་རྫོགས་པར་གནང༌། ཞར་ལ་སྒྲུབ་ཐབས་


GTD004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རིན་འབྱུང་དང༌། ལྷོ་བྲག་སྙན་བརྒྱུད་ཀྱི་རྗེས་གནང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ཆར་བཞིན་ཕབ་སྟེ་སྐལ་བཟང་ཡིད་ཀྱི་ཞིང་སར་ལེགས་ཚོགས་བྱེ་བའི་འབྲས་བཟང་སྨིན་པར་མཛད། དེའི་སེང་བར་དུ་སྐྱེ་བོ་ཕོ་མོ་བརྒྱ་དང་བཅོ་ལྔར་དགེ་བསྙེན་གྱི་སྡོམ་པ་ཕོག །དེར་གསང་ཆེན་བསྟན་པ་འཛིན་པའི་རྒྱུད་གྲྭ་ཞིག་ཀྱང་གསར་འདེབས་མཛད་དེ། དགེ་བའི་བཤེས་གཉེན་ཆེན་པོ་དོན་གྲུབ་བཀྲ་ཤིས་བླ་མར་བསྐོ་བཞག་གནང༌། ཁོང་གིས་ཀྱང་དང་པོར་དགོངས་པ་ནན་ཅན་ཞུས་འདུག་ཀྱང༌། རྗེས་སོར་སྐྱབས་མཆོག་ཉིད་ཀྱི་ཐུགས་བསྐྱེད་ལ་བརྟེན་ནས་རྒྱུད་གྲྭ་དེ་ཉིད་ཆོས་འཆད་ཉན། ཀུན་སྤྱོད་སོགས་གང་ས་ནས་ཡུལ་མཐའ་དེ་དང་མི་འཚམ་པ་ལྟ་བུའི་ཆེས་ཁྱད་པར་དུ་འཕགས་པ་ཞིག་བྱུང་བས། དགེ་བཤེས་པ་ཡང་ལྷག་པར་སྤྲོ་བ་འཕེལ་ཏེ། རང་ཚོའི་ས་ཆར་རྒྱུད་གྲྭའི་སྒྲིགས་ལམ་འདི་འདྲའི་ཚད་ལྡན་ཡོང་བ་རྗེ་འཇམ་དབྱངས་བཞད་པ་ཁོ་ནའི་བཀའ་དྲིན་ཡིན། ངེད་ཀྱང་སྔར་ཡིན་ན་གཅིག་པུར་དགེ་སྦྱོར་ཞིག་བྱེད་རྩིས་ཡོད་ཀྱང། ད་ནི་མ་ཤི་བར་དུ་དགོངས་པ་ཞུ་རྒྱུ་མིན་གསུངས་ཏེ་ལོ་བཅོ་ལྔ་ཁྲི་མཛད་སྣང། དེ་ནས་བྲ་སྟི་རབ་རྒྱས་དགོན་དུ་སེར་སྐྱ་དུ་མ་ལ་ཀུན་རིག་གི་དབང་དང༌། དགེ་བསྙེན་ཉི་ཤུ། བསྙེན་རྫོགས་ཉེར་གཉིས་སོགས་གསར་བསྒྲུབས་མཛད། གཞན་ཡང༌། དཱ་བན་རྒྱལ་ལྡོག་དགོན། འབྲི་གུ་དགོན། མཆོད་རྟེན་ཐང༌། ཆོས་ལུང་དགོན་སོགས་སུ་སྤྱན་དྲངས་པར་གསང་བ་འདུས་པའི་དབང་དང་རྗེས་གནང་དུ་མ། རབ་བྱུང༌། བསྙེན་རྫོགས་སོགས་ཀྱི་སྒོ་ནས་སོ་སོའི་རེ་བ་བསྐང༌། ཏེའི་ཐུང་དགོན་ཆེན་དུ་བླ་གྲྭ་ཚང་མས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་བཞིན། འཇིགས་བྱེད་དཔའ་བོ་གཅིག་པ། བདེ་མཆོག་དྲིལ་བུ་ལྷ་ལྔ། ཚེ་དཔག་མེད་གསུམ་གྱི་དབང་ཆེན་


GTD004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་མང་དུ་སྩལ། བསྙེན་གནས་དགེ་བསྙེན་རབ་བྱུང་དགེ་ཚུལ་སོགས་ཆེས་མང་བ་དང༌། བསྙེན་རྫོགས་བརྒྱ་དང་སོ་གཅིག་བསྒྲུབས། ཀླུ་སྐྱབས་དཔོན་པོའི་ཡཱ་མོན་ནས་གདན་དྲངས་ཏེ་རྒྱ་ལུགས་ཀྱི་བསྙེན་བཀུར་གྱ་ནོམ་པ་ཞུས། ཏེའི་ཐུང་བྲག་དགོན་ཟེར་བའི་དབེན་གནས་ཁྱད་འཕགས་ཤིག་ཡོད་པ་དེར་ཡང་བྱོན། སླར་ཡང་ཡར་ལུང་དགོན་དུ་གཅོད་དབང་ནམ་མཁའ་སྒོ་འབྱེད་དང༌། ཀུན་རིག་གི་དབང་ཆེན་གནང་བ་སོགས་དེ་ཕྱོགས་ཀྱི་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དེ་དགུ་པའི་ནང་ལ་གདན་སར་བབས། དུར་བེད་རབ་འབྱམས་པ་དཔལ་བཟང་གིས་ཚོགས་སུ་གདན་དྲངས་ནས་ཞབས་བརྟན་དང་དངོས་འབུལ་གྱ་ནོམ་པ་བསྟར་བས་ཆོས་བཀའ་ཅི་རིགས་སྩལ། ཐོས་བསམ་གླིང་གི་བཅའ་ཡིག་བླང་དོར་རབ་གསལ་དང༌། སྨོན་ལམ་ཆེན་མོའི་བཅའ་ཡིག་ཤེལ་དཀར་མེ་ལོང་གཉིས་གསར་དུ་བཞག །དགུན་གྱི་རིང་ཐར་པ་རྩེར་བཅད་རྒྱ་དམ་པོར་གནང་སྟེ་ཐུགས་དམ་ཟབ་མོའི་ཉམས་བཞེས་ལྷུར་མཛད་ཅིང༌། བསྟན་པའི་འཕེལ་རྒྱས་ཀྱི་དོན་དུ་སྤྱན་དམིགས་གང་གཟབ་མཛད། དགུང་ལོ་ཞེ་བརྒྱད་ལ་ཕེབས་པའི་ལོ་གསར་གྱི་དགའ་སྟོན་གནང་ཞིང༌། བསྒྲུབ་བྱ་དུ་མར་རབ་བྱུང་དང་བསྙེན་རྫོགས་སོགས་བཀའ་དྲིན་སྩལ། ཧལ་ཧ་ངག་དབང་ཡོན་ཏན་དང༌། མཛོ་དགེ་དགེ་འདུན་དཔལ་བཟང་གཉིས་ནས་ཉིད་ཀྱི་བཀའ་ཕེབས་ལྟར་ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐའི་རྒྱུགས་ཕུལ་བར་རྟ་རེ་གནང་སྦྱིན་མཛད། གཞན་ཡང་ལོ་སྔ་ཕྱི་ཅི་རིགས་པར་ཐུ་མེད་པ་ངག་དབང་འོད་ཟེར་གྱིས་ཕར་ཕྱིན་གྱི་ཐལ་ཕྲེང་སྐབས་


GTD004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཉིས་དང་བཞི་པ། དྲང་ངེས་རྣམ་འབྱེད་ཆེན་མོ། རྣམ་བཤད་སྙིང་པོ་རྒྱན། རྣམ་བཤད་དགོངས་པ་རབ་གསལ། ཆོས་མངོན། ཡིག་ཆའི་འདུལ་བ་ཡོངས་རྫོགས། བསམ་གཏན་གྱིས་ལེགས་བཤད་སྙིང་པོ། ཕར་ཕྱིན་གྱི་སྐབས་ཕལ་ཆེར། ཡིག་ཆའི་འདུལ་བ་དང་དབུ་མ་རྒྱས་པ་ཡོངས་རྫོགས། ཆོ་ཧོར་སྦྱིན་པས་ཡིག་ཆའི་དབུ་ཕར་གཉིས་ཡོངས་རྫོགས། ཟུར་བཀོལ་རྒྱས་པ་བཞི། དགེ་འདུན་དཔལ་བཟང་གིས་ཡིག་ཆའི་དབུ་ཕར་གཉིས། གསེར་འཕྲེང་སྐབས་དང་པོ། ལེགས་བཤད་སྙིང་པོ། དྲང་ངེས་རྣམ་འབྱེད་ཆེན་མོ། ལམ་རིམ་ཆེན་མོ། དཀོན་མཆོག་ཚངས་དབྱངས་ཀྱིས་ཕར་ཕྱིན་སྐབས་དང་པོ་ནས་བདུན་པའི་བར། དགེ་འདུན་ཉི་ཤུ་ཆེན་མོ། དྲང་ངེས་རྣམ་འབྱེད་ཆེན་མོ། རྣམ་བཤད་དགོངས་པ་རབ་གསལ། ཡིག་ཆའི་མཛོད་ཕལ་ཆེར་དང༌། འདུལ་བ་ཡོངས་རྫོགས། ལམ་རིམ་ཆེན་མོ། ངག་དབང་ཡོན་ཏན་གྱིས་ཡིག་ཆའི་མཛོད་ཡོངས་རྫོགས། དབལ་མང་ཞབས་དྲུང་གིས་ཡིག་ཆའི་ཕར་ཕྱིན་སྐབས་དང་པོ་བཞི། དགེ་འདུན་ཉི་ཤུ་ཆེན་མོ། དྲང་ངེས་རྣམ་འབྱེད་ཆེན་མོ། དབུ་མ་ལུང་རིགས་སྒྲོན་མེ། གྲུབ་མཐའ་ཆེན་མོ། འདུལ་བ་མདོ་རྩ་བ། གྲགས་པ་བཟང་པོས་རྣམ་བཤད་དགོངས་པ་རབ་གསལ། ལམ་རིམ་ཆུང་ངུ་སོགས་ཀྱིས་མཚོན་རང་རང་གི་བློའི་ནུས་པ་དང་བསྟུན་པའི་མཚན་ཉིད་ཀྱི་ཐལ་ཕྲེང་ཟུར་བཀོལ། སྔགས་ཀྱི་བསྐྱེད་རྫོགས་ཊཱིཀྐ་ཆེ་ཆུང༌། སྨན་གྱི་རྒྱུད་ཆུང་གསུམ་སོགས་གྲྭ་ཚང་སོ་སོ་ནས་རྒྱུགས་འབུལ་མཁན་ཆེས་མང་དུ་བྱུང་བ་ལ་དགྱེས་གཟིགས་ཚད་མེད་པ་མཛད་པའི་བཀའ་དྲིན་གྱིས་སྤྱན་ལྟོས་བཟང་པོ་དེ་ཉིད་ད་ལྟའི་བར་གོང་འཕེལ་དུ་གནས་པ་འདི་བཞིན་ལགས། རོང་པོ་མར་ནང་དུ་ཕན་ཚུན་གྱི་མི་སུམ་ཅུ་སྐོར་བསད་པའི་འཁྲུག་


GTD004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཤིན་ཏུ་ཆེ་བ་ཞིག་ཡོད་པར་གཟུ་ཆིངས་གནང་སྟེ་དགེ་བའི་ལམ་ལ་སྦྱར། རྒྱུད་པ་གྲྭ་ཚང་སྤྱིས་གསོལ་བ་བཏབ་པ་བཞིན་ཁྲི་གདན་ཟུར་སྤྲུལ་སྐུ་ཆེ་ཆུང་བཀའ་རམས་དགེ་བཤེས་སོགས་ཧྲག་བསྡུས་ལྔ་བརྒྱ་སྐོར་ལ་བཞི་པའི་བཅུ་གཅིག་ནས་བཟུང་ཉིན་བཅུ་གསུམ་གྱི་བར་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་རྒྱས་པ་རྒྱུད་འགྲེལ་བསྟན་བཅོས་མཐའ་དག་གི་དགོངས་པ་བསྡུས་ནས་སྐབས་སུ་གང་བབས་ཀྱི་དོགས་སྤངས་དགག་བཞག་སོགས་མཛད་དེ་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་ཟ་མ་ཏོག་ཅིག་ཅར་ཕྱེ་བས་ཟབ་དོན་ནོར་བུའི་དོ་ཤལ་དཔྱོད་ལྡན་ཡོངས་ཀྱི་མགུལ་བའི་རྒྱན་དུ་བསྟར། ཆོས་ཐུན་རེ་རེ་བཞིན་འགྲེལ་གཏོར་བསྔོ་བ་དང་མཇུག་ཏུ་ཚོགས་འཁོར་རྒྱས་པ་སོགས་ཕྱག་ལེན་བཞིན་མཛད། ཁོ་བོ་ཅག་ནས་གསོལ་བ་བཏབ་སྟེ་དུས་འཁོར་གྲྭ་ཁང་དུ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་སྩལ། ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་ནས་ཆེ་བགྲེས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་རྡོ་རྗེ་ཕྲེང་བའི་དབང་གི་སྙན་གསན་ཕུལ་བ་བཞིན། ལྔ་པའི་ཚེས་ལ་དེར་ཆིབས་བསྐྱོད། ལོ་དེར་ཐན་པ་ཤིན་ཏུ་ཆེ་ཡང་རྗེ་ཉིད་ཕེབས་ཉིན་གློ་བུར་དུ་ཆར་རྒྱུན་ལེགས་པར་བབས་པས་ཡུལ་མི་རྣམས་གཉན་རྗེ་གོང་སྔོན་གྱིས་བསུ་བར་གླེང༌། དེ་ནས་གཉུག་མར་གནས་པ་བླ་མ་ཁྲི་གདན་ཟུར་སོགས་སེར་སྐྱ་སྟོང་ཕྲག་དུ་མ་དང་དགེ་བའི་བཤེས་གཉེན་རོང་པོའི་དབོན་པོ། མཁན་ཆེན་དྲུང་ཡིག་པ། བྲག་དཀར་སྤྲུལ་སྐུ་སོགས་རེབ་ཀོང༌། རྗེས་ཚང༌། འབོ་ར། མཛོ་དགེ །ཙ་ཡུ་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་ཆེས་མང་བར། སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱི་གདམས་པའི་ཉིང་ཁུ་རྡོ་རྗེ་ཕྲེང་བའི་དབང་ཆེན་ཟབ་མོ་ཕྱག་ལེན་


GTD004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་ཅིང་དབང་བཤད་འབྱམས་ཀླས་པ་མཇུག་ཏུ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་བསྲུང་དགོས་ཚུལ་གྱི་བསླབ་བྱ་ནན་ཏན་དང་བཅས་སྩལ། མཇུག་གི་ཉི་མ་ཁ་ཤས་ཀྱི་རིང་ནམ་མཁའི་ངོས་ཐམས་ཅད་འཇའ་སྤྲིན་ཁ་དོག་སྣ་ལྔ་པས་ཁྱབ་པ་སོགས་ལྟས་ཡ་མཚན་པ་མང་དུ་བྱུང༌། ཚེས་བཅུ་བདུན་ལ་གདན་སར་བབས་ཏེ། སྨད་སོག་གི་གྲྭ་རྒྱུན་སྤྱི་ནས་གསོལ་བ་བཏབ་པ་བཞིན་ཚོགས་མང་ལ་ཉིན་བཅུ་གསུམ་གྱི་རིང་བཱ་རི་བརྒྱ་རྩའི་རྗེས་གནང་ལུང་དང་བཅས་པ་སྩལ། གཞན་ཡང་དོན་གཉེར་ཅན་སོ་སོ་ལ་བླ་མ་མཆོད་པའི་ཁྲིད་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་འདོད་ཆོས་ཅི་རིགས་གནང༌། དེའི་སེང་བར་དུ་ལྕང་སྐྱ་རིན་པོ་ཆེའི་འཁྲུངས་རབས་རྣམ་ཐར་དང༌། དབུ་མའི་མཐའ་དཔྱོད་ཀྱི་མཇུག་གྲུབ་སྟེ་མཐར་འཛིན་རྨོངས་པའི་མུན་པ་མཐའ་དག་སེལ་བའི་ལེགས་བཤད་ཀྱི་སྒྲོན་མེ་སྦར་བར་མཛད་དོ། །སྡེ་ཁྲི་སྤྲུལ་བའི་སྐུའི་གདན་འདྲེན་ལ་དབོན་པོ་དབུས་སུ་འགྲོ་རྩིས་བྱས་པར་ཁྱོད་རང་མ་སོང་བ་དགའ་ཞེས་བཤོལ་མ་མཛད་དེ་ཁོ་རང་མ་འགྱངས་པར་ནད་ཡུན་རིང་ཞིག་གིས་ཐེབས་པས་དེ་ལ་དགོངས་པར་སྣང༌། དེས་མཚོན་ཐར་ཤུལ་རབ་འབྱམས་པ་ཟེར་བ་དབུས་སུ་འགྲོ་སྐབས་སྐྱབས་འཇུག་ཞུས་ཚེ། ཕྱིར་ལམ་སེམས་ཆུང་གྱིས་གསུངས་པ་ལྟར། ཕྱིར་ལམ་ཇག་པར་ཐུག་སྟེ་རྨས་འགྲམ་བྱུང་བ་དང༌། སོག་པོ་ཞིག་གཟུགས་ཕུང་མ་བདེ་བའི་དོན་དུ་བརྟག་པ་ཞུས་པར་འདི་ལ་སྐྱོན་ཆེར་མེད་འདྲ་ཡང་མིག་ལ་སེམས་ཆུང་གྱིས་ཞེས་ཕེབས་པ་ལོ་གྲངས་བཅུ་སྐོར་ལྷག་སོང་རྗེས་མིག་ལོང་བ་དང༌། ཆེ་ཆིན་སྡེ་པས་གཟུགས་གཞི་མ་བདེ་བར་མོ་ལུང་ཐམས་ཅད་འཁྲུགས་ཤིང་འཆི་ལ་ཐུག་པའི་ཚེ། རླུང་ཡིན་མོད་རླུང་བཅོས་གྱིས་གསུངས་པ་བཞིན་བྱས་པས་མྱུར་དུ་བདེ་བ་


GTD004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གྲྭ་པ་ཞིག་མ་བདེ་བའི་དོན་དུ་ཐུགས་བརྟག་ཞུས་པར། ཤོ་ཞིག་བསྒྲིལ་བར་བཅུ་གསུམ་བབས་འདུག་པ་བརྟག་པ་ཞུ་བ་པོས་མཐོང་སྣང་ཡང་མོ་མི་བཟང་གསུངས་པར་གྲྭ་པ་དེ་ཉིད་གཤེགས་སོང་བ་སོགས་འཕྲལ་ཕུགས་ལེགས་ཉེས་ཞུས་ཚད་ཀྱི་རིགས་ལ་འཕྲལ་དེར་ཕོ་གདོན་མོ་གདོན་ཐམས་ཅད་ཐལ་བྱུང་དུ་མི་གསུང་ཡང་གསུང་གི་བབས་ལ་བརྟག་ཤེས་ན་དོན་རྩ་ལ་ཅུང་ཟད་ཙམ་ཡང་བསླུ་བ་མི་སྲིད་པས་འདི་འདྲའི་རིགས་མཐའ་ཡས་པ་ཡོད་ཀྱང་བྲིར་མ་ལངས། གླིང་བསྲེའི་བཅའ་ཡིག་གསར་དུ་བཞག་སྟེ། ལོ་ལྟར་ཉིན་དང་པོར་ཁྲི་རིན་པོ་ཆེ་ནས་པོ་ཏི་ལྔའི་བཤད་པ་རྒྱས་པ་དང༌། ཉིན་གཉིས་པར་རྒྱུད་དུས་འཁོར་སྨན་པ་གསུམ་གྱི་དཔོན་སློབ་རེས་མོས་བཞིན་གསང་བ་འདུས་པའི་རྒྱུད་ཊཱིཀ །དུས་འཁོར་ཊཱིཀ་ཆེན། རིག་གནས་ལྔའི་རྣམ་གཞག་སོགས་ལས་བརྩམས་པའི་བཤད་པ་ཆ་ཚང་བར་བྱེད་རྒྱུ་སོགས་ཕྱག་བཞེས་ཀྱི་ཆ་ཐམས་ཅད་ལ་དག་ཐེར་ཞིབ་ཏུ་མཛད། ཐོས་བསམ་གླིང་གི་རྩོད་ཡིག་ཟླ་ཤེལ་ཕྲེང་བ་ཡང་གསར་བསྒྲིགས་གནང་སྟེ། སྔར་དགེ་བཤེས་ཆེ་བར་གྲགས་པ་ལ་ལ་ཡང་སེམས་བསྐྱེད་དྲུག་པ་མན་ཆད་ལ་རྩོད་པ་མ་སོང་བ་སྣང་ཞིང༌། ཕྱོགས་གང་ན་ཡང་གཞུང་མགོ་མཇུག་ཀུན་ལ་རྩོད་པ་འགྲོ་བ་ཤིན་ཏུ་དཀའ་བར་འདུག་ཀྱང༌། རྗེ་བླ་མ་མཆོག་འདིའི་ཐབས་མཁས་ཀྱི་མཐུ་ལ་བརྟེན་ནས་ད་ལྟ་བློ་མཐོ་དམན་སུ་ཡིན་ཀྱང་གཞུང་གོང་འོག་ཀུན་ལ་ཧོར་ཁུངས་སུ་མ་ལུས་པར་བག་ཆགས་རེ་འཇོག་ཐུབ་པ་འདི་ཡང་གཞན་ཞིག་གིས་སྐྱེ་བའི་བར་དུ་བསྒྲུབ་དཀའ་བའི་བསྟན་པའི་བྱ་བ་རླབས་པོ་ཆེ་ཞིག་ཏུ་སྣང༌། དེ་སྔོན་དཔེ་མཛོད་ཀྱི་སྲོལ་མེད་ཀྱང༌། དོན་གཉེར་ཅན་ཆ་རྐྱེན་སྲབ་པ་རྣམས་ལ་ཕན་པའི་ཕྱིར་དེའི་སྲོལ་


GTD004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་པས་མ་འགྱངས་པར་པོ་ཏི་སྟོང་ཕྲག་བརྒལ་བ་བྱུང་སྟེ་བསྟན་རྒྱུན་ལ་ཤིན་ཏུ་ཕན་པར་སོང༌། ཁེ་ཐཱ་ཕྱོགས་ནས་དཔོན་པོ་བསྟན་འཛིན་དང་རྒྱ་མཚོ་སོགས་ཀྱིས་གདན་དྲངས་པ་ལྟར་ཆིབས་བསྐྱོད། དཔོན་འབངས་སོ་སོས་རང་རང་གི་འབྱོར་བསྟུན་གྱི་བསྙེན་བཀུར་ཕུ་དུད་བླ་ན་མེད་པ་ཞུས། རྔ་བ་ནས་གདན་འདྲེན་ཞུས་ཏེ་ཕེབས་པར་དམེ་དཔོན་པོས་གཙོས་བླ་དཔོན་ཆེ་ཕྲ་དུ་མ་དང༌། ཚ་ཁོ་ཅོག་ཙེ་རྒྱལ་པོའི་བང་ཆེན་ད་རོ་ཆེ་བ་གཉིས་བཅས་ཀྱིས་ཆིབས་བསུ་ཐབ་བསུ་སོགས་བསྙེན་བཀུར་ཡང་དག་བསྒྲུབས། རྔ་བའི་དགོན་པ་གསར་པར་གསོ་སྦྱོང་མཛད་ཅིང་འཛིན་གྲྭ་གསུམ་དུ་བྱས་ནས་བརྩི་བཞག་གནང༌། སྒྲིགས་ལམ་གསར་འཛུགས་སོགས་བཀོད་ཁྱབ་དང་མང་འགྱེད་ཐོག་དངུལ་སྲང་བརྒྱ་དང་མཆོད་རྫས་དུ་མ་སྦྱོར་འཇགས་མཛད། སྐབས་དེར་རྩོད་གླེང་འགའ་ཞིག་གི་རྐྱེན་གྱིས་འགོ་ལོག་གིས་རྔ་པའི་མི་ཞིག་བསད་པར། ཕན་ཚུན་ཚིག་སྦྱངས་བཤད་བྱེད་དུ་བཅུག་སྟེ། འགོ་ལོག་ལ་སྟོང་འཇལ་དགོས་ཀྱི་བཀའ་ཕེབས་པར། སྔར་དེ་འདྲའི་དཔེ་མི་སྲིད་ཀྱང་ད་ལན་སྐུ་ཞབས་རིན་པོ་ཆེའི་བཀའ་གྱེན་ཟློག་མི་ནུས་ཞེས་གསུང་དང་དུ་བླངས། དེ་ནས་ཨ་ཁེབ་བླ་མ་དང་འདི་ཀའི་གྲྭ་རྒན་གདོང་ཁུ་ཐབས་མཁས། སྔོ་ཤུལ་ཚང༌། མགོ་རབ་འབྱམས་པ། དམེ་དཔོན་པོ། རྡོར་ཞར་དཔོན་པོ། ཨ་འཁྱམ་དཔོན་པོ་སོགས་དེ་ཕྱོགས་ཀྱི་སྡེ་དགོན་མཐའ་དག་ནས་སྤྱན་དྲངས་པར་རང་རང་གི་འདོད་པ་བཞིན་གྱི་ཆོས་ཆར་ཕབ། ཇོ་ནང་བའི་ལུགས་སྲོལ་འཛིན་པ་འབྲོག་དགེ་བླ་མས་གདན་དྲངས་ཏེ་ཐུགས་རྗེ་ཆེན་པོའི་དབང་སོགས་ཆོས་བཀའ་འགའ་ཞིག་ཞུས་ནས་ཞབས་བརྟན་གྱི་བཤད་པ་ཚིག་དོན་ཕུན་སུམ་ཚོགས་པ་དང་བཅས་དངོས་འབུལ་གཟེངས་མཐོ་བ་བསྟར། འགོ་ལོག་ནས་དམག་


GTD004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་མགོན་པོ་ངོ་གཡོག་སུམ་བརྒྱ་ཙམ་འོངས་ཏེ་ཐུགས་རྗེ་ཆེན་པོའི་དབང་ཆེན་ཞུས་ཤིང་གཞན་ཡང་འགོ་ལོག་གི་དཔོན་ཁག་དུ་མ་མཇལ་བར་འོང༌། ཕྱིར་ཕེབས་ལམ་ནས་སོག་ཚང་སྐུ་སྐྱེ་སོགས་འཚམས་རིང་སྐ་བར་མ་དང༌། གླིང་པའི་དཔོན་པོ་ཕྱག་རྡོར་སྐྱབས་སོགས་ཀྱིས་བསྙེན་བཀུར་ཞུས་པར་སོ་སོའི་འདོད་པ་བསྐངས་ཏེ། བཅུ་གཅིག་པའི་ཚེས་ལ་གདན་སར་བབས། གྲྭ་པ་རེ་རེར་ཟམ་བུབ་རེའི་རྩིས་ཀྱི་འགྱེད་དང༌། སྤྱི་འཇོག་སྲང་ལྔ་བཅུ། རྒྱུད་དུས་འཁོར་གཉིས་ལ་ཉི་ཤུ་རེ། སྐད་གྲྭ་པ་དགུ་བཅུ་སྐོར་ལ་ལོ་སྦྲེལ་གྱི་བར་དུ་འདོན་རྟ་དབྱངས་ཞིབ་ཐིག་སློབ་ཏུ་བཅུག་པར་ཟམ་ཆ་རེའི་བདག་རྐྱེན་གནང༌། ཨ་མཆོག་དགོན་པར་ཟམ་ཡ་རེའི་འགྱེད་དང༌། མཆོད་རྟེན་ཤར་དུ་འཇོག་པ་སྲང་ལྔ་བཅུ་སོགས། དགོན་ལག་དུ་མ་ལ་ཡང་བབས་འོས་ཀྱི་གནང་ཆ་སྩལ། དུར་བེད་སྐལ་བཟང་ཚུལ་ཁྲིམས་ཀྱིས་ཚོགས་དབུས་སུ་གདན་དྲངས་ཏེ་དངུལ་སྲང་བཞི་བརྒྱ་སོགས་དངོས་འབུལ་རྒྱ་ཆེ་བ་དང་བཅས་བརྟན་བཞུགས་ཕུལ། དེས་ཞུས་ངོར་དཔའ་གཅིག་གི་དབང༌། འཇིགས་བྱེད་སྔགས་བཏུའི་རྗེས་གནང༌། མགོན་ཆོས་ལྷ་མོ་རྣམ་སྲས་མགོན་དཀར་རྣམས་ཀྱི་རྗེས་གནང་སྩལ། དགུན་སྨད་ཀྱི་རིང་ཐར་པ་རྩེར་བཅད་རྒྱ་གནང་སྟེ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་བར་མཛད། དགུང་ལོ་ཞེ་དགུ་པ་མེ་ཕོ་སྤྲེའུའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་སྨོན་ལམ་གསུང་ཆོས་སོགས་སྔར་རྒྱུན་བཞིན་གནང༌། རབ་བྱུང་བསྙེན་རྫོགས་དུ་མ་དང་ཕྱོགས་འདུས་ཀྱི་མཇལ་བ་ཆེས་མང་བར་ཕྱག་དབང་སྩལ་ཅིང་དེ་དག་ལ་རྗེས་སུ་བརྩེ་བས་དགོངས་ཏེ། ཁྱེད་འདིར་འཚོགས་ཀྱི་དད་ལྡན་ཕོ་མོ་ཀུན། །གསུང་ཡི་གེ་དྲུག་མའི་བྱིན་རླབས་ཀྱིས། །ཞིང་ཁྱད་འཕགས་པོ་ཏ་


GTD004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ལར་སྐྱེས་ནས། །ལྷ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཤོག །ཅེས་པའི་སྨོན་ཚིག་ལྗགས་རྩོམ་གནང་སྟེ་ལོ་ལྟར་མ་ཎི་པས་ཁྲོམ་དཀྱིལ་དུ་དགེ་བསྐུལ་གྱི་མགུར་དབྱངས་འཐེན་པའི་སྲོལ་བཙུགས། ཚོགས་ཆེན་ཁྲི་ཐོག་པ་བསོད་ནམས་དབང་རྒྱལ་གྱིས་ཞུས་ངོར་ཁོང་དང༌། རབ་འབྱམས་པ་བློ་བཟང་འཇིགས་མེད། མཛོ་དགེ་བློ་བཟང་དཀོན་མཆོག་སོགས་ལ་འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཁྲུལ་འཁོར་གྱི་ཁྲིད། ས་འཁོར་གནམ་འཁོར་གྱི་བྲི་ལྟེབ། ལིངྒ་སྔགས་ཅན་སྔགས་མེད་ཀྱི་ཁྱད་པར་སོགས་མན་ངག་ཞིབ་རྒྱས་དང༌། ཡིག་ཆུང་ཡང་ཆུང་སོགས་ཀྱི་ལྗགས་ལུང་སྩལ། དོན་གཉེར་ཅན་འགའ་ཞིག་གིས་ཞུས་ངོར་བླ་བྲང་ཐུབ་བསྟན་ཕོ་བྲང་གི་ཚོམས་ཆེན་དུ་གྲྭ་པ་སུམ་བརྒྱ་ཙམ་ལ་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཤིན་ཏུ་རྒྱས་པ་བསྟན་པ་ཡོངས་རྫོགས་ཀྱི་གནད་ལ་གོ་བ་བསྐྱེད་པ་དང༌། རྗེ་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་འབྱུང་གནས་ཀྱི་ཁྲིད་མདོར་བསྡུས་སོགས་ཆོས་བཀའ་འགའ་ཞིག་གནང༌། གསུམ་པའི་ཚེས་ལ་རྒྱུད་པ་ཁྲི་ཟུར་དཔའ་རི་བ་སོགས་བརྒྱ་སྐོར་ལ་ཉིན་བདུན་གྱི་རིང་བྱང་ཆུབ་བདེ་ལམ་གྱི་ཁྲིད་མྱོང་སྟེང་དུ་བསྐོར་བས་རྒྱུད་འཁུལ་ངེས་པ་སྨིན་རྒྱས་སུ་སྩལ། གསོལ་དཔོན་གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས་ཐོར་ནད་ཤིན་ཏུ་ལྕི་བ་ཞིག་གིས་མ་བདེ་བའི་དོན་དུ་སྐྱབས་འཇུག་ཞུས་པར་བཀའ་ལས། མིའི་འཆི་བ་འགོག་ཐུབ་པ་དཀའ་མོད་ཀྱང༌། འདི་ས་ཐག་རིང་ནས་ཁྲིད་འོང་བས་ལྷ་ཐོར་གྱིས་ཤི་ན་མ་བཟང་ཞེས་དོན་གྱིས་སྲོག་སྐྱོབ་པར་ཞལ་བཞེས་མཛད། སྤྱན་དམིགས་དང་བཅས་བསྲུང་མདུད་བུམ་ཆུ་གནང་བས། བསྲུང་མདུད་མགྲིན་པར་བཞག་ཚེ་རྒྱ་གྲི་ཞིག་བཞག་པའི་ཉམས་སྣང་དང༌། བུམ་ཆུ་བཏུང་འཕྲལ་ནད་ཟུག་ཐུ་མོར་ཡོད་པ་དེ་བདེ་ཆམ་གྱིས་སོང་བའི་ཉམས་བྱུང་སྟེ་མ་འགྱངས་པར་ནད་


GTD004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲོལ་ནས་དད་གུས་ཚད་མེད་པ་རྙེད། བྱམས་པའི་བསྟོད་པ་ཚངས་པའི་ཅོད་པན་མའི་འགྲེལ་པ་ཞིག་གཟིགས་ནས་བསྟོད་པ་འདིའི་འོང་ལུགས་མདོ་སྡེ་རྒྱན་སྤྱི་ཁོག་དང་བསྟུན་དགོས་པ་མ་ཤེས་པར་འདུག་གསུངས་དེ་མ་ཐག་ས་བཅད་ཅིག་གསར་རྩོམ་མཛད། རྗེ་འདིས་གཞུང་གང་དང་གང་ལ་གཟིགས་ཙམ་ནས་ས་བཅད་ལེན་པ་ལ་ཐོགས་པ་མི་མངའ་བ་ནི་གསུང་རབ་མཐའ་དག་ལ་ནང་བྱན་ཆུད་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ། གཞུང་གི་ཚིག་རེ་གཉིས་ལ་སྐབས་ཐོབ་ཀྱི་འགྲེལ་རྒྱག་པ་ལས་སླ་ཡང༌། ས་བཅད་ལེན་པ་ལ་གཞུང་གོང་འོག་ཆ་ཚང་བ་བློ་ངོར་ཧྲུག་གིས་ཤར་བ་ཞིག་དགོས་སོ། །ཁོ་བོ་ཅག་ནས་གསོལ་བ་བཏབ་པ་བཞིན་མགོན་པོ་བར་ཆད་ཀུན་སེལ། མགོན་དཀར་ཡིད་བཞིན་ནོར་བུ། ལྷ་མོ་ཀུ་རུ་ཀུལླེ་སོགས་ཀྱི་རྗེས་གནང་སྩལ། བཞི་པའི་ཚེས་ལ་ཀབ་རོན་ཆུ་ཚན་དུ་ཕེབས་པའི་ལམ་ནས། རྐང་ཚ། མགོན་ཤུལ། སྨན་ཤུལ། བན་ཤུལ་སོགས་ཀྱིས་བསྙེན་བཀུར་ཞིང༌། དེར་ཞག་བདུན་དུ་སྐུའི་འཕྲོད་བསྟེན་མཛད། བན་ཤུལ་དགེ་སློང་བསྟན་འཛིན་གྲགས་པས་ཞུས་ངོར་བྲག་དཀར་གྱི་བསང་མཆོད་ཅིག་ཀྱང་ལྗགས་རྩོམ་གནང༌། ལོ་སྔ་མར་དཔོན་ཚང་ནས་རྡོ་རྗེ་ཕྲེང་བའི་དབང་གི་སྙན་གསན་ཕུལ་ཡོད་པ་བཞིན། ལྔ་པའི་ཚེས་ལ་གདན་འདྲེན་པ་ཁལ་རྟ་དང་བཅས་འབྱོར་པས་བཅུ་བདུན་ལ་དེར་ཆིབས་བསྐྱོད། ཝང་འཁོར་བཅས་ཀྱིས་བསུ་བ་ཨུརྒེ་གྲྭ་ཚང་གིས་སེར་སྦྲེང་སྟོན་མོ་རྒྱས་པ་སོགས་གཞིས་ལེན་གང་གཟབ་ཞུས། དེ་ནས་དཔོན་མོ་སེའི་དོད་བཅས་དང༌། ཨུརྒེ་ཁྲི་པ་བསོད་ནམས་གྲགས་པ། བླ་མ་དབུ་མཛད་བློ་བཟང་མཆོག་གྲུབ་རྣམས་ཀྱིས་གཙོས་གྲྭ་ཚང་ཡོངས་རྫོགས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུལ་དུ་ཕྱིན་པ་གཙང་


GTD004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བའི་སྐུ་བསྟན་པ་རྒྱ་མཚོ་སོགས་ཕྱོགས་ཀྱི་བླ་གྲྭ་དུ་མ། མགོ་རྟ་སྤྲུལ་སྐུ་སོགས་གདན་སའི་གྲྭ་པ་འགའ་ཞིག་དང༌། གཞན་ཡང་དད་འདུས་ཀྱི་སེར་སྐྱ་སྟོང་ཕྲག་བརྒལ་བར་ཉེར་གཉིས་ནས་བཟུང་ཉིན་བཅོ་བརྒྱད་ཀྱི་རིང་ལ་རྡོ་རྗེ་འཕྲེང་བ་དང་ཀྲྀ་ཡ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་སུ་རྫོགས་པར་གནང༌། འདི་ལོ་ཐན་པ་ཆེ་བས་རྩེ་ཆུ་ཆད་ཅིང༌། ཆུ་མིག་ཕལ་ཆེར་སྐམ་ཡོད་པ་སྟ་གོན་གྱི་ནུབ་མོ་ནས་བཟུང་ཆར་གྱི་རྒྱུན་བཟང་པོ་བབས་ཏེ་སོར་ཆུད་པས་ཞལ་ནས། རྟེན་འབྲེལ་ཤིན་ཏུ་ལེགས། ཆོས་གེགས་མེད་དུ་མཐར་ཕྱིན་པར་འདུག་གསུངས། དེ་སྐབས་གོས་སྡེ་བན་སྔགས་ཟེར་བ་ཡང་དབང་གྲལ་དུ་བསྡད་ནས་གུས་འདུད་ལྷུར་བླངས་ཤིང༌། ཁྱེད་ཀྱིས་གྲུབ་མཐའ་རིས་མེད་ཐམས་ཅད་མཁས་པོ་འདི་འདྲ་མཁྱེན་ཀྱང༌། དགེ་ལུགས་པ་ཤ་སྟག་གནང་བ་འདི་ངེས་པར་བླང་དོར་གཟུ་བོར་གནང་བ་རེད་སྙམ་དུ་དད་པ་ཆེ། ཞྭ་སེར་གྱི་གྲུབ་མཐའ་ལ་ཞྭ་མིན་པ་འཇོག་མི་ཤེས་མཁན་ཚོ་བླ་ཆེན་ཡིན་ཀྱང་རྨོངས་ཡུས་བཙོང་བར་སྣང་བས་ང་མི་དད་ཅེས་ཞུས་སྐད། དཔོན་ཚང་ནས་ཀྱང་མི་ཁྱིམ་ཁ་ཤས་སོགས་ཡོན་འབུལ་གཟེངས་བསྟོད། ཨུརྒེ་གྲྭ་ཚང་ནས་གསོལ་བ་བཏབ་པར་འཇིགས་བྱེད་བཅུ་གསུམ་མ་དང༌། ཀུན་རིག་གི་དབང་ཆེན་སྩལ། བསྒྲུབ་བྱ་ཉེར་བདུན་ཙམ་ཞིག་བསྙེན་རྫོགས་མཛད། སླར་བྱོན་ནས་ཐར་བ་རྩེར་གསུང་རྩོམ་འགའ་ཞིག་དད་དོན་གཉེར་ཅན་ཁ་ཤས་ལ་ཉིད་ཀྱི་གསུང་འབུམ་ཁྲོད་ནས་ལུང་ཁ་ཡར་སྩལ། བྲག་ཡབ་ཆུང་ཚང་སྤྲུལ་སྐུ་གཤེགས་པའི་བསྔོ་རྟེན་གསེར་སྲང་བཅུ་སོགས་ཕུལ་བ་བླ་བྲང་རྒྱལ་མཚན་མཐོན་པོ་བརྒྱུད་ནས་འབྱོར་བར། དགོངས་པ་རྫོགས་པའི་སྤྱན་དམིགས་དང་སྤྲུལ་སྐུ་མྱུར་འབྱོན་ཞིག་ལྗགས་རྩོམ་གནང༌། ཁྲི་ཟུར་བློ་བཟང་སྙན་གྲགས། ཁྲི་ཟུར་ངག་དབང་འཕྲིན་ལས།


GTD004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ཐོག་པ་བསོད་ནམས་དབང་རྒྱལ་སོགས་ནས་སྐྱབས་མགོན་ཉིད་ཀྱི་རྣམ་ཐར་ལྗགས་རྩོམ་ཞུས་པར་ཞལ་བཞེས་མཛད་ཅིང་བཀའ་མཆིད་ལས་འཕྲོས་ཏེ་སྐུ་ན་ཕྲ་མོའི་ཚེ་བསྲུང་བ་བྱེད་མཁན་གྱི་གྲུབ་ཐོབ་ཉོབ་ཀྱི་སྐུ་སྐྱེ་ཟེར་བ་དེ་སྒོ་མང་གྲུབ་ཐོབ་དངོས་ཡིན་ཚུལ་གསུངས་པ་ལ་དཔག་ན་སྔ་ཕྱིའི་འབྲེལ་ངོ་མཚར་བ་ཞིག་བསྒྲིགས་རྒྱུ་ཡོད་པར་སྣང༌། རྗེས་སོར་ཁྲི་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རིགས་པའི་སེང་གེ་དང༌། སྣང་རའི་ཏོག་སྐུ་སྐྱེ་སོགས་ཀྱིས་ཀྱང་རྣམ་ཐར་བཀའ་རྩོམ་གྱི་བསྐུལ་མ་ཞུས་པའི་ལན་དུ་རྟེན་འབྲེལ་ལ་དགོངས་ནས་ཞལ་བཞེས་རེ་ཙམ་མཛད། ཡང་ལན་གཅིག་ཨ་ཁྱུང་སྐུ་སྐྱེས་ཀྱིས་ནན་ཏན་དུ་ཞུས་པར། ཆོས་བརྒྱད་ཆུ་གཏེར་ནང་བྱིང་བའི། །སྙོམ་ལས་བདག་ལ་དམ་པ་རྣམས། །མགུ་བའི་རྣམ་ཐར་ནམ་མཁའ་ཡི། །ཆུ་སྐྱེས་བཞིན་དུ་ཡོད་རེ་སྐན། །འོན་ཀྱང་མི་བཟད་དུས་ངན་འདིར། །རྙེད་དང་བཀུར་སྟིའི་འདུ་འགོད་ལ། །གཅམ་བུའི་ཚིག་གིས་སྒྲོ་བཏགས་ཏེ། །རྒྱ་ཆེན་གླེགས་བམ་སྤེལ་བའང་མཐོང༌། །དེ་ལྟ་ན་ནི་བདག་ལ་ཡང༌། །རྒྱལ་ཁམས་ཆུ་བཞིན་ཉུལ་བ་དང༌། །འཁོར་སློབ་སྤྲིན་ལྟར་འདུས་པ་ཡི། །རྣམ་ཐར་དེ་ཙམ་འོང་བར་སྣང༌། །ཞེས་གསུངས་ཏེ། འདི་ཡང་བླང་དོར་འབྱེད་པའི་བློ་གྲོས་པདྨའི་འདབ་མ་ལྟར་ཡངས་པ་ཞིག་གིས་ལེགས་པར་བརྟགས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དུ་མ་གོ་ནུས་ཤིང༌། ཞར་ལ་ལེགས་ཉེས་ཀྱི་བླང་དོར་མི་འཆུག་པའི་མན་ངག་ཟབ་མོ་སྙིང་གི་དཀྱིལ་དུ་འཆང་དགོས་པ་དུ་མ་ཞིག་ཀྱང་འདོམས་པར་སྣང་


GTD004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །ལོ་འདིར་ལ་མོ་ཞབས་དྲུང་རིན་པོ་ཆེ་ཡུལ་དབུས་སུ་ཕེབས་རྒྱུར་རྒྱལ་བ་ཡབ་སྲས་ལ་འབུལ་རྒྱུའི་འཚམས་ཞུས་དང་ཁོང་ལ་ཡང་རྫོངས་ཆ་གྱ་ནོམ་པ་བཅས་ཨེལ་ཆི་ཆེད་མངགས་མཛད། བསྡུས་གྲྭ་པ་རྣམས་ལ་རྟགས་གསལ་འཕེན་ལུགས་ཐལ་མོ་རྡེབ་ཚུལ་ཚུན་ཆད་ལེགས་པར་བསླབ་སྟེ་ཉིན་མང་པོར་གཟིགས་རྟོག་མཛད་ནས་ཟམ་ཡ་རེ་བདག་རྐྱེན་གནང༌། དྲུག་པའི་ཉི་ཤུ་བདུན་བརྒྱད་གཉིས་ཀར་བླ་མ་གླིང་བསྲེའི་དབུར་བྱོན་ནས་ཉིན་དང་པོར་ཚོགས་ཆེན་ཁྲི་པ་བསོད་ནམས་དབང་རྒྱལ་ལ་བཞེངས་ཏེ་བསྟན་པ་སྤྱིའི་ཁོག་ལས་བརྩམས་པའི་བགྲོ་གླེང་དོན་ཟབ་ཅིང་རིགས་པ་རྣོ་བ་དང༌། ཉིན་གཉིས་པར་རྒྱུད་པ་དཔོན་སློབ་བློ་བཟང་སྦྱིན་པར་བཞེངས་ནས་ཁོང་གིས་རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་ངོ་བོར་ལྷའི་སྐུ་འཆར་ཞེས་ཁས་བླངས་པ་ལ་དགག་བཞག་མཐའ་ཆོད་པ་ཕྱག་ཐལ་མོ་རྡེབ་ལུགས་ཚུན་ཆད་རྩོད་བཞིན་པ་ཞིག་གི་ཉམས་ལས་གཤོགས་ཆེ་བར་མཛད་དེ། མཚམས་ཤིག་ཏུ། ད་འཁོར་གསུམ་ཞིག་བསྐོར་དགོས་པར་འདུག །གསར་བུ་ཚོའི་སེམས་ལ་བླ་རྒན་འདི་དང་པོ་ནས་པམ་པོ་བྱས་བསྡད་པ་ཡིན་སྙམ་པ་ཡོད་ཤས་ཆེ་གསུངས་པ་གནས་སྐབས་བཞད་གད་ཀྱི་རྣམ་པ་ལྟ་བུ་ལ། དོན་སྤྲུལ་སྐུ་ཆེ་ཁག་ཏུ་མིང་བཏགས་པ་རྣམས་དང་པོ་རང་ནས་མཐོང་བ་དོན་ལྡན་གྱི་མིང་ཙམ་ལ་སྐྱབས་སུ་མ་མཆི་བར་མཁས་པའི་ཁྲོད་དུ་སློབ་གཉེར་ལ་བརྩོན་དགོས་པའི་བརྡར་མངོན། དུར་བེད་ཤོག་ནས་ལྷ་རམས་པ་རབ་རྒྱས་དང༌། གཞན་སྦྱིན་བདག་ཁ་ཤས་ཀྱིས་འདུ་ཁང་ཆེན་མོའི་ཀ་བ་བརྒྱ་དང་བཞི་བཅུར་ཧ་སག་གི་ཐུམ་གྲངས་མཚུངས་


GTD004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བ་སྐྱེལ་མི་བློ་བཟང་སོགས་འབྱོར་ཏེ་ཚོགས་སུ་གདན་དྲངས་ནས་ཞབས་བརྟན་ཕུལ། ལྷ་རམས་པ་རབ་རྒྱས་ནས་མདོ་སྔགས་ཀྱི་དཀའ་གནད་འགའ་ཞིག་ལ་དྲི་ཞུས་ཀྱི་ཡི་གེ་ཕུལ་བར་ལན་འཕྲལ་དུ་མཛད། བློ་བཟང་སོགས་བསྒྲུབ་བྱ་བཅོ་ལྔ་བསྙེན་པར་རྫོགས་ཤིང་ཁོང་ངོ་གཡོག་ཉུང་བསྡུས་ལ་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྩལ། མཛོ་དགེ་ཕྱོགས་ནས་གདན་འདྲེན་པ་འོངས་ཏེ་དེར་ཆིབས་ཀྱི་ཁ་ལོ་བསྒྱུར། ལམ་ཁར་རྗེས་ཚང་སྨྱུང་གནས་པ་བློ་བཟང་བཀྲ་ཤིས་ཀྱིས་གདན་དྲངས་པར་བྱོན་ཏེ། ཇོ་མོ་བློ་བཟང་ཟེར་བ་དུས་ཆོས་སུ་གྱུར་པའི་དོན་དུ་བསྔོ་སྨོན་སོགས་ཀྱི་བཀའ་དྲིན་སྩལ། རྗེས་ཚང་སྒར་པས་གདན་དྲངས་པར་ཡང་ལུགས་གཉིས་ཀྱིས་རེ་བ་བསྐང༌། དེ་ནས་རིམ་གྱིས་བྱོན་པས་རྐྱང་མཚོའི་ཁར་ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་སྐུའི་སྒར་ཐོག་ཏུ་གདན་དྲངས་ཏེ་ཤངས་ལེན་གང་གཟབ་ཞུས། སྤྲུལ་བའི་སྐུ་ནས་གཙུག་ཕུད་ཕུལ་བར་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པའི་ཆོ་ག་མཛད་དེ་མཚན་འཇིགས་མེད་ནམ་མཁའ་ཞེས་བཏགས། ཀུན་རིག་རྣམ་པར་སྣང་མཛད་དང༌། འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན། མགོན་ཆོས་གཉིས་ཀྱི་རྗེས་གནང་སོགས་འདོད་ཆོས་ཀྱང་མང་དུ་སྩལ། དེ་ནས་མཛོ་དགེ་དཔོན་པོ་ཕྱག་རྡོར་སྐྱབས་ཀྱི་སྐོར་དང༌། ལྷ་རྒོད་ཀྱི་སྐོར། ཝཱ་རུ། བུམ་སྐོར། བྱམས་མེ། རྦོ་ཚང་སོགས་ཀྱི་དད་ལྡན་སོ་སོ་ནས་བསྙེན་བཀུར་ཞུས་པ་བདག་གིར་བཞེས་ཏེ་ཐུགས་རྗེ་ཆེན་པོའི་དབང་སོགས་གང་ལ་གང་འདོད་ཀྱི་ཆོས་བཀའ་


GTD004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་སྩལ་ནས་ཐར་པའི་ས་བོན་བསྐྲུན། སླར་ཕེབས་ཏེ་གདན་སར་རྟ་ནོར་བརྒྱའི་འགྱེད་དང༌། ཨ་མཆོག་དགོན་པར་རྟ་ནོར་སུམ་ཅུའི་འགྱེད། གླ་རི་མགོའི་དགོན་པར་ཡང་དངུལ་སྲང་ལྔ་བཅུ་སོགས་ཀྱི་གནང་ཆ་མཛད། སྡེ་ཁྲི་རིན་པོ་ཆེའི་སྤྲུལ་སྐུ་འཇིགས་མེད་ལུང་རིགས་རྒྱ་མཚོ་དབུས་ནས་ཕེབས་པ་ལ། གྲྭ་སར་ཐུགས་གཉེར་མཐིལ་ཕྱིན་མཛད་པར་དགྱེས་གཟིགས་ཀྱི་བཀའ་ཁྱབ་སྩལ་ཅིང༌། ཁོང་གིས་ཀྱང་ཕྲུག་ཐེར་སོགས་ཀྱི་འབུལ་སྐྱེས་ངོས་གཙང་བ་ཕུལ། རྒྱུད་པ་དཔོན་སློབ་བློ་བཟང་སྦྱིན་པ་མཛོ་དགེའི་བླ་མར་མངགས་ཏེ་མཆོད་ཡོན་བཀའ་བགྲོས་ནས་ཨུརྒེ་བླ་མ་དབུ་མཛད་བློ་བཟང་མཆོག་གྲུབ་རྒྱུད་པའི་ཁྲིར་བསྐོ་བཞག་མཛད། བཅུ་པའི་ཚེས་ལ་གདན་ས་ཆེན་པོ་སྐུ་འབུམ་དུ་ཕེབས་ཏེ། ཆོས་བཀའ་ཅི་རིགས་གནང་ཞིང༌། དགེ་ཚུལ་སློང་བསྡོམས་པ་བརྒྱ་དང་སུམ་ཅུ་སྐོར་ཞིག་གསར་དུ་བསྒྲུབས། དེར་འཆི་མེད་བདག་པོའི་ཁང་བཟང་ལ་ཅོ་འདྲི་བའི་གཟིམས་ཁང་གསར་བ་ཞིག་དབྱར་ཐོག་དེར་གྲུབ་པའི་ཞལ་བསྲོ་ལ་སྐུ་འབུམ་གྱི་བླ་མ་ལས་སྣེ་ཆེ་བགྲེས་ལ་སྟོན་མོ་དང༌། ཚོགས་པར་ཇ་ཐུག་བཞིའི་སྟེང་དོང་ཚེ་བརྒྱ་རེ་དང་ཁ་བཏགས་རེའི་འགྱེད་ཕུལ། དུར་བད་ནས་ཀཽ་ཤྲཱི་དགེ་སློང་བསྟན་འཛིན་སོགས་འབྱོར་ཏེ་གསོལ་བ་བཏབ་པས་མཁའ་སྤྱོད་མའི་རྗེས་གནང་སྩལ། སྐུ་འབུམ་ཚོགས་ཆེན་དགེ་བསྐོས་བྲག་ཐ་དཀའ་བཅུས་ཞུས་ངོར་དམིགས་བརྩེ་མའི་རིལ་སྒྲུབ་ཀྱི་ཆོ་ག་བཀའ་རྩོམ་གནང༌། བར་སྐབས་ནས་དགོན་ལུང་དུ་བྱོན་ཏེ་ཐུའུ་བཀྭན་རིན་པོ་ཆེ་དང༌། སུམ་པ་མཁན་པོ་ཡེ་ཤེས་དཔལ་བ་རྣམ་གཉིས་ཀྱི་བར་དུ་ཕྲ་མ་མཁན་འགའ་ཞིག་


GTD004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སེལ་འཇུག་བྱས་པ་ཞིབ་བཀྲོལ་ངོས་ཕན་ཚུན་ཐུགས་ནང་གཙང་བ་མཛད། ཐུའུ་བཀྭན་རིན་པོ་ཆེར་ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང་འཆི་བླུ་དང་བཅས་པ། དགོན་ལུང་ཚོགས་ཆེན་ལ་ཚེ་དཔག་མེད་ཀྱི་དབང༌། རྒྱུད་པ་གྲྭ་ཚང་ལ་བདེ་མཆོག་ལཱུ་ཨི་པའི་དབང་རྣམས་གནང༌། བསྟན་པའི་རྩ་ལག་དམ་པ་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེར་རྗེ་ཉིད་ནས་བདོག་པ་གྱ་ནོམ་པ་བསྟར་ཏེ་ཞབས་བརྟན་འབུལ་དུ་བཅུག །སླར་སྐུ་འབུམ་དུ་ཕེབས་ནས་ཉིན་ཁ་ཤས་ཀྱི་བར་ཚོགས་མང་ལ་ལྗགས་ལུང་མང་དུ་སྩལ། གདན་སར་ཆིབས་བསྐྱོད་པའི་ལམ་ཁར་སྣང་ར་ནས། གསེར་འཕྱང་ཞེས་པ་མེ་མོ་བྱའི་ལོ་གསར་གྱི་དགའ་སྟོན་གནང་སྟེ་ཚེས་བརྒྱད་ལ་གདན་སར་བབས། ཉིན་ལྷག་མ་རྣམས་ཀྱི་གསུང་ཆོས་ལ་འཆག་མེད་དུ་ཕེབས་ཏེ་ལེགས་པར་བཤད་པའི་དགའ་སྟོན་སྩལ། བསྒྲུབ་བྱ་ལྔ་བཅུ་ལྷག་ཙམ་ལ་བསྙེན་རྫོགས་མཛད་ཅིང༌། ཚེས་བཅུ་བཞིའི་ཉིན་འཆམ་ལ་གཟིགས་སྐབས་བྱ་རོག་ཞིག་གིས་ཤ་དུམ་ཅིག་ཁྱེར་འོངས་ནས་ཙ་མུཎྜིའི་ཕྱག་གི་ཐོད་པར་འཕངས་པ་ལྕགས་མཁར་གྱི་ནང་དུ་ཞོག་གསུང་སྟེ་ཆོས་སྐྱོང་གིས་འཕྲིན་ལས་དངོས་སུ་བསྒྲུབས་པའི་མཚན་མའོ། །ཞེས་དཔྱོད་ལྡན་མཐའ་དག་མགྲིན་གཅིག་ཏུ་གླེང༌། ཁྲི་རིན་པོ་ཆེ་བསོད་ནམས་དབང་རྒྱལ་ནས་དགོངས་པ་ཞུས་པས། སྡེ་ཁྲི་སྤྲུལ་བའི་སྐུ་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་མཛད། ཨ་རུ་ཧོར་ཆེན་རབ་འབྱམས་པ་ནམ་མཁའ། སུ་ཉིད་རབ་འབྱམས་པ་བློ་བཟང་གཉིས་ཀྱིས་སོ་སོ་ནས་ཚོགས་སུ་གདན་དྲངས་ཏེ་དངོས་འབུལ་རྒྱ་ཆེ་བ་ཕུལ།


GTD004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཨོང་ཉོད་པེའི་སིའི་དཔོན་མོས་དངུལ་སྲང་ཉིས་བརྒྱ་སྐོར་ལས་གྲུབ་པའི་གོས་སྐུ་བཟོ་ཤིན་ཏུ་ལེགས་པ་ཞིག་ཕུལ་བ་གཟིམས་ཁང་རྭ་བར་བཤམས་ནས་གྲྭ་མང་དང་ལྷན་དུ་ཁྲུས་གསོལ་དང༌། ཤིས་བརྗོད་མཛད་ཅིང་ཁ་བཏགས་རེའི་འགྱེད་སྩལ། ཧར་ཆེན་ཐུ་མེད་ནས་རབ་འབྱམས་པ་སྦྱིན་པ་དར་རྒྱས་ཀྱིས་དངུལ་སྲང་སྟོང་ཕྲག་གཅིག་ཇོ་རུག་ཐུ་དབོན་པོ་ལ་བསྐུར་བའི་མང་འགྱེད་ཀྱི་ཐོག་རྗེ་ཉིད་ཚོགས་དབུར་གདན་དྲངས་ཏེ་དངོས་འབུལ་བཏེག །རབ་འབྱམས་པ་ནམ་མཁས་གསོལ་བ་བཏབ་པ་བཞིན། ཁྲིད་གདན་ཟུར་སོགས་དགེ་འདུན་སྟོང་ལྷག་ལ་ཉིན་དུ་མའི་བར་རྗེ་ཉིད་ཀྱི་གསུང་འབུམ་ཕལ་ཆེ་བའི་ལྗགས་ལུང་གནང༌། དཔོན་ཚང་གོང་མས་གདན་དྲངས་པའི་ལི་ཐང་བཀའ་འགྱུར་མཚལ་པར་མ་རྒྱུན་པར་ཚོགས་སུ་བཀྲམ་རྒྱུ་དེའི་ཤོག་གུ་མང་པོ་ཆད་ཅིང་གོང་འོག་འཁྲུགས་ཚབས་ཧ་ཅང་ཆེ་བར་འཁྲུགས་པ་བསྡེབས་ཤིང་ཆད་པ་རྣམས་བྲིས་ནས་བསབ་རྒྱུའི་བཀོད་ཁྱབ་མཛད། རབ་འབྱམས་པ་ནམ་མཁས་ཞུས་ངོར་ཉུང་བསྡུས་ཤིག་ལ་མགོན་ཆོས་ལྷ་མོ་སོགས་ཀྱི་རྗེས་གནང་སྩལ། ཀུན་མཁྱེན་གོང་མའི་འཇིགས་བྱེད་ཆོས་འབྱུང་གི་ལུང་རྒྱུན་བར་སྐབས་སུ་ཉག་ཕྲ་བ། ཧོར་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་ལ་ཡོད་ཚུལ་གསན་ཏེ། རྡོ་རམས་པ་ངག་དབང་བཟོད་པ་སོགས་གྲྭ་པ་བཞི་དེར་ཆོས་ཉན་ལ་རྫོངས་སྟ་མཛད། སྔར་ཟི་ལིང་དུ་འཕྲིན་པས་རྐྱེན་བྱས་ཏེ། ལན་ཇུས་ནས་ཙོང་འདུའི་སྐུ་ཚབ། ཏཱ་ཞིན་ཆེ་བ་གཅིག་འོང་བར་ངོས་འཕྲད་མཛད། ཁོས་བསྙེན་བཀུར་ཕུ་དུད་བླ་ན་མེད་པ་ཞུས་ཏེ། ཁྱེད་རེ་ཞིག་བདེ་བར་བཞུགས་ན་ངས་ཀ་ཇུའི་ཐེན་ཡེ་


GTD004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཁྲིད་དེ་རྒྱ་མཁར་དགོན་དུ་སོང་ནས་སྐུ་དོན་ཐག་བཅད་དེ་ཕྱིར་ལམ་མཇལ་ཆོག་ཅེས་ཏཱ་ཞིན་ངོ་གཡོག་དེ་ཕྱོགས་སུ་ཐེགས། ཁོང་ཚོས་ཁྲིམས་མེད་ཀྱི་ས་ཆའི་སྤྱོད་ཚུལ་སྣ་ཚོགས་བསྟན་པས། ཏཱ་ཞིན་ལྷག་པར་ཁྲོས་ཏེ། རྗེ་ཉིད་ལ་ཁྱེད་ཀྱི་ཕྱོགས་ན་ལན་པ་ཅུང་ཟད་ཀྱང་མི་འདུག །ང་མགྱོགས་པར་སོང་སྟེ། ཙོང་འདུ་ལ་རྒྱུ་མཚན་ཞུས་ནས་མྱུར་བར་ཐག་ཆོད་པ་ཞིག་བྱེད་ཅེས་ཞུས། དོན་གཉེར་ཅན་འགའ་ཞིག་གིས་ཞུས་ངོར་ཚོམ་ཆེན་ནས་ཁོ་བོ་ཅག་དང་ཁྲི་གདན་ཟུར་སོགས་སུམ་བརྒྱ་སྐོར་ལ་ཉིན་ལྔའི་བར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྨིན་བྱེད་བསྐྱེད་རིམ་གྱི་གཟབ་ཁྲིད་སྨིན་རྒྱས་སུ་སྩལ། གཞན་འགའ་ཞིག་ལ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་རྒྱས་པ་ཞིག་ཀྱང་གནང་སྟེ་ཐར་པ་རྩེར་བྱོན་ནས་བཅད་རྒྱ་མཛད། དྭགས་པོ་ཀུན་གྲོལ་ནོ་མིན་ཧན་ནས་བསོད་ནམས་རིན་ཆེན་ཟེར་བ། སྒྲ་སྙན་དངགས་སོགས་རིག་གནས་དུ་མ་སློབ་པར་སྐུ་མདུན་དུ་མངགས་པ་དེར་དབྱངས་ཅན་སྒྲ་མདོའི་རི་མོ་ཡོངས་རྫོགས་དང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྐར་རྩིས་སོགས་ཞིབ་ཁྲིད་བཀའ་དྲིན་བསྐྱངས། མཆོད་ཁང་ཆེན་མོའི་ནང་དུ་ལྷ་མོ་རིག་བྱེད་མའི་སྒོ་ནས་བུམ་གཏེར་འཇོག་རྒྱུའི་ཉེར་བསྡོགས་སུ་དཀའ་བཅུ་དོན་ཡོད་ཚུལ་ཁྲིམས། ཀ་རིང་དཀའ་བཅུའི་སྤྲུལ་སྐུ། ཁ་གྱ་དར་རྒྱས་སོགས་ལ་རིག་བྱེད་མའི་རྗེས་གནང་དང་དེའི་ཆོས་སྐོར་འགའ་ཞིག་གི་ལུང་གནང་སྟེ། གྲངས་བསྙེན་གཏོང་དུ་བཅུག །སྡེ་དགེའི་བྲིས་པ་དགེ་རྒྱས་ཀྱིས་ལོ་ཤས་ཕྱག་དཔེ་བྲིས་པར་ཡོན་དུ་


GTD004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཛོད་གཅིག །དངུལ་སྲང་བརྒྱ། རྟ་བཞི། བཟང་གོས་ཁ་ཤས། པགས་རིགས། གྱོན་པ་ཉེར་སྤྱད་སོགས་སྲང་སུམ་བརྒྱ་སྐོར་གྱི་གནང་ཆས་ཚིམས་པར་བྱས་ཏེ་རང་ཡུལ་དུ་རྫོངས་སྟ་གནང༌། དེ་མཚུངས་ལན་སྔ་ཕྱིར་ཟླ་གམ། ཆབ་མདོ། ཧོར་བྲག་མགོ་སོགས་ཐག་རིང་པོ་ནས་པར་ཡིག་དང༌། དབུ་ལྷ་འདྲི་མི་སོགས་ཆེད་གཏད་ཀྱིས་འབོད་པར་གནང་ཞིང་དེ་ཐམས་ཅད་ཡོན་གྱིས་མགུ་བར་མཛད་པ་ནི། སླ་ཆོས་སུ་མ་སོང་བར་བསྟན་པའི་དག་ཐེར་འབའ་ཞིག་ལ་དགོངས་པའི་རྣམ་ཐར་རོ། །ལྔ་པའི་ཚེས་ལ་ཤར་ཕྱོགས་གོང་མ་ཆེན་པོའི་རྒྱལ་ཁབ་ནས་ཆོས་སྡེ་འདི་ལ་གཟེངས་བསྟོད་ཀྱི་མཚན་དང་གསེར་གྱི་འཇའ་ས་བཅས་སྩལ་པ་ཟི་ལིང་དུ་བབས་ཏེ། ཨམ་བན་གྱིས་བསྐྱལ་ནས་འོང་རྒྱུའི་གཏམ་གསན་འཕྲལ་སོག་ཕྱོགས་སུ་ཆིབས་བསྐྱོད། འབལ་གཞུང་དུ་ཨམ་བན་ལ་ཐུག་པར། ཏཱ་ཞིན་ནས་བཀུར་གཟོས་ཚད་མེད་པ་ཞུས། དེ་ནས་རྗེ་ཉིད་སྔོན་ལ་ཕེབས་ཏེ་གོང་མ་ཆེན་པོའི་གསེར་གྱི་བཀའ་ལུང་ལ་བཀུར་གཟོས་ཀྱི་བསུ་བ་སེར་སྦྲེང་སོགས་རྒྱ་ཆེ་བ་བྱེད་ཚུལ་གྱི་བཀོད་ཁྱབ་ཇི་ལྟར་གནང་བ་བཞིན་གྱི་གྲ་བསྒྲིགས་ཐོག་ནས། གསེར་གྱི་འཇའ་ས་མཆོད་ཁང་ཆེན་མོའི་ནང་དུ་གདན་དྲངས་ཏེ་ཞལ་ཕྱེ་བར་དགོན་པའི་མཚན་མན་ཇུ། སོག་པོ། རྒྱ་ནག །བོད་བཞིའི་སྐད་རང་རང་གི་ཡི་གེར་བྲིས་ནས། ཚེ་རིང་གནམ་གྱི་ཤེ་མོང་གི་བཀའ་རྟགས་ཕྱག་རྒྱའི་རེ་ཁས་མཚན་པའི་སོག་སྐད་དུ། བི་ལིག་ཨེ་ནོལ་ཐུ་སུ་མི་ཞེས་པ་ཐད་བསྒྱུར་བྱས་ན་ཤེས་རབ་རྟོགས་ལྡན་གླིང་ཞེས་པར་འདུག་ཀྱང༌། བོད་ཡིག་ལ་བློ་གསལ་གླིང་ཞེས་པ་


GTD004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འགྱུར་དུ་སྣང༌། ཨམ་བན་དང་ཡིག་མཁན་གཉིས་སོགས་ལ་སྟོན་མོ་ཤིན་ཏུ་རྒྱས་པ་དང༌། དངོས་པོའི་ལེགས་སྐྱེས་གྱ་ནོམ་པ་བསྟར་ཏེ་ཨམ་བན་ཟི་ལིང་དུ་ཐེགས། ཟི་ལིང་མཁར་ནང་དུ་སྔ་དུས་བཞེངས་པའི་ཙན་དན་ལས་གྲུབ་པའི་དུས་གསུམ་སངས་རྒྱས་སོགས་རྟེན་འགངས་ཅན་མང་དུ་བཞུགས་པ་ཞིག་ཐོང་ཤི་ཆེ་བ་ལེ་ཏུ་དཱའི་ཆིང་སོགས་སྦྱིན་བདག་ཁྱིམ་ཚང་མང་པོས་ཉིད་ལ་ཕུལ་བ་ལྷ་ཁང་ཧ་ཅང་རྙིངས་ཏེ་གོག་པོར་སོང་བས་ནང་རྟེན་རྣམས་འོ་བརྒྱལ་བར་ཡོད་པ་ཐུགས་ཀྱིས་མ་བཟོད་ནས་སྔར་གྱི་གཞི་ཆེན་ཞིག་སྟོངས་པའི་ཤིང་ཆ་དངུལ་སྲང་ཉིས་བརྒྱས་ཉོས་པ་དང༌། གཞན་ཡང་ཆ་རྐྱེན་དུ་མ་གནང་སྟེ་ཞིག་གསོས་ཕུལ་དུ་ཕྱིན་པའི་གསར་བསྐྲུན་ལྟ་བུ་དང༌། དེར་ཆིབས་བསྐྱོད་སྐབས་བཞུགས་གནས་ཀྱི་ཁང་པ་དུ་མ་བསྣན་ཏེ་བཟོས། གཅུ་འཁོར་དགོན་དུ་ཡང་ཁང་ལས་ཀྱི་ཐེབས་དང་ལས་བྱེད་བཅས་མངགས་ཏེ་གཟིམས་ཆུང་གསར་རྒྱག་གནང༌། ཞབས་དྲུང་གྲགས་པ་རྒྱལ་མཚན་སྔར་གོ་སར་མ་བཏོན་པར་དམངས་ཁྲོད་དུ་ཡོད་པ་སྒོ་མང་དཔོན་སློབ་རིན་པོ་ཆེ་སངས་རྒྱས་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད་ནས། ཡབ་ཡུམ་གཉིས་ལ་རྟ་ནོར་སོགས་ཀྱི་གནང་ཆ་སྩལ་ཅིང༌། ཟླ་བ་དྲུག་པའི་ཚེས་དྲུག་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་བླ་བྲང་ཐུབ་བསྟན་ཕོ་བྲང་གི་ཚོམས་ཆེན་དུ་གདན་དྲངས་ཏེ་སྤྲུལ་སྐུའི་གོ་སར་མངའ་གསོལ་བར་ཕྱག་མཛོད་ཆེན་མོ་ནས་ཐམས་ཅད་ལ་སྟོན་མོ་གཟབ་རྒྱས་བཏང༌། ལོ་སྔ་མ་འགའ་ཞིག་ལ་འབོ་རའི་སྐུ་སྐྱེ་འདི་


GTD004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་གཉེར་སོགས་ཅི་འདྲ་འདུག་ཅེས་མི་མངོན་པའི་ཚུལ་གྱིས་མང་པོར་ཡང་ཡང་བཀའ་འདྲི་གནང༌། དེར་མ་ཟད་སྔ་སོར་འདི་བ་དགུང་ལོ་བཞི་ལྔ་ཙམ་ལོན་པའི་ཚོད་ཅིག་ལ་དཔོན་སློབ་སངས་རྒྱས་རྡོ་རྗེའི་དགེ་ཕྲུག་རབ་འབྱམས་པ་བློ་བཟང་བསྟན་འཛིན་གྱིས་སྐྱབས་མགོན་ཉིད་ལ་དཔོན་སློབ་དེ་ཉིད་དགོན་པ་འདིར་ཐུགས་ཞེན་ཤིན་ཏུ་ཆེ་བ་ཞིག་ཡོད་པས་འདིའི་ཉེ་འཁོར་ལྟ་བུ་རེར་འཁྲུངས་ཨེ་ཡོང་ཞེས་ཞུས་པར་ད་ལྟ་གུང་ཐང་ཚང་གི་སྤྲུལ་སྐུའི་དོགས་གཞི་བྱེད་ས་ལྔ་དྲུག་ཅིག་འདུག་པ་འདི་ཚོའི་ཁྲོད་ན་ཡོད་ཤས་ཆེ་གསུངས་པ་དེ་དུས་ནས་མངོན་སུམ་དུ་གཟིགས་ཡོད་པར་འདུག་ཀྱང༌། འདི་བར་དུ་གསལ་ཆ་མ་མཛད་པ་ནི། ལུང་ལས། ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །ཞེས་གསུངས་པ་ལྟར་སྐབས་སུ་བབས་མ་བབས་ཀྱི་དགག་བྱ་དང་དགོས་པ་ཁྱད་པར་ཅན་ཞིག་ཡོད་པ་གོར་མ་ཆག་གོ །དྲུག་པའི་ཉི་ཤུ་སྐོར་ལ། ཙོང་འདུའི་བཀས་གོང་མའི་མཛོད་ནས་དམག་མི་རེ་རེར་ནས་རྒྱ་བྲེ་ཆེ་བ་གཉིས་རེའི་ཕོགས་གནང་སྟེ། ཀ་ཇུ་ཐེན་ཡེས་ཀྱིས་གཙོས་ཟ་ལར་གྱི་དམག་གཏོས་ཆེ་བ་རྒྱ་མཁར་སྒར་དུ་སོང༌། དེའི་ཚེ་རྒྱུད་པ་བླ་ཟུར་ཤེས་རབ་དར་རྒྱས་དང༌། ཁ་གྱའི་ངག་དབང་འོད་ཟེར་གཉིས་མདུན་དུ་འོངས་ཏེ། ད་རེས་དམག་དཔོན་རྣམས་ཤིན་ཏུ་ཁྲོས་འདུག་པས་སྒར་དེ་མེད་པར་བྱས་ན་མི་ལེགས་འདུག་ཞུས་པར། ངེད་ཀྱི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་དུ་ཡང་ཐོག་མར་འཇིགས་འཇིགས་འདྲ་བ་མང་པོ་ཐོག་ཏུ་འོང་ཡང་མཐར་ལེགས་པ་ཁོ་ན་བྱུང་བ་ཡིན་པས་སྐྲག་མི་དགོས་གསུངས་ཏེ་དབུགས་དབྱུང་མཛད། དེར་རྒྱ་དཔོན་རྣམས་ཀྱིས་སྒྱུ་ཐབས་བྱས་ཏེ་ཁྱེད་ཚོ་


GTD004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་འཇམ་དབྱངས་ཧུ་ཐོག་ཐུ་ལ་བཤགས་པ་གྱིས་ཞེས་འདི་ཀར་མངགས་ཀྱང་ལྐོག་ཏུ་ཟ་ལར་མང་པོ་ཕྱི་བཞིན་བཏང་སྟེ་འཛིན་རྒྱུའི་ཤོམ་ར་བྱས་པ་མགྲོན་གཉེར་ལྷུན་གྲུབ་རྒྱ་མཚོས་སྙན་དུ་ཕུལ་བར་ཞལ་ནས། གྱོད་ཐག་མ་ཆོད་པ་ལས་སླ། མི་ལ་མགོ་སྐོར་བཏང་སྟེ་བསླུ་བ་ག་ནས་ཡོང༌། ཁོང་ཚོ་ལ་བྱ་ཐོང་གསུངས་པར། མགྲོན་གཉེར་ཤིན་ཏུ་སྐྲག་ནས་ཕོད་བཙོང་སྟེ། དེ་འདྲ་གསུང་ལུགས་ཡོད་དམ། མགོ་སྐོར་གོང་མ་ཚང་གིས་བཏང་བ་ལས། ང་ཚོས་ཐོང་བྱས་པ་མིན་མོད། འདི་དག་ལ་བྱ་ཤོར་ན་ངའི་སྲོག་གང་དུ་འགྲོ་ཞུས་པས། གཙང་ཁང་ཕུག་ཏུ་ཕེབས་ཤིང་རྟེན་རྣམས་ལ་སྙན་ཤལ་ཕུལ་ནས་འཕྲིན་བཅོལ་ཤུགས་དྲག་མཛད་དེ་སྐྱོན་མི་འདུག་གསུངས། རྒྱ་མཁར་སྒར་པའི་མི་རྣམས་ཀྱི་ཕྱི་བཞིན་དུ་ཟ་ལར་གྱི་དམག་འོངས་པས་ཐམས་ཅད་བཟུང་ནས་ལྕགས་ཀྱིས་བཅིངས། དེ་རྗེས་ཐེན་ཡེ་ཡང་མ་འགྱངས་པར་སླེབས་ནས་ཐམས་ཅད་ཀ་ཇུར་འཁྱེར་རྩིས་བྱས་པར། རྗེ་ཉིད་ནས་དངོས་པོ་རྒྱ་ཆེ་བའི་འཛིན་པ་དང་བཅས་དེ་རྣམས་རྒྱ་ནང་དུ་མི་འཁྱེར་བའི་ངོ་ཆེན་སྦྲན་ཀྱང་མི་བཅུ་ཙམ་མ་ཁྱེར་བའི་ཐབས་མ་བྱུང་བས། དེ་རེ་རེའི་ཆེད་དུ་དངུལ་སྲང་བཅུ་རེ་བྱ་དགར་བྱིན་ནས་སྲོག་སྐྱོན་མི་ཡོང་བ་དང༌། བཙོན་ལུགས་ངན་པ་མི་བྱེད་པའི་ངོ་ཆེན་གནང་བར་རྒྱ་དཔོན་རྣམས་ཀྱང་དད་གུས་ཤུགས་དྲག་སྐྱེས་ཏེ་ཁས་བླངས། ཚུལ་འདི་ཡང༌། དབུ་མ་བཞི་བརྒྱ་བར། ཇི་ལྟར་མ་ནི་ཁྱད་པར་དུ། །ནད་ཐེབས་བུ་ལ་གདུང་འགྱུར་བ། །དེ་བཞིན་བྱང་ཆུབ་སེམས་དཔའི་


GTD004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །ཞེས་དང༌། ཁྲོ་ཡང་འབྱུང་པོས་བཟུང་བ་ལ། །སྨན་པ་འཁྲུགས་པ་མིན་པ་ལྟར། །ཐུབ་པ་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བ་བླ་ན་མེད་པར་མངོན། རྗེས་སོར་འདི་ནས་ཁྲི་པ་བསྐོས་པ་ཁྲིར་བཀོད་ཐོག་རྒྱའི་མི་སྣ་རྣམས་ཀྱིས་ཕྱིན་ཆད་རྒྱ་མཁར་དགོན་པ་འདི་འཇམ་དབྱངས་ཧུ་ཐོག་ཐུར་སྤྲད་པ་ཡིན་ཞེས་དྲིལ་བསྒྲགས་ཤིང༌། ཆོད་ཡིག་བཞག་སྟེ་རྟིང་ཆོད་ངེས་ཀྱི་མཚམས་ནས་མི་རྣམས་ཕྱིར་སྤྲད། འདི་དག་གི་སེང་བར་དུ་འཇིགས་བྱེད་ཞེ་དགུ་མའི་སྒྲུབ་ཐབས་ལྗགས་རྩོམ་མཛད། ལོ་འདིར་ལྷ་བཟོ་མཁས་པ་བིས་ཐང་དཔལ་ལྡན་དང༌། སྣང་རའི་ལྷ་བཟོ། མ་ཁ་ལྷ་བཟོ། ཅོ་ནེ་ལྷ་བཟོ་སོགས་ཕྱོགས་དུ་མ་ནས་པིར་ཐོགས་དབང་པོ་མཁས་བསྒྲུག་བདུན་ཅུ་སྐོར་གྱིས་ལོགས་རིས་ལ་སངས་རྒྱས་སྟོང་སྐུ་སོགས་འདུ་ཁང་སྔ་མའི་སྐབས་སུ་གང་ཡོད་ཚད་ལས་མ་ཉམས་པར་བཞེངས་པའི་སྟེང་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་ཞིང་བཀོད། ཀླུ་དབང་རྒྱལ་པོ། གནས་བཅུ། རྒྱལ་བ་དང་པཎ་ཆེན་གྱི་འཁྲུངས་རབས། སྒྲོལ་མ་ཉེར་གཅིག །གདུགས་དཀར། རྟ་མགྲིན། སེང་གདོང་མ་སོགས་སངས་རྒྱས་བྱང་སེམས་དུ་མའི་སྐུ་བརྙན་དང༌། སྒོ་འཕྱོར་ལ་ཡང་ལྡེབས་རིས་སྔ་མའི་སྟེང་དུ་རྨ་ཆེན་གྱི་སྐུ་སོགས་བསྣན་ནས་བཞེངས། སྐུ་འདིའི་སྐྱ་རིས་གྲུབ་མཚམས་གློ་བུར་དུ་དྲག་ཆར་ཚན་པོ་ཆེ་ཞིག་འོང་བ་ལྷ་གཉན་ཆེན་པོ་དགྱེས་པའི་མཚན་མར་གླེང༌། ཤོད་ཀྱི་ཤིང་རྩི་ཡང་ལེགས་པར་གྲུབ་ཅིང༌། གོང་ནས་གསེར་ཡིག་


GTD004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པ་སོགས་གང་ཅིའི་ལེགས་ལམ་ཆེ་བར་བྱུང་བའི་དགའ་སྟོན་དུ་ཟླ་བ་དགུ་པའི་ཚེས་བཅོ་ལྔའི་ཉིན་བཞུགས་གྲལ་རྒྱས་པའི་ཐོག་ལས་བྱེད་སོ་སོར་ལེགས་སོའི་དཔའ་དར་དང༌། འགའ་ཞིག་ལ་ཆོ་ལོ་སོགས་ཀྱིས་གཟེངས་བསྟོད་སྩལ། ཕྱི་ཉིན་ཁྱུང་རྩེར་ཕེབས་ཏེ་དགོན་པའི་བླ་གྲྭ་ཕལ་ཆེ་བ་དང༌། ཨ་བེ་བསོད་ནམས་གཡང་འཛིན་སོགས་ཕྱོགས་ཀྱི་སྦྱིན་བདག་དུ་མ་འདུས་པར་དགའ་སྟོན་གྱི་ཐོག །བསང་དང་ཁོ་ཚེའི་ལྷ་སྡེ་རྣམས་ནས་རྟ་རྒྱུག་མདའ་རྩལ་སྟོབས་ཤེད་འགྲན་པ་སོགས་སོག་ལུགས་ཀྱི་རྩེད་སྣ་དུ་མའི་གཟིགས་མོ་བསྟར། ཁོ་བོ་ཅག་ནས་ཞུས་ངོར་འཇིགས་བྱེད་དཔའ་གཅིག་གི་དབང་སོགས་དོན་གཉེར་ཅན་སོ་སོའི་མོས་པ་བཞིན་ཆོས་བཀའ་མང་དུ་སྩལ། དགུན་གྱི་རིང་ཐུགས་དམ་བཅད་རྒྱ་གཙོར་འདོན་གྱིས་རིམ་གཉིས་ཟབ་མོའི་ཉམས་བཞེས་ལ་ཆིག་དྲིལ་དུ་གཞོལ་བར་མཛད། དགུང་ལོ་ང་གཅིག་ལ་ཕེབས་པས་ཁྱིའི་ལོ་གསར་དང་སྨོན་ལམ་གསུང་ཆོས་དཀྱུས་བཞིན་གནང༌། བསྒྲུབ་བྱ་ཆེས་མང་བ་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་འདི་ལོ་དབུས་ཕྱོགས་སུ་འབྱོན་རྒྱུའི་ཐུགས་དམ་སྐྱབས་འཇུག་ཞུ་བར་ཕེབས་པ་ལ་ལུགས་གཉིས་ཀྱི་བཀའ་མཆིད་དང་བསླབ་བྱ་ཞིབ་རྒྱས་གནང༌། གསོལ་སྟོན་རྒྱས་པའི་ཐོག་ཕེབས་རྫོངས་ལ་དངུལ་སྲང་སུམ་བརྒྱ། གོས་ཆེན་དུ་མ་སོགས་གནང་ཆ་སྦམ་མཐོ་བ་སྩལ། ཁྲི་ཐོག་པ་སྡེ་ཁྲི་སྤྲུལ་བའི་སྐུ་རིན་པོ་ཆེས་གཙོས་དགོན་པའི་བླ་གྲྭ་ཁག་དང༌། ཕྱོགས་ཕན་ཚུན་གྱི་རི་ཁྲོད་པ་


GTD004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དོན་གཉེར་ཅན་ཉིས་སྟོང་བརྒལ་བར་ཟླ་ངོ་ཙམ་གྱི་བར་དུ་ལྕང་སྐྱ་རྡོ་རྗེ་འཆང་ངག་དབང་བློ་བཟང་ཆོས་ལྡན་གྱི་ཁྲིད་ཡིག་སྟེང་ནས་འཇམ་དཔལ་ཞལ་ལུང་གི་ཁྲིད་སྨིན་རྒྱས་སེམས་བསྐྱེད་མཆོད་པ་དང་བཅས་ཕྱག་ལེན་བཞིན་གནང་སྟེ་རྣམ་གྲོལ་དོན་དུ་གཉེར་བའི་སྐལ་བཟང་གདུལ་བྱ་མཐའ་དག་གི་རེ་བའི་ཡིད་ཀྱི་ཤིང་རྟ་ལེགས་བཤད་ཀྱི་ནོར་བུས་ཡོངས་སུ་གཏམས་པར་མཛད། ད་རེས་འདུ་ཁང་གསར་བསྐྲུན་དུ་དམ་པའི་ཆོས་ཀྱི་སྒོ་ནས་ཞལ་བསྲོ་བགྱིས་པ་ཡིན་པས་ཁྱེད་རྣམས་ཀྱིས་ཀྱང་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་རྒྱུན་བསྲིངས་ཏེ་ཆོས་ཀྱི་དགའ་སྟོན་མི་ཉམས་པར་བྱེད་དགོས་ཞེས་བཀའ་ཕེབས་པས་ཚེ་དང་སྒྲུབ་པ་སྙོམས་པ་སོགས་ཀྱི་དམ་བཅའ་འབུལ་མི་མང་དུ་བྱུང༌། ཆོས་ཉན་པའི་ཁྲོད་ནས་འགའ་ཞིག་གིས་ཞུས་ངོར་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཁྲིད་ཡིག་རྒྱས་པ་ཞིག་ཀྱང་ལྗགས་རྩོམ་མཛད། ཝང་གི་དཔོན་མོ་ཨ་ཀས་ཞུས་ངོར། འཕགས་པ་ཐུགས་རྗེ་ཆེན་པོའི་དབང་སོགས་འདོད་ཆོས་ཅི་རིགས་གནང༌། གཞུང་གསར་མན་ཆད་ལ་རིགས་ལུང་གི་རྒྱུགས་བཞེས་ཏེ་ཐལ་མོ་རྡེབས་ལུགས། འཁོར་གསུམ་སྐོར་ལུགས་ཚུན་ཆད་ལ་སྐྱོན་ཕྲ་མོ་རེ་ཡོད་པ་ཡང་ངོས་བཟུང་སྟེ་ལེགས་པར་བཅོས་དགོས་པའི་བསླབ་བྱ་ནན་ཏན་དང༌། ཆོས་གྲྭ་པ་རྣམས་ལ་དགྱེས་པའི་གསུང་གིས་དབུགས་དབྱུང་མཛད། དབེན་གནས་ཐར་པ་རྩེར་བྱོན་ནས་བཅད་རྒྱ་མཛད་ཅིང༌། སྐུ་མཚམས་ཀྱི་ཁོང་ནས་བདག་གཅིག་པུར་འཇམ་དབྱངས་དམར་སེར་དང༌། དབྱངས་ཅན་མའི་རྗེས་གནང༌། དུག་སྦྱོང་གི་མན་ངག་ཆིག་བརྒྱུད་སོགས་གནང༌། ཕྲན་དབུས་ཕྱོགས་སུ་འགྲོ་


GTD004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་གནང་ཆ་དང༌། སློབ་གཉེར་བྱེད་ལུགས་སོགས་ཀྱི་བསླབ་བྱ་ཞིབ་རྒྱས་བཀའ་དྲིན་བསྐྱངས། གསོལ་དཔོན་ཀུན་དགའ་དང༌། དཀའ་བཅུ་དཀོན་མཆོག་རྒྱ་མཚོ་གཉིས་དབུས་ཕྱོགས་སུ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་གསུང་དཔེ་རྒྱུན་ཤིན་ཏུ་དཀོན་པར་ཡོད་པ་མང་པོ་རྩོལ་སྒྲུབ་ཀྱི་ཕྱིར་དུ་མངགས། རྒྱལ་བ་ཡབ་སྲས་ས་སྐྱ་གོང་འོག་བོད་ཀྱི་བླ་མ་སྤྲུལ་སྐུ་དགེ་བཤེས་དུ་མ་ལ་ཡང་ཕྱག་དཔེའི་དོན་སྐོར་སོགས་ཀྱི་ཞུ་ཤོག་ཕུལ། ཁོང་གཉིས་ནས་ཀྱང་དབུས་གཙང་གཉིས་ཀར་ལོ་ངོ་གསུམ་གྱི་བར་འབད་པ་ཆེན་པོས་བཙལ་ཀྱང་ཐོ་གནང་བའི་ཕྱག་དཔེ་ཕྱེད་ཙམ་ལས་མ་དཔེ་མ་རྙེད་ཅིང༌། འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཁེངས་པ་འཛིན་པ་མང་པོས་ཀྱང་དཔེ་འདི་དག་གི་མིང་ཙམ་ཡང་སྔར་ཐོས་མ་མྱོང་ཞེས་ཤིན་ཏུ་ཡ་མཚན་བྱེད་པར་སྣང༌། ཀློང་རྡོལ་བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང༌། འཇམ་དབྱངས་བཞད་པ་ཚང་ནས་རྒྱུན་པར་དཔེ་གཟིགས་ཁོ་ན་གནང་བ་དེ་དཔེ་སྔར་མ་ཤེས་པ་ཞིག་ལ་བློ་སྐྱེད་ལེན་བྱས་པ་མ་རེད། སངས་རྒྱས་ཀྱི་བསྟན་པའི་གནད་ཐམས་ཅད་རང་ཉིད་ཀྱི་ཐུགས་ལ་ཇི་ལྟ་བ་བཞིན་དུ་ཤར་ནས། དཀའ་བའི་གནད་སོ་སོ་ལ་མཁས་པ་འདི་དང་འདིས་ཇི་ལྟར་བཤད་ཡོད་སྙམ་དུ་ལྟད་མོ་ལྟ་བ་ཡིན་པར་འདུག་གསུངས། ཟླ་བ་དྲུག་པའི་ཚེས་ལ་དམུ་དགེ་ནས་སྤྱན་དྲངས་ཏེ་དེར་ཆིབས་བསྐྱོད་པའི་ལམ་ཁར་སོག་པོ་དང་མཛོ་དགེ་སོགས་ཀྱི་སྦྱིན་བདག་སོ་སོས་བསྙེན་བཀུར་ཞུས། ཐང་ལ་སྐུ་སྐྱེ་སོགས་ཁ་ཤས་ལ་ཀུན་རིག་གི་དབང་ཆེན་སྩལ་ཅིང༌། གཞན་ཡང་སོ་སོའི་མོས་པ་བཞིན་ཆོས་


GTD004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་མང་དུ་གནང༌། སྡེ་འཁྲུགས་ལ་བརྟེན་པའི་སྡུག་བསྔལ་གྱིས་མནར་བ་མང་པོ་གསུང་གིས་ཞི་བར་མཛད་དེ་ཕན་པའི་ལམ་ལ་བཀོད། སྔར་བླ་ཆེན་མང་པོར་གནོད་འཚེ་བྱེད་མཁན་གྱི་གཞི་བདག་མི་བསྲུན་པ་འགའ་ཞིག་གིས་མཐོ་བརྩམས་པ་སྤྱན་དམིགས་ཙམ་གྱི་སྒོ་ནས་མངོན་སུམ་དུ་ཕྱིར་བཟློག་པས་ཕྱོགས་དེའི་སེར་སྐྱ་ཐམས་ཅད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་སྐྱེས། ཁ་ནག་དབལ་ཤུལ་གྱི་སེར་མང་ནས་གསོལ་བ་བཏབ་པ་བཞིན་འཇིགས་བྱེད་བཅུ་གསུམ་མའི་དབང་དང་འཇིགས་བྱེད་སྔགས་བཏུའི་རྗེས་གནང་སོགས་ཆོས་བཀའ་དུ་མ་གནང་ཞིང་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབས། ཚ་ཁོ་ཅོག་ཙེ་རྒྱལ་པོའི་མི་སྣ་དང༌། ད་ཚང་གི་ལས་སྣེ་འགའ་ཞིག་བཅས་དེར་འབྱོར་ཏེ་མཁན་ཆེན་ངག་དབང་གྲགས་པའི་གདན་ས་ད་ཚང་ལྷུན་གྲུབ་གླིང་དུ་གདན་འདྲེན་གྱི་ཞུ་བ་ནན་ཏན་ཕུལ་བས་དེར་ཆིབས་ཀྱི་ཁ་ལོ་བསྒྱུར། ལམ་ནས་ཟངས་དཀར་གྱི་སྡེ་པས་མཆོད་བཀུར་ཕུལ་དུ་ཕྱིན་པ་ཞུས་ཤིང༌། དེ་ཀའི་དགོན་པ་ཁང་དམར་ལ་སྤྱི་འཇོག་སོགས་གྱ་ནོམ་པ་སྩལ། དེ་ནས་ཅོག་ཙེ་རྒྱལ་པོ་ངོ་གཡོག་དང༌། ད་ཚང་དགོན་པའི་བླ་མ་ལས་སྣེ་སོགས་ཀྱིས་རྟ་བསུ། མང་མས་སེར་སྦྲེང་དང་བཅས་ཏེ་ཕྱག་ཕེབས། ཚོགས་མང་ལ་ཀུན་རིག་གི་དབང་ཆེན་དང་ལྗགས་ལུང་ཁ་ཤས། ཅོག་ཙེ་རྒྱལ་པོར་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སོགས་སོ་སོའི་མོས་པ་བཞིན་དུ་ཚིམ་པར་བྱས། དོན་གཉེར་ཅན་ལ་ལས་ཞུས་ངོར་ལྗགས་རྩོམ་འགའ་ཞིག་ཀྱང་མཛད། དེར་རྫིང་འགག་རྒྱལ་པོ་མཇལ་བར་འོང་བ་ལ་སྒྲོལ་དཀར་གྱི་རྗེས་གནང་སོགས་ཆོས་


GTD004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཅི་རིགས་གནང་སྟེ་ཡིད་ཀྱི་རེ་བ་བསྐང༌། དགོན་པར་དགེ་འདུན་རྣམས་ལ་སྐུ་འགྱེད་དང་སྤྱི་འཇོག་དངུལ་སྲང་བརྒྱ་དང་ལྔ་བཅུ། རྟ་ནོར་ལྔ་བཅུ་གནང་སྟེ་འཆད་ཉན་དང་སྒྲིགས་ལམ་གོང་འཕེལ་དགོས་ཚུལ་གྱི་བཀོད་ཁྱབ་མཛད། ཅོག་ཙེ་རྒྱལ་པོ་ལ་ཡང་དགོན་པའི་མཆོད་བཀུར་སོགས་གང་ལེགས་བྱེད་དགོས་ཀྱི་བཀའ་ལུང་ཕེབས། དེ་ནས་ཕྱིར་བྱོན་པའི་ལམ་ཁར་རོང་རུ་དང་སྐྱ་མགོ་སོ་སོར་ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་དབང་ཆེན་རེ་གནང་ཞིང་ཕྱོགས་འདུས་ཀྱི་མཇལ་བ་ཆེས་མང་བ་ལ་ཕྱག་དབང་སོགས་སྩལ་ཏེ་ཐར་པའི་ས་བོན་བསྐྲུན། རིམ་གྱིས་བྱོན་ནས་བཅུ་པའི་ཟླ་མཇུག་དམུ་དགེ་དགོན་དུ་བབས། དེ་ཕྱོགས་ཀྱི་སྐྱེ་བོ་ཀུན་གྱིས་བསོད་ནམས་བསགས་པའི་ཞིང་སར་རྒྱུད་གྲྭ་ཧ་ཅང་མི་མང་ཡང་དངོས་གཙང་བ་ཞིག་བྱུང་ན་ལེགས་ཚུལ་དེ་ཀའི་བླ་སྡེ་དང་རྒན་པོ་རྣམས་འདུས་ཐོག་ཏུ་བཀའ་ཕེབས་པར་ཐམས་ཅད་གྲོས་མཐུན་གྱིས་རྒྱུད་གྲྭ་འཛུགས་རྒྱུར་ཐག་བཅད། གསར་ཚུགས་ཀྱི་ཚེ་གྲྭ་པ་སུམ་ཅུ་སོ་གཉིས་བྱུང་བ་སྙན་སྒྲོན་ཕུལ་བས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པར་འདུག་པས་རྟེན་འབྲེལ་བཟང་ཞེས་ཤིན་ཏུ་མཉེས། བླ་མ་ལས་སྣེ་སོགས་བསྐོ་བཞག་མཛད་ཅིང་ཚོགས་པར་མང་འགྱེད་སྩལ། དེར་གནས་ཆུང་གི་སྐུ་རྟེན་ཞིག་ཡོད་པ་ཐོག་བབས་བྱས་ཏེ་མདུན་དུ་འོངས་ནས། བསྟན་པའི་བདག་པོ་མཐོང་བ་དོན་ལྡན་ཉིད་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་དུ་དགོངས་ཏེ། འཆད་ཉན་གྱི་གྲྭ་ཚང་གསར་དུ་བཙུགས་པ་ལ་གཟུགས་མེད་ང་ཡང་རབ་ཏུ་དགའ། ཞེས་


GTD004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ཞུ་བ་མང་དུ་ཕུལ་བར། སྐྱབས་མགོན་མཆོག་ནས་ཀྱང་བསྟན་པ་སྤྱི་སྒེར་དང༌། ཁྱད་པར་གྲྭ་ཚང་དེ་ཀའི་ཆོས་སྲིད་ཀྱི་དོན་ལ་གཏད་གཉེར་མཛད་པས་བཀའ་བཞིན་སྒྲུབ་པར་ཞལ་གྱིས་བཞེས། སྐུ་རྟེན་དེ་ཡང་རྒྱུན་པར་བོད་སྐད་མི་ཤེས་ཀྱང་ཁོག་ཞུགས་ཀྱི་ཚེ་བོད་སྐད་གཙང་སིང་བཤད་པ་ཞིག་འདུག་ཟེར་བ་ཅུང་ཉམས་མཚར་བར་སྣང༌། དེ་ནས་ཆོས་གྲྭར་ཕེབས་ཏེ་འགྲེལ་པ་བཞི་སྦྲགས་ཀྱི་དབུ་ནས་གསུང་བཤད་རྒྱས་པར་གནང་ཞིང༌། དེར་ཚ་ཁོ་ནས་ལྷ་རམས་པ་བློ་བཟང་མགོན་པོ་མཇལ་བར་འོངས་པ་ལ་དམ་བཅའ་འཇོག་ཏུ་བཅུག །གྲྭ་པ་རྣམས་ལ་རང་རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྲུང་ཚུལ་འཆད་ཉན་བྱེད་ཚུལ་སོགས་བསླབ་བྱ་ཞིབ་ཏུ་གནང་ཞིང་བཅའ་ཁྲིམས་ཀྱི་ཡི་གེ་གསར་དུ་བཞག །རྒྱུད་པའི་སྤྱི་འཇོག་ལ། ཐུབ་དབང་གི་གསེར་སྐུ་གཅིག །རྡོར་དྲིལ་སོ་གཉིས། དུང་ཆེན་ཆ། རྔ་སྦུབ་སིལ་སྙན་སོགས་མཆོད་རྫས་དུ་མ་དང་དངུལ་སྲང་བརྒྱ། རྟ་ནོར་ལྔ་བཅུ་སོགས་དང༌། སྨོན་ལམ་སྤྱི་བར་རྟ་ནོར་བཅུ་དགུ །འདུ་ཁང་གི་ཐེབས་ལ་རྟ་ནོར་བརྒྱད་ཅུ་གྱ་བཞི། དེའི་ལྕགས་འཛེར་གྱི་རྒྱུར་མེ་མདའ་བཅུ་དྲུག །རལ་གྲི་བཅུ་གཅིག་སོགས་གང་དགོས་ཀྱི་ཆ་རྐྱེན་ཕོན་ཆེ་བ་སྩལ། དེ་སྐབས་གདན་ས་ནས་གསོལ་དཔོན་བསྟན་པ་དར་རྒྱས་སོགས་འཚམས་ཞུས་ལ་འོང་བར་དགོན་པའི་གླིང་དུ་ཆམ་ཡམས་ངན་པ་མེད་དམ། སྡེ་པ་ཚང་སྐུ་ཁམས་བདེ་བར་ཨེ་ཡོད། རྐང་ཚའི་ཚེ་བརྟན་རྒྱལ་ཨེ་བདེ། ཞེས་དེ་གསུམ་ཡང་ཡང་བཀའ་འདྲི་གནང་བར་སྐུ་མདུན་ནས་མར་འོངས་ཏེ་གསོལ་དཔོན་གྱིས་སྡེ་པ་ཚང་གི་འཚམས་ཞུས་པ་བློ་


GTD004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དཔལ་ལྡན་ལ་སྐུ་ཞབས་རིན་པོ་ཆེས་བཀའ་འདྲི་གནང་བ་དེ་དགོན་པའི་ཉེ་འཁོར་ལ་ཡམས་ངན་བྱུང་ཚུལ་ང་ཚོས་མ་ཞུས་ཀྱང་མཁྱེན་ཡོད་པར་སྣང༌། སྡེ་པ་ཚང་གི་སྐུ་དོན་དེ་ཡང་གསུང་སྐྱོན་ཅན་ཞིག་འདུག་པས་བརྟག་ཞུས་ཤིག་བྱས་ན་དགའ་ཞེས་གྲོས་བཏབ་པ་བཞིན་བློ་བཟང་དཔལ་ལྡན་གྱིས་ཞུས་པར་མགོན་པོའི་གཏོར་ཆེན་དང་གཏོར་སྒྲུབ་བཞི། ཚེ་གཟུངས་བྱེ་བ་སོགས་སྐུ་རིམ་མང་དུ་གསུངས་ཤིང༌། འཚུབ་ངོ་ཤིན་ཏུ་ཆེ་བས་ཕྱིར་སླེབས་འཕྲལ་དེ་རྣམས་སྒྲུབ་དགོས་ཚུལ་གྱི་བཀའ་ནན་ཏན་ཕེབས། དུས་འཁོར་དཔོན་སློབ་བློ་བཟང་རིན་ཆེན་པའི་ཞལ་སྔ་ནས་དམུ་དགེ་རྒྱུད་པ་བླ་མར་བསྐོས་པས། དུས་འཁོར་གྱི་དཔོན་སློབ་ལ་ཁྱ་དགེ་སྤྲུལ་བའི་སྐུ་དང༌། རྡོ་རྗེ་འཛིན་པར་དགེ་བའི་བཤེས་གཉེན་དོན་ཡོད་ཚུལ་ཁྲིམས་བསྐོ་བཞག་གི་ཡི་གེ་གནང༌། འཚམས་ཞུས་པ་རྣམས་ཕྱིར་འབྱོར་པའི་ཚེ། རྐང་ཚའི་ཚེ་བརྟན་རྒྱལ་སྔར་ནད་སངས་དྲག་ཏུ་སོང་ཡོད་ཀྱང་ཁོང་ཚོ་སོང་ཤུལ་ནས་ནད་རོ་འཕར་ཏེ་ཚེ་འཕོས་པ་ཐོས་པས་སྔར་གྱི་གསུང་ལ་ཡིད་ཆེས་ལྷག་པར་རྙེད། ཁྲིམས་མགོ་བས་གདན་དྲངས་ཏེ་ཕུ་དུད་དང་བསྙེན་བཀུར་དངོམ་ཆེ་ཞིང་གྱ་ནོམ་པ་ཞུས་པར་བཅུ་གཅིག་ཞལ་གྱི་དབང༌། འཇིགས་བྱེད་བཅུ་གསུམ་མའི་དབང་སོགས་འདོད་ཆོས་དང༌། མགོན་པོའི་སྦྱིན་སྲེག་ཅིག་ཀྱང་མཛད། སྐྱ་བ་ནག་ཚང་སོ་སོར་ཡང་དབང་དེ་གཉིས་ཚར་རེ་གནང༌། སྡེ་པ་ཚང་ནས་སྐྱབས་མགོན་མཆོག་གི་བཀའ་ལྟར་སྐུ་རིམ་དེ་རྣམས་བསྒྲུབས་ན་བཟློག་སྲིད་ཀྱང༌། གེགས་སྟབས་ཀྱིས་གཡེལ་ཆུང་ལྟ་བུར་ལུས་པ་གློ་བུར་དུ་བསྙུན་


GTD004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་ཟིན་ཏེ་སྨན་བཅོས་རིམ་གྲོ་གང་གིས་ཀྱང་མ་བཟློག་པར་ཞིང་གཞན་དུ་གཤེགས་པའི་གནས་ཚུལ་ཞུ་མི་འབྱོར་བར་ཐུགས་ཤིན་ཏུ་སྐྱོ་བའི་རྣམ་པ་མཛད་ཅིང༌། ཐུགས་དམ་སྤྱན་དམིགས་རྒྱུན་རིང་དུ་གནང༌། དེར་མ་ཟད་ཁོང་གིས་སྔ་སོར་འབྲས་སྤུངས་སྔགས་ཁང་གི་ལམ་རིམ་བླ་བརྒྱུད་ལྟ་བུ་ཞིག་བཞེངས་རྩིས་ཀྱི་རྒྱུ་མཚན་ཞུས་པར། དེ་ཙམ་འགྲུབ་དཀའ་བས་སྐུ་ཚད་དེ་འདྲའི་གནས་བཅུ་ཞིག་བཞེངས་ན་གསུངས་ཀྱང་སྔ་མའི་ཐོག་ཏུ་བཞག་པས། སྐུ་འདྲ་ཉེར་བཞིའི་མཚམས་སུ་རྐྱེན་དབང་གིས་ལུས་པ་ལ་དཔག་ན་གནས་བཅུ་བཞེངས་ཚེ་སྐུ་འདྲ་ཉེར་གསུམ་ཡིན་སྟབས་དུས་མཚམས་ཅུང་ཟད་ཀྱང་ནོར་བ་མེད་པར་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་པ་གོར་མ་ཆག་གོ །དེ་ནས་རིམ་གྱིས་མཛོ་དགེ་བརྒྱུད་དེ་ཕེབས་པས་རྨ་རྨེ་འདྲེས་མདོར་དགུང་ལོ་ང་གཉིས་ལ་ཕེབས་པ་ས་མོ་ཕག་གི་ལོ་གསར་མཛད། དེར་རྒྱུད་པ་དཔོན་སློབ་བློ་བཟང་སྦྱིན་པ་མཛོ་དགེའི་བླ་མར་ཡོད་པས་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་གཟབ་རྒྱས་ཞུས། གདན་ས་ནས་ཀྱང་ལོ་གསར་གྱི་འཚམས་ཞུས་པ་འབྱོར་ཏེ་གསོལ་སྟོན་དྲངས། དེ་ནས་ཚེས་དགུ་ལ་དགོན་པར་ཕྱག་ཕེབས་ཏེ་ཕྱི་ཉིན་ནས་གསུང་ཆོས་ལ་འཆག་མེད་དུ་ཕེབས། སྐྱེས་རབས་དང་རྣམ་ཐར་དད་པའི་འཇུག་ངོགས། རྣམ་བཤད་དགོངས་པ་རབ་གསལ་གསུམ་གྱི་སྟེང་ནས་གསུང་བཤད་སྨིན་རྒྱས་སུ་སྩལ་ཅིང༌། བསྒྲུབ་བྱ་བཅུ་སྐོར་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག །འབྲས་སྤུངས་སྒོ་མང་གི་ལྷ་རམས་པ་སྨྲ་བའི་དབང་ཕྱུག་དགེ་བཤེས་བསོད་ནམས་ཀྱིས་གསོལ་བ་བཏབ་པར་བརྟེན་ལྕང་སྐྱ་རྡོ་རྗེ་འཆང་གིས་མཛད་པའི་


GTD004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་གསུང་མགུར་ལ་རྗེ་ཉིད་ཀྱིས་མཛད་པའི་འགྲེལ་བ་ཚིག་གི་སྒྲོན་མེ་ཞེས་བྱ་བ་སྔོན་མེད་པའི་ལེགས་བཤད་བླ་ན་མེད་པ་དེ་ཉིད་ཀྱི་བཤད་ལུང་ཤིན་ཏུ་རྒྱས་པར་སྩལ། གསུང་བཤད་ཀྱི་ཚེ་ལྕང་སྐྱ་རྡོ་རྗེ་འཆང་སྐུ་ན་ཕྲ་མོའི་སྐབས་ཤིག་མནལ་ལམ་དུ་ཨ་མདོ་བླ་རྒན་ཡིན་ཟེར་བའི་ཨ་ཙརྻ་ཞིག་གིས་པི་ཝང་གི་སྒྲ་ལས་དྲངས་ཏེ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་ཞེས་པ་ནས་བཟུང་རྗེ་བླ་མས་སྟོན་པ་ཐུབ་པའི་དབང་པོ་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཡོངས་རྫོགས་གསུངས་པ་ཞིག་རྨིས་པས་ཟབ་མོའི་ལྟ་བ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཚུལ་སོགས་སྐུ་ཆེ་བའི་ཡོན་ཏན་མང་དུ་གསུངས་ཏེ་སྤྱན་ཆབ་ཉིལ་གྱིས་ཕྱུང་བ་ན་དེར་འཁོད་ཐམས་ཅད་ཡབ་སྲས་གཉིས་ཀ་ལ་མི་ཕྱེད་པའི་དད་པ་བརྟན་པོ་རྙེད། གྲུབ་པའི་དབང་ཕྱུག་བསོད་ནམས་གྲགས་པ་ཚོགས་ཆེན་གྱི་ཁྲིར་བསྐོ་བཞག་མཛད་ཅིང་ཁོང་བཞེངས་རིང་ལ་སྐྱེས་མཆོག་དམ་པ་ཁྲི་ཟུར་ངག་དབང་འཕྲིན་ལས་པར་བརྩི་བཞག་གཏོང་དགོས་ཀྱི་བཀའ་ཕེབས། དཔོན་ཚང་ནས་གསོལ་བ་བཏབ་པ་བཞིན་དཔོན་རིན་པོ་ཆེ་ཉིད་དང༌། དགེ་བཤེས་བསོད་ནམས་སོགས་དོན་གཉེར་ཅན་དུ་མ་ལ་ཕྱག་ཆེན་རྩ་བའི་སྟེང་ནས་བཤད་པ་ཤིན་ཏུ་འབྱམས་ཀླས་པར་གནང་བས་མཁས་ཀུན་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག །དགེ་བཤེས་པ་ལ་ཉིན་གཅིག་འདི་རང་རེ་ལ་ཤིན་ཏུ་མཁོ་བ་ཞིག་ཡིན་གསུངས་ནས་དུག་སྦྱོང་གི་མན་ངག་ཅིག་མ་ཞུས་པར་གནང༌། དེའི་ལོ་མཇུག་ཏུ་ཁོང་གྱུར་དུག་ལྟ་བུ་ཞིག་གིས་མ་བདེ་བ་ཐབས་


GTD004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གང་གིས་ཀྱང་ཕན་དཀའ་བར་བྱུང་བའི་ཚེ་སྐུ་ཞབས་ཀྱི་གསུང་དྲན་ནས་དེ་ཀའི་བསྙེན་པ་བྱས་པས་འཕྲལ་དུ་དྭངས་པ་བྱུང༌། ལོ་སྔ་མར་བཀའ་འགྱུར་བ་བློ་བཟང་ཉི་མ་ཞི་བར་གཤེགས་པའི་དགོངས་རྫོགས་ཀྱི་ཆེད་དུ་བྲག་ལུང་སྨན་པ་ངག་དབང་ནོར་བུས་སྤྱན་དྲངས་ཏེ་དངོས་འབུལ་རྒྱ་ཆེར་བཏེག །ཞག་གསུམ་གྱི་རིང་མཆོག་ཁྲུས་རྒྱས་པ་དང་བསྔོ་སྨོན་གྱིས་མཚམས་སྦྱོར་གནད་སྨིན་མཛད། རི་ཁྲོད་པ་རྣམས་ལ་བྱིན་རླབས་སྤུངས་ཞུས་ཀྱི་ཁྲིད་རྒྱས་པར་སྩལ་ཏེ་སླར་གདན་སར་ཕེབས། འདུ་ཁང་ཆེན་མོ་གསར་བསྐྲུན་ལ་ལོ་སྔ་མ་ནས་ལས་རུང་ཆེད་གཏད་ཀྱིས་གཏོང་དུ་བཅུག་པའི་ཆོག་གྲྭ་པ་བརྒྱ་སྐོར་དང་ལྷན་དུ་རབ་གནས་དགེ་ལེགས་ཆར་འབེབས་སྦྱོར་དངོས་རྗེས་གསུམ་གང་ལ་ཡང་དམ་པ་གོང་མའི་ཕྱག་བཞེས་ཆ་ཕྲ་མོ་ཙམ་ཡང་ཉམས་པ་མེད་པའི་ཤིན་ཏུ་གཟབ་རྒྱས་ཧོར་ཟླ་གཉིས་པའི་བཅུ་བཞི་ནས་བཅུ་བདུན་གྱི་བར་དུ་གནང་སྟེ། རྟེན་དང་བརྟེན་པ་ཐམས་ཅད་དག་པ་ལྷའི་ངོ་བོར་བསྒྱུར་བར་མཛད། དངོས་གཞིའི་ཉིན་རྒྱས་པའི་སྦྱིན་སྲེག་གི་སྐབས་མེ་ཏོག་གི་ཆར་བབས་ཤིང༌། དེར་བཞུགས་ཐོག་འཇམ་དབྱངས་གོང་མ་ཆེན་པོ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་གདན་དྲངས་པའི་གནས་ཚུལ་ཨམ་བན་གྱི་ཡི་གེ་འབྱོར་བས་རྟེན་འབྲེལ་ལེགས་གསུངས་ཏེ། རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས་པ་ལྟར་བྱོན་ནས་རབ་ཏུ་གནས་བྱའི་རྟེན་རྣམས་ལ་ཞུགས་པའི་དགེ་མཚན་གྱི་ལྟས་ཁྱད་པར་ཅན་དགོངས་སམ་སྙམ། དེ་རྗེས་འདུ་ཁང་ནང་གི་རྟེན་རྣམས་ལ་སྙན་ཤལ་ཕུལ་བའི་ཚེ་འདུ་ཁང་ཕུའི་ལྡེབས་རིས་ཀྱི་རྗེའི་སྐུ་ལ་སྙན་ཤལ་མཛོད་


GTD004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་གཅིག་ཕུལ་བ་ཕྱག་གཡས་ཀྱི་ཨུཏྤ་ལའི་འདབ་མ་ལ་བཏགས་པའི་ཚུལ་དུ་བཞེས་པ་ནི། ཀུན་མཁྱེན་གོང་མའི་དུས་ཀྱང་ལྷ་སར་འཇམ་དབྱངས་ཁོ་ཡོན་མས་སྙན་ཤལ་བཞེས་པ་དང་མཚུངས་ཏེ། འཇམ་དབྱངས་བླ་མ་ཉིད་ཀྱི་རིང་ལུགས་དྲི་མ་མེད་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་བདག་གིར་བཞེས་དགོས་པའི་བརྡར་མངོན། དེ་ལྟར་འདུ་ཁང་སྔ་མ་ཀ་བ་བརྒྱད་ཅུ་པའི་ཕུག་གི་དྲི་གཙང་ཁང་དང་མགོན་ཁང་བཞུགས་ཁྲི་རྣམས་བསྐྱོད་མི་དགོས་པའི་ཐབས་གནང་སྟེ། གཞན་གྱི་རྩིག་པ་ཐམས་ཅད་བཤིག་ནས་མདུན་དང་གཡས་གཡོན་དུ་ཀ་བ་དྲུག་ཅུའི་སར་ཕྱིར་བསྐྱེད་དེ་ཚ་ཁོ་སོ་མང་རྒྱལ་མོས་ཆེད་མངགས་ཀྱི་རྩིག་དཔོན་བཞི་སོགས་རྡོ་རྩིག་པ་དུ་མས་རྩིག་པ་ཤིན་ཏུ་བརྟན་ཅིང་མཛེས་པར་བསྒྲུབས། གང་འོས་སུ་རྫས་དང་ཆོ་ག་སོགས་རྒྱུད་སྡེའི་དགོངས་པ་ལྟར་བྱས་པའི་གང་བུམ་དུ་མ་གཏེར་དུ་སྦས། ཆེད་གཏད་ཀྱི་འདུ་ཁང་སྔ་མའི་ཤིང་བཟོའི་བརྒྱུད་པ་ཟི་ལིང་ཕྱོགས་ན་ཡོད་པ་བོས་ཏེ་ཀ་གདུང་བྲེ་གཞུའི་དབྱིབས་བཀོད་སོགས་སྔ་མ་དང་གྲས་མཚུངས་ཀྱིས་ཤིན་ཏུ་སྤུས་ལེགས་པ་དང༌། རྒྱའི་རྡོ་བཟོ་བ་རྣམས་ཀྱིས་སྒོ་འཁྱོར་གྱི་ཀ་རྡོ་དང༌། རྡོ་བཅལ་གྱི་རྡོ་ཐམས་ཅད་གྲས་རྡོ་འབའ་ཞིག་ལ་ཇི་ལྟར་འོས་པའི་དབྱིབས་དང་རི་མོ་སོགས་ཤིན་ཏུ་མཛེས་པར་བྱས། ཁ་བད་ལ་གྱོ་མོག་གི་པུ་ཤུ་བསྟར་ཏེ་དེའི་སྲུབས་དང་རྩིག་པའི་ཕྱི་ཐམས་ཅད་ལ་རྡོ་ཞུན་དཀར་པོས་བྱུགས། དཀར་ཆ་ཆེ་ཞིང་བྱིའུ་སོགས་ཀྱི་གནོད་པ་སྲུང་བའི་ཕྱིར་རྒྱ་མཐོངས་ཀྱི་ཁོར་ཡུག་དང་ཞལ་རས་ལྷ་ཁང་སོགས་ལ་ལྕགས་ཁྲ་དང༌།


GTD004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སོ་སོ་ལ་ལྕགས་ཀྱི་འོར་པ་བཙུགས། སྟེང་གི་རྒྱ་ཕིབས་རྙིང་པར་གཡའ་འདོན་དང༌། གསར་དུ་ཡང་གསེར་གྱི་རྒྱལ་མཚན་དང་གཉྫིར་བཟོ་དབྱིབས་ལེགས་ཤིང་འོད་འབར་བ་ཏོག་ལ་གདུགས་དཀར་འཁོར་ལོ་སོགས་དམ་པའི་ཕྱག་བཞེས་བཞིན་བསྒྲུབས་ཏེ་བཞུགས་པ་དུ་མ་ཚར་དུ་བསྒྲིགས། སྤེན་བད་ཀྱི་ངོས་ལ་གསེར་གྱི་རྣམ་བཅུ་དབང་ལྡན་ཆེ་བ་རེ་རེའི་གཡས་གཡོན་དུ་ཆུང་བ་གཉིས་གཉིས་མཛེས་པར་བསྟར། ལྷ་བཟོ་མཁས་བསྡུས་དུ་མས་ཕྱི་ནང་གི་ལྡེབས་རིས་ཤིང་རྩི་ཐམས་ཅད་ལ་གསེར་ཚོན་སོགས་འགྲོ་གང་ཆེའི་ངོས་བཀོད་པ་ཁྱད་དུ་འཕགས་པས་གཟི་འོད་འབར་བར་བྱས། ནང་གི་ཀ་བ་ཐམས་ཅད་ལ་ཧ་སག་གི་ཀ་ཐུམ་དང༌། ཕྱིའི་ཀ་སྤུངས་རྣམས་ལ་ཁེ་བུ་སུའི་ཀ་ཐུམ་འབྲུག་རིས་མ། ཀ་རིང་རྣམས་ལ་གོས་ཆེན་བཟང་བསྒྲིགས་ཀྱི་འཕན་སོགས་ཕྱི་ནང་ཀུན་ཆ་མཚུངས་པར་གསར་བསྒྲིགས་ཀྱི་རྒྱུ་སོང་དང་ཕོགས་གླ་ཡོན་བཅས་བསྡོམས་པར་དངུལ་སྲང་ཁྲི་ཕྲག་གཅིག་དང་ལྔ་སྟོང་སུམ་བརྒྱ་སྐོར་ཞིག་སོང་སྣང་ངོ༌། །རྫོགས་ལྡན་མཐར་བྱེད་གཏུམ་པོའི་ཡིད་འབྱུང་གིས། །རྣམ་པར་འཁྱམས་པའི་ཐུབ་བསྟན་སྨིན་ལེགས་མར། །ངལ་གསོའི་མཆོག་སྦྱིན་ལེགས་བྱས་ཀུན་གྱི་ས། །ཁྱོད་མཐུ་གསར་པའི་དགའ་ཚལ་འདི་ཁོ་ན། །ཁམས་ཀྱི་རྒྱལ་ཕྲན་བརྒྱ་ཕྲག་རི་བོའི་རྩེར། །གང་གི་འཕྲིན་ལས་གློག་འོད་ཞགས་པ་ཡིས། །ཅིག་ཅར་འཁྱུད་པའི་ངོ་མཚར་སྒྲ་བརྒྱ་པ། །དཔལ་གྱི་ཆར་ཆེན་འདུས་སྡེའི་འཛིན་མར་བབས། །སྡེ་ཁྲི་སྤྲུལ་བའི་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སུ་གདན་དྲངས་ནས་འབུལ་ནོད་ཞུས།


GTD004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཉིན་ཞིག་ཆེད་གཉེར་གྱིས་ཕེབས་ནས་ཁོང་གི་ཕྱག་དཔེ་སོགས་ལ་དོ་དམ་བཀོད་ཁྱབ་གནང་ཞིང༌། སྤྲུལ་སྐུ་མྱུར་འབྱོན་ཞིག་ཀྱང་ལྗགས་རྩོམ་མཛད། མཛོ་དགེ་སྨད་དང་གཙོས་སྒར་པ་གཉིས་ནས་གདན་དྲངས་པ་ལྟར་གསུམ་པའི་ཚེས་ལ་དེར་ཆིབས་བསྐྱོད་པའི་ལམ་ཁར་དགོན་ཆེ་ཆུང་དུ་མས་ཐབས་བསུ་སོགས་གུས་འདུད་ལྷུར་བླངས། མཛོ་དགེ་དགོན་གྲོང་གཉིས་ནང་འཁྲུགས་པ་འདུམ་པར་མཛད་དེ་སེར་སྐྱ་མཐའ་དག་ལ་ཀུན་རིག་རྣམ་པར་སྣང་མཛད་དང༌། ཐུགས་རྗེ་ཆེན་པོའི་དབང་ཆེན་སྩལ། དགོན་པའི་བླ་མ་ལས་སྣེ་དང་ཤོག་པ་ལྔའི་དཔོན་པོ་རྣམས་ལ་དགོན་འདིར་མཐུན་རྐྱེན་དང་གྲྭ་འཚོགས་དགའ་མོ་འདུག་ཀྱང་ཆོས་འཆད་ཉན་ཞིག་མེད་པ་མི་ལེགས་པས་རྒྱུད་གྲྭ་ཞིག་ཚུགས་ན་གསུངས་པར་ཚང་མས་དགའ་བཞིན་དང་དུ་བླངས། རྒྱུད་པའི་འདུ་ཁང་དང་གཟིམས་ཁང་གསར་རྒྱག་གི་གནས་ལ་གཟིགས་རྟོག་མཛད། གཙོས་དགོན་པར་ཕེབས་ནས་འདོད་ཆོས་ཅི་རིགས་སྩལ་ཅིང་དགོན་པའི་སྒྲིགས་ལམ་ཉམས་གསོས་སོགས་ཀྱི་བསླབ་བྱ་ཞིབ་རྒྱས་དང༌། ལན་འདུས་སུམ་ཅུ་སྐོར་གྱི་འགྱེད་གནང༌། སྔོན་པོ་ཐང་གི་དགོན་བདག་འདན་ཨེར་ཏི་ནི་མཁན་པོས་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་ཞུས། དགོན་པ་མི་སྡེ་ས་ཞིང་དང་བཅས་པ་ཕུལ་ནས་དེ་ལུགས་ཀྱི་ཡི་གེ་བཞག་པར་དགོན་འདི་ལ་ཉེ་སྐོར་གྱི་དགོན་ཆུང་འགའ་ཞིག་བསྲེས་ཤིང་མ་གཞི་འཆད་ཉན་དང་སྒྲིགས་ལམ་སོགས་དངོས་གཙང་བས་ཐུགས་ཤིན་ཏུ་མཉེས་ཏེ་མང་འགྱེད་གྱ་ནོམ་པ་དང་སྤྱི་འཇོག་ལ་དངུལ་སྲང་བརྒྱ། རྟ་ནོར་ལྔ་བཅུ། ལུག་བརྒྱ་སོགས་གནང་ཆ་སྦམ་


GTD004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བ་སྩལ། ཨ་མཆོག །ཆོས་རྫོང༌། རྩམ་སྡེར། རྗེས་ཚང་སོགས་ཀྱི་དགོན་ཁག་སོ་སོ་ལ་ཡང་བབས་འོས་ཀྱི་སྤྱི་འཇོག་གནང༌། ཡང་ཀྱཱ་སྐུ་སྐྱེས་ཀྱིས་གསོལ་བ་བཏབ་པའི་ངོར་སྒྲོལ་མ་རང་བྱོན་གྱི་ལྷ་ཁང་རབ་གནས་ལ་ཕེབས། ལམ་ནས་ཀ་ཇུ་མཁར་གྱི་ཕྱི་ལོགས་ཤིག་ཏུ་གོང་འབབ་གནང་སྐབས་ཏཱ་ཞིན་གྱིས་ཐོས་ཏེ་ནང་དུ་གདན་དྲངས་ནས་བསུ་སྐྱེལ་བསྙེན་བཀུར་ཡང་དག་བསྒྲུབས། སྒྲོལ་མ་རང་བྱོན་གྱི་ལྷ་ཁང་དུ་ཕྱག་ཕབས་ཏེ་ཉིན་གཉིས་ཀྱི་རིང་བཀྲ་ཤིས་སྙེ་མའི་སྟེང་ནས་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད། ལེགས་འབུལ་དུ་བྱམས་ཆེན་ཆོས་རྗེས་ཕྱག་ཏུ་བསྣམས་པའི་ཙན་དན་གྱི་ཕུར་བུ་ཡ་མཚན་པ་སོགས་བདོག་པའི་ཚན་གྲངས་མང་པོ་བསྟར། སྐུ་སྐྱེས་ཀྱི་གཙོས་དོན་གཉེར་ཅན་རྣམས་ལ་ཚེ་དཔག་མེད་ལྷ་དགུའི་དབང་སོགས་ཆོས་བཀའ་མང་དུ་གནང༌། བྱམས་པ་འབུམ་གླིང་གི་བདག་པོ་ཡུན་ལོ་ཡེས་ཀྱིས་གདན་དྲངས་ཏེ་བསྙེན་བཀུར་ཞིང་ལྗགས་ལུང་འགའ་ཞིག་ཞུས། བྱམས་ཆེན་གྱི་མདུན་དུ་ཕེབས་ནས་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། ལོ་ཀྱཱ་དུན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཕམ་མཐིང་བ་ལས་རྒྱ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡབ་ཡུམ་གཉིས་ཀའི་སྐུ་མ་ཉམས་པར་བཞུགས་པ་ལ་བདེ་མཆོག་རང་བྱོན་དུ་གྲགས་པ་དེའི་མདུན་དུ་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་བདེ་མཆོག་གསུངས་ཤིང་ཚོགས་འཁོར་མཛད། དེར་འཇའ་ཚོན་ཤིན་ཏུ་འོད་འཚེར་བ་ཞིག་བྱུང་བ་གདན་ས་ནས་ཀྱང་མང་པོས་མཐོང༌། ལམ་ནས་ཨ་འགང་གོང་འོག་སོགས་དུ་མས་ཡུལ་བསྟུན་གྱི་མཆོད་བཀུར་ཚད་མེད་ཞུས་པ་ཐམས་ཅད་ཀྱི་རེ་བ་བསྐངས་


GTD004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད། ཕྱིར་ལམ་སྟག་ལུང་རི་ཁྲོད། སྒ་ཤོ་སྒར་པ། མགོ་མོག་སྒར་པ་རྣམས་ཀྱིས་གདན་དྲངས་པར་ལུགས་གཉིས་ཀྱིས་བཀའ་དྲིན་བསྐྱངས། གདན་སར་ཕེབས་ཏེ་དབེན་གནས་ཐར་པ་རྩེར་བཅད་རྒྱ་དམ་པོར་གནང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད། བཅད་རྒྱ་གྲོལ་ཉིན་རྒྱ་ནག་ཕྱོགས་ནས་སྦྱིན་བདག་ཅིག་གིས་སྒྲོལ་དཀར་གྱི་སྐུ་ཐང་ཚེམ་དྲུབ་ཁྱད་འཕགས་གཅིག་ཕུལ་བ་འབྱོར་པས་དགྱེས་ཚོར་ཆེ་བར་མཛད། ཧོར་ཟླ་ལྔ་པའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་གཟིམས་ཁང་ཆེན་མོ་ལྷ་རྟེན་དང་བཅས་པ་ལ་རབ་གནས་རྒྱས་པར་མཛད། ཞག་བདུན་དུ་ཆབ་ཚན་གྱིས་སྐུའི་འཕྲོད་བསྟེན་གནང་ཞིང་སེང་བར་ལ་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་དང༌། རྩིས་གཞི་སྤོས་པའི་ལྔ་བསྡུས་སོགས་ལྗགས་རྩོམ་འགའ་ཞིག་མཛད། ཝང་གི་ཨུརྒེ་ནས་སྔ་ཕྱིར་གདན་འདྲེན་གྱི་ཞུ་བ་ནན་ཏན་ཕུལ་བ་ལྟར་ཆིབས་བསྐྱོད་དེ་ཞག་བདུན་དུ་ཤཱ་ས་ན་བསྒྲུབས་ཤིང་མགོན་པོའི་སྦྱིན་སྲེག་གནང༌། གཙང་སྤྲུལ་བའི་སྐུས་གདན་དྲངས་པར་བྱོན་ཏེ་གཙང་ཁང་རྟེན་བརྟེན་པ་རྣམས་ལ་རབ་གནས་མདོར་བསྡུས་དང་ཁོང་དཔོན་གཡོག་ལ་རྟ་མགྲིན་ལྕགས་རལ་གྱི་རྗེས་གནང་སྩལ། སྤྲུལ་བའི་སྐུ་ནས་ཆོས་ཀྱི་དྲི་བ་མང་དུ་ཞུས་པ་ཐམས་ཅད་ལྷུག་པར་བཀྲོལ་བས་ཁོང་ཡང་མཁྱེན་རབ་གཞན་དང་མི་འདྲ་བའི་དབང་གིས་ཆོས་ཀྱི་རྗེས་སུ་འབྲངས་པའི་དད་གུས་དང༌། དགའ་སྤྲོ་ཚད་མེད་པ་འཁྲུངས། ཡར་ཕེབས་ཏེ་བྲག་ལུང་གོང་མར་དགོན་པ་གསར་འདེབས་ཀྱི་གནས་ལ་གཟིགས་ནས་ས་བརྟག་བསླང་བ་དང་བཀྲ་ཤིས་ཀྱི་གསོ་སྦྱོང་


GTD004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། སླར་གདན་སར་ཕེབས་ནས་གསོལ་དཔོན་བསྟན་པ་དར་རྒྱས་པཎ་ཆེན་ཐམས་ཅད་མཁྱེན་པར་འཚམས་ཞུས་ལ་རྫོངས་སྟ་མཛད་ཅིང༌། ཡི་གེའི་ནང་དུ་ལྷ་ཐོར་ལ་དོགས་འཛེམ་གྱི་ཞུ་བ་ནན་ཏན་ཕུལ། ཉིན་ལྔའི་རིང་པཎ་ཆེན་རིན་པོ་ཆེའི་ཞབས་བརྟན་དུ་སྒྲོལ་མ་མཎྜལ་བཞི་བའི་ཆོ་ག་མཛད། དཔོན་ངག་དབང་དར་རྒྱས་ཝང་གི་རིགས་རྒྱུད་ཀྱི་ཆུང་སྲིའི་མནན་པའི་ཆེད་དུ་ཨུརྒེ་གྲྭ་ཚང་གི་བླ་མ་དབུ་མཛད་དགེ་བཤེས་བཟོད་པ་དང་གྲྭ་པ་ཁ་ཤས་འོང་བ་དགོན་པའི་བླ་གྲྭ་འགའ་ཞིག་དང་བཅས་པར་རྣམ་བཤད་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཁྲུལ་འཁོར་སྤྱི་དང་རེངས་པའི་འཁྲུལ་འཁོར་ཞིབ་ཁྲིད་སྩལ། མཛོ་དགེ་སྨད་དུ་ཕེབས་ཏེ། བརྒྱད་པའི་ཚེས་དྲུག་ལ་རྒྱུད་གྲྭ་གསར་དུ་བཙུགས་ནས་འགྲེལ་པ་བཞི་སྦྲགས་ཀྱི་གསུང་བཤད་གནང༌། སྤྱི་འཇོག་ལ་དུང་དཀར་ཆ་གཅིག །ཆས་འཇུག་ཆ་ཚང་བཞི། སྦུབ་གསུམ། འཁར་རྔ་ཆེ་ལེགས་སོགས་མཆོད་རྫས་དུ་མ་དང༌། དངུལ་སྲང་བརྒྱ། འདུ་ཁང་ཐེབས་ལ་སྔ་ཕྱིར་དངུལ་རྡོ་ཚད་གཅིག་དང་ལུག་ལྔ་བཅུ་སོགས་ཀྱི་གནང་ཆ་མཛད། དེ་སྐབས་མཚོ་སྔོན་དང་ཨ་མདོ་ཕྱོགས་ཀྱི་བླ་དཔོན་ཆེ་ཁག་ཐམས་ཅད་པཎ་ཆེན་རིན་པོ་ཆེའི་ཆིབས་བསུར་ཕེབས་ཟིན་པས་རྗེ་ཉིད་ཀྱང་ཚེས་བཅུ་གསུམ་ཙམ་ལ་མ་ཕེབས་ན་ཧ་ཅང་འགྱངས་སོང་བ་འདྲ་ཞེས་ཞབས་ཕྱི་རྣམས་ནས་ནན་གྱིས་ཞུས་པར། དེ་བཞིན་བྱས་ཆོག །འོན་ཀྱང་དེ་ཙམ་འགྱངས་མེད་མོད་རྗེས་མའི་བཅུ་གསུམ་ཚུན་ལ་ཕེབས་འདུག་གི་གསལ་ཁ་ཨེ་ཚོར་མི་ཤེས་གསུངས། སླར་གདན་སར་ཕེབས་ཐོག་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་དབུས་ནས་ཕྱིར་བྱོན་པར་དགྱེས་པའི་བཀའ་


GTD004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མཆིད་སྩལ། བརྒྱད་པའི་བཅུ་གསུམ་ལ་ཕྱག་བཏེག་སྟེ་ཉེར་བདུན་ལ་ཀུན་ཨེར་གེའི་གཞུང་དུ་འབྱོར། དགུ་པའི་བཅུ་གསུམ་བར་དུ་དེར་བཞུགས་ནས་ཕེབས་སྒུགས་མཛད་ཅིང་གསེར་ཏོག་ནོ་མིན་ཧན། སྒྲོལ་མ་སྐྱབས་ཇ་སག །སྨྲ་ཁམས་བླ་མ་སོགས་ཀྱིས་པཎ་ཆེན་རིན་པོ་ཆེར་འབུལ་རྒྱུའི་མཎྜལ་བཤད་པ་རེ་ལྗགས་རྩོམ་ཞུས་པ་བཀའ་དྲིན་བསྐྱངས། བཅུ་གསུམ་ལ་སྒར་བཏེག་སྟེ་གླང་ཆེན་དལ་འགྲོས་ཀྱིས་བྱོན་ནས་ཉི་ཤུ་གསུམ་གྱི་ཉིན་གཟའ་སྐར་ལེགས་པ་དང་བསྟུན་རྨ་རྒྱལ་སྦོམ་རའི་མདུན་ཅོག་ཏུ་གྲགས་པ་ལབ་ཙེ་ཁྲབ་གོན་གྱི་ཐང་ནས་བསུ་ཚུལ་གྱི་བཀོད་པ་བཀྲ་ཤིས་ཞགས་བསྐོར་བྱས། ཉིད་ནས་སྲོལ་གསར་དུ་བཙུགས་ཏེ་ལེགས་པར་བསླབས་པ་བཞིན་ཐམས་ཅད་ཀྱིས་ཁུར་དུ་བླངས་པས་བསུ་བ་སྔ་ཕྱི་ཀུན་གྱི་ཁྲོད་ན་གྲ་འགྲིག་ཅིང་བབ་ཆགས་པའི་དཔར་བྱེད་པ་བྱུང༌། ཞག་བབས་སྟེང་དུ་འབྱོར་ཕྱག་ཞུས་པའི་ཚེ་པཎ་ཆེན་མཆོག་ནས་དེ་རིང་བསུ་བ་ཡང་ལེགས། ཁ་བ་ཡང་ཆེ། རྟེན་འབྲེལ་འགྲིག་བྱུང་གསུངས་པར། དེ་རིང་ཁ་བ་ཆེན་པོ་བབས་པ་དེ་ངེད་དང་རྨ་ཆེན་གཉིས་ཀས་མཉམ་དུ་བསུས་པའི་རྟགས་ཡིན་ཞེས་རྩེད་མོའི་ཚུལ་དུ་ཞུས་པ་སོགས་ཇ་སྦྱོར་བཞིའི་རིང་ལ་གསུང་འཕྲོས་དམར་བར་མཛད། པཎ་ཆེན་མཆོག་ནས་གྲི་ཁ་གཉིས་མ། ཡུ་བ་ཆུ་ཤེལ་དང་ཤུབས་གསེར་རྐྱང་ལས་གྲུབ་པའི་ཁྱད་ནོར་ཡ་མཚན་པ་ཞིག་རྗེ་འདི་ལ་ཕྱག་བསྟར་ཏེ་གནང༌། རྗེས་སོར་ལྕང་སྐྱ་མཆོག་ལ་ཡང་མཚོན་ཆ་འགའ་ཞིག་གནང་བ་རིགས་ལྡན་འཁོར་


GTD004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཅན་འབྱོན་དུས་ཀྱི་རྟེན་འབྲེལ་ཞིག་ཏུ་རྗེ་ཉིད་ཀྱིས་གསུངས་པ་ལ་དཔག་ན་འདི་ཡང་དེ་དང་ཆ་མཚུངས་སམ་སྙམ། ཕྱི་ཉིན་ནས་རྒྱུན་པར་ཆིབས་རགས་ལ་ཕེབས་ཤིང་ཚེས་ཉེར་བརྒྱད་ཀྱི་སྔ་ཆར་དཀར་སྤྲོའི་སྟེང་ཐོག་མའི་རྟེན་འབྱུང་གི་དངོས་འབུལ་བསྟར། ཀུན་ཨེར་གེར་བཞུགས་སྐབས་བསྒྲུབ་བྱ་མང་པོས་པཎ་ཆེན་ཐམས་ཅད་མཁྱེན་པར་བསྙེན་རྫོགས་ཞུས་པ་ལ། ངེད་ད་སྐབས་བྲེལ་བ་ཤིན་ཏུ་ཆེ་བས་འཇམ་དབྱངས་བཞད་པ་ཚང་ལ་ཞུས་ན་ཁྱད་མེད་ཅེས་རྗེ་ཉིད་ཀྱི་དྲུང་དུ་གཏོང་བར་མཛད་པ་རྣམས་ཀྱང་བཀའ་བཞིན་བསྒྲུབས། དེ་ནས་སྐུ་འབུམ་ལ་ཕེབས་ཀྱི་བར། ཉིན་ལྟར་ཐུགས་ནང་གཤིན་པའི་གསུང་གླེང་དང༌། འཕྲལ་ཡུན་གྱི་དོན་སྐོར་མང་པོའི་དྲི་རྨེད་གནང་བ་ཐམས་ཅད་ལ་མཛེས་ལམ་དུ་མ་སོང་བའི་སྙན་སྒྲོན་ཞིབ་ཏུ་ཕུལ། ཕྱོགས་ཀྱི་བླ་དཔོན་ཆེ་གཉན་ཐམས་ཅད་འདུས་ཀྱང་རྗེ་འདི་ལ་ཟླ་བ་གྲགས་པ་གསུངས་ཏེ་ཞལ་རྩེད་མང་དུ་གནང་ཞིང༌། སྔ་སོར་ཆིབས་ཆེན་ཞིག་ཕུལ་ཡོད་པ་དེ་མཚམས་མཚམས་སུ་ཆིབས་ནས་ཟླ་བ་གྲགས་པ་ཁྱོད་རང་ང་ལ་བསམ་པ་དྲང་བའི་སྟབས་ཀྱིས་ཁྱོད་ཀྱི་རྟ་འདིས་ཤིན་ཏུ་ཕན་ཐོགས་པར་བྱུང་གསུངས། ཡང་ད་ལྟ་བོད་ཡུལ་འདི་ན་བསྟན་བཅོས་ཚིག་དོན་ཕུན་སུམ་ཚོགས་པ་རྩོམ་པ་ལ་ཁྱོད་ལྟ་བུ་མི་འདུག་ཅིང༌། རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་མཆོད་བརྗོད་འདི་ཤིན་ཏུ་གོ་དཀའ་བ་འདུག་པས་འགྲེལ་པ་ཞིག་གྱིས་ཞེས་བཀའ་ཕེབས་པ་སོགས་ཐུགས་ཉེ་ཞིང༌། མཐོང་གཟོས་ཚད་མེད་པ་གནང་ཚུལ་དེ་སྐབས་གནས་པ་ཐམས་ཅད་ཀྱིས་མཐུན་སྣང་དུ་གྲུབ་པས་འདྲ་བའི་ནང་ན་མི་འདྲ་བའི་དཔེར་སོང༌། དེའི་དབང་གིས་


GTD004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་གྱི་འགྱིང་བག་དང་ལྡན་པའི་རྩེ་དྲུང་མཐོ་དམན་ཐམས་ཅད་ཀྱིས་ཀྱང་ལུང་བསྟན་དང་སྐྱབས་འཇུག་ཞུས་ཏེ་ཞབས་སྤྱི་བོར་བླངས། གཞན་གྱི་བླ་དཔོན་ཆེ་བར་རློམ་པ་ཚོ་ཡང་ཉིན་མང་པོར་སྒུགས་སྡོད་བྱེད་དགོས་ཀྱང་རྗེ་འདིའི་གྲྭ་རིགས་སུ་གཏོགས་པ་རྣམས་བཀའ་ཆོས་དང་ཕྱག་དབང་སོགས་ལ་བཀག་འགོག་གཏན་མེད་པ་བྱུང་སྟེ་འདི་ཙམ་ཡང་གྲྭ་སློབ་རྣམས་ཀྱིས་བརྗོད་པར་དཀའ་བའི་བཀའ་དྲིན་གྱི་ཁུར་ཞིག་ཏུ་སྣང༌། པཎ་ཆེན་རིན་པོ་ཆེའི་མཛོད་ནས་ཆོས་སྡེ་འདི་ཉིད་གཙོར་གྱུར་གྱི་དགོན་ལག་ཏུ་ཁས་འཆེ་བ་བཞི་སྡེ་ཚུན་ཆད་ལ་མང་འགྱེད་ཀྱི་གསོལ་རས་འཚེམ་མེད་དུ་སྩལ། ལྐོག་ཏུ་བོད་པ་བཞི་ལ་ལྷ་ཐོར་བཏབ་པས་འགྲོ་འདུག་མ་ཆག་པ་ལྟ་བུའི་ངང་ནས་ལེགས་པར་ཐར། དེའི་གནས་ཚུལ་པཎ་ཆེན་མཆོག་ལ་སྙན་འབུལ་ཞུས་པས་ཤིན་ཏུ་མཉེས་ནས་འོ་ན་གཞན་ཁ་ཤས་ལ་བཏབ་ན་གསུངས་པ་བཞིན། ཕྱི་ལོགས་ཤིག་ཏུ་རྩེ་དྲུང་ཕྱེད་ཉིས་བརྒྱ་སྐོར་ལ་བཏབ་པས་ཐམས་ཅད་ཀྱང་བདེ་བར་ཐར། རྗེ་ཉིད་དང་དཔོན་ངག་དབང་ཝང་ཐུན་མོང་ནས་པཎ་ཆེན་ཐམས་ཅད་མཁྱེན་པར་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་གྱི་སྙན་གསན་ཕུལ་བར་ཕྱིར་ལམ་ཕེབས་རྒྱུའི་ཞལ་བཞེས་མཛད། ཐུའུ་བཀྭན་རིན་པོ་ཆེའི་ཕྱག་མཛོད་དུས་ཆོས་སུ་གྱུར་པའི་དོན་དུ་གདན་དྲངས་པ་ལྟར་དགོན་ལུང་དུ་བྱོན་ནས་ཞག་གསུམ་བཞུགས་ཏེ་བསྔོ་སྨོན་གྱིས་མཚམས་སྦྱོར་གནང༌། མཚོ་སྔོན་ནས་དཀོན་མཆོག་ཝང་གཤེགས་པའི་དགོངས་རྫོགས་ཀྱི་ཆེད་དུ་གདན་དྲངས་པར་ཆིབས་བསྐྱོད་དེ་ཁྲུས་ཆོག་དང་


GTD004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་བསྔོ་སོགས་སྤྱན་དམིགས་གང་གཟབ་བཀའ་དྲིན་བསྐྱངས་པར་རྡོ་རྗེ་ཝང་ནས་ཀྱང་དངོས་འབུལ་ཤིན་ཏུ་སྤམ་མཐོ་བ་བཏེག །དེ་ནས་སླར་སྐུ་འབུམ་དུ་ཕེབས་ནས་ཧོར་ཟླ་བཅུ་གཉིས་པའི་བཅུ་གསུམ་གྱི་ཉིན་པཎ་ཆེན་ཐམས་ཅད་མཁྱེན་པ་ཚོམས་ཆེན་དུ་གདན་དྲངས་ཏེ་ཟས་སྣ་མི་འདྲ་བ་ལྔ་བརྒྱ་ཙམ་གྱི་གསོལ་སྟོན་ཤིན་ཏུ་རྒྱས་པའི་ཐོག །འབུལ་ཆེན་དངོས་གཞི་སླར་བཀྲ་ཤིས་འཁྱིལ་དུ་འབུལ་རྩིས་ཀྱིས། ད་ལན་རྟེན་འབྲེལ་མཚོན་བྱེད་ཙམ་ལ། ནང་མཛོད་ཁ་བཏགས། དངུལ་གྱི་མཎྜལ། སྐུ་གསུང་ཐུགས་རྟེན། ན་བཟའ་ཉེར་སྤྱད། དངུལ་སྲང་སྟོང༌། གོས་ཆེན་ཡུག་བཅུ། མོའུ་བང་བཅུ། གཅན་གཟན་གྱི་པགས་རིགས་དང༌། ལིང༌། ཧོར་དར་རས་ཆ་སོགས་དངོས་གཙང་བ་ཕུལ། དེར་ལིའུ་ཨམ་བན། བྷོ་ཨམ་བན། ཟི་ལིང་ཨམ་བན་གསུམ་ནས་ཁྱེད་གོང་མས་མཁྱེན་པའི་ཧུ་ཐོག་ཐུ་ཡིན་ཞིང་སྐུ་ཚེགས་ལ་མ་ལྟོས་པར་ཐག་རིང་པོར་པཎ་ཆེན་རིན་པོ་ཆེའི་ཆིབས་བསུ་དང༌། ད་ལན་སྟོན་མོ་ཡང་ཐམས་ཅད་ལས་ཁྱད་དུ་འཕགས་པ་གནང་བ་འདི་གོང་མའི་གསེར་སྙན་དུ་ཞུ་དགོས་པས་སོང་ཐོ་ཞིབ་ཏུ་དགོས་ཚུལ་ཞུས་པ་ལྟར་གནང༌། རྒྱ་དཔོན་ཆེ་ཆུང་ཐམས་ཅད་མཇལ་བར་འོངས་ཏེ་གུས་འདུད་ལྷུར་བླངས་ཤིང་ཟི་ལིང་ཤཱན་ཐེས་ཀྱིས་གོང་མའི་མཛོད་ནས་རྩྭ་ཤིང་དང༌། རྡོ་སོལ་ཤིང་རྟ་བཅུ་གཅིག་ཙམ་གྱི་ཕོགས་ཀྱང་ཕུལ། ལོ་གསར་སྐབས་འདི་ཀའི་གདན་སར་ཕེབས་འདུན་ཡོད་ཀྱང་པཎ་ཆེན་མཆོག་ནས་དེར་ལོ་གསར་ལྷན་དུ་གནང་དགོས་ཀྱི་བཀའ་ཕེབས་པ་ལྟར་དགུང་ལོ་ང་གསུམ་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་གནམ་


GTD004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གསར་ཚེས་ཀྱི་དགའ་སྟོན་པཎ་ཆེན་ཐམས་ཅད་མཁྱེན་པ་དང་མཉམ་དུ་མཛད། དེ་ནས་ཐོན་ཕྱག་ཞུས་ཏེ་ཚེས་དྲུག་ལ་ཆིབས་ཁ་བསྒྱུར་ནས་བཅུ་གཉིས་ལ་གདན་སར་བབས། གསུང་ཆོས་སྔར་རྒྱུན་ལྟར་དང་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབས། གཙང་སྤྲུལ་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སྐྱེལ་མི་འབྱོར་པར་ཐུགས་ཀྱི་དགོངས་པ་རྫོགས་པའི་སྤྱན་དམིགས་མཛད། དུས་འཁོར་སློབ་ཟུར་རབ་བརྟན་རྒྱ་མཚོ་སུ་ཉིད་གཡས་རུའི་ལས་སྐྱབས་ཐེ་ཇིའི་བླ་མར་མངགས་པ་ཕྱིར་འབྱོར་བས་བཅོ་ལྔའི་ཉིན་རྗེ་ཉིད་ཚོགས་དབུས་སུ་གདན་དྲངས་ཏེ། ན་བཟའ་ཉེར་སྤྱད། དངུལ་སྲང་ལྔ་བརྒྱ། གོས་དར་སོགས་འབུལ་བ་གྱ་ནོམ་པ་དང༌། ཚོགས་པ་ཉིས་སྟོང་བརྒལ་བར་དངུལ་སྲང་འགྱེད་བཅས་ཕུལ། དེའི་སྡེབས་སུ་འདི་ཀའི་གྲྭ་རིགས་ཆབ་རིལ་བློ་བཟང་ཕུན་ཚོགས་ཀྱིས་དངུལ་སྲང་ཉིས་བརྒྱ། གོས་ཁ་ཤས་སོགས་དངོས་འབུལ་བཏེག །ཨབ་ཀྲོང་བུ་རྒྱུད་ཀྱི་སྨོན་ལམ་སྦྱིན་བདག་རྣམས་ནས་ཀྱང་ཡུལ་བསྟུན་གྱི་འབུལ་སྐྱེས་གཟེངས་བསྟོད། ཨ་མཆོག་ལམ་རིམ་གྲྭ་ཚང་གི་དཔོན་སློབ་རྔ་རྒོད་སྐུ་སྐྱེ་ནམ་མཁའ་སེང་གེ་ཞི་བར་གཤེགས་པའི་དོན་དུ་སྤྱན་དྲངས་པར་མཆོག་ཁྲུས་སོགས་ཀྱི་སྤྱན་དམིགས་གནད་སྨིན་བཀའ་དྲིན་བསྐྱངས། དཔྱིད་ཆོས་ཆེན་མོའི་སྟེང་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞབས་བརྟན་ལ་བླ་མ་ཁྲི་གདན་ཟུར་ཚུན་ཆད་གཅིག་ཀྱང་མ་ལུས་པར་ཕེབས་དགོས་ཀྱི་བཀོད་ཁྱབ་གནང་བ་ལྟར་ཉིན་མང་པོའི་བར་དུ་བསྒྲུབས། ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ་


GTD004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་ནམ་མཁའ་ཐོས་བསམ་གླིང་གི་ཆོས་གྲྭར་གསར་དུ་ཞུགས་པ་ལ་དཀར་སྤྲོ་དང་ལེགས་སྐྱེས་ཀྱི་གནང་ཆ་སྩལ། དུས་འཁོར་སློབ་ཟུར་གྱི་ཚབ་ཏུ་ལུང་ནག་སྨན་པར་བཀའ་ཤོག་དང་ཆོས་རྗེའི་ཆོ་ལོ་གནང་སྟེ་སུ་ཉིད་གཡས་རུའི་བླ་མར་རྫོངས་སྟ་མཛད། གསུམ་པའི་ཚེས་ལ་སྐུ་འབུམ་དུ་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པར་མཇལ། དེའི་ཚེ་པཎ་ཆེན་མཆོག་ནས་མཛོད་བཏགས་གཅིག་ཕྱག་ཏུ་བསྣམས་ཏེ། འདི་རྒྱལ་དབང་རིན་པོ་ཆེ་ནས་ངེད་ལ་ལོ་གསར་གྱི་མཚམས་རྟགས་སུ་བསྐུར་བའི་ཁ་བཏགས་ཡིན། སྔར་ཡང་དྲུང་འཁོར་མང་པོ་ལྷ་འབྲུམ་གྱིས་ཐར་བར་མཛད་པ་བཀའ་དྲིན་ཆེ། ད་དུང་ཡང་ཐུགས་ལ་འཇོག་དགོས་ཞེས་རྗེ་འདི་ལ་གནང་བ་ནི་རྟེན་འབྲེལ་དང་དགོས་པ་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། སྟག་འཚེར་ཚང་གི་གཟིམས་ཁང་དུ་གདན་དྲངས་ཏེ་ཁོང་དང་ཁམས་སྟོང་སྐོར་སྤྲུལ་བའི་སྐུ་དགེ་བཤེས་མང་པོ་དང་བཅས་པ་ལ་བདེ་མཆོག་སྔགས་བཏུའི་རྗེས་གནང་སྩལ། ལན་ཇུས་ཙོང་འདུ་ཡང་ཞིང་ས་གཅིག་གི་རྒྱལ་པོ་ལྟ་བུ་ཡིན་ཀྱང་རྗེ་ཉིད་ཀྱི་དྲུང་དུ་མཇལ་བར་འོངས་ཏེ་བཀུར་གཟོས་ཕུལ་དུ་ཕྱིན་པ་ཞུས། ཧྭ་ཤང་མང་པོ་ཞིག་གིས་པཎ་ཆེན་རིན་པོ་ཆེའི་ཕྱག་དབང་མ་ཐོབ་པར་ཡོད་པ་ཉིད་ཀྱིས་ཞུས་ནས་ཕྱག་དབང་དང་བདག་རྐྱེན་སྩལ་བས། དེ་རྣམས་ཀྱིས་ཀྱང་རྗེ་འདིའི་བཀའ་དྲིན་དུ་ཤེས་ནས་མཇལ་བར་འོང་བ་ལ་རང་ཚོ་གྱོན་པ་དང་སྐད་རིགས་མི་གཅིག་པ་མ་གཏོགས་སྟོན་པའི་རྗེས་འཇུག་ཡིན་པར་འདྲ་བས་པཎ་ཆེན་རིན་པོ་ཆེའི་ཞབས་བརྟན་ལ་འབད་དགོས་ཞེས་དགྱེས་པའི་གསུང་གིས་དབུགས་དབྱུང་བདོག་པའི་སྐྱེས་དང་བཅས་པ་གནང༌། འདི་དག་གི་སྔ་


GTD004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཅི་རིགས་པར་པཎ་ཆེན་མཆོག་གི་ཞབས་པད་ནས་ཟབ་རྒྱས་ཀྱི་ཆོས་བཀའ་ཡང་མང་དུ་གསན། སྐབས་ཤིག་པཎ་ཆེན་རིན་པོ་ཆེ་ནས་ཕྱག་མཛོད་ཆེན་མོ་དང༌། གསོལ་དཔོན་མཁན་པོ་གཉིས་ཀྱིས་གཙོས་ངེད་ཀྱི་ཟླ་བོ་རྣམས་འབྲུམ་པས་མ་ཐར་ཞིང་རྒྱལ་ཁབ་ཆེན་པོར་འགྲོ་བའི་དུས་གཏུགས་པས། ཇི་ལྟར་བྱེད་དགོས་ཞེས་བཀའ་འདྲི་གནང་བར། རྒྱ་ནག་ཕྱོགས་སུ་འབྲུམ་ནད་ཤིན་ཏུ་མོད་པས་ཐབས་མ་གནང་ན་ཉེན་ཆེ་ཚུལ་ཞུས་པ་ལ། འོ་ན་ཁྱེད་ཀྱིས་ཐུགས་ཁུར་མཛད་དགོས་གསུངས་པར་ཞལ་གྱིས་བཞེས། ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་འབུམ་ནས་ཆིབས་བསྒྱུར་བར་རྗེ་ཉིད་ཀྱང་ལྷ་འབྲུམ་འདེབས་རྒྱུའི་ཆེད་དང་ཕེབས་སྐྱེལ་སྦྲགས་ཏེ་བྱོན། སྔར་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་མདུན་ནས་དབང་དོན་དེ་ཉིད་ཡང་གསལ་གྱི་ལུང་གསན་ཚེ་སྐོར་གཅིག་ཆད་ཡོད་པ་པཎ་ཆེན་རིན་པོ་ཆེར་ཞུས་ཏེ་ཁ་བསབས། ཨ་ལག་ཤ་ཆིང་ཝང་བློ་བཟང་རྡོ་རྗེ་དང༌། བསོད་ནམས་རྡོ་རྗེ་ཝང་སོགས་ལམ་དུ་མཇལ་བར་འོངས་ཏེ་རྗེས་གནང་འགའ་ཞིག་ཞུས། དེའི་ཚེ་ལྷ་ཐོར་འདེབས་རྒྱུའི་དོན་སྐོར་པཎ་ཆེན་རིན་པོ་ཆེ་ནས་ཨམ་བན་རྣམས་ལ་གསུངས་པར། ཁོང་ཚོས། དེ་འདྲ་ཧ་ཅང་ངེད་ཚོས་བློས་མི་འཁྱུད། གོང་མ་ཆེན་པོའི་ལུགས་སྲོལ་ལ་ཡང་ལྷ་འབྲུམ་འདེབས་སྲིད་ཀྱང་ཕྲུ་གུ་ལོ་བཅུ་པ་མན་ཆད་ལ་འདེབས་པ་མ་གཏོགས། དེ་ལས་རྒན་པར་འདེབས་སྲོལ་མེད། ནམ་དུས་ཀྱང་ཤིང་རྩི་ཁ་འབུས་པའི་མཚམས་སུ་འདེབས་དགོས་པ་ཡིན། ད་ལམ་ལྷ་འབྲུམ་འདེབས་ཆེད་གཏོང་


GTD004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བ་གནང་རྒྱུའི་གྲས་གཙོ་ཆེར་དྲུང་པ་ཧུ་ཐོག་ཐུ་དགུང་ལོ་ལྔ་བཅུར་ཉེ་བ་དང༌། ཞབས་ཕྱི་གཞན་ཕལ་ཆེར་ཀྱང་སུམ་ཅུ་ནས་དྲུག་ཅུའི་བར་སླེབས་པ་ཤ་སྟག་བཅས་འདི་འདྲ་ལ་གཏན་ནས་འདེབས་མི་རུང་ཞུས་ཏེ་འཐེན་ཁྱེར་བྱུང་ཡང༌། རྗེ་ཉིད་ནས་དེ་འདྲར་ཐུགས་དོགས་གཏན་གནང་མི་དགོས་ཚུལ་རྗེན་པར་ཞུས། འདེབས་པའི་གནས་ཀྱང་ཨ་ལག་ཤ་དགོན་པ་ས་དམའ་ཞིང་དྲོ་ཁོད་སྙོམས་པས་དེར་བྱས་ན་ལེགས་ཚུལ་སྙན་སྒྲོན་ཕུལ། དོན་སྐོར་འདི་འཇམ་དབྱངས་གོང་མ་རྒྱལ་པོ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་གཉིས་ཀའི་སྐུ་དོན་དུ་སོང་བས་རྩ་བ་ཆེ་ཞིང་ལེགས་ཉེས་ཀྱི་ཁག་འགེལ་མཁན་མང་བར་མ་ཟད། མི་ཡང་རེ་རེ་ཙམ་མ་ཡིན་པར་བརྒྱ་ཕྲག་མང་པོའི་སྲོག་གི་ཁག་ཐེག་དགོས་པ་དེ་ལྟ་བུའི་གནས་ལའང་དོགས་པ་ཙམ་ཡང་མེད་པར་འཇུག་པ་ནི་དུས་གསུམ་རྗེན་པར་གཟིགས་ཤིང་བརྟན་གཡོ་མཐའ་དག་ལ་བཞེད་དགུར་དབང་མཛད་པའི་འབྲས་རྟགས་ཡིན་པས། དོན་ཆུང་ངུ་རེ་རེ་ཙམ་ལ་ཡང་ཕྱག་མོ་དགུ་སྐོར་བྱེད་མཁན་རྣམས་དང༌། གལ་ཆེ་སར་མངོན་ཤེས་ཀྱང་རྡུགས་ནས་འགྲོ་བ་དག་གིས་འགྲན་པར་བྱ་བའི་གནས་མ་ཡིན་ནོ། །སྐུ་འབུམ་ནས་སོག་པོའི་ས་མཚམས་བར་དུ་རླུང་འཚུབ་ཤིན་ཏུ་ཆེ་བས་ཨ་ལག་ཤ་ཝང་གི་ས་ཚིགས་སུ་ཕེབས་སྐབས་ཝང་ནས་རྗེ་འདི་ལ་རླུང་གནོན་ཞུས་པར་ཁྱོད་ཚོས་བཀྭན་ལྷ་ལ་རྒྱ་ལུགས་ཀྱི་གསོལ་མཆོད་གྱིས་དང་རླུང་གནོན་བྱས་ཆོག་གསུངས། དེ་ནས་བཟུང་སྟེ་པཎ་ཆེན་རིན་པོ་ཆེ་ཨོར་དུ་སུའི་ས་ཆར་ཕེབས་ཀྱི་བར་རླུང་བསེར་བུའི་རྒྱུ་བ་ཡང་མི་མངོན་པ་ལྟ་བུ་བྱུང༌། ཚེས་ཉེར་བརྒྱད་ལ་ཆོས་བཀའ་འགའ་ཞིག་དང་


GTD004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ཕྱག་ཞུས་ཏེ། རྗེ་ཉིད་ལྷ་ཐོར་འདེབས་ཆེད་དུ་སྔོན་ལ་ཕེབས། ཨ་ལག་ཤ་དགོན་པར་ཕྱག་མཛོད་ཆེན་མོ་དང༌། གསོལ་དཔོན་མཁན་པོ་གཉིས་ཀྱིས་གཙོས་རྩེ་དྲུང་དུ་མ་དང་སྔགས་པ་གྲྭ་ཚང་གི་གྲྭ་པ་བཅས་ཁྱོན་ཉིས་བརྒྱ་བཞི་བཅུ་སྐོར་ལ་ལྷ་ཐོར་བཏབ་པས་གཅིག་ལ་ཡང་ཉེས་སྐྱོན་མེད་པར་ཐམས་ཅད་བདེ་བར་ཐར། འདི་སྐབས་སུ་ཡིག་འཕྲིན་ཕར་འགྲོ་ཚུར་འགྲོ་ཤིན་ཏུ་མང་བས་ཞུ་ཤོག་ཕུལ་བ་དང་གསུང་ཤོག་གནང་བ་རྣམས་ཀྱི་ཁྲོད་ན་ཐུགས་ནང་ཤིན་ཏུ་ཉེ་བའི་ཉམས་མཚར་གྱི་གསུང་ཆེས་ཡ་མཚན་པ་མང་དུ་ཡོད་ཀྱང་འགའ་ཞིག་ནི་ཁྱབ་གདལ་དུ་སྒྲོགས་པར་མ་སྤོབས་པས། ཐུན་མོང་བ་རེ་གཉིས་ཙམ་སྨོས་ན། འདི་ལྟར། ཀ་ལཱ་པ་ཡི་འཇམ་དབྱངས་གྲགས་པ་དེ། །ཁ་བ་ཅན་འདིར་དཔལ་ལྡན་ཡེ་ཤེས་ཞབས། །ག་བུར་ལྟ་བུར་གྲགས་པའི་བ་དན་ཅན། །ང་ཡི་འདྲེན་མཆོག་དམ་པར་མཆིད་འདི་ཞུ། །ཅ་རེ་དུས་ཀུན་ལས་དོན་ལ་འབད་པའི། །ཆ་ལུགས་མཛེས་པའི་དྲུང་འཁོར་འདི་རྣམས་ནི། །ཇ་ཐུག་འཐུང་བཞིན་ལྷ་འབྲུམ་ལས་ཐར་ཏེ། །ཉ་རྒྱས་ཟླ་ལྟར་ཀུན་དགའི་འཛུམ་དཀར་འགྱེད། །ཏ་ཐཱ་ག་ཏ་ཁྱོད་ཀྱི་ཐུགས་རྗེ་དང༌། །ཐ་མལ་རྨོངས་བདག་དད་པའི་རྟེན་འབྲེལ་ལས། །ད་ལྟ་ཚང་མ་ཁམས་བདེར་གྱུར་པ་ཡིས། །ན་བུན་བཞིན་དུ་སེམས་ནི་དགའ་བདེས་གཏིབས། །པ་སངས་ལྟ་བུར་མངོན་གསལ་བླ་ཆེན་ནི། །ཕ་མཐའ་མེད་ཀྱང་གཡོ་དང་སྒྱུ་མེད་པར། །བ་ལང་རྫི་བཞིན་བླུན་པོའི་ངང་ཚུལ་གྱིས། །མ་དག་འགྲོ་འདྲེན་ཁྱོད་གསུང་སྒྲུབ་པ་དཀོན། །


GTD004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཏུར་དཔུང་ཚོགས་ལྡན་པས་སྤྱན་དྲངས་ཏེ། །ཚ་གྲང་ཁྱད་བསད་ཕྱོགས་འདིར་བྱོན་པའི་སྐབས། །ཛ་ལང་རྒྱས་པའི་རི་དྭགས་དབང་པོ་བཞིན། །ཝ་སྐྱེས་རྣམས་ལ་དོགས་པ་མེད་པར་འཚལ། །ཞྭ་ཡི་རྩེ་མོར་ཏོག་གིས་རབ་མཛེས་ཤིང༌། །ཟ་མའི་ཁྱད་པར་སྣ་ཚོགས་ལ་དགའ་བའི། །འ་ལི་ཧ་སོགས་མི་དཔོན་ཆེ་ཆུང་རྣམས། །ཡ་མཚན་འཕྲུལ་གྱིས་རྗེས་སུ་བཟུང་ཡང་འཚལ། །ར་མ་སྤྱང་ཀིར་འཕྲད་བཞིན་བསྟན་པའི་དགྲ། །ལ་ལུང་གར་གནས་ཚར་གཅོད་དཔའ་རྩལ་ཅན། །ཤ་ཟན་སོག་པོའི་དཔོན་པོ་མ་ལུས་པ། །ས་ནི་དང་པོ་ཐོབ་བཞིན་དགའ་བར་མཛོད། །ཧ་ས་བཛྲ་དད་པའི་མཁའ་དབྱིངས་སུ། །ཨ་མི་ཏ་བྷའི་ཐུགས་རྗེའི་ཉི་མ་ཤར། །ཕན་དང་བདེ་བའི་པད་དཀར་འཛུམ་ཕྲེང་རྒོད། །དགའ་སྤྲོའི་རྐང་དྲུག་གླུ་དབྱངས་སྲིད་རྩེར་སྒྲོགས། །ཞེས་དང༌། ཡང་ལན་གཅིག་ཕུལ་བའི་ཞུ་ཤོག་གི་བར་སྐབས་ཀྱི་ཚིགས་བཅད་ལས། གང་གི་བཀའ་ལུང་བསྒྲུབ་པར་ཆེས་དཀའ་བ། །གླང་ཆེན་ངལ་བའི་ཁུར་དེ་ཉམ་ཆུང་གི །སྙིང་སྟོབས་བྱི་བས་འདེགས་པར་རྩོམ་པ་ན། །ཕལ་ཆེར་ཐེ་ཚོམ་ལ་ལས་ཁྲེལ་བགད་གྱེད། །འོན་ཀྱང་མགོན་ཁྱོད་སྤྱི་བོའི་གཙུག་བསྒོམས་ཤིང༌། །ལྷ་དང་སྲུང་མར་སྙིང་ནས་གསོལ་བཏབ་ན། །དོན་འདི་འགྲུབ་པར་འགྱུར་སྙམ་འབད་པ་ལས། །ཇི་བཞིན་འགྲུབ་པས་ཡིད་ཆེས་ལྷག་པར་འཕེལ། །དྲེགས་ལྡན་ཉི་མས་འབྱེད་པར་མི་ནུས་པའི། །རྗེ་བཙུན་ཐུགས་དགོངས་བ་ཀུ་ལ་ཡི་ཚལ། །བསམ་སྦྱོར་སྒེག་མོའི་འགྲམ་ཆང་གིས་ཕྱེ་བ། །འདི་ཀོ་ཇི་ལྟར་ཡིན་སྙམ་དཔྱང་ཐག་འཛིན། །ཞེས་སོགས་ཤིན་ཏུ་མང་ཞིང༌། དེ་དག་གི་དོན་བསྡུས་ན་འདི་སྐད་ཅེས་བྱ་


GTD004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ས་སྟེང་བུ་སློབ་འགྲོ་བའི་རིགས་བརྒྱ་ལས། །གདེངས་ཅན་བདག་པོའི་མཆོད་ཡོན་སྙེ་མ་ནི། །སྣང་བ་མཐའ་ཡས་འོད་ཀྱི་ཀུན་གསལ་མར། །ཐུགས་རྗེ་ཆུ་འཛིན་རོལ་པའི་སྙིང་པོར་འབེབས། །སྔོ་བསངས་མཁའ་ཡི་བུ་མོ་སྨིན་ལེགས་མ། །རྒྱུ་སྐར་བྱེ་བའི་དོ་ཤལ་ཁུར་གྱིས་ཅི། །ཉིན་བྱེད་གསེར་གྱི་རྣ་ལུང་འབར་བའི་འོད། །གཅིག་པུ་འགྲོ་བའི་འདྲེན་བྱེད་ཡུལ་མིན་ནམ། །ཞེས་མགྲིན་པ་གསང་སྟེ་སྨྲའོ། །པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནས་ཀྱང་དགྱེས་ཚོར་ཚད་མེད་པའི་བཀའ་ལན་གནང་བ་ནི། ལུང་རིགས་ཁྱོན་ལ་མཁས་པའི་རིན་ཆེན་གྱི། །རྒྱན་མང་རབ་བཀྲ་བསླབ་གསུམ་མཚན་དཔེ་རྫོགས། །ཇི་ལྟ་ཇི་སྙེད་གནས་ལུགས་ཡོངས་གྲུབ་པའི། །རབ་ཏུ་བཞད་པའི་འཇམ་དཔལ་རྡོ་རྗེའི་དྲུང༌། །མདོ་སྔགས་གཞུང་ལ་ངལ་བ་མང་བརྟེན་ཅིང༌། །ཚིག་དོན་ཁུར་གྱི་རྣམ་པ་ལྕི་ན་ཡང༌། །ཀུན་གཞི་ཉལ་འགྲོའི་རྡོ་བ་དང་མཚུངས་པའི། །དགེ་སྦྱོང་ཞིག་གིས་རིང་ནས་མཆིད་འདི་གསོལ། །ཁྱོད་སྔོན་དཔག་མེད་བསྐལ་པའི་སྔ་རོལ་ནས། །འགྲོ་འདིའི་སྡུག་བསྔལ་བདག་གིས་བསལ་བྱ་ཞེས། །སྲ་བརྟན་ལྷུན་པོ་ལྟ་བུའི་དམ་བཅའ་གང༌། །མཛད་ཅེས་ཐོས་པ་དེང་འདིར་བདེན་པར་འཁུམས། །ཟླ་བའི་མ་མ་ལས་འོང་མཁའ་ཡི་གླང༌། །དབང་སྔོན་དང་མཚུངས་ཆུ་ཡི་ཁུར་ལྕི་བས། །གླལ་དང་ལྷན་ཅིག་བདུད་རྩིའི་ཆུ་རྒྱུན་གྱིས། །འོད་ཟེར་བརྒྱ་པས་གདུངས་པའི་རྩྭ་གཞོན་བཞིན། །བདག་གི་ཡིད་ལ་ཐེ་ཚོམ་སྣ་ཚོགས་ཀྱིས། །གདུང་བྱེད་རབ་ཏུ་འབར་བར་གྱུར་པ་ལས། །རབ་བསིལ་གཟེགས་མ་


GTD004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་བསིལ་སྦྱིན་འདིའི། །དཔེར་འོས་རབ་ཏུ་དགའ་བའི་ས་ལས་ཅི། །ཞེས་སྙན་པར་སྨྲ་བའི་ཚིག་བརྗོད་ནས། རྗེ་དམ་པ་ཉིད་ནས་ངེད་ཀྱི་ཕུ་བོ་དང་ཉེ་གནས་གཉིས་ཀྱིས་མཚོན་ལུས་མ་ཚོས་པའི་མི་མང་པོ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་བསྐྱབས་ཏེ་མཧཱ་ཙི་ནའི་རྒྱལ་ཁམས་ཀྱི་གྲོང་དང་གྲོང་ཁྱེར་དང་ལྗོངས་གང་དུ་འགྲོ་ཡང་བག་ཡངས་སུ་སྤྱད་ཆོག་པའི་ཐབས་བླ་ན་མ་མཆིས་པའི་བྱ་བ་མཐར་ཕྱིན་པ་མཛད་པ་འདི་ནི། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བསྔགས་པའི་མེ་ཏོག་གིས་ཡང་དག་པར་མཆོད་ཅིང་བཀུར་བ་ཡིན་ན་བདག་ལྟ་བུས་ལན་བྱེ་བ་ཕྲག་བརྒྱར་བསྟོད་ཅིང་བསྔགས་པར་བྱེད་པ་ནི་ལྟ་སྨོས་ཀྱང་ཅི་དགོས། དམ་པ་ཉིད་ནས་ཕན་ཐོགས་ཇི་ལྟར་མཛད་པ་འདི་ཐམས་ཅད་བཀས་མངགས་པའི་ཨམ་བན་རྣམས་དང་གྲོས་བྱས་ཏེ། གོང་གི་སྙན་དུ་བ་ཡར་འབུལ་བར་ཐག་བཅད་ཡོད། ཉིད་དང་རང་རེ་སྔོན་ནས་ཆོས་དང་འཇིག་རྟེན་གཉིས་ཀའི་སྒོ་ནས་འབྲེལ་བ་ཟབ་པར་མ་ཟད། ད་ལམ་གྱི་ཕན་ཐོགས་ཇི་ལྟར་མཛད་ཚུལ་རྣམས་ཚེ་རབས་ཐམས་ཅད་དུ་རྨི་ལམ་ན་ཡང་མི་བརྗེད་ཅིང་དྲིན་ལན་གཞལ་བར་བརྩོན་པར་བགྱིད་པ་ལགས། གཏང་རག་གི་ཐོ་ཡིག་འབུལ་རྒྱུ་རྣམས་སྔོན་ནས་དེ་ཀར་ཡོད་པ་དེའི་རྒྱུ་མཚན་གྱིས་ལག་བྲིས་མིག་སྟོན་མཛད་ནས་དེ་ཐོག་ནས་བཞེས་པར་ཞུ་ལགས། བསམ་དོན་ཐམས་ཅད་འགྲུབ་པ་ཡི། །བཀྲ་ཤིས་དགེ་མཚན་དེའི་འབྲས་བུར། །ཞྭ་སེར་རིང་ལུགས་དྲི་མ་མེད། །ཀུན་གསལ་ངོགས་དང་མཉམ་གྱུར་ཅིག །ཅེས་རྡོ་རྗེའི་གསུང་གིས་ཞལ་བཞེས་བླ་ན་མེད་པ་མཛད་ཅིང༌། བདག་རྐྱེན་དུ།


GTD004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཁེ་ཨ་ཆི་ཐུ་མཧཱ་ཤྲཱི་པཎྚི་ཏ་ཞེས་པའི་ཆོ་ལོ་དང་བཀའ་ཤོག །ནང་མཛོད་ཁ་བཏགས། གསེར་སྲང་གང༌། དངུལ་རྟ་རྨིག་མ་བཅུ་སོགས་ལེགས་སྐྱེས་ཀྱང་སྤམ་མཐོ་བ་གནང༌། ཨ་ལག་ཤ་དགོན་པར་བཞུགས་རིང་ལ་དྭགས་པོ་ཀུན་གྲོལ་ནོ་མིན་ཧན་གྱིས་ཞུས་ནས་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང༌། ངག་དབང་ཆོས་རྗེས་ཞུས་ངོར་གཙུག་ཏོར་རྣམ་རྒྱལ་གྱི་དབང་དང༌། རྗེ་ཉིད་ཀྱི་བཀའ་རྩོམ་ཡི་དམ་སྒྲུབ་སྐོར་གྱི་ལུང༌། བཀའ་འགྱུར་བ་བླ་མས་ཞུས་ངོར་ཀླུ་དབང་རྒྱལ་པོ། ཛམ་ལྷ། སྒྲོལ་ལྗང་སོགས་ཀྱི་རྗེས་གནང་བཅོ་ལྔ་སྐོར་དང༌། གཙང་པ་བླ་མས་ཞུས་ཏེ་ལྕམ་སྲིང་སོགས་ཀྱི་རྗེས་གནང་འགའ་ཞིག་བཅས་རང་རང་གི་འདོད་མོས་བཞིན་དུ་དམ་པའི་ཆོས་ཀྱི་ཆར་ཕབ་ཅིང༌། ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མར་ཕྱག་དབང་སོགས་ཀྱི་རེ་བ་བསྐང༌། འཇིགས་མེད་པེའི་ལི་གློ་བུར་དུ་ནད་ཚབས་དྲག་པོ་ཞིག་གིས་ཟིན་ནས་སྒྲོལ་དཀར་གྱི་རྗེས་གནང་ཞིག་ཞུས་པར་རྩ་གཟིགས་ཏེ་ཁྱེད་ཀྱི་ནད་འདི་ཟས་དུག་ཡིན་པ་འདྲ་གསུངས། གང་ཡིན་ཀྱང་འདི་ལས་གྲོལ་ཐབས་རྗེ་ཉིད་མ་གཏོགས་རེ་ས་གཞན་མེད་པས་ཐུགས་རྗེས་གཟིགས་དགོས་ཞེས་སྙིང་ཐག་པ་ནས་བློ་བཀལ་བ་ལ་རིལ་བུ་དང་བུམ་ཆུ་གནང་བས་ཇེ་བདེར་སོང༌། ཨ་ལག་ཤ་དགོན་དུ་འོངས་ནས་ཞག་བདུན་སོང་མཚམས་རིན་ཆེན་རིལ་བུ་རྒྱུད་ཀྱིས་བཤད་པ་ལྟར་བཏང་བས་ནད་ལས་གྲོལ་ཏེ་སྲོག་གསར་དུ་རྙེད་པ་ལྟ་བུའི་དགའ་སྤྲོ་དཔག་མེད་ཐོབ། དངུལ་སྲང་སུམ་བརྒྱ་དང་གོས་


GTD004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་སྣ་ལྔ་སོགས་གཏང་རག་གི་ཡོན་འབུལ་གྱ་ནོམ་པ་བསྟར། དེར་བཞུགས་སྐབས་ལན་གཅིག་མནལ་ལམ་དུ་ཁམས་བསངས་གནང་བར་འབུ་ནག་པོ་མང་པོ་ཐོན་པ་ཞིག་རྨིས་བྱུང་གསུངས་པ་ལ། གསོལ་དཔོན་བསྟན་པ་དར་རྒྱས་ཀྱིས་སྐུའི་བསྙུང་གཞི་ཞིག་ཐོན་པ་ཡིན་ནམ་ཞུས་པས། མི་མང་པོ་ལྷ་ནད་ལས་གྲོལ་བས་སྒྲིབ་པ་དག་པ་ཡིན་འདྲ་གསུངས་ཏེ། འདིས་ཀྱང་ཁེ་འདོད་གྲགས་འདོད་སོགས་ཀྱི་རང་དོན་ཡིད་བྱེད་དང་ཅུང་ཟད་ཙམ་ཡང་མ་འདྲེས་པར་གཞན་ཕན་ཁོ་ནར་གཞོལ་བའི་ལྷག་བསམ་ཁྱད་པར་ཅན་གྱི་ལག་རྗེས་སུ་མཚོན་པར་གདོན་མི་ཟའོ། །དེར་མ་ཟད་པཎ་ཆེན་རིན་པོ་ཆེའི་ཞལ་ནས་ཀྱང༌། ངེད་སྟོང་སྐོར་མཁར་ན་ཡོད་སྐབས་རྨི་ལམ་ལ། ལྕགས་ཀྱི་རྭ་བ་ཟླུམ་པོ་སྒོ་མེད་པ་ཞིག་གི་ནང་དུ་འགྲོ་ས་མ་རྙེད་པར་ཡོད་པའི་ཚེ་མི་ཞིག་གིས་འདིར་འཇམ་དབྱངས་བཞད་པ་ཚང་གིས་སྐས་བཙུགས་འདུག་ཟེར་བར་ཕྱིན་པ་ན་གསེར་གྱི་སྐས་ཤིག་འདུག་པས་དེར་འཛེགས་ནས་ཐོན་པ་རྨིས་གསུངས་པ་ཡང༌། སངས་རྒྱས་སྣང་བ་མཐའ་ཡས་ལ་བར་ཆད་བསལ་རྒྱུ་ག་ལ་མཆིས་ཀྱང༌། སྐུ་འཁོར་རྣམས་འཇིགས་པའི་གཡུལ་ངོ་ལས་བསྲུང་བ་འདིའི་ལྟས་ཡིན་ནམ་སྙམ། དེ་ནས་ལྔ་པའི་ཚེས་བཞི་ལ་ཨ་ལག་ཤ་དགོན་ནས་ཆིབས་ཁ་ཕྱིར་བསྐྱོད། ཀུན་གྲོལ་ནོ་མིན་ཧན་ནས་ཆིབས་སྐྱེལ་ཞུས། བོ་རོལ་གྱི་ས་ཆར་དགོན་རྙིང་གི་ཤུལ་གཟིགས་ནས་འདི་ས་དཔྱད་བཟང་བས་སླར་དགོན་པ་ཐོབས་གསུངས་པ་ལ་ཁོང་གིས་ཀྱང་ཕྱིས་སུ་བཀའ་བཞིན་བསྒྲུབས། ཨ་ལག་ཤ་ཝང་གིས་རྟ་དགུ་དང༌། གོས་གསུམ་སོགས་དངོས་འབུལ་དང༌། ཟི་ལིང་བར་གྱི་འུ་ལག་ཕུལ། ཡེ་ཁེ་ཐོང་གེའི་


GTD004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སར་བསྒྲུབ་བྱ་ཁ་ཤས་བསྙེན་པར་རྫོགས། སྟག་ལུང་དགོན་པའི་ཉེ་ཆར་དེ་ཀའི་བླ་མ་དགེ་བཤེས་མང་པོ་དང༌། རྩེས་ཐང་མཁན་པོ་དགེ་བཤེས་བློ་བཟང་བསོད་ནམས་ཀྱིས་ད་ལམ་སྐུ་ཞབས་པཎ་ཆེན་རིན་པོ་ཆེའི་སྐུ་དོན་བསྒྲུབས་པ་འདི་བསྟན་པ་སྤྱི་སྒེར་གྱི་ལ་རྒྱར་ཕན་པ་རྒྱ་ཆེན་པོ་བྱུང་བས་བཀའ་དྲིན་ཆེ་ཞེས་མཛོད་བཏགས་ཞིག་ཕུལ་ཏེ་སྐྱབས་འཇུག་ཀྱང་ཞུས། སྐུ་འབུམ་དུ་ཕེབས་པ་ལ་དགེ་འདུན་རྣམས་ནས་སེར་སྦྲེང་གིས་བསུས་ཏེ་གཟིམས་ཁང་དུ་ཕྱག་ཕེབས་པ་དང༌། སྐུ་འབུམ་མཁན་པོའི་ཞལ་སྔ་ནས་དང་ལས་སྣེ་སོགས་ཀྱིས་དགའ་དར་ཕུལ། མཁན་པོས་ཞུས་ངོར་སླར་པཎ་ཆེན་རིན་པོ་ཆེར་འབུལ་རྒྱུའི་མཎྜལ་གྱི་བཤད་པ་ཞིག་ལྗགས་རྩོམ་མཛད། དེ་ནས་རོང་པོ་མར་ནང་དགོན་པར་ཕེབས། ཚོ་ལྔའི་སྡེ་གཉིས་མ་འཆམ་པར་སོ་སོས་རྒྱབ་རྩ་བཙལ་ནས་འཁྲུགས་ཟིང་ཆེ་བར་ཡོད་པ་བསྡུམས་པར་མཛད། གྲོང་པའི་སྐྱེ་བོ་ཕོ་མོ་བརྒྱ་ཕྲག་མང་པོར་བསྙེན་གནས་ཀྱི་སྡོམ་པ་སྩལ་ཅིང༌། དྲུག་པའི་ཚེས་ལ་གདན་སར་བབས། ཚོགས་ཆེན་ཁྲི་རིན་པོ་ཆེར་གང་ཅིའི་གནས་ཚུལ་ནང་སྦྱར་གྱིས་གསུངས་པས། འོ་ན་བབས་རྒྱུན་འདི་ཐམས་ཅད་གྲྭ་མང་ལ་ཡང་ཁྲོམ་བསྒྲགས་སུ་བཀས་གནང་བ་ཞིག་ཅིས་ཀྱང་ཐུགས་རྗེས་གཟིགས་དགོས་ཞེས་ནན་གྱིས་ཞུས་པར་བརྟེན། སྤྱི་སོས་སྟོན་ཆེན་ཕུལ་བའི་ཐོག །སྐྱབས་མགོན་ཉིད་པཎ་ཆེན་རིན་པོ་ཆེའི་ཆིབས་བསུར་ཕེབས་ཚུལ་གྱིས་མཚོན་པའི་དོན་སྐོར་རགས་རིམ་དང༌། ཁྱད་པར་ཞབས་སྡོད་རྣམས་ལ་ལྷ་འབྲུམ་འདེབས་རྒྱུ་སོགས་ཀྱི་ཞབས་ཕྱི་ཧུར་ཐག་ཞུས་པ་དཀོན་


GTD004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ཐུགས་རྗེ་དང༌། དད་པ་དམ་ཚིག་གཙང་བའི་སྟབས་ཀྱིས་བསམ་པ་ལྟར་འགྲུབ་པ་བྱུང༌། ཡིན་ཀྱང་ཁེ་འདོད་གྲགས་འདོད་གཏན་ནས་མེད་པས་བཀའ་ཤོག་སོགས་ཀྱི་གཟེངས་བསྟོད་འདི་སྔོན་ཆད་སུ་ལ་ཡང་མ་བསྒྲགས། ད་ལན་ཁྲི་པ་ཚང་ནས་ནན་ཆེས་པའི་ངོ་མ་ཆོག་པར་ཁྱེད་རྣམས་ལ་བཤད་པ་ཡིན་གསུངས་ཏེ། བཀའ་ཤོག་དང་གོང་གི་ཆབ་ཤོག་དེ་ཡང་ཀློག་ཏུ་བཅུག །ཁྲི་རིན་པོ་ཆེ་ནས་ཀྱང་ཕྱག་གསུམ་ཕུལ་ཏེ། སྐྱབས་མགོན་མཆོག་གིས་ཕྲན་ལ་ཐུགས་བརྩེ་བ་ཆེན་པོས་མནལ་ལམ་ཡ་མཚན་པ་སོགས་སྐུ་ན་ཕྲ་མོའི་དུས་ནས་མང་དུ་གསུངས་པ་ཡོད་ཀྱང་བཀའ་རྒྱ་མ་ཁྲོལ་བས་སྔོན་ཆད་སུ་ལ་ཡང་མ་བཤད། དེ་རིང་ནང་ནས་གཅིག་ཙམ་གླེང་ཆོག་པ་ཐུགས་རྗེས་གཟིགས་དགོས། དེ་ཡང་སྔོན་ལན་གཅིག་རྗེ་ཉིད་ནས་མནལ་ལམ་དུ། ལུས་གསེར་ལས་གྲུབ་པའི་འབྲུག་ཅིག་ནམ་མཁའ་ནས་བབས་པའི་སྟེང་དུ་གདན་ཁྲི་ཕུན་སུམ་ཚོགས་པ་ཞིག་བཤམས་ཏེ། དེའི་སྟེང་དུ་རྗེ་ཉིད་བཞུགས་ནས་འབྲུག་གྲག་བཞིན་དུ་ནམ་མཁར་བྱོན་པ་ཞིག་རྨིས་གསུངས་པ་དེ་གའི་ཐོག་ཏུ་བབས་པར་སྣང་བས་སྔོན་གྱི་མཛད་པ་དེ་དག་ལ་རྗེས་སུ་ཡི་རངས་ཤིང༌། སླན་ཆད་ཀྱང་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་ནས་མཛད་པ་ངོ་མཚར་བསམ་གྱིས་མི་ཁྱབ་པ་དུ་མ་སྟོན་དགོས་ཞེས་གསོལ་བ་འདེབས་པ་དང་སྦྲགས་ཏེ། མཛོད་བཏགས་དྲི་མ་མེད་པ་ཞིག་ཕུལ་ཞིང༌། དེའི་མཇུག་ཏུ་དཔོན་སློབ་ཚང་མས་མཇལ་དར་རིམ་བཞིན་ཕུལ། ཁམས་སྟོང་སྐོར་སྤྲུལ་བའི་སྐུ་ཕེབས་པར་བཞེད་པ་བཞིན་འཁྲུལ་འཁོར་གྱི་ལུང་སོགས་ཆོས་བཀའ་མང་དུ་སྩལ། དོན་གཉེར་ཅན་ཁ་ཤས་ལ་བླ་མ་མཆོད་


GTD004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྲིད་ཅིག་ཀྱང་བཀའ་དྲིན་བསྐྱངས། ལ་ཁ་ཧུ་ཐོག་ཐུ་སྐུ་ཁམས་ཤིན་ཏུ་བསྙེལ་བའི་དོན་དུ་གདན་དྲངས་པར་ཕེབས་ཏེ་ལྷོ་སྒོ་གནང་ཞིང་སྤྲུལ་སྐུ་གསལ་དྭངས་མྱུར་དུ་ཕེབས་པའི་བསྐུལ་མ་མཛད། དེའི་ལམ་ཁར་ཤོ་བེ་ཧ་ཐོན་དུས་ཆོས་སུ་གྱུར་པའི་སར་གདན་དྲངས་ནས་མི་ཁྱིམ་བཅུ་སོགས་དངོས་འབུལ་བསྟར་བར་གཤིན་པོ་རྗེས་འཛིན་གྱི་དམིགས་པས་མཚམས་སྦྱོར་གནང་སྟེ་བར་དོའི་འཕྲང་ལས་བསྒྲལ། སླར་བྱོན་ཏེ་གྲུབ་པའི་གནས་མཆོག་དབེན་གནས་ཐར་པ་རྩེར་བཅད་རྒྱ་རྒྱུན་རིང་གནང༌། རོང་པོ་མར་ནང་ནས་ནང་སོ་དང་དགོན་པའི་ཆེ་བགྲེས་ཐམས་ཅད་འདོད་མཐུན་གྱིས་དགོན་པ་ཕུལ་ཏེ་བླ་མ་ཞིག་དགོས་ཚུལ་སྔར་ལན་གཉིས་ཞུས་ཀྱང་ཞལ་གྱིས་མ་བཞེས་པར་ཡང་བསྐྱར་ཨུ་ཚུགས་ནན་གྱིས་ཞུས་པས་དུས་འཁོར་སློབ་ཟུར་རབ་བརྟན་རྒྱ་མཚོ་བསྐོ་བཞག་དང་རྫོངས་སྟ་མཛད། དེ་ནས་གསེར་ཏོག་ནོ་མིན་ཧན་དང༌། ཕྱག་རྡོར་པེའི་སི་གཉིས་ཀྱིས་སྔར་གདན་འདྲེན་གྱི་ཞུ་བ་རིམ་པར་ཕུལ་བ་བཞིན་ཆིབས་བསྐྱོད་དེ་བཅུ་པའི་ཚེས་བཞི་ལ་གསེར་ཏོག་དགོན་དུ་བབས། དེའི་ཚེས་དྲུག་ནས་བཟུང་བཅུ་གཅིག་པའི་ཚེས་བཅུ་གཉིས་ཀྱི་བར་ནོ་མིན་ཧན་གྱི་གཙོས་གསེར་ཏོག་དགོན་གྱི་དཀའ་རབ་འབྱམས་ཐམས་ཅད་དང་དཔོན་ཡུམ་སྲས་སེའི་དོད་དམངས་དང་བཅས་པ་ལ་བདེ་གསང་འཇིགས་གསུམ། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག །ཀུན་རིག །རྣམ་འཇོམས། གདུགས་དཀར་ལྷ་མང༌། ཚེ་དཔག་ལྷ་དགུ །ཐུགས་རྗེ་ཆེན་པོ་རྣམས་ཀྱི་དབང༌། སྣར་ཐང་བརྒྱ་རྩ། མགོན་པོ་བཀའ་བཅུ་གསུམ། འཇམ་


GTD004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཆོས་སྐོར་དང༌། ལྷོ་བྲག་སྙན་བརྒྱུད་ཀྱི་ནང་གི་དབང་དང་རྗེས་གནང་མཐའ་དག །གཞན་ཡང་སྒྲོལ་དཀར། ཚེ་དཔག་མེད་དཀར་པོ། རྟ་མགྲིན་གསང་སྒྲུབ། སྨན་བླ་མཆེད་བདུན། རྡོར་སེམས་གཙོ་རྐྱང༌། བླ་མེད་རྡོ་རྗེ་སེམས་དཔའ་ཡབ་ཡུམ། འཇིགས་བྱེད་སྔགས་བཏུ། བཀའ་གདམས་ལྷ་བཞི། འཇམ་ལུགས་ཚེ་དཔག་མེད་ལྷ་ལྔ། བ་རི་ལུགས་ཀྱི་རྣམ་འཇོམས། འཇམ་དབྱངས་ནག་པོ། སྣ་ཚོགས་ཡུམ། དྲག་པོ་སུམ་སྒྲིལ། ཡེ་ཤེས་ཁྱུང་ཁྲ། ཁྱུང་ནག་མེའི་སྤུ་གྲི། གཏུམ་པོ་ཁྱུང་ལྔ། སེང་གདོང་མ་རིགས་གསུམ། སེང་གདོང་མ་སྔོན་མོ། ཛམ་ལྷ་སེར་པོ། ཛམ་ལྷ་ནག་པོ་རྣམས་ཀྱི་རྗེས་གནང༌། རིགས་ཚོགས། བྱམས་ཆོས། བྱང་ས། བློ་སྦྱོང་མཚོན་ཆ་འཁོར་ལོ། བློ་སྦྱོང་སྙན་བརྒྱུད་ཆེན་མོ། མཁས་གྲུབ་རྗེའི་གསུང་ཐོར་བུ། བདེ་ལམ། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་ལེ་ཚན་ཁ་ཡར། ཀུན་མཁྱེན་གོང་མའི་གསུང་གི་ལམ་རིམ་དམར་ཁྲིད་དང༌། ཡི་དམ་སྒྲུབ་སྐོར་སོགས་ཀྱི་ལུང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཚེས་བཅུ་གསུམ་ལ་གསེར་ཏོག་དགོན་ནས་བཏེག་སྟེ་ཕྱིར་ཕེབས་པའི་ལམ་ཁར་བླ་མ་སྨྱུང་གནས་པས་རི་སྙིང་པོར་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་ཞུས། སྣང་རར་བཞུགས་སྐབས་བསྟན་པའི་གེགས་ཆག་དང་སྙིགས་དུས་ཀྱི་སེམས་ཅན་རྣམས་བསོད་ནམས་དམན་པའི་དབང་གིས་པཎ་ཆེན་ཐམས་ཅད་མཁྱེན་པ་གློ་བུར་དུ་ཞིང་གཞན་ལ་དགོངས་པ་གཏད་པའི་གནས་ཚུལ་ཟི་ལིང་ཨམ་བན་གྱི་ཡི་གེ་འབྱོར་འཕྲལ་ཐུགས་ངལ་ཚད་མེད་པ་གནང་ཞིང༌། རྟ་བཤད་ཀྱིས་ཕྱིར་


GTD004_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གདན་སར་ཕེབས་ཏེ་བཅད་རྒྱ་དམ་དུ་མཛད། དེའི་ཚེ་ཐུགས་ཤིན་ཏུ་སྐྱོ་བས་བླ་མ་རྗེས་སུ་དྲན་ཅིང་ཐུགས་རྗེ་བསྐུལ་བའི་ཕྱིར་གདུང་བའི་མགུར་དབྱངས་མཛད་པ་ནི། འདི་ལྟར། དཔལ་རིགས་ལྔ་རིགས་བརྒྱ་རིགས་གསུམ་གཙོ། །རིགས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང༌། །རྗེ་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས། །མཚན་བརྗོད་པར་དཀའ་བའི་ཞབས་ལ་འདུད། །སྙིང་ཆོས་ཀྱི་འཁོར་ལོའི་ཟེའུ་འབྲུའི་དབུས། །གདན་དྲི་བྲལ་པདྨ་ཉི་ཟླའི་སྟེང༌། །དུས་འབྲལ་བ་མེད་པར་རྟག་བཞུགས་ནས། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྐྱོན་མཚོ་ལྟར་རྡོལ་བ་དེང་གི་དུས། །ལྷ་དཀར་པོའི་ཕྱོགས་རྣམས་མཐུ་ཆུང་ཞིང༌། །བདུད་དགའ་རབ་དབང་ཕྱུག་དཔུང་ཚོགས་རྒྱས། །བྱང་དད་ལྡན་འགྲོ་རྣམས་སྐལ་དམན་པས། །སྐྱབས་ཟླ་མེད་ཁམས་གསུམ་སྐྱེ་དགུའི་གཉེན། །དཔལ་ཐུབ་བསྟན་ཡོངས་ཀྱི་མངའ་བདག་མཆོག །མགོན་མཚུངས་མེད་རྗེ་བཙུན་རྡོ་རྗེ་འཆང༌། །དུས་གློ་བུར་ཆོས་ཀྱི་དབྱིངས་སུ་ཐིམ། །ཞྭ་སེར་ཐོགས་ཡོངས་ཀྱི་གཙུག་གི་རྒྱན། །མ་འགྲོ་བ་ཀུན་གྱི་དེད་དཔོན་ཁྱོད། །དུས་ད་ལྟ་དག་པའི་ཞིང་གཤེགས་ན། །དམན་བདག་ཅག་མགོན་སྐྱབས་སུ་ལ་ཞུ། །སྐུ་མཚན་དཔེ་མཐོང་བའི་ཡུལ་ལས་འདས། །གསུང་ཚངས་དབྱངས་ཐོས་པའི་གོ་སྐབས་བྲལ། །ཐུགས་མཁྱེན་བརྩེ་དྲན་ཀྱང་གཟུགས་བརྙན་ཙམ། །ཡིད་ཅི་བྱ་གཏོལ་མེད་ཀྱེ་མ་ཧུད། །སྤྲིན་བྲལ་ཡང་མིག་ནས་ཆར་རྒྱུན་བབས། །མེས་མ་བསྲེགས་ཡིད་ཀྱི་བུད་ཤིང་ཚིག །རླུང་མ་གཡོས་ལུས་ཀྱི་འཁྲི་ཤིང་འདར། །དུས་དེ་རིང་འགལ་བའི་ཆོས་ཀྱིས་མནར། །མལ་


GTD004_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་བསྡད་ཀྱང་ཚེར་ལས་རྩུབ། །ཟས་ཞིམ་པོ་ཟོས་ཀྱང་དུག་ལས་ཁ། །གནས་ཡིད་མཐུན་བསྟེན་ཀྱང་སྡོད་མི་སྤྲོ། །ལས་བྱས་ཚད་སྐྱོ་བའི་གྲོགས་སུ་ཤར། །ཞེས་སོགས་མཇུག་ཡང་སྲིད་མྱུར་འབྱོན་དང་འབྲེལ་བ་ཞིག་བཀའ་རྩོམ་གནང་བ་ཕྱིས་སུ་བཀྲ་ཤིས་ལྷུན་པོ་དང་གཙང་ངོས་ཀྱི་དགོན་ཁག་སོ་སོ་ནས་ཀྱང་ཚོགས་འདོན་ལ་གཙོ་བོར་བྱེད་པ་ཞིག་བྱུང་ཞིང༌། ཡབ་སྲས་ཐུགས་བསྐྱེད་ལྷན་ཅིག་པ་རྟེན་འབྲེལ་གྱིས་མཆོག་སྤྲུལ་རིན་པོ་ཆེ་ཡང་མ་འགྱངས་པར་ཕེབས་ཏེ་མཁའ་མཉམ་ལུས་ཅན་ཡོངས་ཀྱི་མགོན་དུ་གྱུར་པ་འདི་ལགས་སོ། །དེའི་ཚེ་ལྕགས་གླང་གི་ལོ་གསར་སོགས་དགོན་པའི་ནང་ལྟ་ཞོག །དགོན་དུ་གཏོགས་ཚད་སུས་ཀྱང་བྱས་མི་ཆོག་པར་བཀས་བཅད་ཅིང་གླིང་མེ་འབུལ་དུ་བཅུག་སྟེ། ཟླ་བ་གཅིག་གི་རིང་ལ་དགོངས་རྫོགས་བསྒྲུབས། རྗེ་ཉིད་ནས་ཧ་ཅང་ཐུགས་ངལ་བའི་རྣམ་པ་གནང་བར་དཔོན་ཝང་དང་བླ་བྲང་སྐུ་འཁོར་དགོན་པའི་ཆེ་བགྲེས་རྣམས་རྟབ་རྟབ་པོར་གྱུར་ཏེ་སྐུ་རིམ་ཞབས་བརྟན་ཕོན་ཆེར་བསྒྲུབས་ཀྱང་སྐུ་ཁམས་རིམ་ལོད་དུ་སོང་བས། ཐམས་ཅད་ཤིན་ཏུ་བྲེད་ནས་གཉིས་པའི་ཚེས་ལ་གཟིམས་ཆུང་དུ་དགོན་སྤྱིས་ཞབས་བརྟན་ཕུལ་བར་ལན་དུ། སྤྱིར་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས། དེ་འཛིན་གྱི་སྐྱེས་བུ་མང་ཡང་རྒྱལ་བ་ཡབ་སྲས་གཉིས་དང་ལྕང་སྐྱ་རིན་པོ་ཆེ་གསུམ་བསྟན་པའི་སྲོག་ཤིང་ཡིན། རྒྱལ་དབང་རིན་པོ་ཆེ་སྐུ་ན་ཕྲ། ལྕང་སྐྱ་རྡོ་རྗེ་འཆང་དགུང་ལོ་ཆེས་སྨིན། པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ན་དར་ལ་བབ་ཅིང་སྐུ་ཆེ་བའི་ཡོན་ཏན་མཐའ་མེད་པ་ཞིག་ཡིན་ཀྱང་མཛད་པ་འདི་འདྲ་བསྟན་པ་ནི། ཉིན་གུང་ཉི་མ་ནུབ་སོང་


GTD004_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུ་ཡིན་པས་སེམས་མི་འགྱོད་པའི་ཐབས་ག་ལ་ཡོད། རང་རེ་དགེ་ལུགས་པ་རྣམས་ལ་འདི་ལས་ཐུ་བ་ཡོང་རྒྱུ་མེད་པས་སྡུག་པའི་དུས་སུ་སྡུག་པ་ངོ་ཤེས་དགོས་ཞེས་སོགས་གསུང་རུས་པ་ཅན་དུ་མ་དང༌། ཁྱེད་རྣམས་ནས་ཆོས་འཆད་ཉན་སྒྲིགས་ལམ་ཀུན་སྤྱོད་སོགས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ངེས་ཤིག་གནང་ན་ངེད་ཀྱང་ཡུན་རིང་སྡོད་རྒྱུའི་འདུན་པ་བྱེད་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །ཅེས་པའི་སྤྱོད་འཇུག་གི་ལུང་ཡང་འདྲེན་པར་མཛད་པས་དགོངས་པ་ཤིན་ཏུ་ཟབ་པར་སྣང༌། པཎ་ཆེན་རིན་པོ་ཆེའི་མཆོག་སྤྲུལ་མྱུར་འབྱོན་གྱི་ཆེད་དུ་ཐར་པ་རྩེར་བཅད་རྒྱ་གནང་བའི་མཐར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་བའི་སྦྱིན་སྲེག་གི་ཚེ་ཐབ་དཀྱིལ་དུ་འཇའ་ཚོན་གསལ་པོ་ཞིག་ཤར་བ་དེར་འཁོད་ཀུན་གྱིས་མངོན་སུམ་དུ་མཐོང༌། གཙང་སྒར་པའི་ལས་སྣེ་ཐམས་ཅད་དང༌། དཔོན་ཝང་ནས་ཀྱང་ཞུ་བ་ཕུལ་ཏེ། གཙང་སྒར་དུ་ཆིབས་བསྒྱུར་དང་བདག་མཛད་དགོས་ཚུལ་བྱུང་བ་འདོད་མོས་བཞིན་གནང་སྟེ། རྒྱུད་པ་སློབ་ཟུར་དཀོན་མཆོག་བདེ་ཆེན་དེ་ཀའི་ཁྲིར་བསྐོ་བཞག་མཛད། ཝང་དབུས་སུ་ཕེབས་རྒྱུར་དངུལ་སྲང་བརྒྱ། གོས་ཆེན་བཅུ། རྟ་བཅུ་སོགས་དཔོན་གཡོག་ཐམས་ཅད་ལ་རྫོངས་ཆ་སྤམ་མཐོ་བ་སྩལ། ལྔ་པའི་ཚེས་ལ་ཟི་ལིང་དུ་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུ་གདུང་ལ་མཇལ་ནས་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་ཕུར་ཚུགས་གསོལ་འདེབས་རྒྱུན་རིང་དང་ཐུགས་ཀྱི་དགོངས་པ་རྫོགས་པའི་སྨོན་ལམ་ཆོས་སྤྱོད་ཀྱི་རིམ་པ་རྒྱས་པར་


GTD004_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། གདུང་འབུལ་ལ་དངུལ་གྱི་མཎྜལ་ནང་མཛོད་སྣ་ལྔའི་སྣེ་འདོགས་ཅན། དངུལ་སྲང་ལྔ་བརྒྱ། གོས་དར་རས་ཆ་སོགས་ཕོན་ཆེ་བ་དང༌། མཛོ་ཁ་གཞོན་བརྒྱ་སོགས་འབུལ་བ་ངོས་གཙང་བ་ཕུལ། ཕྱག་མཛོད་ཆེན་མོ་དང༌། གསོལ་དཔོན་མཁན་པོ་སོགས་རྩེ་དྲུང་མཐོ་དམན་ཐམས་ཅད་ལ་ཡང་འབབ་འོས་ཀྱི་གནང་ཆ་མཛད། རྗེ་ཉིད་ལ་པཎ་ཆེན་མཆོག་ནས་རྒྱུན་བཞེས་ཀྱི་སྐུ་ཆོས་དང་སྐུ་གཟན་འཁྲུལ་མེད། ཕྱག་རྗེས་ཅན་གྱི་ཙོང་ཁ་བརྒྱད་ཅུའི་སྐུ་ཐང་ཁྱད་འཕགས། སྐུ་འདྲ་དུ་མ་སོགས་རྟེན་སྐལ་སྤམ་མཐོ་བ་དང༌། ཟང་ཟིང་གི་དངོས་སྐྱེས་ཀྱང་གྱ་ནོམ་པ་ཕུལ། བ་ཡན་ནོར་བར་དུ་སྐུ་གདུང་རིན་པོ་ཆེར་ཕེབས་སྐྱེལ་ཞུས་ཤིང༌། གསོལ་དཔོན་མཁན་པོ་སོགས་ལ་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སྩལ། ཕྱིར་ཕེབས་ལམ་ནས་སྐུ་འབུམ་དུ་སྟག་མཚེར་དཔོན་སློབ་ཡེ་ཤེས་སྐལ་བཟང་གིས་ཞུས་ངོར་མགོན་པོ་བར་ཆད་ཀུན་སེལ་དང་མགོན་དཀར་གྱི་རྗེས་གནང༌། དེ་སྐབས་ཀྱི་མཁན་པོ་ཆེ་ཤོས་བློ་བཟང་བསྟན་པར་སྐྱེས་རབས་སོ་བཞི་བའི་བཤད་ལུང༌། གཞན་དོན་གཉེར་ཅན་སོ་སོ་ལ་ཡང་འདོད་ཆོས་དུ་མ་དང༌། རབ་བྱུང་བསྙེན་རྫོགས་ཉི་ཤུ་སྐོར་གནང༌། གདན་སར་འབབ་ཉིན་པཎ་ཆེན་རིན་པོ་ཆེའི་ན་བཟའ་ལ། མཆོད་རྫས་སྣ་ཚོགས་ཐོགས་པའི་རྟ་པ་མང་པོས་མདུན་བདར་ཏེ་བསུ་བའི་བཀོད་པ་ཕུན་ཚོགས་པ་དང་བཅས་མཆོད་ཁང་ཆེན་མོའི་ནང་དུ་གདན་དྲངས་ཏེ། རྗེ་ཉིད་ཀྱིས་དབུ་མཛད། དགེ་འདུན་མང་མས་སྤྱན་འདྲེན་ཁྲུས་གསོལ་དང་སྨོན་ལམ་ལྷན་ཅིག་ཏུ་མཛད། ཐར་པ་རྩེར་ཞག་བདུན་དུ་ཆབ་ཚན་མཛད་པའི་སེང་བར་དུ་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་


GTD004_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇམ་དབྱངས་ཆོས་སྐོར་དང་སྣར་ཐང་བརྒྱ་རྩའི་རྗེས་གནང་སྩལ། བར་སྐབས་སུ་ཨུརྒེ་ནས་གདན་དྲངས་པར་བྱོན་ཏེ་སྐུ་རིམ་སོགས་ཀྱིས་བཞེད་པ་བསྐང་ཞིང་དེ་ཕྱོགས་ཀྱི་སྦྱིན་བདག་སོ་སོའི་འདོད་པ་ཚིམ་པར་མཛད། དངུལ་རྭའི་ལྷ་སྡེར་ཕེབས་ཏེ། སེར་མང་ལ་དུས་མཆོད་འཛུགས་རྒྱུ་སོགས་དང༌། མི་སྐྱ་རྣམས་ལ་རྐུས་ཁྲིམས་སྡོམ་དགོས་པ་སོགས་འཕྲལ་ཡུན་དུ་ཕན་པའི་ལུགས་གཉིས་ཀྱི་བསླབ་སྟོན་མང་དུ་སྩལ། ཉིན་གཅིག་ལུང་སྟོང་འགའ་ཞིག་ཏུ་སྐྱོ་སངས་ལྟ་བུར་ཕེབས་པས་རྐྱང་ཞིག་མེ་མདས་རྐང་པ་བཅག་སྟེ་འགྲོ་མ་ཐུབ་པར་ཡོད་པ་གཟིགས་ནས་རྨ་བཅོས་བྱེད་དུ་བཅུག །འོན་ཀྱང་མཚན་མོ་སྤྱང་ཀིས་བསད་པའི་སར་ཕྱི་ཉིན་ཡང་དོ་གལ་ཆེར་གནང་གིས་ཕེབས་ཏེ་བསྔོ་སྨོན་གྱིས་མཚམས་སྦྱོར་གནང་བ་ལ་དཔག་ན་རྗེ་བཙུན་མི་ལས་ལྕི་བ་སེར་སྐམ་མའི་འོག་ནས་སྲིན་བུ་ཕྲ་ལ་རིང་བ་ཞིག་དྲངས་པའི་ལོ་རྒྱུས་ལྟར་སྔོན་གྱི་ལས་འབྲེལ་ཅན་ཞིག་ཏུ་གོར་མ་ཆག་གོ །སླར་ཕེབས་ནས་གདན་སར་དགེ་འདུན་ཉིས་སྟོང་ཙམ་ལ་ཇ་བག་གཉིས་རེའི་རྩིས་ཀྱི་སྐུ་འགྱེད་དང༌། དགོན་ལག་སོ་སོར་ཡང་མང་འགྱེད་གྱ་ནོམ་པ་གནང༌། ཨ་མཆོག་སྒར་པ། སྔོན་པོ་ཐང་སྒར་པ། གྱི་ལིང་སྒར་པ། ལུང་ནག་དགོན། མཆོད་རྟེན་ཤར་གྱི་དགོན། གཙོས་སྒར་པ། རྩམ་སྡེར་སྒར་པ་སོགས་ནས་གདན་དྲངས་པ་རྣམས་ལ་འདོད་སྦྱར་གྱི་ཆོས་བཀའ་ཅི་རིགས་གནང་ཞིང༌། སྒྲིགས་ལམ་ཉམས་གསོས་སོགས་བསླབ་བྱ་ཞིབ་པར་སྩལ་ཏེ་རེ་བ་ཚིམ་པར་མཛད། དགེ་འཕེལ་གྱི་རི་ཁྲོད་པ་རྣམས་ལ་སྙིང་པོ་དོན་གསུམ་གྱི་ཁྲིད་རྒྱས་


GTD004_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དཔོན་མོ་ཨ་ཀས་ཞུས་ངོར་སྒྲོལ་དཀར་གྱི་རྗེས་གནང་སྩལ། ཐར་པ་རྩེར་བཅད་རྒྱ་གནང་སྟེ་དཔལ་འཁོར་ལོ་སྡོམ་པའི་བསྙེན་སྒྲུབ་ཟབ་མོའི་ཉམས་བཞེས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད་ཅིང་མཇུག་ཏུ་ཁ་སྐོང་གི་སྦྱིན་སྲེག་གནང། ཀ་མདོའི་སྡེ་པ་ཐུན་མོང་ནས་གདན་དྲངས་པར་ཆིབས་བསྐྱོད་ནས་སྐྱ་སེར་ཉིས་སྟོང་དུ་ཉེ་བར་ཐུགས་རྗེ་ཆེན་པོ་ལྷ་ལྔའི་དབང་གནང་སྐབས་གཟིམས་ཆུང་སྟེང་དུ་འཇའ་ཚོན་སྣ་ལྔ་དབྱིབས་ཟླུམ་པོ་སོག་གུར་ཆེ་བའི་ཚོད་ཙམ་ཞིག་ཤར་བ་ཀུན་གྱིས་མཐོང་བས་ངོ་མཚར་དང་དད་གུས་ལྷག་པར་འཕེལ། མཇུག་ཏུ་ཐམས་ཅད་ཀྱིས་ཚོགས་བསག་སྒྲིབ་སྦྱོང༌། ཉེས་སྤྱོད་སྣ་གཅིག་སྤོང་བ་ཚུན་ཆད་ཀྱི་དམ་བཅའ་རེ་བྱེད་དགོས་གསུངས་ཏེ། ཐབས་མཁས་ཀྱི་སྒོ་ནས་དགེ་བའི་ལམ་ལ་སྦྱར། དགོན་པའི་འདུ་ཁང་ཐེབས་ཀྱི་དངུལ་སོགས་སྔར་གནང་བའི་སྟེང་དུ་ད་ལན་ཡང་རྟ་ནོར་ལྔ་བཅུ་སྐོར་ཞིག་སྩལ། དགེ་བཤེས་འཇམ་དབྱངས་གྲགས་པས་གཙོས་སྟག་ལུང་སྒར་ནས་གདན་དྲངས་པར་ཐུགས་རྗེ་ཆེན་པོའི་དབང་དང༌། བེག་ཙེའི་རྗེས་གནང་སོགས་ཆོས་བཀའ་མང་དུ་གནང༌། ལམ་ནས་དགོན་པ་ཆེ་ཆུང་དང་གྲོང་པ་ཐམས་ཅད་ཀྱིས་རང་འབྱོར་དང་བསྟུན་པའི་བསྙེན་བཀུར་ཡང་དག་པ་ཞུས་ཤིང༌། དེ་དག་ཀུན་ལ་བྱང་ཆུབ་མཆོག་གི་འབྲས་བུ་ཅན་གྱི་དགེ་བའི་ས་བོན་བླ་ན་མེད་པ་བསྐྲུན་པར་མཛད་དེ་སླར་གདན་སར་ཕེབས། དགུང་ལོ་ང་ལྔ་པ་ཆུ་ཕོ་སྟག་གི་ལོ་གསར་ལ་བཞུགས་གྲལ་གྱི་མགོན་དུ་ཕེབས། སྨོན་ལམ་གསུང་ཆོས་སོགས་སྔར་འཁྱུད་བཞིན་གནང་ཞིང༌། དགེ་ཚུལ་ལྔ་བཅུ་སྐོར་དང་བསྙེན་རྫོགས་བརྒྱ་དང་བཅོ་བརྒྱད་བསྒྲུབས།


GTD004_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔའི་གསོ་སྦྱོང་ལ་ཕེབས་ཏེ་སོ་ཐར་གྱི་མདོ་གསུངས། ཉིན་རེ་བཞིན་ཕྱོགས་འདུས་ཀྱི་མཇལ་བ་སྟོང་ཕྲག་དུ་མ་ལ་ཕྱག་དབང་སོགས་ཀྱིས་རེ་བ་བསྐང༌། སྨད་སོག་གི་གྲྭ་རྒྱུན་སྤྱི་ནས་གསོལ་བ་བཏབ་པ་བཞིན། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ། དགོན་པའི་ཁྲི་གདན་ཟུར། སྨད་སོག་གྲྭ་རྒྱུན་ཐམས་ཅད་ལ་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སྩལ། གཉིས་པའི་ཚེས་ལ་ཧར་ཆེན་ཧོ་པེའི་སིའི་ཤོག་ནང་སོ་ཡི་དམ་སྐྱབས་ཀྱིས་ཚོགས་པར་མང་འགྱེད་དང༌། ཞལ་ཐང་གྲས་མཚུངས་བརྒྱ་དང་བཞི་བཅུ་མཆོད་རྫས་དུ་མ་སོགས་གསར་འཇོག་བྱས་པའི་ཐོག་ཚོགས་དབུས་སུ་གདན་དྲངས་ཏེ་དངུལ་སྲང་ཉིས་བརྒྱ་གོས་དར་ཉེར་སྤྱད་སོགས་ཀྱི་འབུལ་བ་བཏེག །བཀྲ་ཤིས་དགེ་འཕེལ་གྱི་རི་ཁྲོད་པ་རྣམས་ནས་ཞུས་པ་བཞིན་མཆོད་ཁང་ཆེན་མོར། བླ་མ་གདན་ཟུར་འདུས་ཚོགས་མང་དང་བཅས་པར་ཉིན་གཉིས་ཀྱི་རིང་མི་འཁྲུགས་པ་ལྷ་དགུའི་དབང་ཆེན་དང། གཟིམས་ཆུང་ཐུབ་བསྟན་ཕོ་བྲང་དུ་བླ་སྤྲུལ་ཧྲག་བསྡུས་རི་པ་རྣམས་དང་བཅས་པར་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་བཞི་རྫོགས་པར་གནང༌། ཡི་དམ་སྐྱབས་ནང་སོ་ངོ་གཡོག་ལ་མཁའ་སྤྱོད་མ་དང་ཛམ་ལྷའི་རྗེས་གནང་སྩལ་ཅིང་ཐོན་ཕྱག་གི་གནང་ཆ་སྤམ་མཐོ་བ་མཛད། དེ་ནས་ཐར་པ་རྩེར་ཕེབས་ཏེ་རེ་ཞིག་བཅད་རྒྱ་གནང༌། ཁྲི་རིན་པོ་ཆེ་བསོད་ནམས་གྲགས་པས་གཙོས་ཚོགས་མང་ནས་གསོལ་བ་བཏབ་པ་བཞིན་ཉིན་དགུའི་བར་དུ་འཇམ་མགོན་བླ་མའི་


GTD004_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ཉིང་ཁུ་ལེགས་བཤད་སྙིང་པོའི་བཤད་ལུང་ཤིན་ཏུ་རྒྱས་པ། འོལ་སྤྱི་དང་གཡམ་ལ་རྒྱུག་གིས་གང་སླ་ས་ནས་འབྱམས་བཤད་བྱེད་པ་ལྟ་བུ་མ་ཡིན་པར་དཀའ་བའི་གནད་ལ་དམིགས་ཕུག་པའི་དགག་བཞག་གིས་བཤད་པ་ཆེས་ངོ་མཚར་བ་མང་དུ་གནང་བས། སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པ་སླར་མངོན་སུམ་དུ་བྱོན་པ་གོར་མ་ཆག་སྙམ་དུ་བླ་མ་ལ་གུས་པ་དང༌། ཟབ་མོའི་ཆོས་ལ་ཡིད་ཆེས་ཀྱི་འདུན་པ་རྣམས་ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་གྱུར་ཏེ། གཞུང་ཉིད་ཀྱི་མཇུག་ཏུ། རེ་འགའ་རྒྱལ་ལ་དམིགས་པའི་དད་པ་སྐྱེས། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང༌། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་གྱུར། །ཅེས་གསུངས་པ་ལྟར་གྱི་གནས་ཚུལ་མངོན་དུ་གྱུར་ཅིང༌། འདི་ནི་ཤེས་རབ་མཆོག་གི་བསམ་གཏན་པ། །ཚུལ་ཁྲིམས་དག་པའི་མགོ་ལ་འདུག་པ་པོ། །རྒྱལ་བའི་གདུང་འཚོབ་ངེས་དོན་རྙེད་པ་ཞེས། །བསྟོད་པའི་ཕྲེང་བས་ཡང་དང་ཡང་དུ་བསྔགས། །ཞེས་གསུངས་པ་ལྟར་ཆོས་ཀྱི་རྗེས་སུ་འབྲང་བའི་བསྟོད་བསྔགས་ཀྱི་རོལ་མོ་ཕྱོགས་ཀུན་ཏུ་སྒྲོགས་པས་བྲེལ་བར་གྱུར། དེ་ལྟར་བཀའ་ཆོས་གནང་བའི་མཇུག་ཏུ་ཡང༌། ད་ལན་ངེད་དཔོན་སློབ་རྣམས་ཀྱིས་ཆོས་ཟབ་མོ་འདི་ལྟ་བུ་ལ་ཉན་བཤད་དཔྱིས་ཕྱིན་པ་བྱེད་རྒྱུ་བྱུང་བ་སྐལ་བ་བཟང༌། མདོ་སྨད་ཀྱི་ཡུལ་འདིར་ཐེག་པ་ཆེན་པོའི་རིགས་ཅན་མེད་པ་མིན་མོད་ཀྱང༌། རྐྱེན་སེལ་གྱི་དབང་རྗེས་གནང་


GTD004_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཙམ་མ་གཏོགས་འདི་འདྲའི་བཤད་པ་དོན་དུ་གཉེར་མཁན་དཀོན་པར་འདུག་པས་ད་རེས་བྲེལ་བ་ཆེ་བཞག་ཆུང་བཞག་བྱས་ནས་ཕུལ་བ་ཡིན། ད་ཁྱེད་དཔོན་སློབ་ཁྲི་གདན་ཟུར། སྤྲུལ་བའི་སྐུ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཐུགས་ཁུར་བཞེས་ནས་སྤེལ་དགོས། སྔ་མོ་བོད་ན་མདོ་རྒྱུད་དང༌། རྒྱ་གཞུང་ཆེན་མོ་ཕལ་ཆེ་བའི་བཤད་པའི་རྒྱུན་ཡོད་འདུག་ཀྱང༌། ད་ལྟ་མིང་ཙམ་ཡང་གྲགས་རྒྱུ་མི་སྣང༌། ཕྱིས་སུ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་བརྒྱད་སྟོང་པའི་བཤད་ལུང་གནང་སོང་ཟེར་བའི་གཏམ་ཚོར་བ་ཙམ་ཡང་སེམས་ལ་ཕན་པ་ཞིག་བྱུང་ཞེས་བསྟན་པ་ཁོ་ན་ཐུགས་ལ་བརྣགས་པའི་གསུང་ནན་ཅན་ཕེབས་པས་ཉན་པ་པོ་རྣམ་དཔྱོད་ཅན་དག་གི་སེམས་ལ་གཟེར་བཏབ་པ་ལྟ་བུ་ཞིག་བྱུང༌། ཉན་བཤད་ཀྱི་དགེ་རྩ་འདི་དག་ཀྱང་བསྟན་པ་རྒྱས་པའི་རྒྱུ་འབའ་ཞིག་ཏུ་བསྔོ་དགོས་ཞེས་ཚོགས་མང་དང་ལྷན་དུ་བསྟན་འབར་མ་གསུངས་ཤིང༌། འདི་འདྲ་བཀའ་ཆོས་ཆེན་མོ་ཐམས་ཅད་ཀྱི་མཇུག་ཏུ་མཛད་པའི་རྒྱུན་གྱི་ཕྱག་བཞེས་ལྟ་བུ་ཡིན། གསུམ་པའི་ཚེས་ལ་བླ་མ་སྨྱུང་གནས་པས་ཞུས་ངོར་གསེར་ཁྲི་སྤྲུལ་བའི་སྐུ་རྣམ་གཉིས་དང༌། བླ་མ་ཁྲི་གདན་ཟུར། ལྷ་ཁང་ལུང་པ་སོགས་ཕྱོགས་འདུས་ཀྱི་བླ་མ་སྤྲུལ་སྐུ་མང་པོ་དང་བཅས་པར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་གནང༌། ཚེས་ལྔ་ནས་བཅུ་དགུའི་བར་དུ་རྒྱུད་པའི་བླ་གྲྭ་སྤྱི་ནས་གསོལ་བ་བཏབ་པ་བཞིན། གསན་མཁན་སྔ་མ་རྣམས་ཀྱི་སྟེང་དུ་རྒྱུད་གྲྭ་ཡོངས་རྫོགས་དང་བཅས་པར་འགྲེལ་


GTD004_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་སྦྲགས་ཀྱི་བཤད་ལུང་གནང་སྟེ་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་རྒྱལ་པོ་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ཀྱི་དགོངས་དོན་བཤད་རྒྱུད་ཆེན་པོ་དྲུག་དང་ཤན་སྦྱར་ཏེ་འགྲེལ་པའི་ཚུལ་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གསལ་བར་མཛད་པའི་ལེགས་བཤད་འདབ་བརྒྱའི་དགའ་ཚལ་ཅི་ཡང་བཞད་པས་ངེས་གསང་རྒྱུད་སྡེའི་དགོངས་དོན་སྦྲང་རྩིའི་ཟིལ་དངར་གྱིས་སྐལ་བཟང་རིག་པ་འཛིན་པའི་རྐང་དྲུག་ཚོགས་ཀྱི་རེ་བའི་འབྲས་བཟང་སྨིན་པར་མཛད། མཇུག་ཏུ་བླ་མ་རྒྱུད་མཆོད་འགྲེལ་དབང་དང་བཅས་པ་ཕྱག་ལེན་བཞིན་གནང༌། གཞན་ཡང་ཚོགས་ཆེན་ཁྲི་པ་བསོད་ནམས་གྲགས་པ་སོགས་དོན་གཉེར་ཅན་སོ་སོ་ནས་ཞུས་ངོར་ནམ་མཁའ་སྒོ་འབྱེད་ཀྱི་དབང༌། རྒྱལ་ཐང་པའི་གཅོད་གཞུང་ཆ་ལག་དང་བཅས་པའི་ལུང༌། ཁྲི་ཟུར་བསོད་ནམས་དབང་རྒྱལ་གྱིས་ཞུས་ནས་མགོན་པོ་སྙིང་ཞུགས་ཀྱི་ཁྲིད། སྙན་གྲགས་སྒྲུབ་པའི་རྣམ་སྲས་དང་རྣམ་སྲས་དྲེག་བྱེད་གཉིས་ཀྱི་རྗེས་གནང་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྨན་པའི་གྲྭ་ཁང་གསར་འབུབ་ཀྱི་གནས་ལ་གཟིགས་ནས་ཐིག་བཏབ་སྟེ་ལས་འགོ་བརྩམས། ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ་ནས་ཞུས་ངོར་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་སྩལ། དེ་ནས་ཐར་པ་རྩེར་བཅད་རྒྱ་གནང་སྟེ་ཐུགས་དམ་གཙོར་འདོན་དང༌། ཐུན་མཚམས་སུ་གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་དགེ་བའི་བཤེས་གཉེན་རྒྱ་སེང་གེ་དང་ལྷན་དུ་གཞུང་ཆེན་མོའི་དཀའ་གནས་དུ་མར་དོགས་གཅོད་མཛད། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་


GTD004_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཟི་ན་ལྷ་ཁང་གི་དཀར་ཆག་ཀྱང་ལྗགས་རྩོམ་མཛད། དྲུག་པའི་ཚེས་ཉི་ཤུ་སྐོར་ལ་མོ་ནི་ཀོའུ་རི་ཁྲོད་དུ་ཆིབས་བསྒྱུར། བར་སྐབས་ཉམས་ཆག་ཏུ་སོང་བས་སྡོད་མཁན་རེ་རེ་ཙམ་ལས་མེད་འདུག་པར་ཕན་ཚུན་དུ་གསུང་ཕེབས་ཏེ་གྲྭ་པ་བཅུ་དྲུག་ཙམ་འདུས་ཤིང༌། སྤྱི་འཇོག་ལ་དོང་ཚེ་ཁྲོན་སུམ་བརྒྱ་དང་རྟ་ནོར་མང་དུ་བཞག་སྟེ་གཟིམས་ཁང་ཞིག་ཀྱང་གསར་བསྐྲུན་གྱི་བཀོད་ཁྱབ་མཛད། སླར་ཡང་ཐར་པ་རྩེར་ཕེབས་ནས་བཅད་རྒྱ་གནང་ཞིང་ཐུན་མཚམས་སུ་མཛོད་ཀྱི་གནས་དང་པོ། ཀུན་རིག་གི་བསྙེན་ཡིག །མགོན་པོའི་བཟློག་པ་སྟོབས་ཆེན་ཤུགས་བཟློག །བར་དོའི་ཆོས་བཤད་འཕོ་བ་དང་འབྲེལ་བ། རྣམ་རྒྱལ་མའི་སྒྲུབ་ཐབས་རྣམས་གསར་རྩོམ་མཛད། དོན་གཉེར་ཅན་འགའ་ཞིག་ལ་དེ་དག་གི་ལུང་ཡང་སྩལ། འཇིགས་མེད་པེའི་ལིས་སྔར་ནས་གདན་འདྲེན་གྱི་ཞུ་བ་ཕུལ་ཞིང༌། ཉེ་ལམ་ཝང་གི་ཨུརྒེ་ནས་ཀྱང་གདན་འདྲེན་པ་འོང་བས་དཀྱུས་གཅིག་ལ་ཆིབས་ཁ་བསྒྱུར། ཝང་དབུས་ནས་བདེ་བར་ཕེབས་པའི་དགའ་སྟོན་ཕན་ཚུན་དུ་བསྟར་ཞིང་རིམ་གྲོ་འགའ་ཞིག་ཞུས་པའི་འདུན་པ་བསྐང༌། དེ་ནས་ཕེབས་པའི་ལམ་ཁར། ལ་མོ་ཞབས་དྲུང་དཀར་པོའི་ཨུརྒེར་གདན་དྲངས་པར་བྱོན། ཕན་ཚུན་ཐུགས་ནང་ཉེ་བའི་གསུང་གླེང་འཕེལ་ཞིང་ཞབས་བརྟན་གྱི་དངོས་འབུལ་བཏེག །དེར་འཇིགས་མེད་པེའི་ལིའི་རྟ་འུལ་སོགས་འབྱོར་པའི་སྟེང་ནས་ཕེབས་པར་ཆུ་བཟང་དགོན་པས་གདན་དྲངས་ཏེ་དཔའ་གཅིག་གི་དབང་སོགས་ཆོས་བཀའ་ཅི་རིགས་ཞུས། ཤ་ར་ཙུལ་ཀེར་ཕེབས་ཉིན། ཨམ་


GTD004_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བན་དང་མཇལ་འཕྲད་གནང་བའི་ཚེ། ཨམ་བན་ནས་བཀའ་བསྒོ་དང་མ་ཎིའི་ལུང་སོགས་ཆོས་འབྲེལ་ཞུས་པའི་འདུན་པ་བསྐང༌། བརྒྱད་པའི་ཚེས་བདུན་ལ་པེའི་ལི་འཁོར་བཅས་ཀྱིས་ཆིབས་བསུ་གཟབ་མ་སེར་སྦྲེང་དང་བཅས་ཨུརྒེར་ཕྱག་ཕེབས། སྒྲོལ་དཀར། སོ་སོར་འབྲང་མ། སྨེ་བརྩེགས། གཏུམ་པོ་ཁྱུང་ལྔ། རྣམ་འཇོམས། གཙུག་ཏོར་རྣམ་རྒྱལ། ཛམ་དཀར། འཇམ་དབྱངས་ནཱ་ག་རཀ་ཤ །ཀླུ་དབང་རྒྱལ་པོ། སེང་གདོང་མ་སོགས་ཀྱི་རྗེས་གནང༌། གདུགས་དཀར་ལྷ་མང་གི་དབང་སོགས་ཆེས་མང་དུ་གནང༌། གདུགས་དཀར་བཟློག་ཆེན། སྒྲོལ་དཀར་གྱི་ཚེ་སྒྲུབ་སོགས་སྐུ་རིམ་ཡང་འགའ་ཞིག་མཛད། རབ་བྱུང་བསྙེན་རྫོགས་བསྡོམས་པ་དགུ་བཅུའི་སྐོར་ཞིག་གསར་དུ་བསྒྲུབས། པེའི་ལིའི་དཔོན་མོ་སྐྲན་ནད་ཀྱིས་ཐེབས་ཏེ་ལོ་གསུམ་ཙམ་སོང་བ་སྨན་བཅོས་རིམ་གྲོ་ཇི་ལྟར་བྱས་ཀྱང་མ་ཕན་པ་ལ་བུམ་ཆུ་དང་རིལ་བུ་གནང་བ་ཙམ་གྱིས་ཇེ་བདེར་སོང་བས་མོས་གུས་ཚད་མེད་པ་སྐྱེས། དཔོན་འབངས་རྣམས་ནས་དངོས་འབྱོར་གྱིས་འབུལ་བ་ཤིན་ཏུ་རྒྱ་ཆེ་ཞིང་གྱ་ནོམ་པ་ཕུལ། དར་རྒྱས་ཚེ་རིང་ཇ་སག་མཇལ་བར་འོང་བ་ལ་སྒྲོལ་དཀར་གྱི་རྗེས་གནང་སྩལ། དེ་ནས་བསོད་ནམས་རྡོ་རྗེ་ཝང་གིས་གདན་དྲངས་པའི་ལམ་ནས་ཤི་རེ་ཐུ་སྒར་པའི་རྟེན་རྣམས་ལ་རབ་གནས་ཞུས། ཚེས་བདུན་ལ་ཝང་གི་ཨུརྒེར་བབས་ཏེ་ཚེས་བརྒྱད་ནས་བཅུ་གཉིས་ཀྱི་བར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སློབ་མ་རྗེས་འཛིན་ནས་བཟུང་སྟ་གོན་དང་བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་བདག་པོ་ཆེན་པོའི་དབང་དང་བཅས་པ་རྫོགས་པར་གནང༌། གཞན་ཡང་གདུགས་


GTD004_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དང་སོར་འབྲང་གི་དབང༌། མཁའ་སྤྱོད་མ་དམར་མོའི་དབང༌། མགོན་པོ་བར་ཆད་ཀུན་སེལ་དང་མགོན་དཀར། ཆོས་རྒྱལ་ཕྱི་ནང་གསང་གསུམ། རྣམ་སྲས་གསེར་ཆེན་རྣམས་ཀྱི་རྗེས་གནང་སོགས་ཆོས་བཀའ་མང་དུ་སྩལ། ཝང་དང་མི་སྡེ་ཐུན་མོང་ནས་རྟ་བརྒྱ་ལྷག་དང༌། ནོར་ལྔ་བརྒྱ་སྐོར། ལུག་སྟོང་ཕྲག་ཕྱེད་གཉིས་སུ་ཉེ་བ་སོགས་ཀྱི་དངོས་འབུལ་བཏེག །མི་ཉག་ཞབས་དྲུང་གིས་ཞུས་ངོར། གཅོད་དབང་དང་སྒྲོལ་མ་དཀར་ལྗང་གཉིས་ཀྱི་རྗེས་གནང་སྩལ། དེ་ནས་བཏེག་སྟེ་ཉེར་གསུམ་གྱི་ཉིན་མི་འགྱུར་པེའི་སིའི་ཨུརྒེར་བབས། དཔོན་གོང་མ་དེ་ཉིད་དགོན་པར་ཤིན་ཏུ་དྲིན་ཆེ་བའི་སྦྱིན་བདག་གི་རྩ་བ་ལྟ་བུ་ཡིན་པས། བདུན་གཉིས་ཀྱི་རིང་སྒྲོལ་དཀར་གྱི་ཚེ་སྒྲུབ་དང༌། མགོན་པོའི་གཏོར་སྒྲུབ་བཙུགས་ཏེ་སྐུ་རིམ་གནད་སྨིན་བཀའ་དྲིན་བསྐྱངས། ཚེ་རྟ་ཟུང་འབྲེལ། ཁྱུང་ཁྲ། མགོན་ཆོས་སོགས་ཀྱི་རྗེས་གནང་འགའ་ཞིག་དང༌། སྡེ་པའི་སྤྱི་རིམ་ལ་གཙུག་ཏོར་བཟློག་ཆེན། གྲྭ་ཚང་གི་རིམ་གྲོར་རྟ་མགྲིན་གྱི་སྦྱིན་སྲེག་བཅས་གནང༌། ཤི་རེ་ཐུ་ཚང་གི་ཨུརྒེར་སྤྱན་དྲངས་ཏེ་ཚེ་རྟ་མགོན་གསུམ་གྱི་རྗེས་གནང་ཞུས། ཕྱག་རྡོར་པེའི་སིའི་དཔོན་མོས་གདན་འདྲེན་ཞུས་ཀྱང༌། ས་ཐག་རིང་ཞིང་ནམ་དུས་ཀྱིས་གཏུགས་པའི་འབྱོར་མ་ཐུབ་པ་ལ་ཨེལ་ཆི་ཆེད་མངགས་ཀྱིས་དངོས་འབུལ་སྤམ་མཐོ་བ་དང་བཅས་ཞབས་བརྟན་ཕུལ། སླར་ཡང་པེའི་སིའི་ཨུརྒེར་ཕེབས་ཏེ། དཔའ་བོ་གཅིག་པ་དང༌། ཐུགས་རྗེ་ཆེན་པོའི་དབང༌། བེག་ཙེའི་རྗེས་གནང་ལྗགས་ལུང་འགའ་ཞིག་བཅས་སྩལ་བར་


GTD004_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ནོད་ཤིན་ཏུ་རྒྱས་པ་ཕུལ། རབ་བྱུང་བསྙེན་རྫོགས་ཀྱང་བཞི་བཅུ་སྐོར་ཞིག་གསར་བསྒྲུབས་མཛད། དེ་ནས་དཔལ་འབྱོར་ཇ་སག་གིས་གདན་དྲངས་ཏེ་རྗེས་གནང་འགའ་ཞིག་ཞུས་ནས་དངོས་འབུལ་བཏེག །ཚུར་ཕེབས་པའི་ལམ་ཁར་ཀུན་བཟང་ཇ་སག་གིས་གདན་དྲངས་ཏེ་གཞིས་ལེན་དང་ཟང་ཟིང་གི་དངོས་འབུལ་བསྟར། ལ་མོ་ཨུརྒེ་ནས་གདན་དྲངས་ཏེ་ཞུ་བ་ཕུལ་བ་ལྟར། ཁོང་གི་ཞབས་བརྟན་དུ་མགོན་པོའི་གཏོར་ཆེན་དང་གདུགས་དཀར་གྱི་བཟློག་ཆེན་གནང༌། སྟོན་མོ་དང་དངོས་འབུལ་ཤིན་ཏུ་གཟབ་རྒྱས་ཞུས། བཅུ་གཅིག་པའི་ཚེས་ཉེར་དྲུག་ལ་གདན་སར་བབས། གཉན་ཐོག་སྒར་པས་བྱམས་ཆེན་གསར་བཞེངས་ཀྱི་རབ་གནས་ལ་འབྱོན་དགོས་ཀྱི་གསོལ་བ་ནན་ཏན་དུ་བཏབ་སྟེ་དེར་ཆིབས་བསྐྱོད། སྤང་དཀར་ཐང་དུ་རོང་པོ་ནོ་མིན་ཧན་གྱི་སྐུ་ཚབ་སོགས་བསུ་བ་ཕོན་ཆེ་བ་འབྱོར། དེར་ཉིན་གསུམ་གྱི་རིང་རབ་གནས་རྒྱས་པར་མཛད། དགོན་དེ་ཀར་ཞལ་བདག་མཛད་དེ་ལས་སྣེ་སོགས་ཀྱང་བསྐོ་དགོས་ཞེས་ཡང་ཡང་ཞུས་པར། སླར་སེམས་ལ་བཟུང་ཆོག་ཅེས་གསུངས་པ་དགོངས་གཞི་ཅན་དུ་སྣང༌། ཕྱོགས་འདུས་ཀྱི་མཇལ་བ་ཁྲི་ཕྲག་ཏུ་ཉེ་བར་ཕྱག་དབང་དང་རིགས་གསུམ་མགོན་པོའི་ལུང་སོགས་ཆོས་འབྲེལ་སྩལ། གཡེར་གཤོང་སྤྲུལ་བའི་སྐུ་དགེ་འདུན་ཟླ་བ་གྲགས་པས་གདན་དྲངས་ཏེ། ལྟ་མགུར་འགྲེལ་པ་སོགས་ཀྱི་ལྗགས་ལུང་འགའ་ཞིག་ཞུས། དེར་ཆོས་ཀྱི་གསུང་གླེང་འཕེལ་ཞིང་དོགས་སེལ་མང་དུ་ཞུས་པར་ཞིབ་བཀྲོལ་གྱི་བཀའ་ལན་མཛད། སེང་གེ་གཤོང་སྒར་པ། སྒོ་དམར་སྒར་པ། ཐོ་མོག་སྒར་པ་རྣམས་ནས་ཀྱང་གང་འབྱོར་གྱི་གསོལ་སྟོན་


GTD004_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་གུས་འདུད་ལྷུར་བླངས། མཚན་སྒྲོགས་མཁན་ཆེན་བློ་བཟང་དར་རྒྱས་ཀྱི་སྤྲུལ་སྐུའི་དོགས་གནས་བྱིས་པ་ཆུང་ངུ་ཞིག་ཡོད་པ་ལ། གཟིགས་རྟོག་དང་གཙང་སྦྲ་བྱེད་དགོས་སོགས་ཀྱི་བཀའ་ཕེབས། གདན་སར་ཕེབས་ནས་དུས་འཁོར་སློབ་ཟུར་ལྷོ་པ་སྔགས་རམས་པ་སྐུ་ཁམས་མ་བདེ་བའི་སར་གདན་དྲངས་པར་བྱོན་ཏེ་ཐུགས་བཞེད་བསྐང༌། ཐར་པ་རྩེར་བཅད་རྒྱའི་ཁོངས་སུ་སྨད་ནས་ཨུ་ལན་བླ་མ། ནང་སོ་དགེ་འདུན་དཔོན་གཡོག་རྣམས་འབྱོར་ཏེ་གསོལ་བ་བཏབ་པར་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སྩལ། དགུང་ལོ་ང་དྲུག་པ། ཆུ་ཡོས་ལ་དྲུང་འཁོར་རྣམས་དང༌། ཨ་བ་ཀ་ཇོ་རུག་ཐུ་ཝང་གི་ཤོག་ནས་པ་ཐོ་ཐུ་ས་ལག་ཆིའི་ནུ་བོ་ཐོ་ཡོན་སོགས་སྨོན་ལམ་སྦྱིན་བདག་གསར་སླེབས་བཅས་ལ་ལོ་གསར་གྱི་དགའ་སྟོན་གནང་ཞིང་བཞུགས་གྲལ་ལ་ཕེབས། གསུང་ཆོས་ལ་སྐྱེས་རབས་དང་རྣམ་བཤད་དགོངས་པ་རབ་གསལ་གཉིས་སྔར་གྱི་འཕྲོ་དང༌། ཉིད་ཀྱི་གསུང་འབུམ་ཁྲོད་ནས་ལྗགས་ལུང་འཚམ་པ་རེ་གནང༌། སྨོན་ལམ་སྦྱིན་བདག་དང༌། རྟག་བརྟན་ཕུན་ཚོགས་པེའི་སིའི་ཨིལ་ཆི་དར་ཧན་ནང་སོ། ཉང་ཚང་ཧོ་ཐོག་ཐུའི་དབོན་པོ་སོ་སོ་ནས་ཚོགས་དབུར་སྤྱན་དྲངས་ཏེ་ཞབས་བརྟན་གྱི་འབུལ་བ་སྤམ་མཐོ་བ་བསྟར། བསྙེན་རྫོགས་བརྒྱ་དང་ཞེ་བརྒྱད། དགེ་ཚུལ་ཉེར་དྲུག་བཅས་གསར་དུ་བསྒྲུབས། ཟི་ལིང་དུ་ཕེབས་ཏེ། དབུས་སུ་འབྱོན་རྒྱུའི་སྦྱོར་བ་རྩོམ་ཆེད་གོང་མའི་གསེར་ཞལ་མཇལ་རྒྱུ་སོགས་ཀྱི་ཡི་གེ་ཨམ་བན་ལ་ཕུལ་ནས་གོང་དུ་ཡི་གེ་འཛིན་རྒྱུར་ཐག་བཅད་དེ་སྐུ་འབུམ་དུ་ཕེབས། སྐུ་འབུམ་མཁན་པོ་ཆེ་ཤོས་ངག་


GTD004_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྟན་པས་ཞུས་ངོར་དགེ་འདུན་ཉིས་བརྒྱ་ཙམ་ལ་ལྗགས་ལུང་འགའ་ཞིག་ཐང་སག་པ་དངོས་གྲུབ་རྒྱ་མཚོའི་འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད་སོགས་སྩལ། དེར་ཐུའུ་བཀྭན་རིན་པོ་ཆེ་ཡང་ཕེབས་ཏེ་གདུགས་དཀར་གྱི་སྦྱིན་སྲེག་དང༌། རྩ་བ་ཐུགས་རྒྱུད་ཀྱི་ལུང་གསན་ཅིང་ལུགས་གཉིས་ཀྱི་བཀའ་མཆིད་ཞིབ་པར་གནང༌། བསོད་ནམས་རྡོ་རྗེ་ཝང་གིས་ཞུས་ངོར་དུག་དབང་རྨ་བྱ་རྒྱས་པ་དང༌། ཚེ་དཔག་གྲུབ་རྒྱལ་ལུགས། དབྱངས་ཅན་མ་དམར་མོ། རིག་བྱེད་མ་དམར་མོ་བཅས་ཀྱི་རྗེས་གནང༌། མགོན་པོའི་ཟློག་པ་སྟོབས་ཆེན་ཤུགས་ཟློག་གི་ལུང་རྣམས་སྩལ། བསྙེན་རྫོགས་གོ་གཅིག །དགེ་ཚུལ་བརྒྱ་དང་ཉེར་གསུམ་བསྒྲུབས། སྐུ་འབུམ་གྱི་ཚོགས་ལ་མང་འགྱེད་ཕུལ་ཞིང༌། ལྷ་ཁང་ཆེན་མོར་མཆོད་མཇལ་ཞིབ་ཏུ་མཛད། མི་ཉག་ཞབས་དྲུང་སོགས་ཀྱིས་ཞུས་ངོར་དཔའ་གཅིག་གི་རྗེས་གནང༌། ཁྲིད་ཆེན་བརྒྱད་སོགས་ཟབ་ཆོས་དུ་མ་བཀའ་དྲིན་བསྐྱངས། ཚུར་ཕེབས་པའི་ལམ་ནས་ཀ་ཐོག་ཚང་གིས་བྲག་ལུང་དགོན་པར་གདན་དྲངས་ཏེ་ཐུགས་རྗེ་ཆེན་པོའི་དབང་དང༌། ལྗགས་ལུང་འགའ་ཞིག་ཞུས། གཅུ་འཁོར་སྒར་དུ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང༌། སྐྱེ་བོ་བརྒྱ་ཕྲག་དུ་མར་བསྙེན་གནས་ཀྱི་སྡོམ་པ་གནང༌། གདན་སར་ཕེབས་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུས་གསོལ་བ་བཏབ་པ་བཞིན། དཔལ་མགོན་ཞལ་བཞི་པའི་བེའུ་བུམ་ཡོངས་རྫོགས་ཀྱི་ལྗགས་ལུང་སྩལ། ཁྲི་ཆེན་བསོད་ནམས་གྲགས་པས་དགོངས་པ་ཞུས་ཏེ། དུས་འཁོར་སློབ་ཟུར་རབ་བརྟན་རྒྱ་མཚོ་ཚོགས་ཆེན་ཁྲིར་བསྐོ་བཞག་མཛད། མཛོད་དགེ་དགོན་ནས་སྤྱན་དྲངས་པར་འདུ་ཁང་ལ་


GTD004_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་དང་དགེ་ཚུལ་དང་བསྙེན་རྫོགས་བརྒྱ་སྐོར་བསྒྲུབས། སླར་ཕེབས་ནས་ཐར་པ་རྩེར་སྐུ་མཚམས་མཛད། གསུམ་པའི་ཉེར་བརྒྱད་ལ་གོང་མའི་བཀའ་ལན་ཟི་ལིང་ཨམ་བན་གྱི་བཱི་ཆེ་ཆི་ཐཱ་ལོ་ཡེ་དང༌། ཐོང་ཤི་ཁ་ཤས་ཀྱིས་བསྐྱལ་ནས་འབྱོར། བཀའ་ལུང་དངོས་གཞི་ནི། ཆེན་ལུང་གནམ་ལོ་ཞེ་བརྒྱད་པའི་དཔྱིད་ཟླ་ཐ་མའི་ཚེས་དྲུག་གི་ཉིན། ངེད་ཀྱི་བཀའ་ཕེབས་པ་ནི། ཟི་ལིང་དུ་བསྡད་པའི་ལོའུ་པོའུ་ཇུའི་ས་ཆ་ནས་འཇམ་དབྱངས་ཧུ་ཐོག་ཐུའི་ཕུང་པོ་ལྷ་ཐོར་གྱིས་མ་ཐར་ཡང༌། བསམ་པ་རྩེ་གཅིག་པས་ངེད་ལ་མཇལ་བར་འདོད་དེ་དབྱར་ཟླ་ཐ་མར་ཡེ་ཧོར་དུ་ཡོང་རྒྱུའི་གནས་ཚུལ་ངེད་ལ་གསན་ཅིང་མཁྱེན་བཅུག་པ་ཡིན། འཇམ་དབྱངས་ཧུ་ཐོག་ཐུ་ལོ་མཐོ་ཞིང༌། དེར་མ་ཟད་ཕུང་པོ་ཡང་རློན་པ། དབྱར་ཐ་མར་ཡེ་ཧོར་དུ་འོང་ཡང་ཚ་བ་ཆེ། ཡེ་ཧོར་ན་ཡང་ལྷ་ཐོར་ཡོད། འདིར་འོངས་ནས་ལྷ་ཐོར་འབུད་ན་ཕན་ཐོགས་ཀྱང་དཀའ། དེའི་སྟབས་དེ་བསམ་པ་རྩེ་གཅིག་པས་མཇལ་འདོད་ཀྱི་འདུན་པ་དེ་ངེད་ཀྱིས་མཁྱེན་ནས་ཤིན་ཏུ་མཉེས་ཏེ། ནང་མཛོད་ཁ་བཏགས་བདག་རྐྱེན་གྱི་ཤིང་འདི། ལོའུ་པོའུ་ཇུའི་ལ་བསྐུར་ནས་བདག་རྐྱེན་དུ་བྱིན་པ་ཡིན། བདག་མཉེས་པའི་ཚུལ་ཡང༌། འཇམ་དབྱངས་ཧུ་ཐོག་ཐུ་ལ་གོར་བཅུག་ནས་དགའ་བར་བྱེད་དུ་ཆུག །ང་གསེར་ཞལ་མཇལ་དུ་འོང་མི་དགོས། སླར་ལྕང་སྐྱ་ཧུ་ཐོག་ཐུས་དེ་ལ་སྟེར་རྒྱུའི་ཡི་གེ་གཅིག་ཀྱང་ཡོད། འདི་རྣམས་ལོའུ་པོའུ་ཇུ་ཁྱོད་ཀྱིས་དེ་ལ་ཚུལ་བཞིན་དུ་འཕྲོད་པ་གྱིས་ཞེས་གསུངས་འདུག་པ་སྤྱིར་རྣལ་འབྱོར་གྱི་དབང་ཕྱུག་


GTD004_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གཡོ་མཐའ་དག་ལ་འདོད་དགུར་མངའ་བསྒྱུར་བའི་ངང་ཚུལ་བསམ་ན་གང་དུ་མ་གཏོགས་ཀྱང་འཇིག་རྟེན་གྱི་ལུགས་ལ་གནམ་བསྐོས་གོང་མ་ཆེན་པོས་གསུང་འདི་ལྟར་ཕེབས་པ་ཡང་ལུགས་སྲོལ་གྱི་རྣམ་དབྱེ་ཅུང་ཟད་ཤེས་པ་ཞིག་གིས་བལྟས་ན་མཐོང་གཟོས་དང་བདག་རྐྱེན་ཚད་མེད་ཡིན་པར་སྣང༌། སླར་གོང་མ་ཆེན་པོ་ལ་འབུལ་རྒྱུའི་ཞུ་ཤོག་དང་ལྕང་སྐྱ་རིན་པོ་ཆེའི་ཞུ་ཤོག་རྣམས་ཨམ་བན་བརྒྱུད་དེ་མ་འགྱངས་པར་ཕུལ། མཁན་ཆེན་སངས་རྒྱས་རྡོ་རྗེའི་སྤྲུལ་བའི་སྐུར་སློབ་གཉེར་བྱེད་ལུགས་ཀྱི་བསླབ་བྱ་ཞིབ་རྒྱས་སོགས་ལུགས་གཉིས་ཀའི་དྲིན་བླ་ལྷག་དང་བཅས་དབུས་སུ་སློབ་གཉེར་ལ་བརྫངས། དབེན་གནས་ཡིད་དགའ་ཆོས་འཛིན་གྱི་རི་ཁྲོད་པ་རྣམས་ནས་གསོལ་བ་བཏབ་པ་བཞིན་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དབང་སྟ་གོན་དང་བཅས་པ། སྙིང་པོ་དོན་གསུམ་གྱི་ཁྲིད། རྗེ་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཟབ་ལམ་ཉི་མའི་དཀྱིལ་འཁོར་གྱི་ཁྲིད་དང༌། རྒན་ཀྱའི་ཧོར་སྤྲུལ་སྐུས་ཞུས་ངོར་ཀུན་རིག་གི་དབང་ཆེན་རྣམས་སྩལ། མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་སྒོ་མང་དཔོན་སློབ་སྐལ་བཟང་དངོས་གྲུབ་པས་སྔར་ཞུ་ཤོག་ཡང་ཡང་ཕུལ་ཏེ་གསོལ་བ་བཏབ་པ་བཞིན་དཀོན་མཆོག་རྗེས་དྲན་གྱི་མདོའི་འགྲེལ་པ་ཚིག་ཚོགས་ཧ་ཅང་མི་ཆེ་ཡང་དོན་ཟབ་ཅིང་རྒྱས་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་ལྗགས་རྩོམ་མཛད། སེར་སྐྱ་གྲོས་མཐུན་གྱི་སྒོ་ནས་བྲག་དཀར་དུ་གདན་དྲངས་ཏེ་དགོན་པ་ཕུལ་བར་སྒྲིགས་ལམ་ཀུན་སྤྱོད་སོགས་ཀྱི་ཞལ་ཏ་དང༌། འདོད་ཆོས་འགའ་ཞིག་སྩལ། ཚོགས་པར་ཇ་སྲང་བཅུ་རེའི་འགྱེད། སྤྱི་འཇོག་ལ་དངུལ་སྲང་


GTD004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྒྱ། རྟ་ནོར་ལྔ་བཅུ། ལུག་སུམ་བརྒྱ་སོགས་ཀྱིས་གནང་ཆ་བཅས་ལུགས་གཉིས་ཀྱིས་རེ་བ་བསྐང༌། ལོ་སྔ་མ་དང་འདི་གཉིས་ལ་ལྷ་བཟོ་མཁས་བསྡུས་ཀྱིས་རྡོར་ཕྲེང་དང་མི་ཏྲའི་དཀྱིལ་ཐང་ཡོངས་རྫོགས་ཆག་ཚད་དང་ལྡན་པ་གསེར་ཚོན་ཕུན་སུམ་ཚོགས་པར་བཞེངས་ཤིང༌། བཟོ་བོ་རྣམས་ཡོན་གྱིས་མགུ་བར་བྱས་ཏེ་དཀྱིལ་ཐང་ཐམས་ཅད་ལ་མཛོད་གོས་སྔོན་པོའི་གོང་གཤམས་དང་མཉྫིའི་ཞལ་ཁེབས་ཙན་དན་གྱི་ཏོག་སོགས་སྤུས་གཙང་བར་ཞེ་མཚུངས་སུ་བསྒྲུབས། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་ནས་ཞུས་པ་ལྟར་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་བརྒྱ་སྐོར་ཞིག་གནང༌། དྲུག་པའི་ཚེས་ལ་ཝང་གི་ཨུརྒེ་ནས་གདན་དྲངས་པར་ཆིབས་བསྐྱོད། ཉིན་མང་པོར་སྐུ་རིམ་དང༌། སེང་བར་དུ་དཔོན་དཔོན་མོ་རྣམས་ལ་རྐྱེན་སེལ་གྱི་རྗེས་གནང་དུ་མ། དཔའ་བོ་གཅིག་པའི་དབང་བཞི་ཡོངས་རྫོགས་བཅས་གནང་ཞིང་ཤངས་ལེན་གྱི་སྟོན་མོ་གཟབ་རྒྱས་ཞུས། དགེ་ཚུལ་དོན་ལྔ། བསྙེན་རྫོགས་ཞེ་བརྒྱད་བཅས་བསྒྲུབས། ཕན་ཚུན་ནས་བསྙེན་བཀུར་ཞུ་མི་མང་དུ་བྱུང་བ་རྣམས་ཀྱི་རེ་བ་བསྐང༌། ཨུརྒེ་གྲྭ་ཚང་གི་སྒྲིགས་ལམ་ཉམས་ཆག་ཏུ་སོང་བ་རྣམས་ལ་དག་ཐེར་མཛད། དེར་འགོ་ལོག་དཔོན་པོ་མགོན་པོ་དར་རྒྱས་མཇལ་བར་འོངས་ཏེ་རྟ་མགྲིན་གྱི་རྗེས་གནང་ཞུས། ཐོར་གོད་རྒྱལ་པོ་ཚེ་རིང་རྣམ་རྒྱལ་ཧན་གྱི་ཨེལ་ཆི་གྲགས་པ་བླ་མ་སོགས་འབྱོར་ཏེ་ཁྱད་ནོར་དུ་མའི་དངོས་འབུལ་བཏེག་པར་དཔའ་པོ་གཅིག་པའི་དབང་དང་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྩལ། དེར་


GTD004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཨམ་བན་ས་སྐོར་ལ་ཕེབས་པ་དང་མཇལ་འཛོམ་ཐོག །ཨམ་བན་ནས་དཀོན་མཆོག་ཇ་སག་དང་སྡེ་པ་གཉིས་མ་མཐུན་པར་འདུག་ཀྱང་ཐམས་ཅད་ཁྱེད་ཀྱི་སྦྱིན་བདག་ཡིན་ཞིང་གསུང་བརྩི་བས་བར་ཆིངས་གནང་དགོས་ཚུལ་ཞུས་པ་བཞིན་བཀའ་ཕེབས་ཏེ་འདུམ་པར་མཛད། ཀླུ་འབུམ་ཛ་སག་གིས་གདན་དྲངས་ཏེ་བསྙེན་བཀུར་གྱ་ནོམ་པ་ཞུས། ཤིས་ཚང༌། གླ་རི་མགོ །མིང་ངེ༌། ཧོར་སྐྱེས་སོགས་སུ་རིམ་པར་ཕེབས་ཤིང་ཀུན་རིག་གི་དབང་སོགས་སོ་སོར་འདོད་ཆོས་ཀྱིས་རེ་བ་བསྐང༌། སླར་ཡང་གདན་སར་ཕེབས་ནས། འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་དང༌། ལྕང་སྐྱ་རྡོ་རྗེ་འཆང་རྣམ་གཉིས་ཀྱི་འཚམས་ཞུས་ལ། དར་ཧན་རབ་འབྱམས་པ་ཀུན་དགའ་དང༌། གསོལ་དཔོན་དཔལ་ལྡན་ངོ་གཡོག་རྫོངས་སྟ་མཛད། དཔོན་རིན་པོ་ཆེ་ནས་འདུ་ཁང་ཆེན་མོའི་ནང་རྟེན་དུ་གསེར་ཟངས་ལས་སྒྲུབ་པའི་བྱམས་སྐུ་ཐོག་ཚད་གཅིག་བཞེངས་པར་ཉིན་གསུམ་གྱི་བར་དུ་བཀྲ་ཤིས་སྙེ་མའི་སྒོ་ནས་སྤྱན་དབྱེ་བའི་ཆོ་ག་རྒྱས་པར་བསྒྲུབས། ཝ་ཤུལ་རྒྱ་མཚོ་དུས་ཆོས་སུ་གྱུར་པའི་དོན་དུ། ཁེ་ཐ་ནས་གདན་འདྲེན་པ་འོང་བར་ཆིབས་བསྐྱོད་དེ་བསྔོ་སྨོན་གྱིས་མཚམས་སྦྱོར་གནང༌། ལམ་ནས་བྲག་ལུང་རི་ཁྲོད་དུ་ཕེབས་ཏེ་མང་འགྱེད་གྱ་ནོམ་པ་སྩལ། ལོ་རྗེས་མ་དབུས་སུ་ཕེབས་རྒྱུར། མཛོ་དགེ་ཁྲི་པ་བློ་བཟང་སྦྱིན་པ་ཚང་ནས་རྟ་ལྔ་བཅུ་སྐོར་དང༌། དཀའ་བཅུ་ཆོས་རྗེས་མཛོ་རྟ་དྲུག་ཅུ་སོགས་ཀྱིས་ཕེབས་རྫོངས་བསྟར། འབྲོག་དགེའི་སྐུ་སྐྱེ་སོགས་བསླབ་ཚིགས་དོན་དུ་གཉེར་བ་དུ་མ་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་སྩལ། ཆོས་འཁོར་གྱི་ཧོར་སྤྲུལ་སྐུས་གདན་དྲངས་


GTD004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཀུན་རིག་གི་དབང་ཆེན་སོགས་ཆོས་བཀའ་མང་དུ་ཞུས་ནས་ཆིབས་ཆེན་ཁ་ཤས་སོགས་དངོས་འབུལ་ཀྱང་གཟབ་རྒྱས་བསྟར། དཀར་རྩི་དགོན་ནས་གདན་དྲངས་པར་འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་སྩལ་ཅིང་དེར་དགུང་ལོ་ང་བདུན་པ་ཤིང་འབྲུག་གི་ལོ་གསར་གནང༌། ལམ་ནས་རྗེས་ཚང་གི་སྡེ་པ་རྣམས་ལ་ཇག་རྐུས་བྱེད་མི་རུང་ཚུལ་གྱི་བཀའ་ཕེབས་ཏེ་ཐམས་ཅད་ཀྱིས་དམ་བཅའ་ཕུལ། ཚེས་ལྔ་ལ་གདན་སར་བབས་ཏེ་གསུང་ཆོས་སྔར་རྒྱུན་བཞིན་གནང༌། བཅུ་གསུམ་ལ་དགེ་བའི་བཤེས་གཉེན་ཐོར་གོད་བླ་མ་ངག་དབང་དོན་གྲུབ་ཀྱིས་ཁུར་དུ་བླངས་ཏེ་གསོ་རིག་གཞན་ཕན་གླིང་གི་འདུ་ཁང་གསར་དུ་བསྐྲུན་པའི་ཞལ་བསྲོར་སྐྱབས་མགོན་ཉིད་ཚོགས་དབུས་སུ་གདན་དྲངས་ཏེ་ཞབས་བརྟན་ཕུལ་བར་ཆོས་སྤྱོད་འགའ་ཞིག་དང་སྨན་བླའི་མདོ་ཆོག །རྩ་བ་ཐུགས་རྒྱུད་རྣམས་ཀྱི་ལྗགས་ལུང་སྩལ། མཇལ་བ་སྟོང་ཕྲག་དུ་མར་ཕྱག་དབང་སོགས་ཀྱིས་རེ་བ་བསྐང༌། དགེ་ཚུལ་སུམ་ཅུ་རྩ་གསུམ་དང་བསྙེན་རྫོགས་བརྒྱ་དང་ཞེ་གསུམ་བསྒྲུབས། གོང་མ་ཆེན་པོར་དབུས་སུ་ཕེབས་རྒྱུའི་དགོངས་པ་ཞུ་ཆེད་ཟི་ལིང་དུ་ཨེལ་ཆི་མངགས་པ་བཞིན་ཨམ་བན་ནས་ཁུར་དུ་བླངས་ཏེ་གཉིས་པའི་བཅུ་གཉིས་ལ་གོང་དུ་གྲེས་ཙེ་ཕུལ། ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་ནས་གདན་དྲངས་ཏེ་སྤྱི་སོ་དང༌། ནང་ཆེན་མཐའ་དག་གིས་རང་རང་གི་འབྱོར་བསྟུན་གྱི་དབུས་རྫོངས་གྱ་ནོམ་པ་ཕུལ། ཐམས་ཅད་ལ་ལུགས་གཉིས་ཀྱི་བསླབ་བྱ་ཞིབ་རྒྱས་གནང་ཞིང༌། འཛིན་གྲྭ་སོ་སོར་བགྲོ་གླེང་གཏོང་ཚུལ་སོགས་ལ་


GTD004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་རྟོག་མཛད། དེ་ནས་ཁྱོམ་ཐོག་སྒར་པ། རྒྱ་མཁར་དགོན། རྩམ་སྡེར་སྒར་པ། མཛོ་དགེ་སྒར་པ། ཆོས་རྫོང་སྒར་པ། མཆོད་རྟེན་ཤར་པ་སོ་སོ་ནས་གདན་དྲངས་ཏེ། སྤྱི་སྒེར་གྱི་ཕེབས་རྫོངས་གཟབ་རྒྱས་ཕུལ་བ་མཐའ་དག་ལ་དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་སྒྲིགས་ལམ་ཁུར་དུ་བླངས་ཏེ་འཆད་ཉན་ལ་འབད་དགོས་ཚུལ་དང༌། གྲོང་པ་རྣམས་ཀྱང་ཇག་རྐུས་སྲོག་གཅོད་སོགས་སྤངས་ཏེ་རྣམ་དཀར་དགེ་སྒྲུབ་ལ་འབད་དགོས་པའི་བསླབ་སྟོན་གནང༌། མཛོ་དགེར་བཞུགས་སྐབས། ཆས་པ་ཆོས་རྗེ་བློ་བཟང་ཆོས་ལྡན་གྱིས་ཡུམ་ཆེན་མོའི་གསེར་སྐུ་ཁྲུ་གང་བ་སོགས་དངོས་འབུལ་སྤུས་གཙང་བ་ཕུལ། རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་སོགས་དོན་གཉེར་ཅན་སུམ་བརྒྱ་སྐོར་ལ་འཇིགས་བྱེད་སྔགས་བཏུའི་རྗེས་གནང་སྩལ། སླར་གདན་སར་ཕེབས་ཏེ་ཞག་བཅུ་སྐོར་ཞིག་ཏུ་བཅད་རྒྱ་མཛད་ནས་གསུམ་པའི་ཚེས་གཉིས་ཀྱི་ཉིན་སེང་གདོང་མའི་ལས་བཞིའི་སྦྱིན་སྲེག་གནང༌། གོང་དུ་ཡི་གེ་བཟུང་བའི་ལན་ཡང་ཉིན་དེར་ཟི་ལིང་དུ་འབྱོར་འདུག་པས་དགོངས་གཞི་ཁྱད་ཅན་ཞིག་ཡོད་པར་སྣང༌། ཟི་ལིང་གི་ཡི་གེ་འབྱོར་པ་ནས་བཟུང་ཁྲི་གདན་ཟུར་ཁྲི་ཆེན་སྤྲུལ་བའི་སྐུ་རྣམ་གཉིས་སོགས་ནང་ཆེན་ཁག་དང་གྲྭ་པ་འབྱོར་ལྡན་ལྷ་སྡེ་གོང་འོག་སོ་སོ་ནས་གང་འབྱོར་གྱི་ཕེབས་རྫོངས་གཟབ་རྒྱས་རིམ་པར་ཕུལ། རྒྱུད་པ་སློབ་ཟུར་དཔའ་རི་བ་ཚང་གིས་ཞུས་ངོར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང༌། ཉིན་བཅུ་གསུམ་གྱི་རིང་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་སོགས་ལ་སྒྲུབ་ཐབས་རིན་འབྱུང་གི་མཇུག་རྫོགས་པར་གནང༌། ཟླ་བ་གསུམ་པ་


GTD004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་བརྩེགས་ཀྱི་ཕྱི་མའི་ཚེས་དྲུག་གི་ཉིན་ཚོགས་སུ་སྤྱན་དྲངས་ནས་སྤྱི་བསྡུས་ཀྱིས་ཞབས་བརྟན་ཕུལ་ཏེ་གསོལ་བ་བཏབ་པའི་ལན་དུ། ཀུན་མཁྱེན་གོང་མ་དེ་ཉིད་མཛད་པ་འཕྲིན་ལས་མཐའ་ཡས་པ་ཞིག་ཡིན་ཀྱང་ཕྱག་རྗེས་ཀྱི་གཙོ་བོ་པོ་ཏི་ལྔ་དང་དགོན་པ་འདི་ཡིན། དེའི་རྒྱུ་མཚན་གྱིས་བདག་གིས་ཀྱང་ཐམས་ཅད་ཀྱི་ནང་ནས་འདི་ལ་གཙོ་བོར་སྒོ་དུ་མ་ནས་ཕན་གྲོགས་སུ་ཅི་འགྱུར་བྱས་པ་ཡིན་པས་ཐམས་ཅད་ཀྱིས་དེ་ཐུགས་ལ་བཞག་ནས་དགོས་པའི་གཙོ་བོ་སྒྲིགས་ལམ་ཀུན་སྤྱོད་དང་ཆོས་འཆད་ཉན་ལ་འབད་དགོས་ཚུལ་སོགས་ཤིན་ཏུ་ཡིད་འཁུལ་བའི་བསླབ་སྟོན་ཞིབ་རྒྱས་གནང༌། ཨ་རུ་ཧོར་ཆེན་བླ་མ་ཞབས་དྲུང་ཡེ་ཤེས་འཕྲིན་ལས་རབ་རྒྱས་ཀྱིས་དངུལ་སྲང་སྟོང་ཕྲག་གཅིག་གིས་གཙོས་འབུལ་བ་སྤམ་མཐོ་བ་བཏེག་སྟེ་ཞབས་བརྟན་རྒྱས་པ་ཕུལ། དེ་ནས་ཐར་པ་རྩེར་ཕེབས་ཏེ་ལམ་གྱི་གེགས་སེལ་གཙོར་གྱུར་གྱི་ཐུགས་དམ་བཅད་རྒྱ་གནང༌། བཅད་རྒྱ་གྲོལ་ནས་བསྒྲུབ་བྱ་བརྒྱ་རྩ་གཅིག་དགེ་ཚུལ་དང༌། བརྒྱ་དང་ཉེར་བཞི་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། མོར་གོལ་ཅིན་དཀའ་བཅུ་ངག་དབང་ལེགས་ལྡན་སོགས་དོན་གཉེར་ཅན་འགའ་ཞིག་ལ་བྱང་ཆུབ་བདེ་ལམ་གྱི་ཁྲིད་དང༌། བདེ་མཆོག་སྔགས་བཏུའི་རྗེས་གནང་སོགས་ཟབ་ཆོས་དུ་མ་གནང༌། དེ་ལན་ཡང་དབུས་ཕེབས་ཀྱི་མཚམས་འདིར་སྡེ་ཁྲི་སྤྲུལ་བའི་སྐུའི་ཡང་སྲིད་གདན་སར་འགོད་པ་གནང་སྟེ་རྟེན་འབྲེལ་གྱི་དབང་ཞིག་ཏུ་མངོན། དར་ཧན་རབ་འབྱམས་པ་ཀུན་དགའ་དང༌། གསོལ་དཔོན་དཔལ་ལྡན་གཉིས་གོང་དུ་འཚམས་ཞུས་ལ་སོང་བ་སླར་གེགས་མེད་དུ་འབྱོར་གདོང་


GTD004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས་མཛོད་ཀྱི་གོས་ཆེན་ཡུག་བཅུ་སོགས་གནང་སྐྱེས་ཀྱི་བདོག་པའང་ཤིན་ཏུ་གྱ་ནོམ་པ་བཅས་གསེར་གྱི་བཀའ་ལུང་བཟང་པོ་ཕེབས། གོང་ནས་དབུས་ཕེབས་ཀྱི་དགོངས་པ་གྲོལ་བའི་ལེགས་འབུལ་སོགས་ལ་ཟི་ལིང་དུ་ཕེབས་ཏེ་ཨམ་བན་དང་དངོས་འཕྲད་མཛད། དེ་ནས་སྐུ་འབུམ་དུ་ཕེབས་པར་རབ་བྱུང་བསྙེན་རྫོགས་སོགས་ཞུ་མི་ཆེས་མང་བར་བྱུང་ཞིང༌། སྤྱི་སྒེར་ཐམས་ཅད་ནས་ཕེབས་རྫོངས་ཀྱི་བདོག་པ་དཔངས་མཐོ་བ་བསྟར། ཕྱིར་ཕེབས་སྐབས། ཐུའུ་བཀྭན་རིན་པོ་ཆེ་ཇོའུ་ཀྱའི་གཞིས་ཀར་ཕེབས་ནས་མཇལ་འཕྲད་ཞུས། ཞག་གཉིས་ལྷན་དུ་གསུང་གླེང་ཞིབ་མོ་མཛད། ཡབ་སྲས་སྐུ་འཕྲེང་དུ་མར་འབྲེལ་ཟབ་ཅིང༌། འདི་ཀའི་དགེ་འདུན་མང་ཡང་འདུན་པ་ཆིག་དྲིལ་སྟར་ཆགས་སུ་ཡོད་ཚུལ་བཅས་ཁོང་ལ་སླར་བཀྲ་ཤིས་འཁྱིལ་གྱི་ཁྲི་པ་གནང་དགོས་པའི་བཀའ་ནན་ཕེབས་པར། དགོངས་པ་ནན་ཆེར་ཞུས་པས་ཁྲོལ་ཆ་མཛད་དགོས་བྱུང༌། དེ་སྐབས་ཐུའུ་བཀྭན་རིན་པོ་ཆེ་ནས། ལྕང་སྐྱ་ཐམས་ཅད་མཁྱེན་པ་པེའི་ཅིང་དུ་བཞུགས། རྗེ་ཉིད་བོད་དུ་ཕེབས་པས། ཁོ་བོ་ནི་གུང་རུ་རྒྱན་བཟང་གིས། བློ་བཟང་གྲགས་པ་དགའ་ལྡན་གནས་སུ་གཤེགས། །བྱམས་ཆེན་ཆོས་རྗེ་མི་དབང་གཙུག་ན་མཛེས། །རྒྱལ་མཚན་བཟང་པོ་གངས་རིའི་ཁྲོད་འདིར་ལུས། །ཞེས་སྐྱོ་ཚིག་གསུངས་པ་ལྟ་བུ་ཞིག་ཡོང་འདུག་ཅེས་ཞུས་པ་ལ། ཞལ་འཛུམ་པ་ཞིག་མཛད་ནས་ཁྱེད་རང་ཡང་གཞན་ཞིག་ཏུ་ཕེབས་དགོས་ཡོང་སྲིད་གསུངས། ཕེབས་རྫོངས་སུ་དངུལ་རྟ་རྨིག་མ་གསུམ། གོས་ཆེན་ཡུག་ལྔ། གོང་མའི་ན་བཟའི་ཁྲོད་ཀྱི་འབྲུག་རྩགས་གསར་པ་སྐུ་ལ་མནབ་རུང་ཞིག་བཅས་ཕུལ་བས་ཐུགས་དགྱེས། བ་ཡན་གྱི་བྲག་ལུང་དགོན་


GTD004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་བར་དུ་ཆིབས་སྐྱེལ་ཞུས། མི་རིང་བར་སྐྱབས་མགོན་ཉིད་ཀྱི་ལུང་བསྟན་བཞིན་གོང་ནས་ཐུའུ་བཀྭན་རིན་པོ་ཆེ་སྟོན་ཀ་ཡེ་ཧོར་དུ་ཕེབས་དགོས་ཀྱི་ལུང་བྱུང་བའི་གནས་ཚུལ་གསན་འཕྲལ་བསླབ་སྟོན་ཞིབ་རྒྱས་ཀྱི་གསུང་ཤོག་དང༌། རྟ་བཟང་བ། སྣམ་སྤོས་སོགས་ཀྱིས་ཕེབས་རྫོངས་འབུལ་མི་ཆེད་གཏོང་མཛད། རིམ་གྱིས་གདན་སར་འབྱོར་ཞིང༌། ཡུལ་དབུས་སུ་འབྱོན་རྒྱུའི་ཉེར་བསྡོགས་ཀྱི་རིམ་པ་མཐའ་དག་ལེགས་པར་ཚགས་སུ་ཚུད་དོ། །སྨྲས་པ། སྤོང་བ་བསམ་གཏན་གྲུ་ཆར་གྱིས་སྔོ་བརྩེགས་མ་སྟུག་པོའི་སྤྲིན་གྱི་གདེངས་ཀ་ལས། །ཀློག་པ་ཐོས་བསམ་དབྱངས་ཀྱི་འབྲུག་སྒྲ་རོལ་བས་ས་གསུམ་མ་ལུས་འདར་བ་བཞིན། །བྱ་བ་ལས་ཀྱི་འཁོར་ལོའི་གློག་ཕྲེང་ཕྱོགས་ཀྱི་ས་འཛིན་བྱེ་བའི་མགུལ་བར་འཁྱུད། །ཨེ་མ་ཐུབ་བསྟན་དཔྱིད་ཀྱི་མཐའ་ལ་སླར་ཡང་རྫོགས་ལྡན་དབྱར་གྱི་དགའ་སྟོན་རྒྱས། །འགྲོ་ལ་རྗེས་སུ་ཆགས་པའི་ཚོན་རིས་ཀྱིས། །གཞན་ཕན་ཐབས་ཀྱི་རྣམ་པ་མཐའ་ཡས་པ། །ངོ་མཚར་བཀོད་པའི་ཞིང་བརྒྱ་སྤྲོ་བ་ཅན། །སྒྱུ་འཕྲུལ་བི་ཤྭ་ཀརྨ་གཞན་ན་གང༌། །བྱ་བའི་ཁུར་མང་བཟོད་པའི་སྙིང་སྟོབས་ཀྱིས། །གྲུ་གཟིངས་ཐབས་མཁས་རྒྱ་མཚོར་ཞུགས་པ་ཡིས། །ཐང་གཅིག་བགྲོད་པའི་མཐུ་ལ་རྟ་གླང་གི །ངལ་ཁུར་བརྒྱ་ཡིས་འགྲན་ནུས་ག་ལ་ཞིག །ལས་ཉོན་སྐྱེ་བའི་དུག་ཚེར་གཞོམ་པ་པོ། །བཤད་སྒྲུབ་རལ་གྲིའི་རྣོ་རྒྱུན་ཡིན་མོད་ཀྱང༌། །འཛིན་བྱེད་གསེར་གྱི་ཡུ་བ་མ་ཉམས་པ། །བསྟན་ལ་སྲི་ཞུའི་ལས་འདི་ཡིན་ནམ་སྙམ། །ལ་ལ་བྲག་སྟོང་ཕུ་ན་
ཆགས་སྡང་སྒོམ། །ཁ་ཅིག་ཤགས་འགྱེད་སྦྱོར་བས་མི་ཚེ་བསྐྱལ། །ཕལ་ཆེར་རང་དོན་ཟ་ཟིའི་གཡེང་བས་བྲེལ། །དེ་དག་འཁོར་ལོ་གསུམ་གྱི་ཕྱོགས་ཀྱང་མིན། །ཐུགས་ནི་ཟབ་གསང་ཆོས་ཀྱི་བདུད་རྩིས་མྱོས། །གསུང་ནི་ལེགས་བཤད་དབྱངས་བདུན་རྒྱུད་དུ་འཁྲོལ། །སྐུ་ཡི་འདུ་བྱེད་གཞན་ཕན་གར་གྱིས་ཟློས། །དེ་ནི་ཐུབ་བསྟན་དོ་རའི་མཛེས་རྒྱན་ཡིན། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་མདོ་སྨད་ལྷོ་རྒྱུད་ཀྱི་ཆར་འཁོར་ལོ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཚུལ་གཙོ་བོར་གྱུར་པའི་སྐབས་ཀྱི་སརྒ་སྟེ་དགུ་པའོ།། །།

བཅུ་པ་དབུས་གཙང་གཉིས་སུ་ཆོས་སྲིད་ཟུང་ལྡན་གྱི་སྒོ་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་ཚུལ་གྱི་སརྒ།


GTD004_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་གསུང་གི་གསང་བའི་གངྒཱ་འཛིན། །བསྲུབས་སྐྱེས་དཀར་གསལ་ཡིད་འོང་ཆོས་ཀྱི་དུང༌། །བདག་བློ་རྣམ་པར་རྒྱལ་བའི་ཁང་བཟང་རྩེར། །ཟབ་ཅིང་རྒྱ་ཆེ་སྙན་པའི་དབྱངས་སྒྲོགས་ཤིག །དེ་ནས་ཧོར་ཟླ་ལྔ་པའི་ཚེས་དགུའི་ཉིན་གདན་ས་ཆེན་པོ་ནས་ཁྲི་ཆེན་སྤྲུལ་བའི་སྐུ་རྣམ་གཉིས་དང༌། གྲྭ་ཚང་གསུམ་གྱི་བླ་མ་ཁྲི་གདན་ཟུར་སྐུ་སྐྱེ་ཆེ་ཆུང་སྤྱི་དགེ་གཉེར་དབོན་ཆོས་མཛད་སོགས་དང༌། ཨ་མཆོག །གཙོས། མཛོ་དགེ །རྐང་ཚ། རྗེས་ཚང༌། གླ་རི་འགོ །ཧོར་ཚང༌། རོང་པོ་མར་ནང་བཀྲ་ཤིས་ཆོས་སྡེ། གཅུ་འཁོར་གསང་སྔགས་ཆོས་སྡིངས། བྲག་དཀར་སོགས་དགོན་ལག་ཐམས་ཅད་ཀྱི་བླ་མ་ལས་སྣེ་ཆེ་བགྲེས་དཔོན་ཁག་དུ་མ་དང་བཅས་རྟ་པ་སྟོང་ཕྲག་བརྒལ་བས་ཆིབས་སྐྱེལ་ཞུས་ཏེ་གདན་ས་ནས་ཕྱག་བཏེགས། དགོན་པའི་ཕྱི་རོལ་


GTD004_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐལ་སྐད་ལན་གསུམ་བཏང་སྟེ་ཆིབས་ཁ་ཕྱིར་བསྒྱུར་བ་སོགས་ལེགས་པའི་རྟེན་འབྲེལ་བསྒྲིགས། གྲྭ་མང་ནས་མོས་གུས་དང༌། སྐྱོ་ཤས་ཤུགས་དྲག་པོས་འབྲལ་མ་ཕོད་པར་ཞབས་ཐང་དུ་རྒྱང་རིང་པོའི་བར་ཕེབས་སྐྱེལ་ཞུས། ལམ་ནས་ལྷ་སྡེ་དང༌། མདའ་ཚན་སོ་སོས་ཞག་བབས་སོགས་ཀྱི་གྲ་སྒྲིག་བསྙེན་བཀུར་ཡང་དག་བསྒྲུབས། ཨུརྒེ་ནས་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་ཀྱི་ཐོག །གོས་ཆེན་བཅུ་སྐོར་དང༌། དངུལ་སྲང་བརྒྱ། མཛོ་སུམ་ཅུ་སོགས་ཕེབས་རྫོངས་སྤམ་མཐོ་བ་ཕུལ། ཝང་གི་སྐུ་ཚབ་ཏུ་རབ་འབྱམས་པ་བློ་བཟང་འཇིགས་མེད་དང༌། པཱེ་ཐང་གཉིས་ཞབས་ཕྱིར་མངགས། མཆོད་ཡོན་ལུགས་གཉིས་ཀྱི་བཀའ་མཆིད་ཞིབ་པར་གནང་ཞིང༌། དཔོན་ཚང་ནས་རྒྱལ་བ་བསོད་ནམས་རྒྱ་མཚོའི་གསེར་སྐུ་མི་ཚད་ལྷག་ཙམ་བཞེངས་པ་ལ། གསང་བ་འདུས་པའི་སྒོ་ནས་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད། བསྒྲུབ་བྱ་སོ་གསུམ་ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་ཅིང༌། ཕྱོགས་འདུས་ཀྱི་མཇལ་བ་ཁྲིར་ཉེ་བ་ལ་ཕྱག་དབང་དང་ཆོས་འབྲེལ་སྩལ་ཏེ་ཡིད་ཀྱི་རེ་བ་བསྐང༌། དྲུག་པའི་ཚེས་གསུམ་ལ་དཔོན་ཚང་འཁོར་བཅས་གྲྭ་ཚང་གི་བླ་མ་ལས་སྣེ་སོགས་ཀྱིས་ཆིབས་སྐྱེལ་ཞུས་ཏེ་ཨུརྒེ་ནས་ཆིབས་ཁ་བསྒྱུར། ལོ་དེར་ཀ་ཆུ་ཕྱོགས་སུ་ཟ་ལར་གྱི་འཁྲུག་གཞི་ཆེ་བར་བརྟེན། ཁྲི་ཟུར་བསོད་ནམས་གྲགས་པ་སོགས་འགའ་ཞིག་གིས་སྐུ་ཞབས་ཉིད་དབུས་སུ་ཕེབས་ན་ཤུལ་ནས་དགོན་པ་སོགས་ལ་སྐྱོན་ཡོད་མེད་ཀྱི་དོགས་པ་བསླངས་པར་ངེད་ཀྱི་རྨི་ལམ་དུ་རྒད་པོ་སྨ་ར་དཀར་པོ་ཅན་ལུས་


GTD004_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བོངས་རིང་བ་ཞིག་ལ་སྡེ་གཟར་གྱི་དོན་སྐོར་དྲིས་པས་འཁྲུག་ལོང་ཆེ་ཙམ་འོང་ཟེར་ཡང༌། རང་རེའི་དགོན་པ་འདིར་དེ་འདྲའི་རིགས་ཀྱིས་སྐྱོན་མེད་པར་ཀུན་མཁྱེན་གོང་མས་ལུང་བསྟན་ཡོད་པས་སྐྲག་མི་དགོས་ཞེས་དབུགས་དབྱུང་བར་མཛད། ཀླུ་འབུམ་ཇ་སག་མཇལ་བར་འོངས་ཏེ་ཕེབས་རྫོངས་ཞུས། ལ་མོ་ཞབས་དྲུང་རིན་པོ་ཆེའི་ཨུརྒེར་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་དང༌། ལམ་དུ་འཁྱེར་བདེའི་གཟིམས་གུར་སྤུས་ལེགས་ཆ་འགྲིག་དངུལ་གོས་དར་རྟ་མཛོ་རྔ་མོང་སོགས་རྫོངས་ཆ་སྤམ་མཐོ་བ་ཕུལ། ཟླ་བ་དྲུག་པའི་ཚེས་བརྒྱད་ལ་རྨ་ཆུ་ཁ་ནས་ཚོགས་ཆེན་ཁྲི་ཟུར་བསོད་ནམས་གྲགས་པ། བླ་མ་དབུ་མཛད་ངག་དབང་ཚུལ་ཁྲིམས། དུས་འཁོར་རྡོ་རྗེ་འཛིན་པ་ངག་དབང་ཕུན་ཚོགས་སོགས་ཆིབས་སྐྱེལ་མང་མ་ཕྱིར་སློག །རྨ་ཕ་རིར་ཨ་ལག་ཤཱ་དྭགས་པོ་ཀུན་གྲོལ་ནོ་མོན་ཧན། མཚོ་སྔོན་འཇིགས་མེད་པེའི་ལི། མི་འགྱུར་པེའི་སི། བན་མུག་ཇ་སག །སྒྲོལ་མ་སྐྱབས་ཇ་སག །ནོར་བུ་ཇ་སག་རྣམས་ཀྱི་མི་སྣ་འབྱོར་ཏེ་སོ་སོ་ནས་ཕེབས་རྫོངས་དངོས་འབུལ་གྱ་ནོམ་པ་བསྟར། རིགས་པའི་དབང་ཕྱུག་དགེ་བཤེས་བསོད་ནམས་དང༌། སྨྲ་ཁམས་ཞབས་དྲུང་ཆེ་ཆུང་གཉིས་མཇལ་བར་འོངས་ཏེ་འབུལ་སྐྱེས་བཏེག་ཅིང་ཆོས་ཀྱི་གསུང་གླེང་མང་དུ་གནང༌། སྔ་ཕྱིར་ཕེབས་རྫོངས་ལ་གོས་དར་ཟམ་སོ་མཛོ་རྟ་སོགས་ཤིན་ཏུ་ཕོན་ཆེ་བ་བྱུང་ཞིང་དངུལ་རྐྱང་ལ་ཡང་ཐོ་གསལ་རགས་རིམ་བསྡོམས་པར་སྲང་ལྔ་སྟོང་ལྷག་ཙམ་སྣང༌། ཚེས་བཅུ་གསུམ་ལ་བླ་བྲང་ཕྱག་མཛོད་ཆེན་མོ་སྤྱི་སོའི་སྡེ་པ་སོགས་ཆིབས་སྐྱེལ་བ་མཐའ་དག་ཕྱིར་སློག །དེ་སྐབས་ཤིག་རབ་འབྱམས་པ་བློ་བཟང་འཇིགས་


GTD004_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་གླེང་གཞི་གཞན་མེད་པར་མི་དྲག་འགའ་ཞིག་གིས་རྐུས་བྱས་ཚུལ་ཐོལ་བྱུང་དུ་གསུངས་པས་ཁོང་དོགས་པ་སྐྱེས་ཏེ་ཚེས་གྲངས་ཡིད་ལ་བཞག་ནས་ཕྱིར་ལོ་རང་ཡུལ་དུ་འབྱོར་པའི་ཚེ་ཉིན་དེར་གནས་ཚུལ་དེ་འདྲ་ཞིག་གི་རྐྱེན་གྱིས་བརྗོད་གླེང་སྣ་ཚོགས་བྱུང་ཚུལ་ཐོས་པས་ལྐོག་གྱུར་གྱི་གནས་ལ་གཟིགས་པ་སྒྲིབ་མེད་དུ་མཐོང་བས་མོས་གུས་ལྷག་པར་འཕེལ། ལ་གཉིས་བར་དུ་ཞག་སྐབས་ཟི་ལིང་ཨམ་བན་ནས་ཆིབས་སྐྱེལ་དུ་མངགས་པའི་ཐུང་ཤི་གཉིས་འབྱོར་ཏེ་ཨམ་བན་གྱི་ཞུ་ཤོག་རྟེན་བཅས་དང་རྒྱ་ལུགས་ཀྱི་སྟོན་མོ་ས་ཆུའི་སྨན་འགའ་ཞིག་བཅས་ཕུལ། ཆེའི་དམ་གྱི་དཔོན་པོ་དཔལ་སྐྱིད་ཇ་སག་དང་མན་ཇུ་ཇ་སག་སོ་སོ་ནས་མཇལ་བར་འོངས་ཏེ་དངོས་འབུལ་བཏེག །ལབ་རྩེ་ཁྲབ་གོན་ནས་རྨ་ཆེན་ལ་བསང་གནང་སྐབས་ན་བུན་སོགས་ཀྱིས་མ་བསྒྲིབས་པའི་གངས་རི་གསལ་བར་མཐོང་ཞིང༌། དེའི་སྟེང་ནས་སྤྲིན་དཀར་པོ་ཆུང་ངུ་ཞིག་འཕྲལ་དུ་དར་ཡུག་བརྐྱང་བ་བཞིན་རྗེ་ཉིད་བཞུགས་པའི་ཕྱོགས་སུ་ཤད་ཀྱིས་འོངས་པས་རྟེན་འབྲེལ་ལེགས་ཞེས་དགྱེས་ཚུལ་མཛད། ལམ་སྐབས་ཀུན་ནས་ནང་དགུང་དང༌། ཐ་ན་ཕེབས་བྱམས་ནང་ཚུན་ཆད་དུ་ཕྱག་དཔེ་གཟིགས་རྟོག་རྒྱུན་པར་མཛད་ཅིང༌། སྐྱེས་རབས་སོ་བཞི་པའི་འགྲེལ་པ་ལྗགས་རྩོམ་གནང༌། ཨ་རུ་ཧོར་ཆེན་བླ་མ་ཞབས་དྲུང་གིས་གསོལ་བ་བཏབ་པ་བཞིན་དྲུག་པའི་ཉི་ཤུ་ནས་བདུན་པའི་ཚེས་བརྒྱད་ཀྱི་བར་ལམ་རིམ་ཆེན་མོའི་བཤད་ལུང་ཤིན་ཏུ་རྒྱས་པར་སྩལ། ཡུས་ཤུས་དཔོན་པོ་པཱེ་ཧུ་ཚེ་དབང་དགེ་ལེགས། པཱེ་ཅང་ཚེ་དབང་རབ་བརྟན་སོགས་ཡུས་ཤུས་སྡེ་པ་ཐམས་ཅད་


GTD004_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གུས་འདུད་ལྷུར་བླངས་ཏེ་ཞབས་ཏོག་དང་དངོས་འབུལ་ཞུས་པ་རྣམས་ཀྱི་རེ་བ་བསྐངས། འབྲི་ཆུ་ཁར་བཱེ་ཧུ་བསོད་ནམས་ཕུན་ཚོགས་ཀྱིས་བསྙེན་བཀུར་གང་ལེགས་ཞུས་པར་འདོད་ཆོས་ཁ་ཡར་གནང༌། རྒྱལ་མཚན་མཐོན་པོ་ནས་རྗེ་ཉིད་པཎ་ཆེན་གོང་མ་དེ་དང་ཐུགས་ནང་ཤིན་ཏུ་ཉེ་བར་མ་ཟད། རྒྱ་ཕེབས་ཀྱི་སྐོར་སོགས་སྔ་ཕྱི་དུ་མར་སྐུ་དྲིན་ཆེ་ཚུལ་གྱི་གསུང་ཤོག་དང་བཅས་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོའི་སྟེང་དུ་འཛུགས་རྒྱུའི་གསེར་གྱི་རྒྱལ་མཚན་ཆ་དང༌། གཉྫིར་ཆེ་ལེགས་བཟོ་བཀོད་གསེར་མདངས་ཐམས་ཅད་ཕུན་སུམ་ཚོགས་པ་ཞིག་བསྐུར་བའི་མི་སྣ་རྣམས་མདུན་དུ་མཇལ་ཏེ་རྒྱུ་མཚན་ཞུས་པར་དགྱེས་པའི་བཀའ་མཆིད་དང་བདག་རྐྱེན་གྱ་ནོམ་པ་གནང༌། འགོ་ཚ་སྐུ་སྐྱེ་དཀོན་མཆོག་མཐུ་སྟོབས་དབང་པོ་མཇལ་བར་འོངས་ཏེ་དངོས་འབུལ་བཏེག་ནས་སྒྲོལ་མའི་རྗེས་གནང་སོགས་ཆོས་འབྲེལ་འགའ་ཞིག་ཞུས་པར། ཀརྨ་ཆགས་མེད་ཀྱི་གསུང་འབུམ་ཞིག་ཚོལ་དགོས་ཀྱི་བཅོལ་དན་གནང༌། དགེ་ལྡན་ཆོས་འབྱུང་གི་ལྗགས་རྩོམ་འཕྲོ་འཐུད་ཅིང་གཞན་དོན་གཉེར་ཅན་འགའ་ཞིག་གིས་ཞུས་ངོར་ལྗགས་རྩོམ་ཁ་ཡར་མཛད། རྡོ་རམས་པ་བློ་བཟང་དང་རྡོ་རམས་པ་དར་རྒྱས་གཉིས་ལ་ཡང་གཞུང་ཆེན་པོ་དུ་མའི་སྟེང་ནས་འཕྲོས་པ་གནང་བས་ཁོང་རྣམ་གཉིས་ལ་ཡང་བློ་སྐྱེད་ཚད་མེད་པ་བྱུང༌། དགུང་མོའི་ཆ་ལ་ཞལ་འདོན་ཆག་མེད་སོགས་ཆོས་ཀྱི་བྱ་བས་ཉིན་མཚན་ཁོར་ཡུག་ཏུ་འདའ་བ་མ་གཏོགས་ལམ་ཐག་རིང་བར་སྙད་བཏགས་ནས་ཆོས་ཕྱོགས་མཐའ་དག་རྒྱབ་བསྐྱུར་གྱི་ངང་ཚུལ་རྣམས་རིང་དུ་དོར། བྱ་སྔོ་ཁྲོབ་ཏུ་ཞག་སྐབས་ཁོ་བོ་ཅག་གི་དཔོན་པོ་བློ་བཟང་དཀོན་མཆོག་བསུ་བར་འབྱོར་


GTD004_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དབུས་ཕྱོགས་ཀྱི་བཀའ་འདྲི་མང་དུ་གནང༌། བརྒྱད་པའི་ཚེས་བཅོ་བརྒྱད་ལ་མཚོ་མོ་རྭར་ཕེབས་ཐོག་རྭ་སྒྲེང་ནོ་མོན་ཧན་ནས་བསུ་བ་འཚམས་ཞུས་བཅས་འབྱོར། དེར་བཞུགས་སྐབས་ནག་ཆུ་མཁན་ནང་གཉིས་མཇལ་དུ་འོངས་ཏེ་གསོལ་སྟོན་དྲངས་པར་གཞུང་དུ་འབུལ་རྒྱུའི་རྟ་ཉིས་བརྒྱ་སྐོར་ཞིག་སྤྲད། ཧལ་ཧ་རྗེ་བཙུན་དམ་པའི་མགྲོན་གཉེར་ཟླ་བ་ངོ་གཡོག་མཇལ་བར་འོང་བ་ལ་བཀའ་མཆིད་ཞིབ་ཏུ་གནང་ཞིང་རྗེ་བཙུན་དམ་པའི་མཆོག་སྤྲུལ་རིན་པོ་ཆེ་སོགས་ལ་འབུལ་རྒྱུའི་ཞུ་ཤོག་འགའ་ཞིག་གནང༌། ཚེས་ཉེར་དགུ་ལ་གཞུང་ས་ནས་རྟ་འུལ་ཞོན་པ་ཁལ་མ་སོགས་རྫོངས་སྐྱེལ་གྱི་ཚུལ་དུ་གནང་བའི་སྟེང་ནས་ཆིབས་ཁ་བསྒྱུར། དགུ་པའི་ཚེས་བཞིའི་ཉིན་ཁོ་བོ་ཅག་དང༌། སྒོ་མང་དཔོན་སློབ་སྐལ་བཟང་དངོས་གྲུབ། དཔོན་སློབ་སངས་རྒྱས་རྡོ་རྗེའི་མཆོག་སྤྲུལ་གྲགས་པ་རྒྱལ་མཚན། རྭ་སྒྲེང་ནོ་མོན་ཧན་གྱི་ཕྱག་མཛོད། སྒོ་མང་སྡེ་པ། ཧ་སྡོང་དང་ཀླུ་འབུམ་གྱི་དགེ་རྒན་བཅས་ཀྱིས་སྟབས་གཅིག་པར་དབུ་མ་བཀྲ་ཤིས་ཐང་དུ་བསུས་ཏེ་ཞལ་གྱི་དཀྱིལ་འཁོར་མིག་གི་བདུད་རྩིར་གྱུར་པའི་ཐོག་དགྱེས་པའི་བཀའ་མཆིད་མང་དུ་ཕེབས། རྭ་སྒྲེང་དུ་ཕེབས་ཏེ་མཆོད་མཇལ་ཞིབ་རྒྱས་དང༌། བསྟན་པ་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་ནན་ཏན་མཛད། རྭ་སྒྲེང་ནོ་མོན་ཧན་ནས་གཞིས་ལེན་གྱི་སྟོན་མོ་གཟབ་རྒྱས་བསྟར་ཞིང་སྤྲུལ་བའི་སྐུ་ལ་དངོས་འབུལ་སྤམ་མཐོ་བ་དང་བཅས་ཚོགས་པར་མང་འགྱེད་གྱ་ནོམ་པ་སྩལ། ཚེས་དགུ་ལ་སེར་སྨད་ཀྱི་དཔོན་སློབ་སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་དང་སེ་ར་བྱེས་སྨད་གཉིས་ཀྱི་སྡེ་པ། ཧ་སྡོང་


GTD004_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྒན་བཅས་བསུ་བར་འབྱོར། དེ་ནུབ་ལྷུན་གྲུབ་རྫོང་དུ་ཞག་བབས་ཀྱི་ཐོག་སྟོང་སྐོར་སྤྲུལ་བའི་སྐུ་ནས་དཀར་སྤྲོའི་བསྙེན་བཀུར་ཞུས། དེ་ནས་རིམ་གྱིས་ཕེབས་པས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་བྱང་རྩེ་དཔོན་སློབ་དང༌། ཚོགས་ཆེན་དགེ་བསྐོས་འབྲས་སྤུངས་བློ་གསལ་གླིང་དཔོན་སློབ་དང༌། འདུལ་བ་བླ་མ་གདན་ཟུར། སེ་ར་བྱེས་དཔོན་སློབ། སེ་རའི་ཚོགས་ཆེན་དགེ་བསྐོས་སོགས་བསུ་བ་རིམ་པར་འབྱོར། ཚེས་བཅུ་གསུམ་གྱི་ཉིན། སེར་བྱེས། སེར་སྨད། ཁོ་བོ་ཅག །ཧ་སྡོང་ཁམས་ཚན། སྒོ་མང་གྲྭ་ཚང་བཅས་ཀྱིས་ཐབ་བསུ་ཕུལ་བ་རྣམས་ལ་རིམ་པར་ཕེབས། འབྲས་སྤུངས་སྤྱི་སོའི་ཐབ་བསུའི་སྟེང་དུ་བླ་མ་བདུན། ཞལ་ངོ་གཉིས། གནས་ཆུང་ཆོས་རྗེ། ཚོགས་ཆེན་དབུ་མཛད། སྤྱི་སོའི་སྡེ་པ་བཅས་ཀྱིས་མཇལ་དར་ཕུལ། དེ་ནས་གཞུང་ས་རིན་པོ་ཆེ་ནས་རྩེ་དྲུང་གསུམ། ཤོད་དྲུང་གསུམ་བཅས་མངགས་ཏེ་ཐབ་བསུའི་བསྙེན་བཀུར་ཞུས་ཤིང་རིམ་གྱིས་དཔལ་གྲོང་ཁང་གསར་དུ་ཕྱག་ཕེབས། ཕྱི་ཉིན་སྔ་ཆར་ཇོ་བོ་རིན་པོ་ཆེ་དང༌། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར་མ། རྗེ་ང་འདྲ་མ་སོགས་རྟེན་འགངས་ཆེ་བ་རྣམས་ལ་མཆོད་མཇལ་ཞིབ་ཏུ་མཛད། བསྟན་པའི་གསལ་བྱེད་དམ་པ་རྟ་ཚག་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་དང༌། རྒྱུད་སྟོད་སྨད་ཀྱི་མཁན་པོ་སོགས་བླ་མ་སྤྲུལ་སྐུའི་རིགས་དུ་མ་དང་གཞུང་གི་མི་ཆེན་སོ་སོ་ནས་མཇལ་བར་འོང་བ་ལ། རང་རང་གི་བློ་དང་འཚམ་པའི་གསུང་འཕྲོས་དང་འོས་བསྟུན་གྱི་གནང་སྐྱེས་གྱ་ནོམ་པ་སྩལ། བ་རི་བླ་མ་ངག་དབང་དོན་གྲུབ་ཀྱི་སྐུ་སྐྱེ་མཇལ་བར་ཕེབས་པ་ལ་སྤྱིར་སྤྲུལ་སྐུ་ཆེ་ཁག་མིན་ཀྱང་ཁོང་གི་སྐུ་གོང་མ་རྗེ་ཉིད་


GTD004_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བླ་མ་ཡིན་གཤིས་བཀུར་གཟོས་ཚད་མེད་པ་གནང་བ་ནི་ད་ལྟར་གྱི་དུས་ལ་ལྟོས་པའི་ཐུན་མོང་མ་ཡིན་པའི་རྣམ་ཐར་ཞིག་ཏུ་སྣང༌། མཆོད་མཇལ་ཞིག་གི་ཚེ་འཇམ་དབྱངས་ཁོ་ཡོན་མར་སྙན་ཤལ་ཕུལ་བ་ཀུན་མཁྱེན་གོང་མའི་དུས་བཞིན་ཕྱག་གིས་བཞེས་པས་དེར་འཁོད་མཐའ་དག་ཡ་མཚན་ཞིང་ཡིད་ཆེས་ལྷག་པར་འཕེལ། བསྒྲུབ་བྱ་འགའ་ཞིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཅིང༌། རྒྱུད་སྨད་བླ་མ་དབུ་མཛད་ཀྱིས་ཞུས་ངོར་དྭགས་པོ་ནམ་མཁའ་གྲགས་ཀྱིས་མཛད་པའི་གསང་འདུས་བསྐྱེད་རྫོགས་གཉིས་ཀྱི་ལྗགས་ལུང་དང༌། གཞན་དོན་གཉེར་ཅན་ཁ་ཤས་ལ་འཇམ་དབྱངས་དཀར་པོའི་རྗེས་གནང་སོགས་འདོད་ཆོས་འགའ་ཞིག་གནང༌། འཇམ་མགོན་བསྟན་པའི་རྩ་ལག་རྒྱལ་སྲས་སྤྲུལ་བའི་སྐུ་རིན་པོ་ཆེ་མདུན་དུ་མཇལ་བར་ཕེབས་ནས་ཟུར་གསོས་གྱ་ནོམ་པ་ཞུས། རྒྱལ་སྲས་རིན་པོ་ཆེས་ངེད་ཀྱིས་སྔར་ནས་དབུ་མའི་བཀའ་རྩོམ་རྟིང་སྐུལ་ཞུས་པ་ཡིན་ཀྱང་ངས་ལྷ་རམས་པའི་དམ་བཅའ་མ་བཞག་བར་དུ་ཁྱེད་ཀྱིས་མ་བརྩམས། ད་ལྟ་ང་མ་ཎི་འདོན་སྐབས་ཁྱེད་ཀྱིས་གསུངས་འདུག་ཀྱང་བེད་མི་ཆོད་པར་སྣང་ཞེས་ཞལ་རྩེད་མཛད་པ་སོགས་ཕན་ཚུན་ཐུགས་ནང་ཤིན་ཏུ་ཉེ་བའི་གསུང་འཕྲོས་རྒྱུན་རིང་མཛད། བཅུ་པའི་ཚེས་བཅུ་གཅིག་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་པོ་ནས་ཕེབས་པར་ཆིབས་བསུ་མཛད་དེ་མཚན་ཉིད་གླིང་ཁར་ཐབ་བསུའི་སྟེང་ནས་མཇལ་ཁ་ཞུས། རྒྱལ་དབང་མཆོག་ནས་ལམ་སྐབས་སོགས་ཀྱི་བཀའ་འདྲི་དང་འབྲས་སྤུངས་བཞུགས་གྲལ་ལ་ཕེབས་དགོས་ཀྱི་བཀའ་བསྒྱུར་བ་བཞིན་དུ་དེར་བྱོན། སྒོ་མང་གྲྭ་ཚང་ནས་རྒྱལ་


GTD004_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མཆོག་ལ་གསོལ་སྟོན་ཞུས་པའི་སྡེབས་སུ་རྗེ་ཉིད་ཀྱང་གདན་དྲངས་པ་ལྟར་ཕེབས། དེ་ཉིན་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་ཞུས། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ཟུང་དུ་འབྲེལ་བའི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཀུན་སྤངས་ཆེན་པོ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་པའི་ཞལ་སྔ་ནས་གདན་དྲངས་ཏེ་བཅུ་པའི་བཅོ་བརྒྱད་ནས་བཅུ་གཉིས་པའི་ཟླ་མཇུག་ཙམ་གྱི་བར་དུ་རྗེའི་གསུང་འབུམ་ཁྲོད་ནས་ལུང་སྔར་མ་གསན་པ་འགའ་ཞིག་དང༌། སྔར་གསན་ཀྱང་ལུང་རྒྱུན་ལ་དོགས་པ་ཡོད་པའི་རིགས། བཀའ་གདམས་ཕ་ཆོས་བུ་ཆོས། རྒྱལ་དབང་དགེ་འདུན་རྒྱ་མཚོའི་གསུང་འབུམ་སོགས་ལྗགས་ལུང་མང་དུ་གསན། ཕར་ཡང་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་ལམ་རིམ་སོགས་ཀྱི་ལུང་ཁ་ཤས་གནང༌། བར་སྐབས་སུ་རྒྱལ་དབང་རིན་པོ་ཆེར་གཟིམས་ཆུང་མཇལ་ཁ་ལན་འགའ་ཞིག་ཞུས་པར་དགྱེས་པའི་བཀའ་མཆིད་མང་དུ་ཕེབས། མཚུར་ཕུ་ནས་ཀརྨ་བས་འཚམས་ཞུས་སྒྲོལ་མའི་སྐུ་ཁྱད་འཕགས་དང་སྙན་དངགས་ཀྱི་དཔེ་འགའ་ཞིག་བཅས་འབྱོར་བར་ལན་དུ་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ཆབ་ཤོག་བདོག་པ་གྱ་ནོམ་པའི་རྟེན་དང་བཅས་པ་ཕུལ། ཉིན་གཅིག་ཞབས་ཕྱི་རྣམས་བསྡུས་ཏེ་ངེད་ལ་ཆོས་ཉན་སོགས་དོན་ཆེན་པོ་སྒྲུབ་རྒྱུ་མང་པོས་ལོ་རྗེས་མར་ཕྱིར་འགྲོ་མི་ཐུབ་པ་འདུག་ཅེས་བཀའ་ཕེབས། ཚང་མས་འབྱོན་དགོས་ཀྱི་ཞུ་བ་ནན་ཏན་ཕུལ་ཀྱང་བསྒྱུར་མ་ནུས་པས་དཔོན་གཡོག་རགས་བསྡུས་བཞུགས་རྒྱུར་བྱས་ཏེ་དམངས་ཕྱིར་སློག་པས་སྔ་འགྲོས་ཀྱི་མགོ་པར་ཨུས་ཙང་དབོན་པོ་དགེ་


GTD004_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་འཇམ་དབྱངས་དང་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་གཉིས་འགྲོ་དགོས་ཀྱི་བཀའ་ཁྱབ་སྩལ། རྒྱལ་སྲས་སྤྲུལ་བའི་སྐུ་རིན་པོ་ཆེའི་དྲུང་ནས་གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་གསན་ཅིང་ཕར་ཡང་ཆོས་བཀའ་འགའ་ཞིག་གནང༌། བཅུ་གཉིས་པའི་ཉི་ཤུ་གཉིས་ནས་བཟུང་ཞག་བདུན་གྱི་རིང་བཅད་རྒྱ་མཛད་ཅིང་ཉི་ཤུ་དགུའི་ཉིན་རྣམ་རྒྱལ་གྲྭ་ཚང་གི་འཆམ་ལ་གཟིགས་མོར་ཕེབས། དེའི་ཕྱི་ཉིན་རྒྱ་རྩིས་དང་བསྟུན་ནས་དགུང་ལོ་ང་བརྒྱད་པ་ཤིང་སྦྲུལ་གྱི་ལོ་གསར་དགའ་སྟོན་གནང༌། གཞུང་རྩིས་ཀྱི་ཚེས་གཅིག་ལ་པོ་ཏ་ལར་ཕེབས་ཏེ་རྒྱལ་དབང་རིན་པོ་ཆེར་ལོ་གསར་གྱི་མཇལ་དར་ཕུལ། གཞུང་ས་ནས་གདན་ཁྲི་སོགས་ཀྱི་བཀུར་གཟོས་དང་སྟོན་མོ་གཟབ་རྒྱས་བསྟར། སེ་འབྲས་ཀྱི་བླ་མ་ལས་སྣེ་གཞུང་གི་བཀའ་བློན་སོགས་མི་དྲག་ཕལ་ཆེར་མཇལ་བར་འོངས་ཤིང༌། བཀྲ་ཤིས་ལྷུན་པོ་ནས་སྡེ་པ་གླང་གདོང་ནས་དང་སྡེ་པ་ཡེ་ཤེས་ཕུན་ཚོགས་གཉིས་འབྱོར་ཏེ་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་གསུང་ཤོག་དང་ཕྱག་མཛོད་ཆེན་མོ་སོགས་དྲག་རིམ་ཕལ་ཆེ་བའི་འཚམས་ཞུས་ཀྱི་ཡི་གེ་རྣམས་ཕུལ། དགེ་ཚུལ་གྱི་སྡོམ་པ་ཞུ་མཁན་མང་དུ་བྱུང་བས་འདོད་མོས་བཞིན་གནང༌། ཚེས་དགུར་རྒྱལ་དབང་རིན་པོ་ཆེ་ལྷ་སར་ཆིབས་བསྒྱུར་གནང་སྐབས་ཕེབས་བསུ་ཞུས་ཤིང་ཨེ་ཝཾ་དུ་གཞུང་ས་ནས་ཤངས་ལེན་དང་གཟོས་སྒོ་སྔར་ལས་ཀྱང་ལྷག་པར་ཞུས། འདིས་མཚོན་ཏེ་ཕྱོགས་གང་དུ་ཕེབས་ཀྱང་ལན་རེ་བཞིན་ནམ་འཕང་ཇེ་མཐོར་འགྲོ་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཞིག་ཡོད་པ་ནི། སྟོབས་


GTD004_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །གསུངས་པ་ལྟར་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཟི་བྱིན་དུ་མངོན། བཅུ་གཅིག་ལ་གདན་ས་ཆེན་པོ་སྐུ་འབུམ་ནས་མི་སྣ་ཆེད་མངགས་ཀྱིས་རྒྱལ་དབང་རིན་པོ་ཆེར་ཞབས་བརྟན་ཕུལ་བའི་སྟེང་དུ་གསུང་བཤད་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་མཛད། བཅོ་ལྔའི་ཉིན་འཕགས་མཆོག་ཕྱག་ན་པདྨ་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུས་སུ་གདན་དྲངས་ཏེ་རྗེ་ཉིད་ནས་བརྟན་བཞུགས་ཀྱི་བཤད་པ་དོན་ཟབ་ཅིང་རྒྱ་ཆེ་ལ་ཚིག་སྙན་ཞིང་འབྲེལ་ཆགས་པ་འཇིགས་པ་མེད་པའི་གསུང་གི་གདངས་ཟབ་མོ་དང་བཅས་ཏེ་ཞུས་པའི་མཐར་དངོས་འབུལ་གྱི་རིམ་པ་ཡང་དངུལ་སྲང་བརྒྱ་ལས་གྲུབ་པའི་མཎྜལ། དངུལ་དཀར་གྱི་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། ན་བཟའ་ཉེར་སྤྱད་ཀྱི་སྐོར། དངུལ་རྟ་རྨིག་མ་བརྒྱ། ཐོན་ཐི། མང་ནོག །ཁ་ཐི་སོགས་བཟང་གོས་ཡུག་བརྒྱ། ཆིབས་ཆེན་གསུམ་གྱིས་གཙོས་པས་རྟ་ཉིས་བརྒྱ་སྐོར། བཟང་ཇ་འཁོར་དྲུག་བརྒྱ་སོགས་སྤུས་གཙང་ཞིང་རྒྱ་ཆེ་བའི་དངོས་འབུལ་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་བ་ལྟ་བུ་དང༌། དེ་མཚུངས་ཁྲི་ཆེན་ནོ་མོན་ཧན་ལ་ཡང་དངུལ་གྱི་མཎྜལ། ན་བཟའ་ཉེར་སྤྱད། རྡོ་ཚད་སུམ་ཅུ། གོས་ཆེན་སུམ་ཅུ། འཁོར་དྲུག་སུམ་ཅུ་སོགས་འབུལ་ནོད་ཤིན་ཏུ་སྤམ་མཐོ་བ་བཏེག །དགེ་འདུན་ཁྲི་ཕྲག་གཉིས་དང་སུམ་སྟོང་བརྒལ་བར་ཇ་ཐུག་སོགས་ཀྱིས་བསྙེན་བཀུར་ཉིན་འཁྱོངས་ཞུས་པའི་ཐོག་དངུལ་རྡོ་ཚད་ཉིས་བརྒྱ་དང་ཉི་ཤུ་སྐོར་གྱིས་སྐུ་འགྱེད་ཞོ་ཕྱེད་དང་དྲུག་རེ་ཕུལ་ནས་བསྟན་འགྲོའི་དོན་དུ་བསྔོ་བའི་ཐུགས་སྨོན་རྒྱ་ཆེར་གནང༌། རྗེ་


GTD004_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་བསྟན་པའི་སྲོག་ཤིང་མཚུངས་ཟླ་མ་མཆིས་པ་དཔོན་སློབ་བྱམས་པ་རིན་པོ་ཆེ་ནི་ཉིད་ཀྱི་བཀའ་དྲིན་གསུམ་ལྡན་གྱིི་བླ་མ་ཡིན་པའི་དབང་གིས་ཕུར་བུ་ལྕོག་སྤྲུལ་བའི་སྐུ་རིན་པོ་ཆེ་དཔལ་འབྱོར་རབ་བརྟན་དུ་གདན་དྲངས་ཏེ་དངུལ་གྱི་མཎྜལ་བར་མཛོད་སྣ་ལྔའི་འདོགས་བཅས་དང་དངུལ་སྲང་བརྒྱ། གོས་ཆེན་ལྔ་སོགས་ལེགས་འབུལ་གྱ་ནོམ་པ་བསྟར། ལྷ་སའི་ཨམ་བན་གཉིས་དང་བཀའ་བློན་བཞི། རྗེ་དྲུང་ཨ་ཁུ་ལགས་དང་སྐུ་མཆེད་རྣམ་པ་གཉིས་སོགས་སོ་སོ་ལ་ཡང་བབས་འོས་ཀྱི་གནང་སྐྱེས་འཚེམ་མེད་དུ་སྩལ་ཏེ་ཚིམ་པར་མཛད། རྒྱུད་སྟོད་སྨད་གཉིས་ལ་གྲྭ་ཇ་ཁ་ཤས་ཀྱི་ཐོག་ཞབས་བརྟན་བསྒྲུབས་ཏེ་སྐུ་འགྱེད་བལ་ཊམ་རེ་ཕུལ། སྙན་བརྒྱུད་བསྟན་པའི་བདག་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་གཙང་ནས་མར་ཕེབས་པ་དང་མཇལ་འཛོམ་གྱི་ཐོག་མདོ་སྔགས་ཀྱི་དཀའ་གནད་དུ་མ་ལས་བརྩམས་པའི་ཆོས་ཀྱི་འབེལ་གཏམ་རྒྱ་ཆེར་མཛད་དེ་བྱམས་འཇམ་དབྱངས་བགྲོ་བ་ལྟ་བུའི་ངོ་མཚར་གྱིས་ནོར་འཛིན་ཡངས་པའི་ཁྱོན་འདི་སྐལ་བ་བཟང་པོར་བསྒྲུབས། རྒྱུད་སྨད་བླ་མ་དབུ་མཛད་སོགས་དགེ་བའི་བཤེས་གཉེན་མང་པོས་ཆོས་ཀྱི་དྲི་བ་སྣ་ཚོགས་ཞུས་པར་ཐམས་ཅད་ཀྱི་སོམ་ཉིའི་དྲ་བ་ལྷག་མེད་དུ་བསལ་བས་ཞུ་བ་པོ་ཡོན་ཏན་ཇི་ཙམ་ཆེ་བ་བཞིན་རྗེ་འདི་ལ་དད་པ་ལྷག་པར་ཐོབ་སྟེ། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །ཞེས་པའི་དོན་དུ་མངོན། དེ་ཡང་རྗེ་འདི་ནི་གསུང་རབ་ཀྱི་དཀའ་གནས་ལ་དོགས་པ་གཅོད་པ་དང༌། གཞན་ལ་ཕན་བཞེད་ཀྱི་ཐུགས་དགོངས་འབའ་


GTD004_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་མ་གཏོགས། གཞན་གྱི་ཚོད་ལྟ་ཞིང་ཁྱད་དུ་གསོད་པ་དང་མཛེས་ལམ་ཙམ་དུ་དོགས་པ་ཞུ་ཞིང་ཆོས་ཉན་པ་སོགས་དམ་པ་མ་ཡིན་པའི་སྤྱོད་ཚུལ་སྐད་ཅིག་ཙམ་ཡང་མི་མཛད་ལ། དེའི་རྒྱུ་མཚན་གྱིས་ཁྲི་ཆེན་ནོ་མོན་ཧན་རིན་པོ་ཆེར་མཇལ་འཛོམ་གྱི་ཚེ་ཆོས་མཐུན་གྱི་གསུང་གླེང་གཞན་མ་གཏོགས་དཀའ་གནད་ཀྱི་དྲི་བ་སོགས་མ་ཞུས་པས། དེ་ཁྲི་ཆེན་གྱི་དགོངས་པར་ཅུང་ཟད་མ་བབས་ཚུལ་འགའ་ཞིག་ནས་ནང་སྦྱར་གྱིས་ཞུས་པར་བརྟེན། ཉིན་གཅིག་གསུང་འཕྲོས་ཀྱི་ཚེ་རྗེ་འདིས་མདོ་ལུགས་ཀྱི་ཕྱག་ཆེན་ཟེར་བ་འདི་ཐལ་འགྱུར་བའི་ལྟ་བ་སྒོམ་ཚུལ་ཁོ་ན་ཞིག་ཡིན་ན་ལྟ་ཁྲིད་ཅེས་པ་དང་མིང་གི་ཁྱད་པར་ཙམ་ལས་དགོས་པ་ལྷག་པོ་མི་འདུག་ཅིང༌། དེ་ལས་གཞན་ཞིག་ཀྱང་འཇོག་རྒྱུ་ཅུང་དཀའ་བར་འདུག་པས་ཇི་ལྟར་འཐད་ཅེས་ཞུས་པ་ལ། ནོ་མོན་ཧན་རིན་པོ་ཆེའི་ཞལ་ནས། དེ་ལས་སླ་མོད། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བྱེད་རྒྱུ་ཡིན་པར་འདུག་ཅེས་བཀའ་ཕེབས་པས། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཟེར་བ་སྔགས་ལུགས་ཡིན་མོད་ཞུས་པ་ན་དེ་བདེན་པར་འདུག་གསུངས། སྤྱིར་མཁས་པ་རྣམས་ནི་གཞན་དང་གཏམ་གླེང་བའི་ཚུལ་ཡང༌། ཚལ་བ་སི་ཏུ་དགེ་བའི་བློ་གྲོས་ཀྱིས། མཁས་པའི་ཡུལ་སར་མཁས་པའི་གཏམ་གྱིས་དགའ་བ་བསྐྱེད། །ཆེན་པོའི་མདུན་སར་ཆེན་པོའི་གཏམ་གྱིས་དགའ་བ་བསྐྱེད། །གྲོང་པའི་འདུན་སར་གྲོང་པའི་ཚིག་གིས་དགའ་བ་བསྐྱེད། །ཨེ་མ་རྨོངས་པའི་འདུན་སར་ཆལ་ཆོལ་གཏམ་གྱིས་དགའ་བ་བསྐྱེད། །གསུངས་པ་ལྟར་རང་རང་གི་བློ་དང་མཐུན་ཞིང་སྐབས་དང་འཚམ་པ་ཞིག་དགོས་པ་ཡིན་པར་སྣང༌། གཉིས་པའི་ཚེས་ལ་དགའ་ལྡན་དུ་ཆིབས་ཁ་བསྒྱུར་


GTD004_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསེར་གདུང་ཆེན་མོ་དང་འོད་ཟེར་ཕུག་སོགས་ལ་མཆོད་མཇལ་ཞིབ་ཏུ་མཛད། ཚོགས་ཆེན་ལ་མང་ཇ་གསུམ་གྱི་སྟེང་དུ་དངུལ་སྲང་བཞི་བརྒྱ་སྐོར་གྱིས་སྐུ་འགྱེད། གྲྭ་ཚང་གཉིས་དང་ཏོག་ར་ཁམས་ཚན་སོགས་ལ་མང་འགྱེད་དང་གྲྭ་ཇ་རྣམ་བཞག་སྤྱི་འཇོག་རྒྱས་པར་བསྟར། ཆོས་རྒྱལ་ལ་ནང་མཛོད་སྣ་ལྔའི་སྙན་ཤལ་དང་མཆོད་པ་རྒྱས་པ་ཕུལ་ཏེ་བསྐང་གསོ་བཏང་ནས་བསྟན་པ་འཕེལ་རྒྱས་ཀྱི་འཕྲིན་བཅོལ་ནན་ཏན་དུ་མཛད། བྱང་རྩེ་བླ་མས་གདན་དྲངས་ཏེ་གསོལ་སྟོན་ཞུས་པའི་ཐོག་གྲྭ་ཚང་གི་སྤྱི་དཔེ་པོ་ཏི་སུམ་བརྒྱར་ཉེ་བ་ཞིག་ཡོད་པ་ཐམས་ཅད་ལ་མ་ལུས་པར་གཟིགས་རྟོག་གནང་སྟེ་གཞུང་སོ་སོ་ནས་འདི་རྩོམ་པ་པོ་འདི་དང་འདི་ཡིན་ཞེས་སོ་སོར་ངོ་སྤྲོད་མཛད་པས་མཁས་པ་དང་མཁས་པར་རློམ་པ་ཐམས་ཅད་ཧ་ལས་ཤིང༌། དེའི་ནང་ནས་དཔེ་ཆ་ཞིག་ལ་འདི་ངེད་ཀྱི་སྐྱེ་བ་གོང་མའི་ཕྱག་དཔེ་ཞིག་ཡིན་པ་འདྲ་གསུངས་ཏེ་ཞལ་འབྱེད་དུ་བཅུག་པས་ཀུན་མཁྱེན་གོང་མའི་གསུང་གི་བསམ་གཟུགས་ཉིད་ཀྱིས་ཕྱག་བྲིས་གནང་བ་ཞིག་ཡིན་འདུག་པས་དེར་འཁོད་ཐམས་ཅད་ལ་བཅོས་མིན་གྱི་མོས་གུས་ཚད་མེད་པ་འཁྲུངས། སྤྱིར་ངོས་འཛིན་བྱེད་པ་ཡང་ཡོ་བྱད་ཀྱི་རིགས་མ་གཏོགས་ཆོས་ཕྱོགས་ལ་ངོས་འཛིན་བྱེད་པ་ཤིན་ཏུ་དཀོན་ཞིང་ལྷག་ཏུ་ནར་སོན་ན་རྟུལ་དུ་འགྲོ་བ་སྤྱི་ལུགས་ལྟ་བུ་ཡིན་ཀྱང་འདི་ནི་གཞན་དང་མ་འདྲེས་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་པར་ཤེས་པར་གྱིས། ཕྱིར་ཕེབས་པའི་ཚེ་གྲྭ་མང་གིས་ཕེབས་སྐྱེལ་ཞུས་ཏེ་ཐལ་སྐད་ལན་གསུམ་བཏང་ནས་དར་དཀར་གྱི་གཡབ་མོ་དང་བཅས་ཆིབས་ཁ་ཕྱིར་བསྒྱུར་བ་


GTD004_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལེགས་པའི་རྟེན་འབྲེལ་བསྒྲིགས། སེ་རར་ཕེབས་ཏེ་ཚོགས་ཆེན་ལ་དངུལ་སྲང་བདུན་བརྒྱ་སྐོར་གྱིས་མང་འགྱེད་དང༌། བྱེས་སྨད་གཉིས་ལ་ཡང་གྲྭ་ཇ་འགྱེད་བཅས་བཏང༌། ཕུར་བུ་ལྕོག་སྤྲུལ་བའི་སྐུ་དང་སྟོང་སྐོར་སྤྲུལ་བའི་སྐུ་སོགས་ནས་ཤངས་ལེན་གྱི་སྟོན་མོ་གཟབ་རྒྱས་ཞུས། ཕུར་བུ་ལྕོག་རི་ཁྲོད་དུ་ཕེབས་ཏེ་དགེ་འདུན་རྣམས་ལ་མང་འགྱེད་དང༌། གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེར་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་ཐུགས་སྨོན་གྱིས་མཚམས་སྦྱོར་ནན་ཏན་མཛད། དེ་ནས་འབྲས་སྤུངས་བླ་མ་ལས་སྣེ་ཁག་གིས་ཕེབས་བསུ་ཇ་ཐབ་དང་བཅས་འབྲས་སྤུངས་སུ་ཆིབས་ཁ་བསྒྱུར། ཚོགས་ཆེན་དུ་དངུལ་སྲང་སྟོང་དང་བཞི་བརྒྱ་སྐོར་གྱིས་སྐུ་འགྱེད་བལ་ཊམ་ཕྱེད་གཉིས་རེ་དང༌། སྤྱི་འབུལ་རྡོ་ཚད་གཅིག །དཔལ་ལྡན་བཀྲ་ཤིས་སྒོ་མང་དུ་ཇ་ཐུག་བཞིའི་ཐོག་སྐུ་འགྱེད་དངུལ་སྲང་རེ་ཕུལ་བར་དངུལ་རྐྱང་སྲང་ཉིས་སྟོང་སུམ་བརྒྱ་སྐོར་དང༌། སྐལ་འཕར་བཞི་བརྒྱ་སྐོར་ལ་དེ་ཀའི་རྩིས་ཀྱི་དངོས་པོ་སྣ་ཚོགས། དཔོན་སློབ་རིན་པོ་ཆེར་སྐུ་གསུང་ཐུགས་རྟེན་དངུལ་སྲང་བརྒྱ། གོས་ཡུག་ལྔ་སོགས་ཚན་གྲངས་སྤམ་མཐོ་བ་བཏེག །གྲྭ་ཚང་གཞན་གསུམ་ལ་ཡང་གྲྭ་ཇའི་ཐོག་སྐུ་འགྱེད་ཁ་བཏགས་རེ་དང་སོ་སོའི་བླ་མར་ཚན་གྲངས་སྤྱི་འབུལ་སོགས་ཆ་མཚུངས་སུ་གནང༌། སྒྲ་དབྱངས་གླིང་དུ་ཆོས་སྐྱོང་ལ་བར་མཛོད་སྣ་ལྔའི་སྙན་ཤལ་དང་ཚན་གྲངས་སྤུས་ལེགས་ཚོགས་པར་མང་འགྱེད་བཅས་ཕུལ། གྲྭ་ཚང་ཕན་ཚུན་གྱི་གྲྭ་རིགས་བདག་རྐྱེན་ཟུར་དུ་གནང་དགོས་ཐམས་ཅད་ལ་ཡང་བབས་འོས་ཀྱི་གནང་ཆ་འཚེམ་མེད་དུ་སྩལ་ཏེ་ཚིམ་པར་མཛད། གཉིས་པའི་མར་ངོ་ལ་ཀློང་


GTD004_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རྡོལ་བླ་མ་རིན་པོ་ཆེའི་མདུན་ནས་ལུང་གསན་དགོས་ཀྱི་འཕྲོ་འཐུད་ཅིང་ཕར་ཡང་ནམ་མཁའ་གྲགས་ཀྱི་བསྐྱེད་རྫོགས་སོགས་ཆོས་བཀའ་འགའ་ཞིག་གནང༌། བྱང་རྩེ་མཁན་རིན་པོ་ཆེ་བློ་བཟང་སྨོན་ལམ་ནས་ནན་གྱིས་ཞུས་པར་བརྟེན་ཁྲི་ཐོག་ཁང་དུ་ཕྱག་ཕབ་སྟེ་མཁན་རིན་པོ་ཆེས་གཙོ་མཛད་དོན་གཉེར་ཅན་དུ་མ་ལ་ལམ་རིམ་ཆེན་མོའི་བཤད་ལུང་སྨིན་རྒྱས་དང་རྗེའི་གསུང་འབུམ་གྱི་ལྗགས་ལུང་སྩལ། ཧོར་ཆེན་ཞབས་དྲུང་ཡེ་ཤེས་འཕྲིན་ལས་རབ་རྒྱས་ཀྱིས་ཞུས་ངོར་རྗེ་དྲུང་སྤྲུལ་བའི་སྐུ། སྟོང་སྐོར་སྤྲུལ་བའི་སྐུ། བྱང་རྩེ་མཁན་རིན་པོ་ཆེ། སྒོ་མང་དཔོན་སློབ། སེ་འབྲས་ཀྱི་གྲྭ་པ་སྟོང་ཕྲག་བརྒལ་བ་བཅས་ལ་གདུགས་དཀར་ལྷ་མང་གི་དབང་ཆེན་སྟ་གོན་དང་བཅས་པ་གནང༌། བཞི་པའི་ཡར་ཚེས་ལ་ནོར་འཛིན་དགའ་ཚལ་དུ་སྤོས་ཏེ་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཞུས་པ་བཞིན་མགོན་ཆེན་བཅུ་གསུམ་གྱི་རྗེས་གནང་སོགས་ཟབ་ཆོས་མང་དུ་སྩལ། བཀྲ་ཤིས་ལྷུན་པོར་ཕེབས་རྒྱུའི་དོན་དུ་རྒྱལ་དབང་རིན་པོ་ཆེར་ཐོན་ཕྱག་ཞུས་པར་ནང་སྦྱར་གྱི་བཀའ་མཆིད་ཞིབ་རྒྱས་མཛད་ཅིང་གུང་ཚིགས་ལྷན་དུ་གནང༌། ཨ་ཁུ་ལགས་དང་སྐུ་བཅར་དགེ་འདུན་སོགས་ཀྱིས་ཀྱང་རང་རང་གི་ནང་དུ་གདན་དྲངས་ཏེ་བསྙེན་བཀུར་ཞུས། སྐུ་བཅར་དགེ་འདུན་ལ་སྔར་དཔེ་ཞིག་གི་གཡར་པོ་དགོས་ཞེས་ཡང་ཡང་གསུངས་པ་ཁོང་ནས་ངོས་མ་ཟིན་པར་དཔེ་དེ་མེད་ཚུལ་ཞུས་ཀྱང་ཉིན་དེར་དཔེ་ཁྲོད་ནས་པོ་ཏི་ཞིག་ལྷུ་འདོན་གནང་སྟེ་ཞལ་འབྱེད་དུ་བཅུག་པས་སྔ་མའི་དཔེ་དེ་ཀ་ཡིན་འདུག་པ་དང༌། དགེ་འདུན་ལ་ངས་སྔ་སོར་ཡང་ཡང་


GTD004_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེ་འདི་ཡིན་གསུངས་པས་ཁོང་ཡང་ཡ་མཚན་ལྷག་པར་སྐྱེས་ཏེ་གུས་པ་ཆེན་པོས་དཔེ་དེ་སྐུ་ཞབས་སུ་འབུལ་བར་མཛད། དེ་མཚུངས་ཕུར་བུ་ལྕོག་ཏུ་ཕྱག་དཔེ་མང་པོའི་ཁྲོད་ནས་ཐུགས་མཁོའི་དཔེ་འགའ་ཞིག་ཞལ་མ་ཕྱེ་བར་རྒྱང་ནས་གཟིགས་ཏེ་གཡར་པོ་ཞུས་པ་སོགས་འདི་འདྲའི་ལོ་རྒྱུས་ཤིན་ཏུ་མང༌། ལྔ་པའི་ཉེར་གཉིས་ལ་གཙང་དུ་ཆིབས་ཁ་བསྒྱུར་བར་གཞུང་དང་སྐུ་བཅར་མཁན་པོ་སྒོ་མང་ཧར་སྡོང་སོ་སོ་ཇ་ཐབ་དང་ཕེབས་སྐྱེལ་ཞུས། རིན་ཆེན་སྒང་དུ་ཕེབས་པར་ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཕྱག་དཔེ་ཁ་ཤས་ཤིག་མ་གཏོགས་གང་ཡོད་ཐམས་ཅད་ཕུལ་བ་ཡིན་ཞུས་པར་དེ་ཙམ་མི་རུང་གསུངས་ཏེ་ནང་ནས་པོ་ཏི་བཅུ་ལྷག་ཙམ་ཞིག་བཞེས། རྭ་བ་སྟོད་དང་ཉག་རེ་ཁམས་ཚན་སོ་སོ་ལ་མང་འགྱེད་གྱ་ནོམ་པ་གནང༌། རྒྱང་རྩེར་འབྱོར་སྐབས་རྒྱལ་མཚན་མཐོན་པོའི་རྩེ་དྲུང་རོང་པ་ངོ་གཡོག་དང་ཧར་གདོང་དགེ་རྒན་གཉིས་བཅས་བསུ་བར་འབྱོར། དཔལ་འཁོར་ཆོས་སྡེས་གདན་དྲངས་པར་ཕེབས་པའི་ཚེ་མཁན་པོས་གཙོས་གྲྭ་ཚང་བཅུ་དྲུག་གི་ལས་སྣེ་རྣམས་ཀྱིས་བསུ་བ་འདུ་ཁང་སྟེང་ནས་དར་འཕྱར་དུང་འབུད་སོགས་བཀུར་གཟོས་བླ་ན་མེད་པ་ཞུས། རྒྱལ་བ་ཡབ་སྲས་ཀྱིས་ཞབས་སེན་ཉེ་བར་བཀོད་པའི་ཆོས་ཁྲིའི་སྟེང་ནས་སྐྱ་སེར་གྱི་ཁྲོམ་མཐའ་ཡས་པ་ལ་སྨན་ཆོག་རྒྱས་པའི་བཀླག་ལུང་གནང་སྐབས་མེ་ཏོག་གི་ཆར་བབས་པ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང༌། ཚོགས་པར་མང་འགྱེད་གནང་ཞིང་སྐུ་འབུམ་ཆེན་མོ་སོགས་ལ་རྟེན་མཇལ་ཞིབ་ཏུ་མཛད། དགའ་བཞི་གུང་གི་གཞིས་ཀར་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་ཞུས། མཁས་གྲུབ་ཐམས་ཅད་མཁྱེན་པའི་གདན་ས་རི་བོ་མདངས་ཅན་གྱི་


GTD004_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པའི་ལས་སྣེ་རྣམས་བསུ་བར་འོངས་ཏེ་གདན་དྲངས་པས་དེར་ཆིབས་བསྐྱོད། ཚོགས་མང་ལ་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་དང་ཀུན་མཁྱེན་གོང་མས་མཛད་པའི་མཁས་གྲུབ་རིན་པོ་ཆེའི་སྐུ་བསྟོད་ལྷ་དང་མིར་བཅས་མ་སོགས་ཀྱི་ལྗགས་ལུང་འགའ་ཞིག་སྩལ། སྐུ་བསྟོད་དེ་ཉིད་རྒྱུན་གྱི་ཚོགས་འདོན་དུ་ཚུགས་ཏེ་དཔོན་སློབ་མཐའ་དག་ལུགས་གཉིས་ཀྱི་སྒོ་ནས་ཚིམ་པར་མཛད། ཕྱིར་ཕེབས་པའི་ཚེ་ཐལ་སྐད་དར་ཡུག་དང་བཅས་ཆིབས་ཁ་བསྒྱུར་བ་སོགས་དགའ་ལྡན་དུ་ཕེབས་སྐབས་ཇི་ལྟ་བ་བཞིན་བྱུང་སྟེ་ཡབ་སྲས་གཉིས་ཀའི་གདན་སར་འདི་ལྟ་བུའི་རྟེན་འབྲེལ་རང་འགྲིག་ཏུ་འོང་བ་ནི་དཔག་པར་དཀའ་བའི་རྟེན་འབྲེལ་ཞིག་ཏུ་མངོན། མཚན་སྒྲོགས་དགོན་པས་གདན་དྲངས་ཏེ་ཆོས་འབྲེལ་ཞུས་ཤིང་གཙང་དུ་གར་ཕེབས་པའི་ལམ་བར་གྱི་མི་སྡེ་མཐའ་དག་ནས་བསང་གཏོང་བ་དང༌། ལམ་གྱི་འགྲམ་དུ་རྡོ་བསྒྲིགས་པ་དང༌། བྲོ་གཞས་དར་འཕྱར་སོགས་རྒྱལ་བ་ཡབ་སྲས་ཕེབས་སྐབས་དང་ཆ་མཚུངས་པའི་གུས་འདུད་དང་བཀུར་གཟོས་ཕུལ་དུ་ཕྱིན་པ་ཞུས། དྲུག་པའི་ཚེས་ལྔ་ལ་རྒྱལ་མཚན་མཐོན་པོའི་མགྲོན་གཉེར་ལྕགས་པ་ངོ་གཡོག་ལྔ་བཅུ་སྐོར་གྱིས་བསུ་བ་ཇ་ཐབ་དང་བཅས་བཀྲ་ཤིས་ལྷུན་པོར་ཕྱག་ཕེབས། ཉེ་འཁོར་དེར་ཟླ་བ་གཉིས་ཙམ་ལ་ཆར་གཏན་མ་བབས་པར་ཐན་པ་ཆེ་སྐབས་ཤིག་ཡིན་འདུག་ཀྱང་རྗེ་ཉིད་དགོན་པའི་ནང་དུ་ཕེབས་པ་དང་དགུང་ཇའི་དུང་གཏོང་བ་ཆར་གྱི་རྒྱུན་བབས་པ་གསུམ་དུས་མཚུངས་སུ་བྱུང་བས་དེར་འཁོད་མཐའ་དག་དགའ་སྤྲོ་དང་དད་གུས་འགྲན་པ་བཞིན་གྱུར། དེའི་ཕྱི་ཉིན་ཀུན་


GTD004_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཕོ་བྲང་དུ་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེར་མཇལ་ཁ་ཞུས་པར་ཕེབས་ལམ་སོགས་ཀྱི་བཀའ་འདྲི་དང་འབྲས་སིས་བཞེས་འཕྲོ་ཕྱག་གིས་གནང་བ་སོགས་པཎ་ཆེན་གོང་མའི་དུས་ལྟར་གྱི་དགྱེས་གཟིགས་ཚད་མེད་པ་གནང༌། ཕྱག་མཛོད་ནོ་མོན་ཧན་རིན་པོ་ཆེ་དང་གསོལ་དཔོན་ཆེན་མོ་རྒྱལ་ཡབ་སོ་སོ་ནས་ཀྱང་ཤངས་ལེན་གྱི་སྟོན་མོ་གཟབ་རྒྱས་ཞུས། ལོ་ཆེན་སྤྲུལ་བའི་སྐུ་ནས་བཀའ་ཆོས་དུ་མ་གནང་དགོས་ཀྱི་ཞུ་བ་ནན་ཏན་ཕུལ་བར་རྟེན་འབྲེལ་ལ་དགོངས་ཏེ་བཅུ་གཅིག་གི་ཉིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་སྩལ། བཅོ་ལྔའི་ཉིན་རྡོ་ཚད་ལྔའི་ཟོང་སྦྱར་གྱི་གསོལ་སྟོན་ཞུས་པའི་ཐོག་པཎ་ཆེན་ཐམས་ཅད་མཁྱེན་པར་བརྟན་བཞུགས་ཀྱི་འབུལ་བ། དངུལ་གྱི་མཎྜལ་བར་མཛོད་སྣ་ལྔའི་འདོགས་ཅན། རྟ་རྨིག་མ་བདུན་ཅུ། གོས་ཆེན་བདུན་ཅུ། ཁོར་དྲུག་མ་བདུན་ཅུ། ཆིབས་ཆེན་གཉིས་ཀྱིས་གཙོས་པས་རྟ་བརྒྱ་སོགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་པའི་དངོས་འབུལ་གྱ་ནོམ་པ་དང༌། ཕྱག་མཛོད་ཆེན་མོར་ཡང་དངུལ་སྲང་ལྔ་བརྒྱ། གོས་ཆེན་དང་ཁོར་དྲུག་བཅུ་རེ་སོགས་བདོག་པ་སྤམ་མཐོ་བ་བསྟར། གསོལ་དཔོན་མཁན་པོ་དང་རྒྱལ་ཡབ་སོ་སོར་དངུལ་སྲང་བརྒྱ་ཕྲག་རེ་དང་གོས་ཆེན་ལྔ་རེ་སོགས་བབས་འོས་དང་བསྟུན་པའི་གནང་ཆ་མཛད། ཚོགས་ཆེན་ལ་ཇ་ཐུག་བཞིའི་བསྙེན་བཀུར་ཞུས་པའི་ཐོག་དངུལ་སྲང་སྟོང་དང་ལྔ་བརྒྱ་སྐོར་གྱིས་སྐུ་འགྱེད་ཞོ་གསུམ་རེ་ཕུལ། གཞན་གྱི་ལས་ཚན་སོ་སོར་ཡང་རྣམ་བཞག་སྤྱི་འཇོག་སོགས་དཔངས་མཐོ་བ་སྩལ་ཏེ་ཚིམ་པར་མཛད། དེ་ཡང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གླིང་


GTD004_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟ་མིན། །ཞེས་གསུངས་པ་ལྟར་སྲིད་པའི་དཔལ་འབྱོར་མཐའ་དག་རྨི་ལམ་གྱི་དགའ་སྟོན་དང་འདྲ་བར་གཟིགས་པའི་དབང་གིས་དེ་ལྟ་བུའི་སྦྱིན་པ་རླབས་པོ་ཆེ་ལ་ཞུམ་པ་མེད་པར་འཇུག་པ་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་ངང་ཚུལ་ཡིན་གྱི། དམ་པར་ཁས་འཆེ་བ་ཕལ་མོ་ཆེ་དག་གིས་རྗེས་སུ་ཡི་རངས་ཙམ་ཡང་བྱ་དཀའ་བའི་གནས་སོ། །དེ་ལ་འདི་སྐད་ཅེས་ཀྱང་བྱ་སྟེ། སྙིགས་དུས་འགྲོ་བའི་བླ་མ་ཕལ་མོ་ཆེ། །དངུལ་ཆུའི་སྦར་མོ་ཐུགས་ཀར་བཅིང་ན་ཡང༌། །གཉེན་འཁོར་སོར་མོའི་ཕྲག་ནས་ཟག་པ་ཡིས། །ཕྱག་སྟོང་བསྣམས་ཏེ་ཆོས་སྐུར་ཐིམ་པ་མང༌། །ལ་ལས་སངས་རྒྱས་བསྟན་པའི་དཔག་བསམ་ལྗོན། །ཐོ་ཅོའི་སྤྱོད་པས་རྩ་བ་ཉམས་བྱས་ཏེ། །སྐམ་པོའི་ཡལ་ག་བཙུགས་པའི་སྟོང་འུར་གྱིས། །བསྟན་པ་འཛིན་སྐྱོང་རྒྱ་ཆེན་བྱས་སོ་ལོ། །གཞན་ཕན་ཁོ་ནར་གཞོལ་བའི་འཕྲིན་ལས་ཀྱི། །འཛམ་བུའི་ཡལ་གར་ཤུགས་ཀྱིས་སྨིན་པའི་འབྲས། །མི་འགྱུར་བདེ་བ་མཆོག་གི་གསེར་སྦྱངས་སུ། །སྒྲུབ་པའི་ཐབས་ཀྱི་བྱེད་པོ་ཁྱོད་མིན་སུ། །སྲིད་འབྱོར་བདག་ཏུ་འཛིན་པའི་སྲེད་པ་དང༌། །ཕྱག་སོར་པདྨོའི་འདབ་བརྒྱ་ཅིག་ཅར་གྲོལ། །ཀུན་ཡིད་སྦྲང་རྩིས་མྱོས་པའི་གར་སྟབས་དང༌། །བསྟོད་བསྔགས་དྲི་ཟའི་གླིང་བུ་ལྷན་ཅིག་བསྒྱུར། །རྣམ་གྲོལ་དོན་གཉེར་ལི་ཤིའི་ཁ་སྒོ་ལས། །རྙེད་བཀུར་མངོན་འདོད་གྲེ་ཕུགས་སྒྲེག་པའི་བསུང༌། །རེ་འགའ་འཐུལ་བས་དྲི་ཞིམ་སྐྱེངས་བྱེད་པ། །ཆོས་ནོར་གཉིས་སུ་འཐུང་བའི་


GTD004_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཡིན། །གདོང་ལྔའི་ཁྲི་ལ་མཚན་དཔེས་མཛེས་པ་འམ། །དམན་པའི་ཁྲོད་དུ་ཧྲུལ་པོས་འཚོ་ཡང་རུང༌། །སྲིད་འབྱོར་སྦྲུལ་གདུག་གཡོ་བའི་ལྕེ་རྩེ་ལ། །དགྱེས་པར་མི་འགྱུར་དེ་ལ་གློ་བ་དགའ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ཡུལ་དབུས་སུ་བྱོན་པའི་དགོས་དོན་གྱི་གཙོ་བོ་གཉིས་ལས། རྒྱལ་བ་ཡབ་སྲས་གཉིས་ལ་དངོས་འབུལ་དང༌། གདན་ས་ཆེན་པོ་བཞི་ལ་བསྙེན་བཀུར་གྱི་རིམ་པ་རྣམས་ཐུགས་བཞེད་བཞིན་ལེགས་པར་གྲུབ་ཅིང༌། དྲུག་པའི་ཚེས་བཅུ་དགུ་ནས་དབུ་བརྩམས་ཏེ་ལོ་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་བསྟན་འཛིན་རྒྱ་མཚོ་ལ་འཕྲེང་བ་ཀྲྀ་ཡ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང༌། མི་ཏྲའི་ནང་ནས་རྡོར་ཕྲེང་དང་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་རེ་ལྔ་གཙུག་དགུའི་དཀྱིལ་འཁོར་དང་བཅས་པའི་དབང༌། མགོན་ཆེན་བཅུ་གསུམ་གྱི་རྗེས་གནང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེའི་སེང་བར་དུ་དོན་གཉེར་ཅན་སོ་སོའི་འདོད་མོས་བཞིན་དགེ་འདུན་ལྔ་བཅུ་སྐོར་ཡན་ཆད་ནས་སྟོང་ཕྲག་ཕྱེད་གཉིས་བརྒལ་བའི་བར་ཅི་རིགས་ལ་ཀུན་རིག་ལྷ་སོ་བདུན་དང་འཇམ་དབྱངས་དཀར་པོ་ལྷ་ལྔའི་དབང༌། འཇིགས་བྱེད་སྔགས་བཏུ། མགོན་པོ་ཕྱག་དྲུག་པ། མགོན་དཀར། མགོན་པོ་ཞལ། ཆོས་རྒྱལ། ལྷ་མོ། རྣམ་སྲས། བེག་ཙེ། དུར་ཁྲོད་བདག་པོ། སེང་གདོང་མ། ཕྱག་རྡོར་མེའི་སྤུ་གྲི། འཇམ་དབྱངས་ནག་པོ། སྒྲོལ་དཀར་སོགས་ཀྱི་རྗེས་གནང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང་འོད་དཔག་མེད་ཀྱི་འཕོ་ཁྲིད། འདུལ་བ་མདོ་རྩ་བ། མཛོད་རྩ་བ། རྣམ་འགྲེལ་རྩ་བ། རྒྱན་འཇུག་གཉིས།


GTD004_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་རྗེས་གསུངས་པའི་དུས་འཁོར་གྱི་ཆོ་ག་རྒྱས་པ། རྗེ་ཉིད་ཀྱི་ཞབས་བརྟན་གསོལ་འདེབས་འགའ་ཞིག་གི་ལུང་སོགས་རང་རང་གི་བློ་དང་འཚམ་པའི་ཆོས་ཀྱི་བདུད་རྩིའི་ཆར་ཕབས་ཏེ་སྐལ་བཟང་གདུལ་བྱའི་ཡིད་ཀྱི་དད་པའི་མྱུ་གུ་སྨིན་པར་མཛད། བརྒྱད་པའི་ཚེས་བཞི་ནས་བཟུང་ཉིན་བདུན་གྱི་བར་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་བསྐལ་བཟང་ལྕང་རར་ལྗོངས་རྒྱུར་ཕེབས་པ་དང་ལྷན་དུ་ཆོས་དང་མཐུན་པའི་དགའ་སྟོན་དུ་མ་ཉམས་སུ་བསྟར། བཅུ་གཅིག་གི་ཉིན་བསུ་བ་སེར་སྦྲེང་དང་བཅས་སྣར་ཐང་དུ་ཆིབས་བསྐྱོད་དེ་ཞག་གསུམ་བཞུགས་ནས་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་ཕྱག་དཔེ་ཕོན་ཆེ་བར་བཞུགས་པ་ལ་གཟིགས་རྟོག་ཞིབ་ཏུ་མཛད། ཚོགས་མང་ལ་མགོན་ཆོས་ལྷ་མོ་གསུམ་གྱི་བསྐང་གསོའི་ལྗགས་ལུང་གནང༌། སླར་ཡང་ཧར་གདོང་གཟིམས་ཁང་དུ་ཕེབས་ཏེ་གསང་སྔགས་རྒྱལ་བ་གྲྭ་ཚང་ནས་གསོལ་བ་བཏབ་པ་ལྟར་བདེ་མཆོག་སྔགས་བཏུ་དང་དུར་ཁྲོད་བདག་པོའི་རྗེས་གནང་སྩལ། ཉེར་གཉིས་ལ་ས་སྐྱར་ཆིབས་ཁ་བསྒྱུར་བའི་ལམ་ནས་རྗེ་ཤེས་རབ་སེང་གེའི་གདན་ས། སྐུ་གསུམ་ལག་གཏོད་ཀྱི་གདམས་པ་ཚང་ལ་མ་ནོར་བ་འཇམ་མགོན་སྙན་བརྒྱུད་ཀྱི་རིང་ལུགས་འཛིན་པའི་མཁས་གྲུབ་བྱེ་བའི་འབྱུང་གནས། རྗེ་རང་གིས་སྐུ་ཚེ་དུ་མར་བདག་གིར་བཟུང་སྟེ་བསྐྱངས་པའི་གཙང་རྒྱུད་དཔལ་ལྡན་སྲད་པ་ཞེས་ཉི་ཟླ་ལྟར་གྲགས་པ་དེར་ཕེབས་པ་ན་བསུ་བ་སེར་སྦྲེང་དང་བཅས་པས་མདུན་བསུས་ཏེ་དཔལ་ལྡན་དང་པོའི་མགོན་པོ་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་གྱི་གཟིམས་ཁང་དུ་ཕྱག་ཕེབས།


GTD004_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་བཅུ་ཕྲག་གཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཅིང༌། ཚོགས་མང་ནས་གསོལ་བ་བཏབ་པ་བཞིན་བདེ་གསང་འཇིགས་གསུམ་གྱི་མངོན་དཀྱིལ་དབང་ཆོག་སྦྱིན་སྲེག་སྨོན་ལམ་ཤིས་བརྗོད་དང་བཅས་པའི་ལྗགས་ལུང་སྩལ། ད་ལྟ་དུས་དབང་གིས་འཆད་ཉན་སོགས་ཅུང་ཟད་ཉམས་དམའ་བས་ཆོས་ཞུས་ཧ་ཅང་རྒྱ་ཆེ་བ་ཞིག་མ་སྤོབས་འདུག་ཀྱང་མདོ་སྔགས་གཉིས་དང་སྔགས་ལ་ཡང་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བའི་འཇམ་མགོན་སྙན་བརྒྱུད་ཀྱི་རིང་ལུགས་ཆ་ཐམས་ཅད་ནས་སྤེལ་བའི་རྟེན་འབྲེལ་གྱི་སྒོ་ལེགས་པར་འགྲིག་པ་ཡིན་ནམ་སྙམ། ཆོས་སྡེ་འདི་ནི་ཉིད་ཀྱི་སྐུ་འཕྲེང་གོང་མ་དུ་མའི་གདན་ས་དང༌། གསང་ཆེན་ཆོས་ཀྱི་འབྱུང་ཁུངས་ཡིན་པས་རི་མོར་བྱ་བའི་འོས་སུ་གཟིགས་ཏེ། དགེ་འདུན་རྣམས་ལ་བསོད་བཏགས་རེ་དང་དངུལ་བལ་ཊམ་རེ་ཇ་བར་ཁག་བཞི་གྲིག་རེ་བཅས་འགྱེད་སྣ་གསུམ། སྤྱི་འཇོག་ལ་དངུལ་སྲང་སུམ་བརྒྱའི་ཟོང་གི་གཉྫི་ར། དངུལ་སྲང་སྟོང་དང་དྲུག་བརྒྱ་སྐོར་ལས་བསྒྲུབས་པའི་གསེར་གྱི་རྒྱལ་མཚན་ཆ། ཆོས་ཐོག་གི་ཐེབས་སུ་དངུལ་སྲང་སུམ་བརྒྱ། མཆོད་རྫས་དུ་མ་དང་བཅས་སྦྱོར་འཇགས་གནང༌། དེ་ཀའི་ཚོགས་མང༌། ཕྱོགས་འདུས་ཀྱི་མཇལ་བ་སོགས་ཆེས་མང་བར་ཚེ་དབང་དང་སྐྱབས་འགྲོའི་ཁྲིད་གནང་བས་མེ་ཏོག་གི་ཆར་བབས་པ་སོགས་ལྟས་ཡ་མཚན་པ་མང་དུ་བྱུང༌། ཆོས་རྒྱལ་དང་ལྷ་མོ་རང་བྱོན་ཡོད་པའི་སར་ཕེབས་ཏེ་གཏོར་འབུལ་གནང་ཞིང་དཔའ་མོ་བྲོ་འཁྲབ་ཀྱི་ས་ལ་གཟིགས་རྟོག་མཛད། དོན་གཉེར་ཅན་འགའ་ཞིག་ལ་གཏོར་མའི་འཁྲུལ་འཁོར་གྱི་མན་ངག་ཞིག་ཀྱང་སྩལ། འདུལ་


GTD004_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པ་དཔལ་ལྡན་བཟང་པོའི་སྒྲུབ་ཁང་དུ་ཕེབས་ཏེ་འཇིགས་མཛད་རྡོ་རྗེའི་རིམ་གཉིས་རྣལ་འབྱོར་ཟབ་མོའི་ཐུགས་དམ་རྒྱུན་རིང་གནང༌། དེ་ནས་ལྷུན་པོ་རྩེར་ཕེབས་ཏེ་འཇམ་མགོན་ཙོང་ཁ་པ་ཆེན་པོས་རྗེ་ཤེས་རབ་སེང་གེ་ལ་དངོས་སུ་གནང་བའི་ཆོས་རྒྱལ་གྱི་ཞལ་འབག་སོགས་ལ་རྟེན་མཇལ་ཞིབ་ཏུ་མཛད། བདག་ཆེན་གྱི་མགྲོན་གཉེར་ཞིག་གིས་གཙོས་ཕེབས་བསུ་ཇ་ཐབ་དང་བཅས་བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་གྱི་ས་སྐྱར་ཕེབས། མཁས་གྲུབ་གཉིས་ལྡན་གྱི་བསྟན་པའི་སྲོག་ཤིང་ཟམ་མ་ཆད་པར་བྱོན་པའི་གདུང་རྒྱུད་འཇམ་པའི་དབྱངས་ས་སྐྱ་བདག་ཆེན་སྐུ་མཆེད་ལྷན་རྒྱས་ཀྱི་དྲུང་དུ་མཇལ་བར་གསུང་གླེང་ཞིབ་རྒྱས་དང༌། གདན་གཟོས་སོགས་ཀྱི་ཕུ་དུད་ཆེ་བར་མཛད། གདུང་རྒྱུད་རིན་པོ་ཆེ་ངག་དབང་ཀུན་དགའ་ཆོས་སྐྱོང་གི་ཞབས་དྲུང་དུ་ཁྲོས་ནག་ལྷ་བཅུ་གསུམ་མའི་དབང་དང་ཚེ་རྟ་ཟུང་འབྲེལ་གྱི་རྗེས་གནང་སོགས་ཆོས་བཀའ་འགའ་ཞིག་ཞུས་ཏེ་སྔ་ཕྱིར་འབུལ་ནོད་ཀྱང་སྤམ་མཐོ་བ་བཏེག །ཕར་ཡང་འཇམ་པའི་དབྱངས་ལྷན་རྒྱས་ལ་ཞལ་གྱི་ཧ་ལ་ནག་པོའི་བེའུ་བུམ་གྱི་ལྗགས་ལུང་ཕུལ། ད་ལྟ་ཡོངས་གྲགས་ལ་ཚེ་དཔག་གི་རྗེས་གནང་གི་མཇུག་ཏུ་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་རེ་བྱས་པ་ལ་ཚེ་རྟ་ཟུང་འབྲེལ་གྱི་ཐ་སྙད་འདོགས་པར་འདུག་ཀྱང་བདག་ཆེན་ནས་རྟ་མགྲིན་དམར་ཆུང་དང་སྦྲགས་ཏེ་གནང་བ་དེ་ཉིད་རས་ཆུང་བས་དང་པོར་རྒྱ་གར་ནས་གདན་དྲངས་པའི་ཕྱག་ལེན་མ་ནོར་བ་ཡིན་འདུག་གསུངས་ནས་ཐུགས་གཙིགས་ཆེ་བར་མཛད་དེ་འདི་ཙམ་ཡང་བསྟན་


GTD004_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ཤས་ཕྲ་མོ་ཚུན་ཆད་བདག་གིར་བཞེས་ནས་དག་ཐེར་མཛད་པའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཡིན་པར་སེམས་སོ། །བླ་མ་ཀུན་དགའ་རྣམ་རྒྱལ་གྱི་དྲུང་དུ་བདེ་མཆོག་བོང་ཞལ་ཅན་གྱི་དབང་དང་རྗེས་གནང་འགའ་ཞིག་གསན་ཅིང་ས་སྐྱའི་གཙུག་ལག་ཁང་རྣམས་ལ་མཆོད་མཇལ་ཞིབ་རྒྱས་དང་ས་པཎ་གྱིས་རབ་གནས་མཛད་པའི་འཇམ་དབྱངས་ཀྱི་སྐུ་ལ་གཟིགས་ཏེ་རྟེན་གྱི་གཙོ་བོ་འདི་ཉིད་ཡིན་གསུངས་ནས་ཐུགས་སྨོན་རྒྱ་ཆེར་གནང༌། དགུ་པའི་ཚེས་བཅུ་ལ་ས་སྐྱ་ནས་ཆིབས་ཁ་བསྒྱུར་བའི་ཚེ་རྩེ་དྲུང་བཅུ་སྐོར་གྱིས་ཆིབས་སྐྱེལ་སོགས་བཀུར་གཟོས་སྔར་ལས་ཆེས་ལྷག་པ་ཞུས། ལྷ་རྩེའི་དགོན་པས་བསུ་བ་སེར་སྦྲེང་དང་བཅས་གདན་དྲངས་པར་ཕེབས་ཏེ་སེར་སྐྱ་སྟོང་ཕྲག་བརྒལ་བར་འཇམ་ལུགས་ལྷ་ལྔའི་རྗེས་གནང༌། སྙིང་པོ་དོན་གསུམ་གྱི་ཁྲིད་སོགས་ཆོས་བཀའ་ཅི་རིགས་གནང༌། ལྷ་རྩེའི་མཁན་པོ་ངོ་གཡོག་ཉུང་འདུས་ལ་ལམ་གཙོའི་ཁྲིད་དང་སེང་གདོང་མའི་རྗེས་གནང་སྩལ། རྟག་བརྟན་ཕུན་ཚོགས་གླིང་དུ་ཆིབས་བསྐྱོད་ནས་རྣམ་རྒྱལ་མའི་སྒྲུབ་ཐབས་དང་ཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་ཐབས་སོགས་བཀླག་ལུང་འགའ་ཞིག་གནང་སྟེ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གདན་ས་ཆོས་ལུང་བྱང་རྩེར་ཕེབས། རྒྱལ་མཚན་མཐོན་པོ་ནས་དགོན་ལག་སོ་སོར་རྗེ་ཉིད་ལ་ཐུགས་མཁོ་ཡོད་པའི་ཕྱག་དཔེ་གང་དགོས་བཞེས་ཆོག་པའི་ལུང་ཕེབས་པ་བཞིན་དེར་བཞུགས་ཀྱི་དཔེ་ཁྲོད་ནས་མ་དཔེ་དཀོན་ཞིང་ཁུངས་དག་པའི་ཕྱག་དཔེ་མང་རབ་ཅིག་བཞེས། རྗེ་བཙུན་བསོད་ནམས་རྩེ་མོས་བཏབ་པའི་བསམ་གཏན་སྒྲུབ་སྡེས་གདན་དྲངས་ཏེ་


GTD004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་གསོལ་འདེབས་ཀྱི་ལྗགས་ལུང་ཞུས། ལམ་བར་གྱི་མི་སྡེ་མཐའ་དག་གིས་ཕེབས་ལམ་བཅོས་པ་གུང་བབས་ཞག་བབས་ཀྱི་གྲ་སྒྲིགས་སོགས་བསྙེན་བཀུར་ཕུལ་དུ་ཕྱིན་པ་དང༌། གཞི་དགོན་སོ་སོའི་གྲྭ་པ་རྣམས་ཀྱང་མཇལ་བར་འོངས་ཏེ་ཕྱག་དབང་དང་ཆོས་འབྲེལ་ཞུ་བ་སོགས་གུས་འདུད་ལྷུར་བླངས། བོ་དོང་དགོན་པའི་ཐད་དུ་ཕེབས་པ་ན་དགོན་པའི་འདབས་ནས་རླུང་འཚུབ་ཆེན་པོ་སྦོམས་སུ་སོག་གུར་ཆེ་བའི་ཚོད་ཙམ་རྩེ་མོ་ནམ་མཁའ་ལ་རེག་པ་ལྟ་བུ་ཞིག་རྗེ་ཉིད་ཀྱི་མདུན་ངོས་སུ་འོངས་ཤིང་དེ་ནས་བྱང་ཕྱོགས་སུ་སོང་བ་ན་ལུང་པ་བཀང་འགྲོ་བ་ལྟ་བུའི་རྡུལ་འཚུབ་ཤིན་ཏུ་ཆེ་བ་ཞིག་ཏུ་སོང་བས་ཞབས་འབྲིང་བ་རྣམས་ཡ་མཚན་དུ་གྱུར་པ་ན། བོ་དོང་གི་གཙུག་ལག་ཁང་འདི་ལ་ལྷ་མོ་མངོན་སུམ་དུ་བཞུགས་ཡོད་གསུངས་ཏེ་འདོད་ཁམས་དབང་མོ་མངོན་སུམ་དུ་བསུ་བར་བྱོན་པ་གོར་མ་ཆག་གོ །དེ་ནས་དེར་བྱོན་ཏེ་རྟེན་མཇལ་མཛད་ཅིང་མང་འགྱེད་གནང༌། རྡོ་རྗེ་གདན་དང་ཁྲོ་ཕུ་སོགས་ཀྱིས་གདན་དྲངས་པས་རེ་བ་བསྐངས་ཤིང༌། ཁྲོ་ཕུ་ལོ་ཙྪ་བ་བྱམས་པ་དཔལ་གྱིས་བཞེངས་པ་རང་གི་རྩེ་ཁྲུ་བརྒྱད་ཅུའི་ཚད་གསེར་ཟངས་ལས་གྲུབ་པའི་བྱམས་སྐུ་ཆེན་མོ་བྱིན་རླབས་ཀྱི་གཟི་འོད་འབར་བ་དེའི་མདུན་དུ་མཆོད་པ་གཟབ་རྒྱས་ཕུལ་ཏེ་ཐུགས་བསྐྱེད་སྨོན་ལམ་ནན་ཏན་མཛད། དེ་ནས་རྗེ་ཤེས་རབ་སེང་གེའི་དངོས་སློབ་མགོན་པོ་དཔལ་བཟང་གི་གདན་སའི་ཆོས་སྡེར་ཕེབས་ཏེ་དགེ་འདུན་རྣམས་ལ་གསེར་ཞུན་མའི་ལྗགས་ལུང་དང༌། གངས་ཅན་ཆོས་འཕེལ་དུ་པཎ་ཆེན་ཐམས་ཅད་


GTD004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པས་མཛད་པའི་ཚུལ་ཁྲིམས་ཡང་དག་བསྲུང་བའི་མན་ངག་གི་ལུང་གནང༌། དགུ་པའི་བཅོ་ལྔ་ལ་རྩེ་དྲུང་བཅུ་སྐོར་གྱིས་ཕེབས་བསུ་ཇ་ཐབ་དང་བཅས་བཀྲ་ཤིས་ལྷུན་པོར་བབས། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་མཇལ་ཕྱག་ཞུས་པའི་ཚེ་སྟོན་མོ་གཟབ་རྒྱས་གནང༌། དཀའ་ཆེན་བློ་བཟང་རབ་རྒྱས་དང་དྲུང་རམས་པ་བློ་བཟང་དཔལ་ལྡན་གཉིས་ཀྱིས་ཞུས་ངོར་དགེ་འདུན་སྟོང་ཕྲག་ལྷག་རེ་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་དང༌། འཇིགས་བྱེད་དཔའ་བོ་གཅིག་པ་གཉིས་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་སྟ་གོན་དང་བཅས་པ། བྱམས་འཇམ་དབྱངས་སྤྱན་རས་གཟིགས་གསུམ་གྱི་རྗེས་གནང༌། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་ཚིགས་བཅད་མ་སོགས་ཀྱི་ལྗགས་ལུང་འགའ་ཞིག་དང་བཅས་པ་དགྱེས་བཞིན་དུ་སྩལ། དྲུང་རམས་པ་བློ་བཟང་རིག་འཛིན་གྱིས་ཀླུ་དབང་རྒྱལ་པོ་དང་ལྕམ་སྲིང་གཉིས་ཀྱི་རྗེས་གནང་ཞུས་པར་འདོད་མོས་བཞིན་བཀའ་དྲིན་བསྐྱངས། ཕྱག་མཛོད་ནོ་མོན་ཧན་རིན་པོ་ཆེ་དང་གསོལ་དཔོན་མཁན་པོ་བཅས་རྩེ་དྲུང་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་བཞིན་ཧོར་ཟླ་བཅུ་པའི་ཚེས་གཉིས་ཀྱི་ཉིན་བདེ་ལྡན་ཞིང་གི་མགོན་པོ་སྣང་བ་མཐའ་ཡས་ངུར་སྨྲིག་འཆང་བའི་ཟློས་གར་ལྷུར་བཞེས་པ་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར་ལྗགས་རྩོམ་གསར་དུ་གནང་བའི་དབུ་བཙུགས་པར་རྩེ་ནས་བཀྲ་ཤིས་པའི་ལྷ་རྫས། གསེར་བཟང་པོ་སྲང་གང༌། གོས་ཆེན་ལེགས་པ་ཡུག་བཅས་སུམ་ཚན་ཞིག་ཕུལ་བ་ཕུན་སུམ་ཚོགས་པའི་རྟེན་འབྱུང་གི་


GTD004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་མཚན་དུ་གྱུར། བཀའ་རྩོམ་གྱི་སེང་བར་དུ་ཚེས་གསུམ་ལ་ཧར་གདོང་སྤྱི་ཁང་ནས་གྲྭ་པ་བརྒྱད་བརྒྱ་ལྷག་ལ་འཇིགས་བྱེད་སྔགས་བཏུ། རྡོ་རྗེ་སེམས་དཔའ། རྣམ་འཇོམས་ལྗང་སྔོན། ཆོས་རྒྱལ་ཕྱི་སྒྲུབ་རྣམས་ཀྱི་རྗེས་གནང༌། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པའི་དྲིལ་བུ་ལྷ་ལྔའི་བླ་བརྒྱུད་བདག་མདུན་སྨོན་ལམ་ཤིས་བརྗོད་དང་བཅས་པའི་ལྗགས་ལུང༌། ཚེས་ལྔ་ལ་རྣམ་སྲས་མདུང་དམར་ཅན་དང༌། ཚོགས་བདག་དམར་པོ། གུར་མགོན་རྣམས་ཀྱི་རྗེས་གནང༌། ཚེས་དྲུག་ལ་རྡོ་རྗེ་རབ་བརྟན་མའི་རྗེས་གནང༌། ཚེས་བརྒྱད་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་རྣམས་སྩལ། ཚེས་དགུ་ལ་ཞྭ་ལུར་ཕེབས་པའི་ལམ་ནས་ཐེག་ཆེན་གླིང་གི་རི་ཁྲོད་པ་རྣམས་ཀྱིས་གདན་དྲངས་ཏེ་ཆོས་འབྲེལ་ཞུས། དེ་ནས་ཞྭ་ལུའི་དགེ་འདུན་རྣམས་ཀྱིས་སེར་སྦྲེང་དང་བཅས་བླ་བྲང་དུ་ཕྱག་ཕེབས་ནས་ཚོགས་པར་མང་འགྱེད་དང་དུས་མཆོད་ཀྱི་ཐེབས་སྤམ་མཐོ་བ་གནང༌། རི་སྦུག་བླ་མ་བྱམས་པ་སྨོན་ལམ་གྱི་དྲུང་ནས་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་ལུང༌། བུ་སྟོན་རིན་པོ་ཆེ་དང་ཐུགས་སྲས་རིན་རྒྱལ་པའི་གསུང་འགའ་ཞིག་གི་ལུང༌། དགེ་སློང་བློ་བཟང་རབ་བརྟན་པའི་དྲུང་ནས་འཇམ་དཔལ་གསང་ལྡན་གྱི་དབང་རྣམས་གསན། གྲུབ་ཆེན་ག་ཡ་དྷ་རའི་བུམ་ཆུ་དང་བུ་སྟོན་ང་འདྲ་མར་མཇལ་ཞིང་དེའི་མདུན་དུ་གསོལ་འདེབས་ཤོ་ལོ་ཀ་ལྔ་པ་ཞིག་ལྗགས་རྩོམ་མཛད། དེར་ལོ་སུམ་ཅུ་སྐོར་ལ་བུག་སྒོ་འདག་འབྱར་བྱས་ཏེ་ཚེ་མཚམས་ལ་བསྡད་


GTD004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐུགས་དམ་མཛད་མཁན་ཞིག་ཡོད་པ་དེས་ཞུ་ཡིག་ཕུལ་ཏེ། སྐྱབས་མགོན་དམ་པ་བླ་མ་རིན་པོ་ཆེ། །མཚན་བརྗོད་དཀའ་ཞིང་དོན་སླད་བརྗོད་པ་ལ། །འཇམ་པའི་དབྱངས་དངོས་བཞད་པ་རིན་པོ་ཆེ། །སྐྱེས་ཆེན་དམ་པ་གང་གི་ཞབས་པད་དྲུང༌། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བྱས་ནས། །ཞུ་གསོལ་ཚེ་མཚམས་བདག་གི་སྒྲུབ་ཁང་ནི། །ཆོས་ཁྲིའི་ལྷ་ཁང་མཇལ་ཕེབས་ཕྱོགས་ན་ཡོད། །ཕེབས་ཞོར་བུག་སྒོར་ཕྱག་དབང་བྱིན་རླབས་དང༌། །ཞལ་མཇལ་གསུང་ཐོས་སྙིང་ནས་ཞུ་འདོད་ལགས། །ཐུགས་རྗེ་ཆེན་པོའི་སྤྱན་གྱིས་གཟིགས་པ་མཁྱེན། །ཞེས་ཞུས་པར་དགྱེས་པ་ཆེན་པོས་ཕེབས་ཏེ་ཕྱག་དབང་དང་ཆོས་ཀྱི་གསུང་གླེང་མང་དུ་གནང་ནས་རེ་བ་ཚིམ་པར་མཛད། ཞྭ་ལུ་མཐིལ་གྱི་བླ་ཟུར་བཞིའི་སློབ་དཔོན་དང་བཅས་པས་གསོལ་བ་ནན་ཏན་དུ་བཏབ་པའི་ངོར་དགེ་འདུན་བརྒྱ་ལྷག་ཙམ་ལ་རྣམ་སྣང་མངོན་བྱང་གི་དབང་དང་ལོ་གྱོན་མ་རིགས་གསུམ་གྱི་རྗེས་གནང༌། ཀུན་མཁྱེན་གོང་མའི་གསུང་གི་ལོ་གྱོན་མའི་ལས་ཚོགས་དང་བཅས་པའི་ལུང་རྣམས་གནང༌། ལེགས་བཤད་ཆོས་གླིང་ནས་གདན་དྲངས་པར་ཕེབས་ཏེ་མཆོག་སྤྲུལ་རིན་པོ་ཆེའི་གཟིམས་ཁང་དུ་བཞུགས་ཞག་མཛད་ཅིང་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སྩལ། ཉེར་བདུན་ལ་བཀྲ་ཤིས་ལྷུན་པོར་བབས་ཤིང་སྔར་ཞྭ་ལུར་ཆིབས་བསྒྱུར་གནང་སྐབས་ཞལ་ནས་ངེད་འགྲོ་འདུག་མང་བས་དེའི་གྲངས་བཞིན་ཇ་ཐབ་དང་བསུ་སྐྱེལ་གནང་བ་འོ་བརྒྱལ་ཆེ་ཞིང་དགོས་པ་མི་འདུག་པས་ད་ལན་དེ་འདྲ་མ་བྱེད་ཅེས་ནན་གྱིས་གསུངས་པར་བརྟེན་ཁོང་རྣམས་ཀྱིས་གྲ་བསྒྲིགས་མ་བྱས་པར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་


GTD004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་རིང་འཇམ་དབྱངས་བཞད་པ་ཚང་ཕེབས་རྒྱུ་མིན་ནམ་ཁྱེད་ཚོའི་ཆིབས་བསུ་དང་ཇ་ཐབ་འདེབས་མཁན་ཨེ་སོང་གསུངས་པར། འགྲོ་རྒྱུ་མིན་ཚུལ་ཞུས་པས་ཅིས་ཀྱང་འགྲོ་དགོས་གསུངས་ཏེ་སྔར་རྒྱུན་བཞིན་གནང༌། དེ་ནས་བཀའ་རྩོམ་གྱི་འཕྲོ་འཐུད་ཅིང་བཅུ་གཅིག་པའི་ཚེས་ལ་ཉིན་གཅིག་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་མདུན་དུ་ཕེབས་ནས་གུང་ཚིགས་ལྷན་དུ་མཛད་པའི་ཚེ་སྐུ་རྩེད་གནང་བའི་གཟུགས་རིས་འགའ་ཞིག་ཡོད་པའི་ཁྲོད་ནས་རྟ་མཆོག་གི་གཟུགས་རིས་ཤིག་གནང་བ་བསྟན་འགྲོའི་དོན་རླབས་པོ་ཆེ་སྒྲུབ་པ་ལ་འཕྲིན་ལས་རྒྱུགས་པའི་བརྡར་དགོངས། སྐྱབས་མཆོག་གོང་མའི་ན་བཟའི་ཁྲོད་ཀྱི་སྐུ་འགག་དང་སྐུ་གཟན་ཞིག་གནང་སྟེ་དེང་སང་ནམ་ཟླ་དགུན་དུ་སོང་གཤིས་སྐུ་བསིལ་ན་མི་རུང་བས་མནབ་དགོས་གསུངས་པ་བཞིན་འཕྲལ་དུ་བཞེས། ཞྭ་ལུ་ནས་ཕེབས་པའི་སྐུ་ཞང་ཆོས་རྗེ་བསྟན་འཛིན་འཕྲིན་ལས་ཀྱི་དྲུང་ནས་རྗེ་བཙུན་མིད་ལའི་རྣམ་ཐར་དང་མགུར་འབུམ་གྱི་ལུང༌། བླ་མ་ཀུན་དགའ་རྣམ་རྒྱལ་གྱི་དྲུང་ནས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་རྣམས་གསན། མགྲོན་གཉེར་སྤོ་ར། དཀའ་ཆེན་བློ་བཟང་བྱང་ཆུབ་རྣམས་ཀྱིས་ཞུས་ངོར་གྲྭ་པ་ཉིས་བརྒྱ་ལྷག་ལ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་དང༌། ངག་བྱིན་རླབས་ཀྱི་ལུང་གནང་ཞིང་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྡོམ་པ་ཕོག །བཅུ་གཉིས་པའི་ཚེས་ལ་གདན་ས་ནས་སྣང་རྭ་དགེ་ཞིས་དང༌། ཝང་གི་ཨུརྒེ་ནས་དགེ་ལེགས་དབོན་པོ་བཅས་འཚམས་ཞུས་ལ་མངགས་པ་འབྱོར་ཏེ་ཐམས་ཅད་བདེ་བར་ཡོད་པའི་གནས་


GTD004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཞུས་ཤིང་སོ་སོའི་འཚམས་ཞུས་ཀྱི་ཡི་གེ་རྣམས་ཕུལ། ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་ལུང་དང་བཅས་པ་ས་སྐྱར་ཆོས་རྒྱུན་ཆད་ནས་ཞུ་ཡུལ་མེད་པས་རྗེ་ཉིད་ལ་ཞུ་བར་ས་སྐྱ་གོང་མ་རིན་པོ་ཆེའི་ཡོངས་འཛིན་ཞིག་ཆེད་གཏད་ཀྱིས་ཕེབས་པ་ལ་ཆོས་སྐོར་མཐའ་དག་བཞེད་པ་བཞིན་གནང༌། ཉིན་གཅིག་མགོན་ཁང་དུ་མཆོད་མཇལ་གནང་སྟེ་ཕྱིར་ཕེབས་ནས་དེ་རིང་ཆོས་སྐྱོང་ཐམས་ཅད་ཀྱིས་སྙན་ཤལ་ཕུལ་བ་ལེགས་པར་བཞེས་སོང་གསུངས་པ་ལ་དཔག་ན་སྙན་ཤལ་བཞེས་པ་ཙམ་མ་ཡིན་པའི་གཟིགས་སྣང་ཁྱད་པར་བ་ཞིག་ཡོད་པར་ཐེ་ཚོམ་མི་འདུག་ཅེས་དཔྱོད་ལྡན་རྣམས་མགྲིན་གཅིག་ཏུ་གླེང༌། རྒྱལ་དབང་ཐམས་ཅད་མཁྱེན་པར་ལོ་གསར་གྱི་འཚམས་ཞུས་པ་རྫོངས་སྟ་མཛད། པཎ་ཆེན་མཆོག་དང་ལྷན་དུ་ཤེར་ཕྱིན་ལྷ་ཁང་ནས་འཆམ་ལ་གཟིགས་རྟོག་གནང༌། ཉི་ཤུ་བདུན་ལ་བཀྲ་ཤིས་ལྷུན་པོའི་ལོ་གསར་ཡིན་སྟབས་རྗེ་ཉིད་འཁོར་བཅས་ཀྱིས་སྐྱབས་མགོན་ཐམས་ཅད་མཁྱེན་པར་ལོ་གསར་གྱི་མཇལ་ཁ་ཞུས། རྒྱ་རྩིས་ཀྱི་ཟླ་བ་དང་པོའི་ཚེས་གཅིག་ལ་དགུང་ལོ་ང་དགུ་པ་མེ་རྟའི་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་མཛད་ཅིང༌། ཧར་གདོང་ཁམས་ཚན་ནས་ཀྱང་གསོལ་སྟོན་གཟབ་རྒྱས་བསྟར། བཀྲ་ཤིས་ལྷུན་པོའི་སྨོན་ལམ་ཆེན་མོར་ལྷ་དར་རེའི་འགྱེད་དང༌། གྲྭ་ཚང་ཁམས་ཚན་སོ་སོར་མང་འགྱེད་ཟུར་དུ་གནང༌། ཕྱག་མཛོད་ནོ་མོན་ཧན་ནས་བསྐུལ་མ་མཛད་པ་བཞིན་དཀྱིལ་ཁང་བླ་མ་བློ་བཟང་ནམ་མཁའ། ཤར་རྩེ་བླ་མ་བློ་བཟང་དགེ་ལེགས། བཀྲ་ཤིས་རྩེའི་རྗེ་དྲུང་བློ་བཟང་འཇམ་དཔལ། དུས་འཁོར་རྡོ་རྗེ་སློབ་དཔོན་བློ་བཟང་ཚེ་བརྟན། གསོལ་དཔོན་ཚོགས་


GTD004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་པ་བློ་བཟང་དོན་གྲུབ་སོགས་བཀྲ་ཤིས་ལྷུན་པོ་རང་གི་བླ་གྲྭ་ཧྲག་བསྡུས་དང༌། སྲད་རྒྱུད། བདེ་ཆེན་རབ་རྒྱས། སྤོས་ཁང་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་འགའ་ཞིག་བཅས་ཁྱོན་སྟོང་ཕྲག་ལྷག་ཙམ་ལ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་གི་སྟ་གོན། བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་དང་བཅས་པ་ལེགས་པར་སྩལ་ཏེ་མཇུག་ཏུ་ཚོགས་འཁོར་རྒྱས་པར་མཛད། ཐོས་བསམ་གླིང་གི་ཚོགས་མང་ལ་འཇམ་དབྱངས་དང༌། གཙུག་ཏོར་རྣམ་རྒྱལ། སྒྲོལ་དཀར་གསུམ་གྱི་རྗེས་གནང༌། དོན་གཉེར་ཅན་ཉུང་འདུས་ཤིག་ལ་རིག་བྱེད་མ་ཆོས་རྒྱལ་དུག་རི་ནག་པོ་དབྱངས་ཅན་མ་དཀར་དམར་གཉིས་བཅས་ཀྱི་རྗེས་གནང་སོགས་ཟབ་ཆོས་ཅི་རིགས་གནང༌། དཀའ་ཆེན་བློ་བཟང་བཟོད་པས་ཞུས་ངོར་སྟ་གོན་གཅིག་གིས་འཐུས་པར་བྱས་ཏེ་དྲིལ་བུ་ལྷ་ལྔ་དང་ལུས་དཀྱིལ་གྱི་དབང་ཆེན་སྩལ། གསང་སྔགས་རྒྱལ་བ་གྲྭ་ཚང་གི་བླ་མ་ཡོན་ཏན་རྒྱལ་མཚན་དང༌། ཤར་རྩེ་བླ་མ་བཅས་ཉི་ཤུ་སྐོར་ལ་བདེ་མཆོག་ནག་པོ་ལྷ་བཅུ་གསུམ་མའི་དབང༌། བདེ་མཆོག་སྔགས་བཏུ། སྒྲོལ་མ་ཉེར་གཅིག །ལྷ་མོ་ཀུ་རུ་ཀུལླེ། རྡོ་རྗེ་རབ་བརྟན་མ་རྣམས་ཀྱི་རྗེས་གནང༌། དུག་དབང་རྨ་བྱ་རྒྱས་པ་སོགས་དང༌། དོན་གཉེར་ཅན་འགའ་ཞིག་ལ་ཆོས་རྒྱལ་ནང་སྒྲུབ་གསང་སྒྲུབ་སྒྲོལ་དཀར་གསུམ་གྱི་རྗེས་གནང༌། རི་སྦུག་བླ་མ་ལ་དབྱངས་ཅན་དཀར་མོའི་རྗེས་གནང་དང་ལྗགས་ལུང་འགའ་ཞིག །སྐུ་ཞང་ཆོས་རྗེ་ལ་ལམ་སྒྲོན་གྱི་ལུང༌། དཔེ་ཐུབ་པ་སྐུ་སྐྱེ་བློ་བཟང་རབ་རྒྱས་ལ་བེཀྩེའི་བེའུ་བུམ་གྱི་ལུང༌།


GTD004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དྲུང་ཡེ་ཤེས་བརྩོན་འགྲུས་ལ་སྒྲོལ་དཀར་གྱི་རྗེས་གནང་སོགས་སོ་སོའི་འདོད་མོས་བཞིན་ཆོས་ཀྱི་ཆར་ཕབ། གཉིས་པའི་བཅུ་བདུན་ལ་རྩེ་ཤོད་དུ་ཐོན་ཕྱག་ཞུས་པར་སྐྱབས་མགོན་པཎ་ཆེན་མཆོག་ནས་གཟེངས་བསྟོད་ཀྱི་ཆོ་ལོ་དང་བཀའ་ཤོག །སྐྱབས་མཆོག་གོང་མའི་ན་བཟའ་ཆ་ཚང་སོགས་བྱིན་རྟེན་ཚན་ཆེ་བ། སྐུ་འདྲ་ལི་མ་ལྔ་བཅུ། ཙན་དན་གྱི་སྐུ་དང་མཆོད་རྟེན་ཁ་ཤས། སྐུ་ཐང་ཞེ་མཚུངས་སུམ་ཅུ་སྐོར་དང༌། པཎ་ཆེན་གོང་མའི་གསུང་འབུམ། བཀའ་འགྱུར་ཆ་ཚང༌། ན་བཟའི་སྐོར། དབུ་གདུགས། རྟ་དར་ལྔ། རས་གུར་ཁྱད་འཕགས། སྒ་འཁོར་ཆ་ཚང་སོགས་དང༌། མགོ་སྣམ། ཕྲུག་ཐེར། སྤོས་དོ་པོ་ཤེལ་ལྟང་སོགས་གནང་ཆ་ཤིན་ཏུ་ཆེ་བ་དང༌། ཞབས་ཕྱི་དྲག་ཞན་ཐམས་ཅད་ལ་ཡང་འོས་བསྟུན་གྱི་གནང་ཆ་སྤམ་མཐོ་བ་སྩལ། དེ་མཚུངས་ཕྱག་མཛོད་ཆེན་མོ་ནས་ཀྱང་ན་བཟའ་ཉེར་སྤྱད། དགོས་ཆས་སོགས་ཕེབས་རྫོངས་ཤིན་ཏུ་གྱ་ནོམ་པ་བསྟར། དེའི་ཕྱི་དྲོ་གཟིམས་ཆུང་ངོ་མཚར་བཀོད་པར་ཕེབས་ཏེ་ཕྱག་མཛོད་ནོ་མོན་ཧན་རིན་པོ་ཆེ་དང༌། གསོལ་དཔོན་མཁན་པོ། བཀྲ་ཤིས་རྩེའི་རྗེ་དྲུང༌། གསོལ་དཔོན་ཚོགས་གསོག་པ། རྟ་དཔོན་པ། ལྡེ་འཆང་བ་སོགས་དྲུང་འཁོར་ཉི་ཤུ་སྐོར་ལ་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་གི་སྟ་གོན་གནང་ཞིང༌། བཅོ་བརྒྱད་ལ་དངོས་གཞི་རྫོགས་པར་སྩལ། གསུམ་པའི་ཡར་ཚེས་ལ་སྐྱབས་མཆོག་གོང་མའི་རྣམ་ཐར་ཤིན་ཏུ་རྒྱས་ཤིང་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ཟླ་ཟེར་གྱིས་སྐལ་བཟང་དད་པའི་ཡིད་ཀྱི་ཀུན་ད་རྒོད་པར་བྱེད་པའི་ལེགས་


GTD004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་རྨད་དུ་བྱུང་བ་པོ་ཏི་གཉིས་པོ་འདི་ཉིད་བཀའ་རྩོམ་ལེགས་པར་གྲུབ་སྟེ་ལོ་ཆེན་སྤྲུལ་བའི་སྐུ་ལ་ལྗགས་ལུང་གནང༌། རྒྱལ་མཚན་མཐོན་པོ་ནས་གཏང་རག་གི་ཡོན་དུ་མཎྜལ་དང་གསེར་དངུལ་སོགས་ཀྱི་འབུལ་བ་སྤམ་མཐོ་བ་བཏེགས། མཆོག་སྤྲུལ་རིན་པོ་ཆེའི་ཡབ་དཔལ་ལྡན་དོན་གྲུབ་དང་ཡུམ་འཆི་མེད་ལྷ་མོ་གཉིས་ནས་ཞུས་ངོར་ཉན་མཁན་དྲུག་བརྒྱ་སྐོར་ལ་མཛད་བརྒྱ་ལྷ་ཁང་དུ་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སྩལ། གསོལ་དཔོན་མཁན་པོ་ནས་བཀྲ་ཤིས་ལྷུན་པོར་ཚོགས་འདོན་དུ་འཛུགས་རྒྱུའི་པཎ་ཆེན་གོང་མའི་རྣམ་ཐར་གསོལ་འདེབས་ཤིག་དགོས་ཚུལ་ཞུས་པ་བཀའ་རྩོམ་གནང་སྟེ་ལུང་ཡང་སྩལ། བཅུ་བཞིའི་ཉིན་དགེ་འདུན་མང་ནས་གསོལ་བ་བཏབ་པ་བཞིན་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་དང༌། རྣམ་ཐར་ཚིགས་བཅད་མ་སོགས་གསར་རྩོམ་འགའ་ཞིག་གི་ལྗགས་ལུང་གནང༌། མཎྜལ་གྱི་མཇུག་ཏུ་ཚོགས་མང་ནས་ཉིད་ཀྱི་བཀའ་རྩོམ་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་གསུང་སྐབས་དད་གུས་དང་སྐྱོ་ཤས་ཚད་མེད་པས་ཕལ་ཆེར་གྱི་མིག་ནས་མཆི་མ་འཁྲུག་པ་བྱུང༌། འཆད་ཉན་གྱི་དགེ་རྩ་རྣམས་རྒྱལ་བསྟན་སྤྱི་དང་ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཀུན་ཏུ་འཕེལ་རྒྱས་ཀྱི་རྒྱུར་བསྔོ་བའི་ཐུགས་སྨོན་གྱིས་མཚམས་སྦྱོར་ནན་ཏན་མཛད། དེ་ལྟར་གཙང་ཕྱོགས་སུ་ཕེབས་ཏེ་དབང་ལུང་རྗེས་གསུམ་སོགས་ཆོས་རྒྱུན་ཟབ་ཅིང་འགངས་ཆེ་བ་དཀོན་ཞིང་ཉག་ཕྲ་བར་ཡོད་པ་མཐའ་དག་ཁྱབ་གདལ་དུ་སྤེལ་ཞིང༌། ལེགས་བཤད་བླ་ན་


GTD004_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དུ་མ་གསར་རྩོམ་མཛད་པ་སོགས་ཀྱི་སྒོ་ནས། ཇི་སྐད་དུ། འཇམ་དབྱངས་ས་སྐྱ་པཎྚི་ཏས། ལུང་བཟང་འདབ་མའི་ཁུར་གྱིས་ལྕི་གྱུར་ཅིང༌། །དྲི་མེད་རིགས་པའི་ཟེའུ་འབྲུ་མཛེས་པ་ཅན། །དོན་བཟང་སྦྲང་རྩིའི་བཅུད་ཀྱི་ཟ་མ་ཏོག །བློ་གསལ་བུང་བ་འདུ་བའི་དགའ་སྟོན་ཡིན། །ཞེས་གསུངས་པ་ལྟ་བུའི་ལེགས་བཤད་ཟད་མི་ཤེས་པའི་དགའ་སྟོན་གྱིས་སྐལ་བཟང་གདུལ་བྱའི་རྐང་དྲུག་ཚོགས་རྣམས་ཡོངས་སུ་ཚིམས་པར་མཛད་དེ་རྒྱལ་བའི་བསྟན་པ་ལ་རྒྱལ་བའི་མཛད་པ་ཉེ་བར་བསྒྲུབས། དེ་ནས་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་བཀྲ་ཤིས་ལྷུན་པོ་ནས་ཕྱག་བཏེགས་པར་རྩེ་ཤོད་ཀྱི་དྲུང་འཁོར་དྲག་རིམ་སོགས་རྟ་པ་བརྒྱ་ཕྲག་དུ་མས་ཆིབས་སྐྱེལ་དང༌། ཟམ་པ་ཤར་དུ་རྒྱལ་མཚན་མཐོན་པོ་དང་ཧར་གདོང་གིས་ཇ་ཐབ་ཞུས། དགེ་ལྡན་སྙན་བརྒྱུད་ཀྱི་བསྟན་པའི་འབྱུང་ཁུངས་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕེབས་ཏེ་རྟེན་མཇལ་ཞིབ་རྒྱས་དང་སྤྱན་དམིགས་རྒྱ་ཆེར་གནང༌། དགེ་འདུན་རྣམས་ལ་བླ་མ་མཆོད་པའི་ཁྲིད་དང་རྣམ་ཐར་གསོལ་འདེབས་གསར་རྩོམ་གྱི་ལྗགས་ལུང་སྩལ། རོང་བྱམས་ཆེན་དུ་མཆོད་མཇལ་གནང་སྟེ་ཕེབས་པའི་ཚེ་ནུབ་ངོས་ནས་འོད་དར་དཀར་བརྐྱངས་པ་ལྟ་བུ་ཞིག་ཤད་ཀྱིས་བྱུང་བ་ལ་འདི་བཀྲ་ཤིས་ལྷུན་པོའི་ཕྱོགས་ནས་འོང་བ་ཡིན་འདྲ་གསུངས་ཏེ་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། འབྲས་ཡུལ་སྐྱེད་ཚལ་དུ་བ་སོ་བྲག་སྔོན་སོགས་དགོན་ཕྲན་དང་རི་ཁྲོད་སོ་སོར་ཡང་མང་འགྱེད་ཀྱི་སྐལ་བ་འཚེམ་མེད་དུ་གནང༌། ལྕགས་ཟམ་སྤྲུལ་སྐུས་མཚམས་ནང་དུ་གདན་དྲངས་པ་ལྟར་ཕེབས་ཏེ་ཐུགས་བཞེད་བསྐངས། དེ་ནས་ཨམ་བན་དང་ཧར་གདོང་ཁམས་


GTD004_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་གཞུང་གི་ཐབ་བསུ་རྣམས་ལ་རིམ་པར་ཕེབས་ཤིང་རྩེ་དྲུང་བཅུ་སྐོར་གྱིས་བསུ་བ་དང་བཅས་ནོར་འཛིན་དགའ་ཚལ་དུ་ཕེབས། ཧོར་ཟླ་བཞི་པའི་བཅུ་གསུམ་ལ་ལྷོ་ཁ་ཕྱོགས་སུ་ཆིབས་བསྒྱུར་གནང༌། རྗེ་བདག་ཉིད་ཆེན་པོར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྐུལ་ཏེ་ཞིག་གསོས་དང་རབ་གནས་མཛད་པའི་རྫིང་ཕྱིའི་བྱམས་པ་ལ་གསེར་ཆབ་སྙན་ཤལ་མཆོད་པ་སྣ་ལྔ་བཅས་ཕུལ། སྤྱན་ཆབ་རྒྱུན་རིང་དུ་བསིལ་ཞིང་ཚངས་པའི་ཅོད་པན་མ་དང་བྱམས་སྨོན་གསུངས་ནས་གསོལ་འདེབས་དང་ཐུགས་སྨོན་ཤུགས་དྲག་ཏུ་མཛད། དེར་རྗེའི་སྐུ་རང་བྱོན་དང་རྗེས་རབ་གནས་མཛད་པའི་རྣམ་སྲས། རྗེའི་བཞུགས་ཁྲི་སོགས་ལ་ཞིབ་ཏུ་མཇལ་ཞིང་དགེ་འདུན་རྣམས་ལ་མང་འགྱེད་སྩལ། རྗེ་བླ་མའི་སྒྲུབ་གནས་ཆོས་ལུང་དུ་མཇལ་བར་ཕེབས་པའི་ཚེ་རྗེ་བདག་ཉིད་ཆེན་པོའི་འཕྲིན་ལས་ཚུལ་བཞིན་དུ་སྒྲུབ་པའི་ལྷ་ཆེན་འོ་དེ་གུང་རྒྱལ་བསུ་བར་བྱོན་ཏེ་བསྐོར་བ་མཛད། དགོན་པའི་ཉེ་འཁོར་དུ་མེ་ཏོག་གི་ཆར་འབེབས་པ་སོགས་ལྟས་ཡ་མཚན་པ་མང་དུ་བྱུང༌། རྗེའི་གཟིམས་ཆུང་དང་ཞབས་རྗེས་རྡོའི་མཎྜལ་རྣམས་ལ་ཞིབ་ཏུ་མཇལ་ཞིང་ཚོགས་པར་དགའ་ལྡན་ལྷ་བརྒྱ་མའི་ལྗགས་ལུང་སྩལ། རིན་ཆེན་སྒང་དུ་ཕེབས་ཏེ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་སྐུ་འདྲ་གསུང་འབྱོན་མ་སོགས་ལ་ཞིབ་ཏུ་མཇལ། དེ་ནས་གནས་གསུམ་མཁའ་འགྲོའི་གཙོ་མོ་མ་ཅིག་ལབ་སྒྲོན་གྱི་བཞུགས་གནས་ཟངས་རི་ཁང་དམར་དུ་མཆོད་པ་གཟབ་རྒྱས་ཕུལ་ཞིང་ཚོགས་པར་མང་འགྱེད་གནང། དཔལ་ཕག་མོ་གྲུ་པའི་བཞུགས་གནས་གདན་ས་མཐིལ་དུ་རྟེན་


GTD004_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་ཞིབ་ཏུ་གནང་སྟེ་འོན་ཆོས་སྡིངས་སུ་ཕེབས། རྒྱལ་སྲས་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་དང་མཇལ་འཛོམ་མཛད། ཁོང་གིས་ཞུས་ངོར་དཔལ་ཀྱཻ་རྡོ་རྗེ། རྡོར་དབྱིངས། མི་འཁྲུགས་པ་ལྷ་དགུ་རྣམས་ཀྱི་དབང༌། སྒྲོལ་མ་ཉེར་གཅིག་དང་སྣ་ཚོགས་ཡུམ་གྱི་རྗེས་གནང༌། ལྕང་སྐྱ་གོང་མས་མཛད་པའི་འདུལ་བའི་ལས་ཆོག་གི་ལུང་རྣམས་སྩལ། རྒྱལ་སྲས་རིན་པོ་ཆེར་ཞབས་བརྟན་གྱི་དངོས་འབུལ་དངུལ་སྲང་བརྒྱ་དང་བཟང་གོས་ཡུག་དུ་མ་སོགས་ཚན་གྲངས་གྱ་ནོམ་པ་བསྟར། ཀེ་རུ་ལྷ་ཁང༌། བཀྲ་ཤིས་དོ་ཁ། མངའ་རིས་གྲྭ་ཚང༌། རྩེ་ཐང་སོ་སོར་ཡང་རྟེན་མཇལ་མཛད་ཅིང་མང་འགྱེད་བཏང༌། ཁྲ་འབྲུག་ཏུ་ཕེབས་ཏེ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་གསེར་ཆབ་གསོལ་ཞིང་མཆོད་པ་གཟབ་རྒྱས་ཕུལ། ལྷ་ཐོ་ཐོ་རིའི་ཡུམ་བུ་བླ་སྒང༌། མེས་ཨག་ཚོམ་གྱི་ལྟག་རུ་ལྷ་ཁང༌། སྐུའི་རྟེན་ཚེ་ཆུ་འབུམ་པ། གསུང་རྟེན་གུང་ཐང་འབུམ་པ། ཐུགས་རྟེན་རྟག་སྤྱན་འབུམ་པ་སྟེ་ཡར་ལུང་རྟེན་གསུམ་དུ་གྲགས་པ་དང༌། རས་ཆུང་ཕུག་རྣམས་ལ་མཆོད་འབུལ་མཛད། རི་བོ་ཆོས་གླིང༌། བཀྲ་ཤིས་ཆོས་སྡེ། ཇོ་གདན་དགོན་པ་སོ་སོར་ཡང་མང་འགྱེད་གནང༌། ལྔ་པའི་ཚེས་ལྔ་ལ་བསམ་ཡས་སུ་ཕེབས་ནས་རྟེན་རྣམས་ལ་ཞིབ་ཏུ་མཇལ། དེའི་ཆོས་སྐྱོང་ཙི་དམར་བ་སྤྱན་འདྲེན་ཞུས་པའི་སྐབས་སུ་ཆོས་སྐྱོང་ཐུགས་ཤིན་ཏུ་འཇམ་ཞིང་གུས་པའི་རྣམ་འགྱུར་མཛད་པ་ལ་དེར་འཁོད་ཀྱི་རྒྱུས་ཡོད་རྣམས་ཤིན་ཏུ་ངོ་མཚར་ཞིང་མོས་གུས་ལྷག་པར་འཕེལ་བ་བྱུང༌། དེ་སྐབས་ཞབས་ཕྱི་ཞིག་མཚན་མོར་རྒྱ་མཐོངས་ནས་ཞལ་བའི་སྟེང་དུ་ལྷུང་སྟེ་ལུས་ཤིན་ཏུ་སྣད་པས་བབས་ལྕི་མོར་སོང་བ་ཆོས་སྐྱོང་


GTD004_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ཀར་བསྡད་ན་བཟང་གསུངས་ཀྱང་རྗེ་ཉིད་ནས་ཅིས་ཀྱང་འགྲོ་དགོས་གསུངས་ཏེ་ཉིན་ཁ་ཤས་ཕེབས་བྱམས་ཀྱི་སྔོན་དུ་འཁྱེར་བཅུག །ཉིན་གཅིག་ཤུལ་དུ་ཐོ་ཞིག་བསླངས་ཏེ་རྟ་མགྲིན་གྱི་སྐྱེད་ཆོག་མཛད་ནས་ཕེབས་པས་ཁོ་ཡང་དེ་ནུབ་ནས་རིམ་དྭངས་སུ་སོང༌། སྔར་ཡང་ཆོས་སྐྱོང་གི་གནོད་པས་དེར་མི་གསུམ་ཙམ་གཡང་དུ་ལྷུང་ནས་ཤི་བའི་ལོ་རྒྱུས་དང༌། འདི་སྐབས་ཀྱང་མོ་ལུང་མཁན་འགའ་ཞིག་གིས་འདི་ཤི་ཟིན་པ་ལ་གཞན་ཞིག་གིས་སྲོག་བཙན་ཐབས་སུ་བཟུང་ཡོད་པ་ལྟ་བུ་ཞིག་སྣང་ཟེར་བར་དཔག་ན་ཁོ་ལ་ཡང་ཆོས་སྐྱོང་གིས་འཚུབ་ལྷོངས་བཏང་བ་ཡིན་འདུག་ཀྱང་ཉིད་ཀྱི་ཐུགས་རྗེ་ལ་བརྟེན་ནས་གླགས་མ་རྙེད་པར་སྣང་བ་གྲུབ་པའི་མཚན་མར་ཤེས་པར་གྱིས། དེ་ནས་ཡེར་པར་ཞིབ་མཇལ་གནང་སྟེ་ལྷ་སར་ཕེབས། དེའི་ཚེ་ལྕང་སྐྱ་རྡོ་རྗེ་འཆང་ཆེན་པོ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་གནས་ཚུལ་གསན་ཏེ་ཐུགས་བཟོད་གླགས་མེད་པའི་མྱ་ངན་དང་སྐྱོ་ཤས་ཀྱི་རྣམ་པ་མཛད། དེ་ནས་རེ་ཞིག་གི་བར་དུ་ཉིན་རེ་བཞིན་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་ཞབས་འབྲིང་བ་ཁ་ཤས་དང་ལྷན་དུ་བླ་མ་མཆོད་པའི་ཆོ་ག་གསུངས་ཤིང་ཐུགས་དམིགས་ནན་ཏན་རྒྱུན་ཆགས་སུ་གནང༌། དེའི་ཚེ་ལོའུ་ཨམ་བན་མདུན་དུ་འོངས་ཏེ་ཁྱེད་ཀྱིས་དེ་འདྲའི་ཐུགས་ངལ་མ་མཛད། ལྕང་སྐྱ་རྡོ་རྗེ་འཆང་དགུང་ལོ་ཡང་བདུན་ཅུ་ལྷག་ཕེབས་ཤིང་གཏན་མི་གཤེགས་པར་བཞུགས་པ་ཞིག་མི་ཡོང་བས་ད་ལྟ་རྒྱལ་བ་ཡབ་སྲས་གཉིས་ཞལ་འཛོམས་ཤིང་གོང་མ་ཆེན་པོ་ཡང་ཞབས་པད་བརྟན་པའི་རིང་འདིར་ཁོང་གི་སྐུ་ལུས་བརྗེས་ནས་སྤྲུལ་སྐུ་


GTD004_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གདན་སར་འབབ་ཐུབ་ན་ཕུགས་སུ་དེ་བཟང་མོད་སྙམ་ནས་ངས་མྱ་ངན་མ་བྱས་ཞེས་ཐབས་མཁས་ཀྱི་ཞུ་བ་ཕུལ་བས་དགོངས་པར་འབབ་པ་བྱུང༌། ཁམས་ནས་ཀརྨ་སི་ཏུ་རིན་པོ་ཆེའི་འཚམས་ཞུས་འབྱོར་བའི་ལན་དུ་གོས་ཡུག་ཆེན་ལྔ་དང་གསེར་དངུལ་སོགས་བདོག་སྐྱེས་སྤམ་མཐོ་བ་བཅས་ཆབ་ཤོག་སྙན་དངགས་ཀྱི་ལམ་ནས་དྲངས་པ་གནང༌། སྨད་ཀྱི་འགྲུལ་སྡེབ་སོ་སོར་ཡང་ཞུ་ཤོག་དུ་མའི་བཀའ་ལན་འཚེམ་མེད་དུ་གནང་ཞིང་ལྷག་པར་ཡང་ཐུའུ་བཀྭན་རིན་པོ་ཆེར་གསུང་ཤོག་ཅིག་བསྐུར་བ་ཟླ་བ་བཅུ་གཅིག་པའི་ནང་དུ་ཨོར་དུ་སུའི་ས་ཆར་འཁྲུངས་སྐར་གྱི་སྟོན་མོ་གནང་བའི་ཉིན་འབྱོར་ཏེ་ཞལ་ཕྱེ་བར་ཉིན་དེའི་དུས་སྟོན་དང་འབྲེལ་བའི་ཚིག་སྦྱོར་རྟེན་འབྲེལ་ཅན་འབའ་ཞིག་གཙོ་བོར་མཛད་འདུག་ཅིང་རྟེན་ལ་ཐེལ་ཚེ་བཀྲ་ཤིས་ཀྱི་རི་མོ་ཅན་ཞིག་གནང་འདུག་པས་ཉིན་དེར་འབྱོར་རྒྱུ་སོགས་ཐམས་ཅད་དང་པོ་ནས་མངོན་སུམ་དུ་གཟིགས་པ་གོར་མ་ཆག་གོ་ཞེས་ཐམས་ཅད་ཡ་མཚན་པར་གྱུར། བྲག་ཡབ་ཆེ་ཚང་སྤྲུལ་བའི་སྐུ་བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན་གྱིས་སྔར་ནས་གསོལ་བ་ནན་ཆེར་བཏབ་པ་བཞིན་ཁོང་དང་རྗེ་དྲུང་སྤྲུལ་བའི་སྐུ་ཡེ་ཤེས་བསྟན་པའི་མགོན་པོ། དུང་དཀར་སྤྲུལ་སྐུ་ངག་དབང་སྙན་གྲགས་རྒྱལ་མཚན། དུས་འཁོར་པཎྚི་ཏའི་སྤྲུལ་སྐུ་ཡེ་ཤེས་བསྟན་པ་དར་རྒྱས། དཔོན་སློབ་སངས་རྒྱས་རྡོ་རྗེའི་སྤྲུལ་བའི་སྐུ་གྲགས་པ་རྒྱལ་མཚན། ཐུའུ་བཀྭན་ཞབས་དྲུང་ཐུབ་བསྟན་ཉི་མ། བློ་གསལ་གླིང་བླ་ཟུར་བློ་བཟང་སྦྱིན་པ། ཀོན་ཏུང་ཧུ་ཐོག་ཐུ་ཡེ་ཤེས་ཆོས་འབྱོར། ཧར་ཆེན་ཞབས་དྲུང་ཡེ་ཤེས་ཕུན་


GTD004_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། ཁོ་བོ་ཅག་དང་བཅས་སེ་འབྲས་དགེ་གསུམ། རྒྱུད་སྟོད་སྨད། བཀྲ་ཤིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང༌། དགེ་འཕེལ། ཕུར་བུ་ལྕོག །བ་རི་གསར་རྙིང༌། རྨེ་རུ། དཔལ་འཁོར་ཆོས་སྡེ། རྩེས་ཐང་སོགས་ཀྱི་དགོན་སྡེ་དུ་མ་ནས་འདུས་པའི་བླ་མ་སྤྲུལ་སྐུ་དགེ་བའི་བཤེས་གཉེན་ཧྲག་བསྡུས་བཞི་བརྒྱ་ལྷག་ལ་ལྔ་པའི་ཚེས་བཅུ་གཅིག་ནས་མགོ་བརྩམས་ཏེ་རྡོ་རྗེ་འཕྲེང་བ་དང་མི་ཏྲ་བརྒྱ་རྩའི་དབང་ཆེན། སྒྲུབ་ཐབས་རྒྱ་མཚོ། བཱ་རི་བརྒྱ་རྩ། མགོན་པོ་བཀའ་བཅུ་གསུམ། འཕགས་ལུགས་ཀྱི་ཛམྦྷ་ལ་ཞལ་གསུམ་ཕྱག་དྲུག །ཁྱུང་ནག་མེའི་སྤུ་གྲི་ཅན་རྣམས་ཀྱི་རྗེས་གནང༌། འཕྲེང་བ་སྐོར་གསུམ། ཀྲྀ་ཡ་ས་མུཙྪ། དཔག་བསམ་འཁྲི་ཤིང༌། རྩ་ཤེ། ཀུན་མཁྱེན་གོང་མས་མཛད་པའི་གསང་འདུས་འཇིག་རྟེན་དབང་ཕྱུག་ལ་བརྟེན་པའི་མ་ཎི་རིལ་སྒྲུབ། བུ་སྟོན་གྱི་འདུལ་བའི་ལས་ཆོག །དམ་པ་རྒྱ་གར་གྱིས་མཛད་པའི་འཇམ་དབྱངས་ཀྱི་སྒྲུབ་ཐབས། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས། བོ་དོང་པས་མཛད་པའི་དབྱངས་ཅན་མའི་བསྟོད་པ། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། རྗེ་ཉིད་ཀྱིས་མཛད་པའི་པཎ་ཆེན་གོང་མའི་རྣམ་ཐར་གསོལ་འདེབས་སོགས་ཀྱི་ལྗགས་ལུང་དང་བཅས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དབང་ཞིག་གི་ཚེ་རྒྱུད་སྨད་དགེ་བཤེས་ངག་དབང་སྙན་གྲགས་གྲལ་མཐའ་ཞིག་ཏུ་ཡོད་པར་ཆས་འཇུག་རྡོར་དྲིལ་སོགས་ཆེད་གཉེར་གྱིས་གཏད་པ་ཡང༌། ཁོང་ལ་མ་


GTD004_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འགྱངས་པར་རྒྱུད་པའི་བླ་མ་དབུ་མཛད་དང་སྨད་རྒྱུད་མཁན་པོ་སོགས་རིམ་པར་འབྱུང་བའི་མ་འོངས་ལུང་བསྟན་དུ་འདུག་ཅེས་ཕྱིས་སུ་གཟུར་གནས་རྣམས་མཐུན་པར་གླེང༌། དེ་ཡང་དང་པོ་བཀའ་ཆོས་འགའ་ཞིག་གི་ཚེ་གུ་དོག་པོ་གནང་བ་ཡོངས་འཛིན་རིན་པོ་ཆེས་གསན་ཏེ། ཉིན་གཅིག་ངེད་མདུན་དུ་མཇལ་བར་ཕྱིན་སྐབས། སྔོན་ཡིན་ན་དབུས་གཙང་འདི་ཆོས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས་ཆོས་རྒྱུན་གྱི་རིགས་གང་འདོད་དུ་བླང་ཆོག་པ་ཡོད་ཀྱང༌། ད་ལྟ་ཆོས་རྒྱུན་ཕལ་ཆེར་ཉག་ཕྲ་བར་སོང་འདུག །སླར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཁོང་འདྲ་བ་ཡང་ཡང་འབྱོན་དཀའ་བས་ད་རེས་ཀྱི་བཀའ་ཆོས་རྣམས་ཁྱབ་གདལ་དུ་སྤེལ་རྒྱུ་ཞིག་བྱུང་ན་ལེགས། ངེད་ཀྱིས་འདི་འདྲ་ཞུ་གི་འདུག་ཅེས་ཁྱོད་ཀྱིས་འཇམ་དབྱངས་བཞད་པ་རིན་པོ་ཆེར་ཡག་པོ་ཞུས་གསུངས་ནས་ནན་ཏན་མཛད་པ་ལྟ་བུ་བསྟན་པ་ཁོ་ན་ཐུགས་ལ་བཅངས་པ་རྣམས་ཀྱིས་དགོངས་ཚུལ་དེ་ལྟར་ཡིན་ཀྱང༌། ཕྱོགས་ལྷུང་གིས་རྒྱུད་བསླད་པ་ཁ་ཅིག་རྡོར་ཕྲེང་དང་མི་ཏྲའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཁ་འགེངས་ཚུལ་སོགས་ལ་སྐྱོན་འདོན་པ་ནི། རྗེ་དྲུང་སྔགས་རམས་པ་དགེ་འདུན་བཀྲ་ཤིས། པཎ་ཆེན་བློ་བཟང་ཆོས་རྒྱན། དཔོན་སློབ་བློ་བཟང་ཤེས་རབ། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་སོགས་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་གསུང་དང་རྣམ་ཐར་གསན་ཡིག་གང་ཡང་མ་མཐོང་བས་རང་གི་དེ་ཉིད་སྟོན་པ་ཁོ་ནར་ཟད་དེ། དགག་བཞག་གི་དཔྱད་པ་གཞན་དུ་བྱའོ། །ལོ་དེར་བོད་ཡུལ་དུ་འབྲུམ་ནད་སྤང་ལས་ཤྭ་མོ་རྡོལ་བ་བཞིན་དུ་མཆེད་ཚབས་ཤིན་ཏུ་ཆེ་ཡང་རྗེ་ཉིད་ལ་ལྟོས་བཅས་ཀྱི་རིགས་དང་ཆོས་ཉན་པ་གཅིག་ལ་ཡང་ཉེས་སྐྱོན་


GTD004_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་བ་ནི་གྲུབ་པའི་འབྲས་རྟགས་བླ་ན་མེད་པ་ཡིན་ལ། འོན་ཀྱང་ཚ་རྡོར་ནོ་མོན་ཧན་རིན་པོ་ཆེ་ནས་ཆོས་ཉན་པ་ལ་འབྲུམ་པ་བྱུང་ན་ཤིན་ཏུ་ཉེན་ཆེ་ཚུལ་གྱིས་གྲྭ་ཚང་སོ་སོའི་ལས་སྣེ་རྣམས་ལ་དམ་བསྒྲགས་མཛད་དེ་གྲྭ་པ་ཁ་ཤས་ལ་འབོད་མི་ལན་མང་དུ་བཏང་ཡང་དབང་རྣམས་དང་སྒྲུབ་ཐབས་རྒྱ་མཚོ་སོགས་ལ་ཆད་ལུས་མ་བྱུང༌། བཱ་རི་བརྒྱ་རྩའི་ཕྱེད་ཙམ་ནས་གྲྭ་པ་ཁ་ཤས་མི་འདོད་བཞིན་དུ་དགོན་པར་ལྡོག་དགོས་བྱུང་བ་རྣམས་ལ་རྗེས་སུ་ཁོ་བོ་འབྲས་སྤུངས་སུ་ཕྱིན་པའི་ཚེ་ཁ་བསྐངས་ནས་ཆོས་ཀྱི་གེགས་སུ་མ་གྱུར་ཙམ་བྱུང་སྟེ་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་དགྱེས་པར་གྱུར་ཏོ། །རྒྱ་ཆེན་མངོན་པར་རྟོགས་པ་མ་ལ་ཡར། །ལྷན་ཅིག་སྐྱེས་པ་ལུང་ཆོས་ཧ་རིའི་བསུང༌། །སྐལ་བཟང་བུང་བ་འགུགས་པའི་ཕོ་ཉ་སྟེ། །མི་བསྲུན་སྦྲང་བུ་སྐྲོད་པའི་ཟེར་མའང་ཡིན། །མི་མཉམ་རྣམ་དཔྱོད་ཟླ་བའི་འཛུམ་དཀར་གྱིས། །ལེགས་བཤད་ཀུནྡའི་སོ་ཕྲེང་རྒོད་པ་ནི། །སྲིད་འབྱོར་སྦྲང་རྩིའི་སྙིང་པོར་རྩེ་གཅིག་ཏུ། །ཟུམ་པའི་ཆུ་སྐྱེས་ཚོགས་ལ་འཕྱ་བ་བཞིན། །དྭངས་བསིལ་ཨ་བྷི་ཥིཉྩའི་ཆབ་སྦྲེང་བས། །སྐལ་བཟང་ཡིད་ཀྱི་དྲི་མ་རབ་བཀྲུས་ཀྱང༌། །སྐལ་དམན་རྡོ་ཡི་སོལ་བར་འཕྲད་པའི་མེས། །དགེ་བའི་བུད་ཤིང་བསྲེགས་དེ་ལས་ཀྱིས་ནོངས། །ཆུ་བོའི་གཏེར་དུ་གྲགས་པ་ཟླ་བའི་མ། །ཀླུང་བཞི་འབབ་པའི་རྒྱུན་གྱིས་མ་བསྐྱངས་ན། །ལྷན་སྐྱེས་རྟ་གདོང་མེས་ནི་སྲིད་པའི་དཔལ། །ཆིལ་ཆིལ་ཁོལ་བའི་མཐའ་ལ་སྐེམ་པར་ཟད། །ཐིགས་ཀྱི་བཅུད་ལྡན་གསེར་མདོག་ཀ་ལ་ཤ །ལྷབ་ལྷུབ་དཔལ་གྱི་འབྱོར་བའི་མགུལ་ཆིངས་ཅན། །ཆེ་


GTD004_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མཐོའི་རྟགས་ཀྱི་སྒྲོ་མདོངས་ངོམ་པ་ཡིས། །གདུང་སེལ་བདུད་རྩིའི་མཆོད་སྦྱིན་འགྱེད་དོ་ལོ། །བློ་གསལ་ཐར་པ་དོན་གཉེར་མུཀྟི་ཀའི། །དོ་ཤལ་ཚར་དུ་དངར་བའི་མདོ་འཛིན་པ། །བོངས་ཚོད་རགས་པའི་ཉ་ཕྱིའི་གོང་བུ་ཞིག །དཔྱོད་ལྡན་གཞོན་ནུའི་སྙིང་ལ་ཆགས་བྲལ་སྟེར། །ཞེས་བྱ་བའང་ཉམས་དགའི་ཚིགས་སུ་བཅད་པའོ། །དེ་ལྟར་བཀའ་ཆོས་དངོས་གཞི་ཆག་མེད་དུ་གནང་བའི་སེང་བར་ལ་ཇོ་བོ་རིན་པོ་ཆེར་དངུལ་སྲང་བརྒྱ་དང་ལྔ་བཅུ་སྐོར་གྱིས་སྟོང་མཆོད་ཕུལ་ཏེ་ལྕང་སྐྱ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་དགོངས་པ་རྫོགས་ཤིང་ཡང་སྲིད་འཁྲུལ་མེད་མྱུར་དུ་འབྱོན་པའི་གསོལ་འདེབས་ཤུགས་དྲག་མཛད། གཟིམས་ཁང་ཆོས་རྗེར་གཤེད་དམར་གྱི་དབང་དང༌། ཧལ་ཁ་ཨེར་ཏི་ནི་ཆོས་རྗེ་ངག་དབང་དཔལ་བཟང་ལ་དབྱངས་ཅན་མ་དཀར་མོའི་རྗེས་གནང་སོགས་ཆོས་བཀའ་ཐོར་བུ་ཅི་རིགས་གནང༌། ཞར་ལ་ལུགས་གཉིས་ཀྱི་བྲེལ་བ་ཆེ་ཕྲ་ཐམས་ཅད་རིམ་པར་བསལ་ཏེ་དྲུག་པའི་ཚེས་ཉི་ཤུ་ལ་བྲག་ཡབ་སྤྲུལ་བའི་སྐུ་ནས་ཞུས་པའི་བཀའ་ཆོས་ཀྱི་རིམ་པ་རྣམས་རྫོགས་པར་གྲུབ། དེའི་ཕྱི་ཉིན་ཀློང་རྡོལ་བླ་མ་རིན་པོ་ཆེ་དང༌། རྒྱལ་སྲས་རིན་པོ་ཆེ། བྲག་ཡབ་སྤྲུལ་བའི་སྐུ་སོགས་ཉུང་བསྡུས་ལ་འཇམ་དཔལ་གསང་ལྡན་དང་བདེ་མཆོག་ནག་པོ་གཉིས་ཀྱི་དབང་སྟ་གོན་དང་བཅས་པ་སྩལ། ཉི་ཤུའི་ངོར་ཀློང་རྡོལ་བླ་མ་རིན་པོ་ཆེའི་དྲུང་ནས་ལྗགས་ལུང་འགའ་ཞིག་གསན། ཧོར་ཟླ་བདུན་པའི་ཚེས་ལ་གྲུབ་པའི་གནས་མཆོག་རི་བོ་དགེ་འཕེལ་དུ་ཕེབས་ཏེ་ཞག་བདུན་གྱི་རིང་བཅད་རྒྱ་མཛད་ཅིང༌། ཐུན་མཚམས་རྣམས་སུ་དེར་བཞུགས་ཀྱི་རི་ཁྲོད་པ་བརྒྱ་སྐོར་དང་ཕྱོགས་


GTD004_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནས་འོང་བ་བཅས་ཁྱོན་ཉིས་བརྒྱ་ལྷག་ཙམ་ལ་ཐུགས་རྗེ་ཆེན་པོའི་དབང་སྟ་གོན་དང་བཅས་པ། ཐུགས་རྗེ་ཆེན་པོའི་རྗེས་གནང༌། ཀུན་མཁྱེན་གོང་མའི་གསུང་གི་དེའི་སྒྲུབ་ཐབས་དང་པཎ་ཆེན་གསུང་གི་སྨྱུང་གནས་ཆོ་ག །རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་གི་སྒྲོལ་དཀར་གྱི་མངོན་རྟོགས་རྣམས་ཀྱི་ལུང་དང༌། འོད་དཔག་མེད་ཀྱི་འཕོ་ཁྲིད། ཉིད་ཀྱི་བཀའ་རྩོམ་ལྟ་མགུར་འགྲེལ་པའི་བཤད་ལུང༌། སྒྲོལ་དཀར་དང་འཇམ་དབྱངས་དམར་སེར་གཉིས་ཀྱི་རྗེས་གནང༌། ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་ཟབ་ཆོས་མང་དུ་སྩལ། རི་ཁྲོད་པ་རྣམས་ལ་དངུལ་ཞོ་གསུམ་རེ་དང་བསོད་བཏགས་རེ་བཅས་ཀྱིས་སྐུ་འགྱེད། ས་ག་ཟླ་བའི་སྨྱུང་གནས་ཀྱི་ཐེབས་སུ་དངུལ་སྲང་བརྒྱ་སོགས་སྦྱོར་འཇགས་གནང༌། འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གཟིམས་སྤྱིལ་ཞིག་ཡོད་པ་བར་སྐབས་འཐོར་ཞིག་ཏུ་སོང་བའི་གནས་ཚུལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་གསན་ཏེ། འདི་ཡིག་ཆ་ཕལ་ཆེར་རྩོམ་པའི་གནས་ཡིན་པས་སྒོ་མང་གྲྭ་ཚང་གིས་ཞིག་གསོས་དོ་དམ་ཞིག་བྱས་ན་རྟེན་འབྲེལ་ལ་བཟང་གསུངས་ཀྱང༌། སྤྱི་རྟ་རྒྱབ་རལ་གྱི་དཔེ་བཞིན་ལུས་པ་སླར་ཞིག་གསོས་ཀྱི་ཐེབས་དང་བཅས་ཕོ་བྲང་སྡེ་པར་བཅོལ་དམ་གནང་བ་ཁུར་དུ་བླང་སྟེ་བཀའ་བཞིན་བསྒྲུབས། དེར་ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཐུབ་དབང༌། རྗེ་རིན་པོ་ཆེ། རྒྱལ་དབང་གོང་མ། རྗེ་འཇམ་དབྱངས་བཞད་པ་གསུམ་གྱི་སྐུ་བརྙན་ཁྱད་འཕགས་མི་ཚད་ཙམ་དང༌། རྗེ་དྲུང་རིན་པོ་ཆེས་ལྕང་སྐྱ་རོལ་པའི་རྡོ་རྗེ་དང༌། སྐྱབས་མགོན་


GTD004_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྣང་བརྙན་སྔ་མའི་གྲས་མཚུངས་བཞེངས་ཏེ། སོ་སོ་ནས་མཆོད་རྫས་གང་དགོས་གསར་དུ་སྦྱོར་འཇགས་སོགས་ཀྱིས་དྲི་གཙང་ཁང་རྟེན་དང་བརྟེན་པར་བཅས་པ་ཕུལ་དུ་ཕྱིན་པ་ཞིག་བྱུང་ངོ༌། །བཅད་རྒྱ་གྲོལ་རྗེས་འབྲུམ་ནད་ཀྱི་དོགས་གཞི་ལ་བརྟེན་ཞབས་ཕྱི་རྣམས་ཕྱིར་སློག་སྟེ་རྗེ་ཉིད་གཅིག་པུ་པོ་ཏ་ལའི་རྩེར་ཕེབས་ནས་གཟིམས་ཆུང་དུ་ཞག་བདུན་བཞུགས། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་པད་ནས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་གསན་ཅིང་ཐུགས་ནང་ཉེ་བའི་གསུང་གླེང་ཞིབ་རྒྱས་དང༌། སྐུ་དོན་འགའ་ཞིག་ཞུས་པ་རྣམས་ཀྱང་བརྩེ་གཟིགས་ཀྱི་བཀའ་དྲིན་ཚད་མེད་པ་བསྐྱངས། རྩེ་ནས་བྱིན་རྟེན་དང་སྐུ་གསུང་ཐུགས་རྟེན་གཏོས་ཆེ་བ། མཁན་ཆས་ཆ་ཚང༌། ན་བཟའ་བུབས། ཧ་སག །སྣམ་ཕྲུག །གཞུང་སྤོས་སོགས་དོ་པོ་ཆེས་མང་བ་དང༌། རྟ་སུམ་ཅུ་སྐོར་བཅས་ཐོན་ཕྱག་གཟབ་རྒྱས་བསྟར། རྩེར་བཞུགས་རིང་བཤད་པ་དང་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལ་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་གྲུབ་པ་དགེ་ལྡན་བསྟན་པའི་རྩ་ལག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་དགེ་ལྡན་ཕྱག་རྒྱ་ཆེན་པོའི་མན་ངག་གི་གནད་རྫོགས་པར་གསན་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང༌། ཡབ་སྲས་གཉིས་ཀས་འཇམ་མགོན་བླ་མའི་བསྟན་པ་འབའ་ཞིག་ཐུགས་ལ་བཅངས་པའི་དབང་གིས་བསྟན་དོན་ལ་རྒྱའི་གསུང་གླེང་ཞིབ་རྒྱས་མང་དུ་གནང་ཞིང༌། ཁྱད་པར་རྗེ་ཉིད་ནས་ཞྭ་སེར་གྱི་བསྟན་པའི་འབྱུང་ཁུངས་སེ་འབྲས་དགེ་གསུམ་ཡིན་ཞིང༌། དེའི་འཆད་ཉན་གྱི་འཕེལ་རྒྱས་རྒྱལ་དབང་མཆོག་གི་མཛད་པར་རག་ལས་ཚུལ་དང༌། སྔར་ཀུན་གཟིགས་


GTD004_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཆེན་པོ་དང་རྒྱལ་དབང་གོང་མ་སོགས་ཀྱི་སྐབས་སུ་དགེ་བཤེས་རྣམས་ལ་སྤྱན་བསྐྱངས་ཤིན་ཏུ་ཆེ་བས། མིག་ལྟོས་ལ་ཕན་པ་བྱུང་འདུག །ད་ལྟ་གཞུང་ལ་གྲྭ་སའི་དགེ་བཤེས་གཅིག་ལས་འབྱོར་ལྡན་གྱི་རྒན་པོ་ཞིག་ངོ་སོ་མཐོ་བ་ལྟ་བུར་འདུག་ནའང་གཞུང་གི་བསྟན་སྲིད་དང་གྲྭ་སའི་འཆད་ཉན་གཉིས་ཀླུ་དང་མཚོའི་དཔེ་ལྟར་ཕར་བརྟེན་ཚུལ་བརྟེན་ཡིན་མོད། འོན་ཀྱང་རྩེ་དྲུང་རྣམས་ལ་བཤད་ཀྱང་རྣ་བར་མི་འགྲོ །སླར་རྒྱལ་དབང་མཆོག་ནས་གཞུང་གི་བསྟན་སྲིད་ཀྱི་ལས་དོན་རྣམས་དངོས་གནས་ལ་མཛད་རྒྱུ་ཞིག་ཏུ་སོང་ན་ཁྱེད་ཀྱི་གསུང་ལས་མི་འདའ་བས། ཐུགས་ལ་འཇོག་དགོས་ཞུས་པར་ཡོངས་འཛིན་རིན་པོ་ཆེ་ནས་དེ་ཤིན་ཏུ་རང་ཐུགས་མད། ངེད་ཀྱི་སེམས་ལའང་དེ་འདྲ་ཞིག་སྔར་ནས་ཡོད་དེ་དོན་ཐོག་ཏུ་ཁེལ་བ་མ་བྱུང་གསུངས་པ་སོགས་ཕན་ཚུན་དགོངས་པའི་འཛིན་སྟངས་མཚུངས་པའི་དབང་གིས་ཐུགས་ཡིད་གཅིག་ཏུ་འདྲེས། ཡོངས་འཛིན་རིན་པོ་ཆེ་ནས་དིང་སང་གི་དུས་འདིར་ཁྱེད་ངེས་པ་དོན་གྱི་བསྟན་པའི་བདག་པོ་ཡིན་པས་བསྟན་པ་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མའི་ལུགས་བཟང་ཕྱོགས་བརྒྱར་སྤེལ་བའི་ཐུགས་ཁུར་བཞེས་ཏེ་ཞབས་པད་ཡུན་རིང་དུ་བརྟན་དགོས་ཞེས་བཀའ་ནན་ཡང་ཡང་ཕེབས། དེ་ནས་ནོར་འཛིན་དགའ་ཚལ་དུ་ཕེབས་ཏེ་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཞུས་ངོར་ཁོང་དང༌། ཀློང་རྡོལ་བླ་མ། བྲག་ཡབ་སྤྲུལ་བའི་སྐུ། དུས་འཁོར་པཎྚི་ཏ། བཱ་རི་གསར་པའི་མངའ་རིས་སྤྲུལ་སྐུ། སེ་ར་ཨུརྒེའི་གྲྭ་ཚང་གི་བླ་མ། ཀོན་དུང་ཞབས་དྲུང༌། ཆོག་ཐུ་ཞབས་དྲུང་སོགས་


GTD004_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉེར་ཅན་དུ་མ་ལ་རྡོར་དབྱིངས་དང་མི་འཁྲུགས་པ་ལྷ་དགུའི་དབང་ཆེན། ཚེ་དཔག་མེད་དཀར་པོ། སྤྱན་རས་གཟིགས་ཕྱག་བཞི་པ། འཇམ་དབྱངས་དམར་སེར། འཇམ་དབྱངས་དཀར་པོ། སྒྲོལ་དཀར། རྟ་མགྲིན་གསང་སྒྲུབ། རྟ་མགྲིན་ལྕགས་རལ། གྲུབ་རྒྱལ་ལུགས་ཀྱི་རྟ་མགྲིན། ཨུ་ཙརྱ། ཁྱུང་ཁྲ། དྲག་པོ་སུམ་སྒྲིལ། ལོ་གྱོན་མ། སྨེ་བརྩེགས། ཤྲ་མ་ཎ། ཆོས་རྒྱལ་ཕྱི་ནང་གསང་གསུམ། དཔལ་ལྷ་རྣམས་ཀྱི་རྗེས་གནང༌། ཀུན་མཁྱེན་གོང་མའི་རྣམ་ཐར་བཀའ་རྩོམ་ཚིགས་བཅད་མ། ལྕང་སྐྱ་གོང་མའི་གསུང་གི་བདེ་མཆོག་ཚོགས་འཁོར། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་གསོལ་འདེབས། ཞལ་བཞི་པའི་མངོན་རྟོགས་བཅས་ཀྱི་ལྗགས་ལུང་རྣམས་སྩལ། ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཞུས་ངོར་གསན་མཁན་སྔ་མའི་སྟེང་དུ་བློ་གསལ་གླིང་བླ་མ་འཕྲིན་ལས་སྙན་གྲགས། རྒྱུད་སྟོད་བླ་མ་དབུ་མཛད་ངག་དབང་བཀྲ་ཤིས་སོགས་སེ་འབྲས་ཀྱི་དགེ་བཤེས་ལྔ་བཅུ་ལྷག་དང་བཅས་པར་ཉིན་བདུན་གྱི་རིང་ཆོས་ཐུན་ཤིན་ཏུ་རིང་པོ་གཉིས་གཉིས་མཛད་དེ་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོའི་བཤད་ལུང་གཟབ་རྒྱས་ལུང་དང་རིགས་པ་དྲི་མ་མེད་པའི་སྒོ་ནས་བདར་ཤ་བཅད་དེ་དོན་གང་ལ་ཡང་ལོག་པར་རྟོག་པའི་དྲི་མ་ཕྲ་མོ་ཚུན་ཆད་ནས་བསལ་ཞིང་ཉམས་མྱོང་ལ་བསྐོར་ཏེ་ཐལ་རང་སེམས་ཙམ་སོགས་ཀྱི་ལྟ་བའི་གནད་ཕྲ་ཞིང་ཕྲ་བའི་གསང་ཚིག་རྣམས་ཅུང་ཟད་ཙམ་ཡང་མ་འདྲེས་པར་སོ་སོར་ཕྱེ་སྟེ་ཤིང་རྟ་ཆེན་པོ་རྣམ་གཉིས་སླར་ཡང་མངོན་སུམ་དུ་བྱོན་པ་བཞིན་དུ་


GTD004_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འདོམས་པར་མཛད་པས་མཁས་ཀུན་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་ཅིང་རྣམ་གྲོལ་ཐར་པའི་གྲོང་དུ་འཇུག་པའི་ཞི་བའི་སྒོ་ལམ་ཡངས་པོར་བྱས། དེའི་ཚེ་རྒྱུད་སྟོད་བླ་མ་དབུ་མཛད་ངག་དབང་བཀྲ་ཤིས་ཟེར་བ་གདན་ས་གསུམ་གྱི་མཁས་པའི་ཁྲོད་ན་ཡོན་ཏན་གྱི་ཡང་རྩེ་ལྟ་བུར་བརྩི་ཞིང་ལྷག་པར་ལྟ་བའི་སྐོར་ལ་ནན་ཏན་དུ་བྱེད་པས་ཁོང་ཡང་ཧ་ལས་ཏེ་སྔར་ལྟ་ཁྲིད་དང་བཤད་ལུང་སོགས་མང་དུ་ཉན། རང་གིས་ཀྱང་ལྟ་རྟོག་ཕྲན་བུ་བྱས་མོད་ཀྱང་བམ་མེ་བ་ཞིག་ལས་མ་བྱུང༌། ལྟ་བ་ཞིག་འདི་ལྟར་སྟོན་ལུགས་ཡོད་པ་ཡ་མཚན་ཞེས་ཆོས་ཀྱི་རྗེས་སུ་འབྲངས་པའི་མོས་གུས་ཚད་མེད་པ་སྐྱེས། དེར་མ་ཟད་ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཀྱང༌། ད་སྐབས་བྱང་ཆུབ་ཀྱི་སེམས་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང༌། དབུ་མའི་ལྟ་བ་ལ་འཇམ་དབྱངས་བཞད་པ་ཚང་ལས་ལྷག་པ་མེད་ཅེས་བཀའ་ཆོས་མང་པོའི་སྐབས་སུ་གསུངས་པ་སོགས་མཁས་པ་སོ་སོས་བསྟོད་བསྔགས་ཀྱི་རོལ་མོ་འཁྲོལ་བའི་ལོ་རྒྱུས་ཤིན་ཏུ་མང་ངོ༌། །མཐར་འཛིན་གདུང་བ་འཕྲོག་པའི་བདུད་རྩི་ཡི། །འོད་ཀྱི་འདབ་ལྡན་ལེགས་བཤད་འཁོར་ལོའི་ལག །ཟླ་བའི་འཇིག་རྟེན་འབུམ་ཕྲག་ཅིག་ཅར་དུ། །ཞལ་གྱི་ཆུ་གཏེར་སྔོ་བསངས་སྡེ་ལས་སྤྲོས། །ཐུབ་བསྟན་མཁའ་ལ་བསྙེགས་པའི་ས་འཛིན་རྩེར། །བློ་གྲོས་ཁུ་བྱུག་མྱོས་པའི་གླུ་དབྱངས་དེ། །ཕྱོགས་ལྷུང་འབྱོར་པས་མཐོ་བའི་བ་གམ་དུ། །རྨོངས་པའི་ཕུག་རོན་འཁུན་པའི་དོ་ཟླ་མིན། །ཧལ་ཧ་ཨེརྟི་ནི་ནོ་མོན་ཧན་གྱི་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཀྱིས་ཞུས་ངོར་ཁོང་དང་རྗེ་དྲུང་སྤྲུལ་


GTD004_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་རིན་པོ་ཆེ་རྣམ་གཉིས་ལ་ལྷ་མོ་དང་དབྱངས་ཅན་མ་དམར་མོ་དམ་ཅན་གསུམ་གྱི་རྗེས་གནང་སྩལ། ཉི་ཤུ་དྲུག་ལ་འབྲས་སྤུངས་སུ་ཕེབས་ཏེ་སྒོ་མང་གྲྭ་ཁང་ནས་གྲྭ་ཚང་ཕན་ཚུན་གྱི་བླ་མ་སྤྲུལ་སྐུ་ཕལ་ཆེར་དང་གྲྭ་ཚང་ཚོགས་ཡོངས་ལ་སྒྲོལ་མ་ཉེར་གཅིག་སྤྱི་བསྡུས་དང༌། སེང་གདོང་མ་གཙོ་འཁོར་གསུམ་གྱི་རྗེས་གནང༌། རྒྱན་འཇུག་གཉིས་ཀྱི་ལྗགས་ལུང་སོགས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་སྤེལ། གྲྭ་ཚང་ལ་སྐུ་འགྱེད་དང་ལོ་རེ་བཞིན་དངུལ་ཞོ་གསུམ་རེའི་ཕོགས་རྒྱག་རྒྱུའི་ཐེབས་སུ་གཞུང་ས་རིན་པོ་ཆེར་དངུལ་སྲང་སྟོང་ཕྲག་གཅིག་གི་དོད་འབུལ་གྱིས་ས་ཀའི་གཞིས་ཀ་ཞུས་ཏེ་སྦྱོར་འཇགས་གནང༌། ཕྱིས་སུ་བལ་པོའི་ཟིང་ཆར་བརྟེན་སྔ་མ་བརྟན་ཆགས་ཤིག་མ་བྱུང་ཡང་གཞུང་ས་རིན་པོ་ཆེར་བསྐྱར་ཞུས་ཀྱིས་ཀོང་པོ་བཀྲ་ཤིས་རབ་བརྟན་གནང་སྟེ་སྔར་རྒྱུན་མ་ཉམས་པར་གནས་སོ། །རྒྱུད་སྨད་པར་ཡང་གྲྭ་ཇའི་ཐོག་བལ་ཊམ་རེ་དང་ཁ་བཏགས་རེའི་སྐུ་འགྱེད་བཏང༌། རྗེ་དྲུང་རིན་པོ་ཆེ་ནས་གདན་དྲངས་ཏེ་ཕེབས་རྫོངས་གྱ་ནོམ་པ་བསྟར། ཐུའུ་བཀྭན་ཞབས་དྲུང་ཐུབ་བསྟན་ཉི་མ། དགོན་ལུང་མི་ཚན། བྱ་བྲལ། བྲ་ཉེ། གུང་རུ་སོ་སོ་ནས་གདན་དྲངས་པར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། དམིགས་བརྩེ་མའི་ལས་ཚོགས། གྲུབ་མཐའ་རྩ་བའི་ལུང་སོགས་ཆོས་བཀའ་ཐོར་བུ་ཅི་རིགས་གནང་ཞིང་སོ་སོ་ནས་ཕེབས་རྫོངས་ཞུས། སྒོ་མང་བླ་བྲང་དུ་མཁན་རིན་པོ་ཆེ་སོགས་བརྒྱ་ལྷག་ལ་སྒྲོལ་དཀར་གྱི་རྗེས་གནང་སྩལ། སྒྲ་དབྱངས་གླིང་དུ་ཕེབས་ཏེ་ཆོས་སྐྱོང་ལ་འཕྲིན་བཅོལ་མཛད་པས་གཡར་དམ་ཞལ་གྱིས་བཞེས། སླར་ཡང་ནོར་འཛིན་དགའ་ཚལ་དུ་ཕེབས་ཏེ་རྗེ་དྲུང་


GTD004_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བའི་སྐུ་རིན་པོ་ཆེ་ནས་སྔར་ཡང་ཡང་ནན་གྱིས་ཞུས་པ་བཞིན་ཁོང་དང་བྲག་ཡབ་སྤྲུལ་བའི་སྐུ། སྟག་ལུང་སྤྲུལ་སྐུ་ཐུབ་བསྟན་ཡེ་ཤེས་རྒྱ་མཚོ། གྲྭ་ས་ཕན་ཚུན་གྱི་དགེ་བཤེས་སོགས་ཧྲག་བསྡུས་བརྒྱ་སྐོར་ལ་ས་སྐྱའི་གསེར་ཆོས་བཅུ་གསུམ་དུ་གྲགས་པར། དཀར་ཆག་པདྨ་རཱ་གའི་ཟ་མ་ཏོག་ལས། བསྟན་པའི་བདག་པོ་ས་སྐྱ་བའི། །གསང་ལས་ཡང་གསང་གསེར་གྱི་ཆོས། །ཞེས་སོགས་གསུངས་པ་ལྟར་མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བ་མཁའ་སྤྱོད་སྐོར་གསུམ། ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་ཆེན་སྐོར་གསུམ་སོགས་བཅུ་གསུམ་མམ། ཀླུ་པའི་གསེར་ཆོས་སེང་གེ་སྒྲའི་བྱིན་རླབས་ཏེ་བཅུ་བཞིའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་ཆ་ཚང༌། འཆི་མེད་རྡོ་རྗེ་ལྷ་མོའི་རྗེས་གནང༌། ཀློང་རྡོལ་བླ་མའི་རྣམ་ཐར་རྗེ་ཉིད་ནས་གསར་རྩོམ་མཛད་པ་སོགས་ཀྱི་ལྗགས་ལུང་མང་དུ་སྩལ། ཧོར་ཟླ་བདུན་པ་གཉིས་བརྩེགས་ཀྱི་ཕྱི་མའི་ཚེས་གཅིག་ལ་སྔ་འགྲོས་ཀྱི་དོ་ཁལ་རྣམས་གཏོང་བར་མཛད་ཅིང༌། དུས་འཁོར་པཎྚི་ཏར་རྗེས་གནང་འགའ་ཞིག་གནང༌། དགུང་མོ་རྗེ་དྲུང་སྤྲུལ་བའི་སྐུ་དང་ཁོང་རྣམ་གཉིས་ལ་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་སྩལ། ཚེས་གཉིས་ལ་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་འགངས་ཆེ་བ་རྣམས་ལ་མཆོད་པ་ཤིན་ཏུ་རྒྱས་པ་ཕུལ་ཏེ་བསྟན་པའི་སྙིང་པོ་ཕྱོགས་མཐར་སྤེལ་བའི་ཐུགས་སྨོན་རྒྱ་ཆེར་གནང༌། ཚེས་གསུམ་ལ་བཱ་རིའི་རི་ཁྲོད་པ་ཁྱབ་བདག་ལ་ལྗགས་ལུང་འགའ་ཞིག་སྩལ། དེ་ལྟར་དབུས་འགྱུར་ཆོས་ཀྱི་མདུན་ས་ཆེན་པོར་ཕེབས་པའི་


GTD004_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་གཙོ་བོ་ནི། སྤྱིར་དབུས་གཙང་བསྟན་པའི་འབྱུང་ཁུངས་ཡིན་མོད་ཀྱང་དུས་དབང་གིས་ཆོས་རྒྱུན་འགངས་ཆེ་བ་དུ་མ་ཉམས་ཆག་ཏུ་གྱུར་པ་ཐུགས་ཀྱིས་མ་བཟོད་པར་སྔོན་ཀུན་མཁྱེན་གོང་མའི་དུས་ཀྱང་དཔལ་ལྡན་སྲད་རྒྱུད་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་རྣམས་ཆད་ལ་ཐུག་པའི་ཚེ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་གསལ་བར་མཛད་པ་བཞིན་དུ་འཇམ་མགོན་བསྟན་པའི་སྙིང་པོའི་སྲོག་རྩ་ཡང་ཡང་འཛིན་པའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་གྲུབ་པའི་དབང་གིས་ད་ལན་ཡང་དབུས་གཙང་གཉིས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་བཞིན་དུ་གསལ་བར་མཛད་པ་ཡིན་ལ། དེ་ཡང་སྤྱིར་དབང་བསྐུར་རྗེས་གནང་སོགས་བྱེད་པར་རློམ་པ་འགའ་ཞིག་ནི་མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། བླ་མ་ཆོ་ག་རྒྱུད་བཞིན་མི་ཤེས་ཤིང༌། །དམ་ཚིག་སྡོམ་པ་མི་གནས་རྣལ་འབྱོར་བྲལ། །བསྙེན་སོགས་མ་དག་གང་བྱུང་ལག་ལེན་གྱིས། །སློབ་མ་རྗེས་འཛིན་དབང་གི་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་གྱི་བླ་མ་དང༌། རྣམ་དག་བསླབ་པས་བསྡམས་པའི་དགེ་སློང་ནི། །གཅིག་ཀྱང་མེད་པར་རྟགས་ཙམ་བསྒྱུར་བ་ཡིས། །བཟའ་བཏུང་དོན་གཉེར་ཁྱིམ་པའི་བརྟུལ་ཞུགས་ཅན། །བརྒྱ་སྟོང་ཚོགས་ཀྱང་དགེ་འདུན་གཟུགས་བརྙན་ཡིན། །ཞེས་དང༌། མཁན་སློབ་མཆེད་གྲོགས་ཆོས་དང་དམ་ཚིག་ནི། །མདའ་ལྟར་འཕངས་ནས་འདུ་བའི་སྒོ་འཕྲོག་ཅིང༌། །དད་རྫས་ཕྱིར་རྩོད་ཡུལ་འཁོར་འཇོམས་པའི་དཔུང༌། །ཅི་ཙམ་ཚོགས་ཀྱང་དམྱལ་བའི་འདུན་ཁང་ཡིན། །ཞེས་གསུངས་པ་ལྟ་བུའི་སློབ་མ། ཚད་ལྡན་མཁས་པའི་གཞུང་དང་མི་མཐུན་ཞིང༌། །དྲི་


GTD004_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རིགས་པའི་དཔྱད་པ་འདོར་དགོས་ཀྱང༌། །རྒྱུ་མཚན་མེད་པའི་ཚིག་ལ་འཇུག་འགྱུར་བ། །བླུན་པོའི་ཡིད་ཆེས་དད་པའི་གཟུགས་བརྙན་ཡིན། །གསུངས་པ་བཞིན་གྱི་བསྟེན་ཚུལ་སོགས་ཕྱོགས་གང་ནའང་དུས་དབང་གིས་ཆེས་མང་བར་ཡོད་མོད་ཀྱང༌། རྗེ་བླ་མ་འདིས་ནི་ཆོས་བཀའ་གང་དང་གང་གནང་བའི་ཚེ་ཐོག་མར་ཀུན་སློང་བཅོས་ཚུལ་རྒྱས་བསྡུས་གང་ཡིན་ཡང་སློབ་མའི་ཡིད་འཁུལ་ངེས་པ་ཞིག་དང་ལྷ་ཆོས་དེ་དང་དེའི་ཆེ་བའི་ཡོན་ཏན་གསལ་ཞིང་འདྲིལ་བ་ཞིག་གསུངས་ནས་ཉན་འདོད་སྤྲོ་སེང་ངེ་བ་ཞིག་བྱས་ཏེ། དངོས་གཞི་དབང་དང་རྗེས་གནང་གང་ལ་ཡང་ཆོ་ག་དག་ཅིང་ཡན་ལག་ཚང་བ་བརྡ་སྤྲོད་གསལ་ཞིང་རྫས་ཚོགས་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་ངོས་གཙང་བ་སོགས་རྒྱུད་དང་གྲུབ་ཆེན་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་མཛད། གཞུང་ཆེན་མོའི་བཤད་ལུང་སོགས་ཀྱི་སྐབས་སུ་གང་དཀའ་བའི་གནས་ལ་ཞིབ་བཤད་དང༌། མཚམས་མཚམས་སུ་གཞུང་གི་སྐབས་དོན་ཚང་བའི་བཤད་པ་མདོར་བསྡུས་ཤིང་གོ་སླ་བ་རེ་མཛད་པས་གཞུང་ཅི་ཙམ་རྒྱ་ཆེ་ཡང་ལུས་ཆ་ཚང་བ་སློབ་མའི་བློ་ཡུལ་དུ་འཆར་བདེ་བ་དང། གཞུང་མདོར་བསྡུས་དང་ཁྲིད་ཀྱི་འགག་སྡོམ་ལྟ་བུའི་ཚེ་དེ་དང་ཕྱོགས་མཐུན་གྱི་གཞུང་ཆེན་མོ་མཐའ་དག་གི་དགོངས་པ་དེར་འདུ་ཚུལ་གསུངས་ཏེ་ཚིག་ཉུང་ངུས་གོ་བ་རྒྱ་ཆེན་པོ་སྐྱེད་པ་སོགས་བློ་མཆོག་དམན་མཐའ་དག་ལ་ཕན་པས་འཆད་ཚུལ་གྱི་ཐབས་ལ་མཁས་ཤིང་ཐ་ན་ཀླག་ལུང་མཛད་པའི་ཚེ་ཡང་ལྗགས་ཀློག་ཤིན་ཏུ་དག་ཅིང་མྱུར་བས་བཀའ་པོཏ་ཆེན་པོ་རྣམས་ཀྱང་ཡི་གེ་འབྲུ་


GTD004_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་དག་པ་དང་ཆད་པ་མི་སྲིད་པར་རྫོགས་སྐྱེན་པ་དང༌། དབང་ལུང་རྗེས་ཁྲིད་རེ་རེའི་མཐར་ཡང་བརྒྱུད་པ་བར་མ་ཆད་པ་འདི་དང་འདི་ལྟ་བུ་ལས་དུས་འདིའི་ཚེ་གནས་འདི་ནས་གྲོགས་འདི་ལྟ་བུ་དང་ལྷན་ཅིག་ཏུ་གསན་ཚུལ་སོགས་ཞིབ་ཏུ་གསུངས་པས་ཆོས་ཀྱི་རྒྱུས་ཤེས་པའི་དཔྱོད་ལྡན་མཐའ་དག་གི་ཡིད་རང་དབང་མེད་པར་འཕྲོག་པ་ཞིག་ཡོད་ཅིང༌། རྗེ་ཉིད་གངས་ཅན་གྱི་ལྗོངས་འདིར་དབང་ལུང་མན་ངག་མཐའ་དག་གི་བདག་པོ་ལྟ་བུ་ཡིན་ཡང་ཆོས་ཚོལ་བ་ལ་ངོམས་པ་མི་མངའ་བའི་དབང་གིས་གཞན་ལས་ཆོས་བཀའ་དུ་མ་གསན་ཚུལ་རགས་རིམ་གོང་དུ་སྨོས་པ་ལྟར་དང༌། དེའི་ཞར་ལ་བྱ་བ་ལས་ཀྱི་འཁོར་ལོ་ཡང་གཞུང་དང་རྒྱལ་མཚན་མཐོན་པོ་སོ་སོར་དངུལ་སྲང་སྟོང་ཕྲག་དུ་མའི་དོད་འབུལ་གྱི་ལྷ་རྟེན་མཆོད་རྫས་མང་པོ་གསར་སྒྲིག་དང༌། གཞན་ཐོར་བུ་པ་ཡང་མང་དུ་བསྒྲུབས་ཤིང་ལྷག་པར་ཕྱག་དཔེ་གསར་སྒྲིག་ལ་ཐུགས་ནན་ཆེ་བར་མཛད་དེ་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་པཎ་ཆེན་ན་རིམ་གྱི་ཕྱག་དཔེའི་ཐོ་བླངས་ཏེ་གཟིགས་ནས་འབྲི་དགོས་རྣམས་ཀྱི་མ་དཔེ་གཡར་པོ་ཞུས་ཤིང༌། གཙང་དབུས་ཀྱི་དགོན་རྙིང་དང་བླ་མ་ཐམས་ཅད་ཀྱི་ཕྱག་དཔེ་ལ་གཟིགས་རྟོག་དང་རྩར་གཅོད་གནང་སྟེ་གང་དགོས་མཐའ་དག་གཙང་དབུས་གཉིས་ཀ་ནས་བྲིས་པ་སྐོར་དུ་མས་རྒྱུན་དུ་བྲིས་ཤིང་ཚར་རིམ་བཞིན་གྲྭ་སའི་དགེ་བཤེས་དུ་མ་ལ་ཞུས་དག་བྱེད་དུ་བཅུག་སྟེ་ཐམས་ཅད་ཀྱང་ཡོན་གྱིས་མགུ་བར་མཛད། བྲི་ཤོག་ཡང་དང་པོ་རྒྱལ་བའི་ཕྱག་དཔེའི་ཤོག་བུའི་གྲས་ནས་བསྐྱིས་ཤིང་དེ་རྗེས་ཟླ་བ་གཅིག་གི་ལམ་དུ་ཤོག་བུ་ཉོ་མཁན་ཆེད་མངགས་ཀྱི་རྫོངས་སྟ་མཛད་དེ་གང་ལེགས་ཉོས་པར་སྦྱོར་ཚུལ་ཚུན་ཆད་ལ་སླ་


GTD004_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུ་མ་སོང་བར་གང་ཞིབ་དང༌། གསུང་རབ་རིན་པོ་ཆེ་བཞེངས་པའི་ཕན་ཡོན་གྱིས་ཐུགས་འཕྲོག་སྟེ་ཡོ་བྱད་ལ་མ་གཙགས་པར་སྤུས་གཙང་བ་གཙོར་འདོན་བྱས་པས་པོ་ཏི་རེ་རེ་ལ་དངུལ་སྲང་བཅོ་བརྒྱད་རེ་སོང་ཞིང༌། དེ་ལྟར་གསར་དུ་བྲིས་པ་དང་སྔོན་གྱི་དཔེ་རྙིང་ཤིན་ཏུ་དག་ཅིང་བྲིས་ཤོག་ལེགས་པ་རྣམས་ལ་ཡོན་གཟབ་རྒྱས་ཕུལ་ཏེ་བླངས་པ་དང༌། གཞན་གྱིས་དད་འབུལ་བྱས་པ་སོགས་ཕེབས་པ་འདིར་གསར་བསྒྲིགས་ཀྱི་ཕྱག་དཔེ་པོ་ཏི་སུམ་སྟོང་ཙམ་བྱུང་ཞིང༌། རྗེས་སུ་ཡང་དཔེ་མང་པོ་བྲིས་ནས་བསྐུར་དགོས་ཀྱི་ཐེབས་གཞུང་སོགས་ལ་སྤྲད་དེ་ལྗགས་བཀོད་ནན་ཏན་མཛད། དེའི་རྒྱུ་མཚན་ཞལ་ནས་ཀྱང༌། སྐུ་དང་ཐུགས་ཀྱི་རྟེན་ནི་བྱིན་རླབས་ཀྱི་རྟེན་ཡིན་ལ། གསུང་གི་རྟེན་ནི་ཐོས་བསམ་གྱི་རྟེན་བསྟན་པ་གནས་པ་ལ་མེད་མི་རུང་ཡིན་པས་འབད་པ་ཡིན་གསུངས། དེ་ལྟར་བྱོན་པའི་དགོས་པ་བསྟན་འགྲོའི་དོན་རླབས་པོ་ཆེ་ཐུགས་ཀྱི་བཞེད་པ་བཞིན་དུ་ལེགས་པར་གྲུབ་སྟེ་བདུན་པ་རྗེས་མའི་ཚེས་ལྔའི་ཉིན་རང་གི་གདན་སར་ཆིབས་ཀྱི་ཁ་ལོ་བསྒྱུར། དེ་ཡང་ཆིབས་བསྐྱོད་དུ་ཉེ་བའི་ཚེ་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་ཚོན་སྣ་ལྔ་ཆེས་གསལ་བ་གཉིས་གཤིབས་ཤིག་གི་སྣེ་གཅིག་པོ་ཏ་ལའི་རྩེའི་གཟིམས་ཆུང་དངོས་གཞི་དང༌། གཅིག་ཤོས་རྗེ་ཉིད་བཞུགས་གནས་ནོར་འཛིན་དགའ་ཚལ་ལ་ཟུག་སྟེ་སྦྲེལ་ནས་བསྡད་པས་ཐམས་ཅད་ངོ་མཚར་དུ་གྱུར་ཅིང༌ཚུལ་འདི་ནི་པཎ་ཆེན་དགེ་འདུན་གྲུབ་ཀྱིས། མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །གསུངས་པ་བཞིན་


GTD004_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་བསྟན་པའི་སྙིང་པོ་མཐའ་དབུས་ཀུན་ཏུ་སྤེལ་བ་ལ་ཐུགས་བསྐྱེད་ཆབས་ཅིག་པའི་དགེ་མཚན་གྱི་ལྟས་སུ་ཐེ་ཚོམ་མེད་ཅིང་དེ་ལས་ཀྱང་ལྷག་པའི་གསང་བ་བསམ་མི་ཁྱབ་ཀྱི་མཛད་པ་ཞིག་དཔོག་རྒྱུ་ཡོད་དམ་སྙམ་སྟེ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་དགོངས་པར་མཛོད་ཅིག །སྨྲས་པ། ལྷག་བསམ་ཆུ་ལྡན་ཆར་སྤྲིན་ཟབ་མོའི་ཀློང༌། །ལྟ་བའི་བདེ་འཐུང་རྒྱས་པའི་ཟེར་འཕྲོ་ཞིང༌། །ཟབ་གསང་ཆོས་ཀྱི་སྤྲིན་རྔའི་དབྱངས་ལྡན་མ། །དེ་ཡི་བསིལ་བ་དབུས་འགྱུར་ལྗོངས་སུ་བབས། །འདྲེན་པ་འཁོར་ལོ་གསུམ་གྱི་འབྲས་ལྡན་དུས། །ལེགས་བཤད་ཆུ་འཛིན་རོལ་བའི་ཆར་རྒྱུན་གྱིས། །མཆོག་ཏུ་དྭངས་བྱས་བློ་ལྡན་ཡིད་ཀྱི་མཁའ། །ཞི་བའི་ཟླ་ཤེལ་གསར་ཚེས་རི་མོས་མཛེས། །བརྒྱུད་པ་གསེར་གྱི་ཉག་ཐག་མ་ཉམས་དབང་ལུང་མན་ངག་མུག་ཏི་ཀའི། །དོ་ཤལ་མཛེས་པ་གཡོ་བའི་སྒེག་འཆང་ཐུབ་བསྟན་ལུས་རྫོགས་གླང་པོ་ཆེ། །སྐྱེ་དགུའི་ལེགས་བྱས་རྭ་བ་དཀར་པོར་མཁྱེན་བརྩེའི་གོམ་སྟབས་ལྷོད་ལྷོད་པོར། །བསྐྱོད་པའི་འགྲམ་པ་དྲེགས་པའི་དྲིས་བརྟེན་སྐལ་བཟང་བུང་བ་འཁོར་ཞིང་ལྡིང༌། །རང་དོན་བསོད་ནམས་སྦྲང་རྩིའི་ཟིལ་མངར་ལ། །མངོན་དགའ་དད་པའི་ཟོལ་བརྟེན་བྷྲ་མ་རཿ། །ཁྱོད་ཀྱི་ཡོན་ཏན་པདྨའི་དགའ་ཚལ་དུ། །བསྟོད་བསྔགས་འགྱུར་བ་སྟོང་ལྡན་དབྱངས་ཀྱིས་བྲེལ། །ཆུ་ལྷའི་ཕྱོགས་ཀྱི་སྐྱེད་ཚལ་ཡངས་པོ་རུ། །བཤེས་གཉེན་ཁུ་བྱུག་གཞོན་ནུ་རོལ་པ་ཡིས། །ལེགས་བཤད་སྦྲང་རྩིའི་སྒྲ་དབྱངས་བསྒྲགས་གྱུར་པ། །དེ་ཚེ་ཐུབ་བསྟན་དཔྱིད་ཀྱི་ལང་ཚོ་དར། །དགའ་ཚལ་ཡིད་འོང་སྨན་གྱི་ལྗོངས། །རྐང་འཐུང་འཕྲེང་བས་སྔོ་ན་ཡང༌། །ཀུ་ཧུས་དབྱངས་སྙན་
མི་སྒྲོགས་ན། །སོ་ཀའི་དུས་སྟོན་དར་བ་མིན། །བསླུ་མེད་དཀོན་མཆོག་ཐུགས་རྗེ་མཁའ་དབྱིངས་ངོས། །འཇིགས་མེད་རྣམ་དཔྱོད་རྩིབས་སྟོང་འཁོར་ལོ་ཡིས། །དབང་བསྒྱུར་རྣམ་པར་རྒྱལ་བའི་དཔལ་མངའ་བ། །ངེས་དོན་ཆོས་ཀྱི་རྒྱལ་པོ་ཁྱོད་མིན་སུ། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་དབུས་གཙང་གཉིས་སུ་ཆོས་སྲིད་ཟུང་ལྡན་གྱི་སྒོ་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་ཚུལ་གྱི་སརྒ་སྟེ་བཅུ་པའོ།། །།

བཅུ་གཅིག་པ་དབུས་ལྗོངས་ནས་སླར་ཡང་མདོ་སྨད་དུ་བྱོན་ཏེ་བསྟན་འགྲོའི་དོན་མཛད་ཚུལ་རྣམ་ཐར་སྤྱིའི་བསྡུས་དོན་དང་བཅས་པའི་སརྒ།


GTD004_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་དཀར་གྱིས་སྒེག་ཞལ་གྱི་འོ་མཚོ་རུ། །མཁུར་ཚོས་དམར་བའི་མེ་ཏོག་རྩེ་མོ་ན། །ཡིད་འོང་ཟུར་མིག་གཡོ་བའི་བྷྲ་མ་རཿ། །སྨིན་མའི་ཟློས་གར་རོལ་བ་དེ་ཡིས་སྐྱོངས། །དེ་ནས་གོང་ས་རིན་པོ་ཆེ་ནས་གནང་བའི་གདུགས་དང་རྟ་དར་སོགས་མཁན་ཆས་རྣམས་སྤྲད་དེ་ཕེབས་པ། གཞུང་ནས་མགྲོན་གཉེར་སོགས་རྩེ་དྲུང་བཅུ་སྐོར་དང༌། རྗེ་དྲུང་སྤྲུལ་བའི་སྐུ། འབྲས་སྤུངས་བླ་མ་བདུན་དང༌། སྤྱི་སོའི་ལས་སྣེ། སེ་ར་བྱེས་ཀྱི་བླ་མ་ལས་སྣེ། སྒོ་མང་གི་ལས་སྣེ་དང་ཧར་གདོང་དགེ་རྒན་སོགས་སོ་སོ་ནས་ཕེབས་སྐྱེལ་དང་ཇ་ཐབ་ཞུས་ཤིང་ཨམ་བན་གྱིས་ཀྱང་ཐབ་སྐྱེལ་ཞུས། དེའི་ཟླ་བ་སྔོན་མ་ཞིག་ནས་འབྲས་སྤུངས་བདེ་ཡངས་སུ་ལྷ་ཐོར་མཆེད་ཚབས་ཆེ་ཡང་སྦས་ནས་ཡོད་པ་རྗེ་འདི་ཕེབས་པའི་ཕྱི་ཉིན་ལས་སྣེ་རྣམས་ཀྱིས་ཤེས་ཏེ་དེའི་རྐྱེན་གྱིས་ཟླ་བ་གཉིས་གསུམ་ཞིག་ལྷ་ས་དང་འབྲས་སྤུངས་བར་གྱི་རྒྱུ་འགྲུལ་ཆད་པ་བྱུང་འདུག་པས་སྔར་ཁོང་རྣམས་ནས་གསང་ཐབས་སྣ་ཚོགས་བྱས་པ་


GTD004_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྤྱིར་མི་འཐུས་པའི་ལུགས་ཡིན་ཀྱང་རྗེ་ཉིད་ཀྱི་ཕེབས་བཞུད་སྐུ་དོན་སྒྲུབ་རྒྱུ་སོགས་ལ་གེགས་ཆ་མེད་པའི་མཐུན་རྐྱེན་དུ་སོང་བར་འདུག་པས་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་འཕྲིན་ལས་བསྒྲུབས་པ་ཡིན་པར་གདོན་མི་ཟའོ། །དེ་ནས་རིམ་གྱིས་ཕེབས་ཏེ་མཚོ་མོ་རར་བཞུགས་པའི་ཚེ་སྟག་ཕུ་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་དབང་ཕྱུག་རྗེ་ཉིད་ལ་མཇལ་བར་ཕེབས་ཏེ་ཚིག་དོན་ཕུན་སུམ་ཚོགས་པའི་གསུང་བཤད་དང་བཅས་ཞབས་བརྟན་ཕུལ། དངོས་འབུལ་ཡང་རྟ་དངུལ། གོས་དར་སོགས་དང་ཉེ་བར་མཁོ་བ་བྱམས་ཆེན་གྱི་རྒྱུའི་ཟངས་དོ་བོ་ཁ་ཤས་ཁལ་མ་ལྔ་བཅུ་སོགས་སྤམ་མཐོ་བ་བཏེག །ཁོང་གིས་ཞུས་ངོར་དེར་ཉིན་ཁ་ཡར་བཞུགས་རིང་དང་ཞག་ཤས་ཆིབས་སྐྱེལ་དང་སྦྲགས་ནས་ཕེབས་པའི་ལམ་སྐབས་སུ་གསེར་ཆོས་བཅུ་གསུམ་དང་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སྩལ། ཐུགས་ནང་གཤིན་པའི་ཆོས་ཀྱི་གསུང་འཕྲོས་མང་དུ་མཛད། ཁོང་གི་སྐུ་ཚེ་སྔ་མ་རྗེ་ཉིད་ཀྱི་བླ་མ་ཡིན་པའི་རྒྱུ་མཚན་གྱིས་སྤྲུལ་བའི་སྐུ་ལ་ཡང་གསོལ་སྟོན་གཟབ་རྒྱས་ཀྱི་ཐོག །དངུལ་གྱི་མཎྜལ། སྐུ་གསུང་ཐུགས་རྟེན། ཧོར་གོས་སོགས་གོས་ཆེན་བཟང་བ་བཅུ་སྐོར། དངུལ་སྲང་བརྒྱ་དང་ལྔ་བཅུ། མཛོད་བཏགས་བག་ཆ་བཅོ་ལྔ་སྐོར། ཆིབས་ཆེན་གཉིས་སོགས་དངོས་འབུལ་གྱ་ནོམ་པ་དང་བཅས་བརྟན་བཞུགས་ཕུལ། ལྡང་ལའི་ན་མོ་ཆེར་ཞག་སྐབས་ཤིན་ཏུ་འཐིབས་ཏེ་ཁ་བ་འབབ་གྲབས་བྱས་པར་དྲུག་ཅུ་པ་བསྔོས་པས་དེ་མ་ཐག་ནམ་མཁའ་གཡའ་དག་པར་གྱུར། ཁོ་བོས་ལམ་རིམ་ཆུང་ངུའི་བཤད་ལུང་ཞིག་གི་སྙན་གསན་སྔར་ནས་ཕུལ་ཡོད་པ་བརྒྱད་པའི་ཚེས་བཅུ་ལ་དབུ་ཚུགས་ཏེ་བཅུ་བདུན་


GTD004_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཆོས་ཐུན་རེ་རེ་ཆག་མེད་དུ་གནང་ཞིང་ཞར་ལ་ལྗགས་རྩོམ་ཡང་འགའ་ཞིག་མཛད། དེ་སྐབས་གདན་ས་ནས་ཆིབས་བསུ་འོང་བ་རྣམས་འབྲི་ཆུ་ཁར་སླེབས་ཏེ་ཟླ་བ་ཁ་ཤས་སོང་ཡང་ནམ་ཕེབས་ཀྱི་གསལ་ཆ་མ་ཚོར་བས་སྨན་པ་ཤེས་རབ་དཔོན་གཡོག་ལྡང་ལ་འོག་མ་བརྒྱུད་དེ་སྔོན་ལ་སོང་བ་ཤག་ཆུ་ཁར་སླེབས་པ་ན་རྗེ་ཉིད་ལྡང་ལ་གོང་མ་ནས་ཕེབས་པའི་གཏམ་ཐོས་ཏེ་རྗེས་བསྙེགས་ནས་འོང་བའི་ཚེ་ཕྱི་ལམ་ཐམས་ཅད་དུ་ཁ་བ་པུས་ནུབ་ཙམ་བབས་ཏེ་བགྲོད་དཀའ་བར་ཡོད་པའི་གནས་ཚུལ་གླེང་བ་ན་ཞབས་འབྲིང་བ་རྣམས་ཀྱང་བདེ་བར་འགྲོ་རྒྱུ་བྱུང་བ་རྗེ་ཉིད་ཀྱི་ཐུགས་རྗེ་ཡིན་ཚུལ་ལ་གཟོད་ངེས་ཤེས་འདྲོངས་པ་བྱུང༌། སྔར་བོད་དུ་བཞུགས་སྐབས་ཆིབས་བསྒྱུར་ཧ་ཅང་འཕྱིས་ན་སྟོན་དགུན་ཁ་བའི་ཉེན་ཆེ་ཚུལ་ཞུས་པར་འབྲི་ཆུ་མ་བརྒལ་བར་དུ་མི་འབབ་མོད། དེ་ནས་བབས་ཀྱང་རང་ཡུལ་ཡིན་པས་སྐྱོན་མེད་གསུངས་པ་དང༌། རྗེས་ནས་དེའི་བར་དུ་ཅུང་ཟད་ཙམ་ཡང་མ་བབས་ཤིང༌། འབྲི་ཆུ་བརྒལ་བའི་ནུབ་མོ་ཅུང་ཞིག་བབས་པས་ཐམས་ཅད་བག་འཁུམ་པར་གྱུར་སྐབས་འོ་ན་ད་དུང་འབབ་མི་ཉན་པ་འདྲ་གསུངས་ཏེ་གནམ་འགོག་གི་ལུགས་ལྟར་བཀག་པའི་ཐ་སྙད་མེད་ཀྱང་སྤྱན་དམིགས་ཙམ་གྱིས་ཆོག་པར་སྣང་བས་མངོན་ཤེས་དང་གྲུབ་རྟགས་ཟུང་དུ་འཇུག་པའི་རྣམ་ཐར་ཡ་མཚན་པ་ཞིག་གོ །ཉི་ཤུ་གསུམ་གྱི་སྔ་དྲོ་སྔར་གྱི་བསུ་བའི་ཁྲོད་ནས་བླ་བྲང་ཆེན་མོའི་མི་སྣ་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས། སྤྱི་སོའི་མི་སྣ་དབོན་པོ་བློ་བཟང་སྐལ་ལྡན། དབོན་ཚང་གི་ཨེལ་ཆི་ཨེར་ཁེ་ཨེམ་ཆི་སོགས་སྔ་འགྲོས་ལ་བསུ་བར་འབྱོར། ཉི་ཤུ་ལྔ་ལ་ཆིབས་


GTD004_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བསུ་བ་མང་གིས་བསུས་ཏེ། ཆུ་དམར་ལེབ་ཏུ་འབྱོར། ཞག་ལྔར་བཅག་མལ་གནང་སྟེ་བསུ་བ་རྣམས་ནས་སྐྱབས་མགོན་མཆོག་དང་ཞབས་འབྲིང་དུ་འོང་བ་ཁོ་བོ་ཅག །དགའ་ལྡན་བྱང་རྩེའི་བླ་མ། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས་ཀྱི་སྤྲུལ་བའི་སྐུ་སོགས་དྲག་ཞན་མཐའ་དག་ལ་སྟོན་མོ་ཤིན་ཏུ་གཟབ་རྒྱས་བསྟར། མདུན་ནས་ཀྱང་བསུ་མི་ལྔ་བཅུ་ཙམ་འོང་བ་ཐམས་ཅད་ལ་སྟོན་མོའི་གསོལ་རས་གནང་སྟེ་དགུ་པའི་ཚེས་གཅིག་ལ་དེ་ནས་ཆིབས་ཁ་བསྒྱུར། པཱེ་ཧུ་ཚེ་དབང་དགེ་ལེགས་དང༌། པཱེ་ཧུ་བསོད་ནམས་ཕུན་ཚོགས་སོགས་ཡོང་ཤུལ་གྱི་མི་སྡེ་མཐའ་དག་ནས་བསྙེན་བཀུར་གཟབ་རྒྱས་བསྟར་ཞིང་ཡུལ་ལྷའི་བསང་མཆོད་ཅིག་ལྗགས་རྩོམ་ཞུས་པའི་རེ་བ་བསྐང༌། དེར་རྗེ་ཉིད་ཀྱི་སྐུ་ཚབ་བླ་མ་ཞིག་དགོས་ཚུལ་ཞུས་པ་སླར་གཏོང་རྒྱུའི་ཞལ་བཞེས་མཛད་དེ་རྒྱུན་གྱི་མཆོད་ཡོན་དུ་འབྲེལ། ལམ་ནས་ཉིན་རེ་བཞིན་ཁོ་བོ་ཅག་སོགས་ལ་ཆོས་ཀྱི་འཕྲོས་པ་མང་དུ་གནང་བས་སྔར་ཆོས་གྲྭར་སོང་སྟེ་གདན་ས་གསུམ་གྱི་མཁས་པའི་ཁྲོད་དུ་བདར་ཤ་བཅད་པ་ལས་ཀྱང་བློ་སྐྱེད་ཤིན་ཏུ་ཆེ་ངེས་པས་བཀའ་དྲིན་གཞལ་དུ་མེད་པར་གྱུར། དེ་ཡང་བློ་ཁ་མཐོ་དམན་ཅི་འདྲ་ཞིག་ལ་ཡིན་ཀྱང༌། གང་འཕྲོས་པ་གནང་བ་དེ་ཕ་རོལ་པོའི་བློའི་ཐེ་ཚོམ་གྱི་དྲ་བར་ཚུད་ཡོད་པའི་གནས་ཤིག་ཁོ་ན་ཡིན་པས་བློ་སྐྱེད་བདེ་སང་ངེ་བ་ཞིག་མི་ཡོང་མི་སྲིད་པ་ནི་གདུལ་བྱའི་ཁམས་དང་བསམ་པ་ལྐོག་ཏུ་མ་གྱུར་པའི་སོ་སོ་ཡང་དག་རིག་པ་བཞིའི་འབྲས་རྟགས་སུ་གདོན་མི་ཟའོ། །ཉི་ཤུ་གཉིས་ལ་ཝང་གི་ཨུརྒེ་དང་གདན་ས་ཆེན་པོར་ཕེབས་བཞུགས་སྐོར་གྱི་གསལ་ཆ་སྦྲན་པའི་ཨེལ་ཆི་རྫོངས་སྟ་མཛད། ཧོར་ཟླ་བཅུ་པའི་


GTD004_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་གཅིག་ལ་གདན་ས་ནས་འོངས་པའི་ཆིབས་བསུ་བ་རྒྱུད་པའི་བླ་མ་དབུ་མཛད། དུས་འཁོར་རྡོ་རྗེ་འཛིན་པ་སོགས་རྟ་པ་ལྔ་བཅུ་ལྷག་ཙམ་གྱིས་བསུས་ཏེ་དཔག་ཆུང་ཞེས་པར་བཞུགས་ཞག་གནང༌། དེ་སྐབས་རྨ་ཆུ་ལ་བྱང་ཕྲན་བུ་ལས་མི་རྒྱུག་པས་རྒྱུས་ཡོད་རྣམས་ཟླ་བ་དེའི་ཉི་ཤུའི་ངོ་ཙམ་ལ་དར་ལམ་ཆགས་ཨེ་ཐུབ་སྙམ་པའི་ཚོད་དུ་འདུག་ཅེས་གླེང་ཚུལ་དང༌། བྱང་ཇེ་ཆེར་སོང་ནས་དར་མེད་རབ་མེད་ལྟར་སོང་ན་འགྲུལ་པ་གཏོས་ཆེ་བས་ཕྱིན་དཀའ་ཚུལ་ཞུས་པར་སྐྱོན་མེད་མོད་གསུངས། དེ་ནས་ཉིན་གསུམ་གྱི་རིང་ལ་གྲང་ངད་ལྷག་པར་ཆེ་བ་ཞིག་བྱུང་ཞིང༌། ཚེས་བཞིའི་དགུང་མོ་ཏིང་ནུལ་ཐུར་བཞུགས་སྐབས་རྨ་ཆེན་མཐོང་སའི་རི་མགོ་ཞིག་ཏུ་ཕེབས་ནས་བསང་མཆོད་གནང་བས་དེ་ནུབ་དར་ལམ་ཆགས་པ་བྱུང་འདུག །ཚེས་དྲུག་ལ་རྒྱུད་པ་སློབ་ཟུར་དཔའ་རི་སྤྲུལ་བའི་སྐུ་དཔོན་སློབ་རྣམས་དང༌། མི་འགྱུར་པེའི་སི་དཔོན་དཔོན་མོ་གཉིས་སྒྲོལ་མ་སྐྱབས་ཇ་སག་ཐེའི་ཇི་བཅས་བསུ་བར་འབྱོར་པ་ལ་སོ་སོར་བཀའ་མཆིད་ཞིབ་རྒྱས་གནང༌། སྒྲོལ་མ་སྐྱབས་ཇ་སག་གིས་གདན་འདྲེན་ཞུས་ཤིང༌། དེར་འཇིགས་མེད་པེའི་ལིའི་བསུ་བ་ཡང་འབྱོར། མི་འགྱུར་པེའི་སི་ལ་དྲག་པོ་སུམ་སྒྲིལ་གྱི་རྗེས་གནང་སྩལ་ཅིང༌། སྐྱེས་ཀྱི་བདོག་པ་གྱ་ནོམ་པ་གནང༌། ལ་མོའི་ཨུརྒེ་ནས་དཔོན་ཆུང་གྲགས་པ་སོགས་དང་ནོར་བུ་ཇ་སག་གི་ཨེལ་ཆི། ཆུ་བའི་མགོ་བ་བཅས་བསུ་བ་མང་དུ་འབྱོར། བཅུ་དྲུག་ལ་རྨ་ཆུར་དར་ལམ་གྱི་སྟེང་ནས་ཕེབས། ལོ་འདིར་བཅུ་པའི་ཟླ་མཇུག་ཚུན་ལ་ཕྱོགས་གང་དུ་


GTD004_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དར་ལམ་ཆགས་པའི་གཏམ་མི་འདུག་ཀྱང༌། འདིར་ཕེབས་བགྲོད་ཕེར་ཙམ་གྱི་དར་ལམ་ཕྲ་མོ་ཞིག་གློ་བུར་དུ་ཆགས་པ་ནི་རྗེ་ཉིད་ཀྱི་ཐུགས་རྗེ་དང་རྨ་རྒྱལ་སྤོམ་རས་འཕྲིན་ལས་ཚུལ་བཞིན་དུ་བསྒྲུབས་པའི་ནུས་མཐུར་མཁས་བླུན་ཐམས་ཅད་མགྲིན་གཅིག་ཏུ་གླེང༌། བཅུ་བདུན་ལ་གདན་ས་ནས་བླ་བྲང་ཕྱག་མཛོད་ཆེན་མོ་དཔོན་གཡོག་དང༌། ཐོར་གོད་བླ་མ་ངག་དབང་དོན་གྲུབ། ཨུརྒེ་བླ་མ་དབུ་མཛད་སོགས་ཀྱིས་རིམ་པར་བསུས། ཞག་བབས་སྟེང་དུ་ས་སྐྱོང་མིའི་དབང་ཕྱུག་དམ་པ་ཇུན་ཝང་ངག་དབང་དར་རྒྱས་རྟ་པ་བརྒྱ་ཕྲག་དང་བཅས་ཆིབས་བསུར་འབྱོར། བཅོ་བརྒྱད་ལ་བསུ་བ་སེར་སྦྲེང་དང་བཅས་ལ་མོའི་ཨུརྒེར་ཕྱག་ཕེབས་ནས་བསྟན་པའི་གསལ་བྱེད་ཆེན་པོ་ཞབས་དྲུང་དཀར་པོ་དང་མཇལ་འཛོམ་གྱི་ཐོག་གསོལ་སྟོན་གཟབ་རྒྱས་ཞུས་པར་ཉིད་ནས་ཀྱང་སྐྱེས་ཀྱི་ཚུལ་དུ་བདོག་པ་ངོས་གཙང་ཞིང་སྤམ་མཐོ་བ་བསྟར། རིམ་གྱིས་ཕེབས་པར་ཝང་འཁོར་བཅས་ཀྱིས་རྟ་བསུ་གྲྭ་ཚང་གིས་སེར་སྦྲེང་དང་བཅས་ཨུརྒེར་བྱོན་ཏེ་ཞག་གསུམ་བཞུགས། དབུས་ཕྱོགས་ཀྱི་བཞེད་དོན་ལེགས་པར་གྲུབ་སྟེ་མཆོད་ཡོན་ཞལ་འཛོམས་པའི་དགའ་སྟོན་རྒྱས་པར་མཛད། པ་ཡན་ཧོ་ཤུས་ནས་བཟུང་སྟེ་གདན་སར་འབབ་རིང་ཚ་བབས་དང་ཞག་བབས་སོགས་ཀྱི་གྲ་སྒྲིགས་མདའ་ཚན་དང་ལྷ་སྡེ་སོགས་ནས་ཁུར་ལེན་ཞུས། ཨུརྒེར་ཕེབས་ཉིན་གདན་ས་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཁྲི་ཆེན་ནམ་མཁའ་བཟང་བའི་སྤྲུལ་བའི་སྐུ་རྣམ་གཉིས་དང་རྒྱུད་པ་དཔོན་སློབ་ནམ་མཁའ་རྒྱལ་མཚན། གཞན་ཡང་ཞབས་དྲུང་དབོན་ཆོས་མཛད་སོགས་བསུ་བ་བརྒྱ་ཕྲག་ཙམ་ཞིག་འབྱོར། བཅུ་གཅིག་པའི་


GTD004_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཞི་ལ་གདན་ས་ནས་ཚོགས་ཆེན་ཁྲི་ཐོག་པ་རབ་བརྟན་རྒྱ་མཚོ། ཁྲི་ཟུར་བསོད་ནམས་དབང་རྒྱལ་རྣམ་གཉིས་ཀྱིས་གཙོས་སུམ་བརྒྱ་སྐོར་དང༌། ཨ་མཆོག་དགོན་པ། ཁྱོམ་ཐོག །གཙོས། མཛོ་དགེ །རེབ་ཚ། ཆོས་རྫོང༌། བྲག་དཀར་སོགས་དགོན་ལག་དུ་མའི་བླ་མ་ལས་སྣེ་བཅས་རྟ་པ་སྟོང་ཕྲག་ལྷག་ཙམ་གྱིས་སོ་སོར་བསུས། ཚེས་ལྔ་ལ་བསང་གི་ལྷ་སྡེའི་སྐྱ་སེར་བརྒྱ་ཕྲག་དུ་མ་དང༌། གཅུ་འཁོར་དགོན། ལྷ་ཆབ། ཨ་ཁྱུང་སྒར་སོགས་དགོན་ལག་འགའ་ཞིག །རྒན་ཀྱའི་ཚེན་ཧུ་བསོད་ནམས་བཀྲ་ཤིས་སོགས་ཀྱིས་ཆིབས་བསུ་གཏོས་ཆེ་བ་དང༌། མཛོ་དགེ་སྨད་ནས་རི་ཁྲོད་པ་བསྟན་འཛིན་སྒྲུབ་སྡེའི་དགེ་སློང་རྣམས་དང་བཅས་པས་སེར་སྦྲེང་གི་ཚུལ་དུ་བསུ་བའི་བཀོད་པ་དང་བ་འདྲེན་པས་མདུན་བདར་ཏེ་ཁྱུང་རྩེའི་ཐང་དུ་བབས། དེར་གདན་ས་ནས་སློབ་ཟུར་སྐུ་ན་ཆེས་སྨིན་པ་འགའ་ཞིག་སོགས་བླ་དཔོན་ཆེ་ཕྲ་དུ་མ་འབྱོར་པ་ལ་བཀའ་མཆིད་ཞིབ་རྒྱས་སྩལ། ཚེས་དགུའི་ཉིན་སྤྱི་སོ་ནས་ཐབ་བསུ་དང༌། དུས་འཁོར་དཔོན་སློབ་དོན་ཡོད་ཚུལ་ཁྲིམས་པས་གཙོས་རྟ་པ་བཞི་བརྒྱ་སྐོར་གྱིས་ཆིབས་བསུ། ངུར་སྨྲིག་འཆང་བའི་དགེ་འདུན་ཉིས་སྟོང་སུམ་བརྒྱ་ལྷག་ཙམ་གྱིས་གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པའི་མཆོད་རྫས་དུ་མ་བསྒྲེངས་ཤིང་རོལ་མོའི་བྱེ་བྲག་སྣ་ཚོགས་ཐོགས་ཏེ་དགའ་བའི་བཞིན་གྱི་མདངས་གསལ་ཞིང་དད་པའི་མིག་ནི་མངོན་པར་ཕྱེ་སྟེ་གསོལ་བ་འདེབས་པའི་གདངས་དབྱངས་སྙན་པོ་སྒྲོག་བཞིན་པས་མདུན་བསུས་ནས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོར་གཟིམས་ཆུང་


GTD004_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་ཕོ་བྲང་དུ་ཕྱག་ཕེབས། བླ་བྲང་ཆེན་མོ་དང་སྤྱི་སོ་ནས་བཞུགས་གྲལ་རྒྱས་པ། སྨད་སོག་ཐུན་མོང་གི་སྟོན་ཆེན། འདི་ཀའི་ནང་ཆེན་ཁག་དང༌། ཕྱོགས་ཀྱི་དགོན་ལག་སོ་སོ་སྦྱིན་བདག་ཕལ་ཆེ་བས་རིམ་པ་བཞིན་གསོལ་སྟོན་གཟབ་རྒྱས་ཟླ་བ་གཅིག་ཙམ་གྱི་བར་དུ་ཉིན་བཞིན་བསྟར། བཅུ་གཉིས་པའི་ཚེས་བདུན་ལ་ཚོགས་ཆེན་དུ་མང་ཇ་གསུམ་གྱི་ཐོག་ཕྲུག་དམར་པོ་ཉིས་བརྒྱ་ཙམ་གྱིས་གོང་སྣམ་རེའི་སྐུ་འགྱེད་དང༌། ཙན་དན་ལས་གྲུབ་པའི་ལོ་ཀི་ཤྭ་རའི་སྣང་བརྙན་ཁྱད་འཕགས་ཤིག་གསར་འཇོག་མཛད། སྨན་པའི་གྲྭ་ཁང་དུ་ཙན་དན་ལས་གྲུབ་པའི་ཐུབ་དབང་གི་སྐུ་ཁྲི་རྒྱབ་ཡོལ་ཅན། མཆོག་ཟུང་གཉིས་དང༌། ཉེ་སྲས་བརྒྱད་ཀྱི་ལྡེམ་སྐུ། གཞན་ཡང་དགོན་པའི་བླ་མ་སྤྲུལ་སྐུ་ཆེ་བགྲེས་སོགས་དང་ཕྱོགས་ཀྱི་བླ་དཔོན་མཐའ་ཡས་པ་ལ་འོས་བསྟུན་གྱི་གནང་ཆ་འཚེམ་མེད་དུ་སྩལ། ཤིས་ཚང་དཔོན་པོ་གནམ་ཐར་གྱིས་དད་པ་རྩེ་གཅིག་པས་ཁ་ཆེམས་ནན་ཏན་བཞག་ཚུལ་དང་བཅས་གདན་དྲངས་པར་ཕེབས་ཏེ་གཤིན་པོ་རྗེས་འཛིན་གྱི་ཆོ་ག་དང་འཕོ་བའི་སྤྱན་དམིགས་ཡང་དག་མཛད། ཨ་རུ་ཧོར་ཆེན་ནས་ཆོས་རྗེ་བློ་བཟང་ནམ་མཁའ་འབྱོར་ཏེ་སྐྱབས་མགོན་ཉིད་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབྱོར་གྱི་མཆོད་སྤྲིན་རྒྱ་ཆེ་བ་ཕུལ། བློ་གྲོས་ཐོ་ཡོན་གྱིས་གཟིམས་ཆུང་དུ་བརྟན་བཞུགས་ཞུས་ཏེ་དངོས་འབུལ་བཏེག །ཚེས་དགུ་ལ་ཨེར་ཁེ་དཔོན་པོ་རྒྱ་ནག་ཏུ་འཇམ་དབྱངས་གོང་མ་ཆེན་པོར་འཚམས་ཞུས་འབུལ་བར་རྫོངས་སྟ་མཛད། བཅུ་གཅིག་ནས་བཟུང་བདུན་གསུམ་གྱི་རིང་བཅད་རྒྱ་ཤིན་ཏུ་དམ་པར་མཛད་ཅིང༌། མཇུག་ཏུ་གྲྭ་པ་ཁ་ཤས་དང་བཅས་མགོན་ཆོས་


GTD004_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་བསྐང་གསོ་རྒྱས་པར་བཏང་སྟེ་དབུས་ཕྱོགས་སུ་ཕེབས་བཞུད་སྐོར་གྱི་བསྟན་འགྲོའི་དོན་རྣམས་ལ་འཕྲིན་ལས་སྡོང་གྲོགས་གཡེལ་མེད་ཚུལ་བཞིན་བསྒྲུབས་པའི་གཏང་རག་གི་མཆོད་སྤྲིན་སྤྲོས། དགུང་ལོ་དྲུག་ཅུར་ཕེབས་པ་མེ་མོ་ལུག་གི་ལོ་ཚེས་གཅིག་གི་ཉིན་ལྕང་སྐྱ་རྡོ་རྗེ་འཆང་ལོ་སྔ་མར་གཤེགས་པའི་གནས་ཚུལ་ལ་བརྟེན། རྗེ་ཉིད་ནས་ལོ་གསར་མ་མཛད་ཅིང་གྲྭ་མང་ལ་ལོ་གསར་གཏོང་དུ་བཅུག །ཚེས་གསུམ་ལ་བཅད་རྒྱ་གྲོལ་ཏེ་ཕྱོགས་སོ་སོ་ནས་འོང་བའི་འཚམས་ཞུས་པ་དང་དགོན་པའི་བླ་མ་ལས་སྣེ་སོགས་ལ་ཕྱག་དབང་གནང༌། བློ་གྲོས་ཐོ་ཡོན་གྱིས་ཞུས་ངོར་མན་ངག་བཀའ་རྒྱ་མ་དང༌། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་ནས་ཞུས་ངོར་རྒྱལ་དབང་ལྔ་པའི་ཡི་དམ་སྒྲུབ་སྐོར་གྱི་ལྗགས་ལུང༌། གཞན་ཡང་འགའ་ཞིག་གིས་ཞུས་ངོར་ཤྲ་མ་ཎའི་རྗེས་གནང༌། བླ་མཆོད་ཀྱི་ཁྲིད་སོགས་ཆོས་ཀྱི་ཆར་ཕབ། གསུང་ཆོས་ལ་སྐྱེས་རབས་དང༌། དགོངས་པ་རབ་གསལ་སྔར་རྒྱུན་གྱི་སྟེང་དུ་བུ་སྟོན་ཐམས་ཅད་མཁྱེན་པའི་རྣམ་ཐར་སྙིམ་པའི་མེ་ཏོག །གསུང་བཤད་ཞིབ་རྒྱས་དང་བཅས་པ་སྩལ་ཏེ་འདིའི་དགོངས་གཞི་ནི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཤེས་པར་འདོད་པ་རྣམས་ཀྱིས་འཛིན་སྐྱོར་སྦྱངས་དང་བཤེས་གཉེན་མཁས་པ་བསྟེན་ཏེ། ལེགས་བཤད་ཚོལ་བ་ལ་ངོམས་པ་མེད་པ་སོགས་སྒོ་དུ་མ་ནས་སློབ་གཉེར་ལ་འབད་ཚུལ་དམ་པ་གོང་མའི་ཕྱག་བཞེས་དེ་ལྟ་བུ་རེ་དགོས་བའི་བརྡར་སྣང༌། རྒྱུད་པ་སློབ་ཟུར་དཀོན་མཆོག་བདེ་ཆེན་ཚོགས་ཆེན་གྱི་ཁྲིར་བསྐོས། ཁྲི་ཆེན་མཆོག་གི་སྤྲུལ་བའི་སྐུ་འཇིགས་མེད་ནམ་མཁས་གཙོས་བསྒྲུབ་བྱ་སུམ་ཅུ་སྐོར་


GTD004_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། གཉིས་པའི་ཚེས་ལ་སྔ་སོར་རྗེ་ཉིད་ནས་ངོས་འཛིན་གནང་བ་ལྟར། རྡོ་རྗེ་འཆང་མཚན་སྒྲོགས་མཁན་པོ་བློ་བཟང་དར་རྒྱས་ཀྱི་སྤྲུལ་སྐུ་ཁོང་གི་གྲྭ་པ་རྣམས་ཀྱིས་བཀྲ་ཤིས་འཁྱིལ་དུ་བཞུགས་ཆེད་གདན་དྲངས་པར་བཀུར་གཟོས་ཆེན་པོ་གནང༌། གཙུག་ཕུད་ཕུལ་བར་དགེ་བསྙེན་དང་རབ་བྱུང་བསྒྲུབས་ཏེ་མཚན་འཇམ་དབྱངས་བཤེས་གཉེན་དུ་བཏགས། བླ་བྲང་ནས་ཁོང་དཔོན་གཡོག་ལ་སྟོན་མོའང་གཟབ་རྒྱས་བསྟར། ཚེས་བཅུ་བདུན་ལ་ཨ་མཆོག་དགོན་པས་གདན་དྲངས་པར་ཕེབས། མཇལ་བ་བཞི་སྟོང་བརྒལ་བར་ཕྱག་དབང་གནང་ཞིང་བསྒྲུབ་བྱ་ཕྱེད་དང་ཉིས་བརྒྱ་སྐོར་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག །སོ་སོ་ནས་གང་འབྱོར་གྱི་དགའ་སྟོན་གཟབ་རྒྱས་ཞུས་པར་མང་འགྱེད་དང༌། སྤྱི་འཇོག་ཏུ་རྗེའི་རྣམ་ཐར་ཞལ་ཐང་གྲས་མཚུངས་བཅུ་གསུམ་སོགས་བབས་འོས་ཀྱི་བདོག་སྐྱེས་གྱ་ནོམ་པ་སྩལ། སྔོན་པོ་ཐང་དུ་འདན་སྤྲུལ་སྐུ་ཚང་གིས་གཙོས་བླ་གྲྭ་ཐམས་ཅད་ནས་བསུ་བ་སེར་སྦྲེང་གསོལ་སྟོན་སོགས་བསྙེན་བཀུར་ཡང་དག་ཞུས་པས་སོ་སོར་ལུགས་གཉིས་ཀྱིས་ཚིམ་པར་མཛད། གདན་སར་ཕེབས་ཏེ་ཚོགས་མང་ནས་ཞབས་བརྟན་ཕུལ་བར་ཞལ་བཞེས་གནང༌། གསུམ་པའི་བཅུ་གཅིག་ལ་གདན་ས་ཆེན་པོ་སྐུ་འབུམ་དུ་ཆིབས་ཁ་བསྒྱུར། ལམ་ནས་སེ་ཆིང་སྒར་པའི་སེར་སྐྱ་གྲོས་མཐུན་གྱི་སྒོ་ནས་དགོན་པ་ཕུལ་བར་གནས་སྤོས་ཏེ་གཙང་དགོན་བྱེད་དགོས་ཀྱི་བཀོད་ཁྱབ་མཛད་ཅིང༌། དགོན་པ་འདེབས་ཡུལ་གྱི་ས་ལ་གཟིགས་ཏེ་ཕྱག་ནས་འཐོར། གཅུ་འཁོར་སྒར་པས་གདན་དྲངས་པར་ཕེབས་ནས་འདུ་ཁང་གསར་


GTD004_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པར་རབ་གནས་དང་སྐྱེ་བོ་དུ་མར་བསྙེན་གནས་ཀྱི་སྡོམ་པ་གནང༌། ཀ་མདོའི་འདུ་ཁང་གསར་བསྐྲུན་ལ་ཡང་རབ་གནས་མཛད་ཅིང་ཚེས་ཉེར་གསུམ་ལ་བླ་མ་ལས་སྣེ་ཁག་གིས་བསུ་བ་སེར་སྦྲེང་དང་བཅས་སྐུ་འབུམ་དུ་བབས། སྨན་པ་བླ་མ་མི་ཉག་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་པའི་ཉི་མས་ཞུས་ངོར་སྨན་པ་གྲྭ་ཚང་ལ་མན་ངག་ལྷན་ཐབས་ཀྱི་ལུང་དང༌། ཚོགས་ཆེན་དང་རྒྱུད་པ་སོ་སོར་པཎ་ཆེན་མཆོག་གི་རྣམ་ཐར་ཚིགས་བཅད་མའི་ལྗགས་ལུང་སྩལ། སྐུ་འབུམ་མཁན་རིན་པོ་ཆེ་ཟི་ན་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་ནས་ཚོགས་མང་ལ་རྗེའི་རྣམ་ཐར་གྱི་ལུང་ཞིག་གནང་དགོས་པའི་སྙན་གསན་ཕུལ་བར་རྗེས་སུ་གནང་རྒྱུའི་ཞལ་བཞེས་མཛད་དེ་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་དབུ་ནས་ཅུང་ཞིག་སྩལ། རྗེ་ཉིད་དབུས་ནས་ཕེབས་རིང་ལ་སྒུག་སྡོད་བྱས་པའི་བསྒྲུབ་བྱ་ཉིས་བརྒྱ་དགེ་ཚུལ་དང༌། སུམ་བརྒྱ་ལྷག་ཙམ་བསྙེན་རྫོགས་མཛད། ཚུལ་འདི་ནི་བསྟན་པ་རྨང་ནས་སྤེལ་བའི་མཛད་པ་རླབས་པོ་ཆེ་ཡིན་པར་མ་ཟད། མཁན་བུ་རྣམས་ཀྱིའང་རྣམ་པར་ཐར་པ་ཡིན་ཏེ། ད་ལྟ་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཐ་མར་སོང་བའི་དབང་གིས་དང་པོར་གང་གི་ཡང་རྟོག་དཔྱོད་མེད་པར་ཁྱི་དང་གློ་བ་འཕྲད་པ་བཞིན་གང་བྱུང་རེ་ལ་བླ་མར་བསྟེན་ཞིང་རྗེས་སུ་རང་གི་རབ་བྱུང་བསྙེན་རྫོགས་དང་གསང་ཆེན་རྡོ་རྗེ་ཐེག་པའི་དབང་བསྐུར་སོགས་ཞུས་ཡུལ་ལ་ཡང་དགྲའི་དྭངས་མར་ལྟ་བའི་བླ་མ་དང་མཁས་པའི་མིང་ཅན་མང་དུ་འབྱུང་བ་ནི་དགའ་རབ་དབང་ཕྱུག་གི་ཡང་གྲལ་མགོར་སོན་པས་བསྟན་པའི་ཆོམ་རྐུན་བླ་ན་མ་མཆིས་པ་དང༌། བསྐལ་བ་


GTD004_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཁྲག་ཁྲིག་ཏུ་ཡང་ཐར་པ་མེད་པ་རྡོ་རྗེ་དམྱལ་བའི་བུད་ཤིང་སྐམ་པོ་ཡིན་ནོ། །སྐུ་འབུམ་དུ་བཞུགས་སྐབས། ཁྲི་ཆེན་རྒྱ་ནག་པའི་སྤྲུལ་བའི་སྐུ་ངག་དབང་ཐུབ་བསྟན་དབང་ཕྱུག་དཔལ་ལྡན་འཕྲིན་ལས་རྒྱ་མཚོ་དབུས་སུ་བྱོན་པའི་ལམ་ནས་སྐུ་འབུམ་དུ་ཕེབས་པར་ངེད་ཀྱི་བླ་མའི་སྤྲུལ་སྐུ་ཡིན་གསུངས་ཏེ་མཇལ་བར་ཕེབས་ནས་དངོས་འབུལ་བསྟར། ཕྱི་ཉིན་སྤྲུལ་བའི་སྐུ་ཚུར་ཕེབས་ཏེ་གསུང་གླེང་ཞིབ་རྒྱས་མཛད། དེའི་ཚེ་རྗེ་རང་གི་སྲས་ཀྱི་ཐུ་བོ་བསྟན་པའི་གསལ་བྱེད་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་མཇལ་དུ་ཕེབས་པར་སྨན་ཆོག་རྒྱས་པ་དང༌། རྟ་མགྲིན་གྱི་བསྙེན་སྒྲུབ་ལས་གསུམ་གཏེར་གཞུང་ལེ་ཚན་གསུམ། ཤངས་པའི་ཡིག་རྙིང་སོགས་ལྗགས་ལུང་འགའ་ཞིག་གནང་ཞིང་དབུས་ཕྱོགས་ཀྱི་སྐུ་དོན་མཐའ་དག་གི་གསུང་གླེང་ཞིབ་རྒྱས་གནང༌། དགོན་ལུང་དུ་གདན་དྲངས་པ་ལ་སླར་ཕེབས་རྒྱུའི་ཞལ་བཞེས་མཛད། ལྕང་སྐྱ་རྡོ་རྗེ་འཆང་གི་དགོངས་རྫོགས་སྒྲུབ་ཆེད་དུ་དབུས་སུ་འགྲོ་མི་མགྲོན་གཉེར་རྒྱ་མཚོ་དང་སྤྲུལ་སྐུའི་ཨང་ཉན་ལ་རྗེས་སུ་འབྱོར་བའི་མགྲོན་གཉེར་དགེ་ལེགས་གཉིས་མདུན་དུ་འོངས་ནས་དངུལ་སྲང་བརྒྱ་སོགས་ཀྱི་དངོས་འབུལ་བཏེག །དགོངས་རྫོགས་དང་སྤྲུལ་སྐུའི་དོན་སྐོར་ཞིབ་ཏུ་ཞུས་ཤིང༌། ལྷག་པར་རྡོ་རྗེ་འཆང་དེ་ཉིད་ཀྱང་རྗེ་ཉིད་ཀྱི་སྐུ་གོང་མས་ངོས་འཛིན་གནང་འདུག་པ་ལྟར་ད་ལན་ཡང་སྤྲུལ་སྐུའི་ངོས་འཛིན་ཉིད་ནས་མཛད་དགོས་ཞེས་ནན་གྱིས་ཞུས་པར་དབུས་ཕྱོགས་སུ་དགོངས་རྫོགས་སྒྲུབ་ཚུལ་དང༌། སྤྲུལ་སྐུའི་སྐོར་གྱི་ལུང་བསྟན་ཞུ་ཚུལ་སོགས་ཀྱི་བཀོད་ཁྱབ་ཞིབ་ཏུ་གནང༌། དེ་ནས་ཕྱག་བཏེགས་པའི་ལམ་


GTD004_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་མཁར་སྒང་དགོན་པ། སྣ་ཀྱ་སྒར་པ་སོགས་དང༌། རྨ་ཆུའི་ཚུར་ཁ་ནས་རོང་པོ་མར་ནང་དགོན་པ། ཀ་རིང་སྒར་པ་སོགས་དགོན་ཁག་དུ་མ་དང་མི་སྡེ་འགའ་ཞིག་གིས་གདན་དྲངས་ཏེ་བསྙེན་བཀུར་ཞུས་པ་སོ་སོའི་ཡིད་ཀྱི་རེ་འབྲས་སྨིན་པར་མཛད་དེ་བཞི་པའི་ཉི་ཤུ་གསུམ་ལ་གདན་སར་ཕེབས། དབྱིག་ཀྱ་སྤྲུལ་སྐུ་སོགས་བསྒྲུབ་བྱ་ཉིས་བརྒྱ་སྐོར་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག །ལྔ་པའི་ཚེས་དགུ་ནས་ཞག་བདུན་གྱི་རིང་ཆབ་ཚན་གྱི་འཕྲོད་བསྟེན་གནང་ཞིང༌། བྱམས་ཆེན་བཞེངས་རྒྱུའི་ཟངས་བཟོ་རྡོ་བཟོ་ཤིང་བཟོ་རྣམས་གཞུང་ལ་ཞུ་རྒྱུ་དང༌། རྒྱལ་བ་ཡབ་སྲས་ཀྱི་འཚམས་ཞུས་ལ་མགྲོན་གཉེར་དཀོན་མཆོག་གྲགས་པ་ངོ་གཡོག་དང༌། ལྷ་སའི་གཟིམས་ཁང་གསར་རྒྱག་གི་ཁང་གཉེར་ལ་རྒྱུན་སྡོད་དུ་མ་ཆེན་རྫོངས་སྟ་མཛད། སྐུ་དྲག་སོ་སོར་འབུལ་རྒྱུའི་རྟ་ཆེན་བདུན་ཅུ་སྐོར་ཞིག་བསྐུར་བ་གནང༌། སྨད་ཕྱོགས་ནས་ཐུ་མེད་བེའི་སི་ཚེ་བརྟན་བཀྲ་ཤིས་ཀྱི་འཚམས་ཞུས་པ་ནང་སོ་ཤཀ་ཤཱ་པད་དང༌། ཇ་སག་གུང་མཧཱ་པཱ་ལའི་ནུ་བོ་ཐོ་ཡོན་སོགས་འབྱོར་ཏེ་སོ་སོ་ནས་དངོས་འབུལ་སྤམ་མཐོ་བ་བཏེག །ཐུ་མེད་པེའི་སིས་རྗེ་ཉིད་དེ་ཕྱོགས་སུ་གདན་འདྲེན་གྱི་ཞུ་བ་ཕུལ་བ་དང་ཁམས་སྟོང་སྐོར་གྱི་གདན་འདྲེན་པ་འོང་བ་བཅས་ལ་སླད་ཀྱི་རྟེན་འབྲེལ་དུ་དགོངས་ཏེ་ཞལ་བཞེས་མཛད། ཁྲི་ཐོག་པ་དཔའ་རིས་སྤྲུལ་བའི་སྐུ་དཀོན་མཆོག་བདེ་ཆེན་ནས་གསོལ་བ་བཏབ་པ་བཞིན། འདུ་ཁང་ཆེན་མོར་གྲྭ་མང་ལ་གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གཉིས་ཀྱི་བཤད་ལུང་


GTD004_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་རྒྱས། འདུས་པ་འཕགས་སྐོར་གྱི་གཞུང་ཆེན་དུ་མའི་ཁོག་ཕུབ། དམ་པ་གོང་མའི་བཞེད་སྲོལ་མི་འདྲ་བས་ཟུར་བརྒྱན་པ་དང༌། རྡོ་རམས་པ་དགེ་འདུན་དཔལ་བཟང་གིས་ཞུས་ངོར་འཇིགས་བྱེད་བཅུ་གསུམ་མའི་དབང་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། མཛོ་དགེ་རི་ཁྲོད་པ་བསྟན་འཛིན་གྱིས་ཞུས་ངོར་ཁོང་དཔོན་གཡོག་ཉུང་བསྡུས་ལ་སྐྱེས་རབས་ཀྱི་ལུང་གནང༌། ཚ་ཁོ་ནས་ཅོག་ཙེ་རྒྱལ་པོའི་ཨེལ་ཆི་ད་རོ་ཤཱཀྱ་འབུམ་སོགས་ཁ་ཤས་འབྱོར་བར་ཕྱག་དབང་དང་བཀའ་མཆིད་ཞུ་ཡིག་སོ་སོའི་ལན་སོགས་འཚེམ་མེད་དུ་སྩལ། དུས་འཁོར་གྲྭ་ཚང་ནས་ཞུས་ངོར་བླ་མ་སྤྲུལ་སྐུ་དགེ་བཤེས་དོན་གཉེར་ཅན་སུམ་བརྒྱ་སྐོར་ལ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་གཉིས་ཀྱི་བཤད་ལུང༌། བུ་སྟོན་གྱིས་མཛད་པའི་དུས་འཁོར་གྱི་ཆོ་ག་བསྡུས་པ། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ཆོ་ག་རྒྱས་པ། དབང་ཆོག །མཆོད་འཕྲེང༌། ཐིག་ཆོག་དང་བཅས་པ། བློ་གྲོས་ཆོས་སྐྱོང་གིས་མཛད་པའི་དུས་འཁོར་གྱི་སྨོན་ལམ་ཤིས་བརྗོད། རྒྱལ་བ་བསྐལ་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་གྱི་བླ་བརྒྱུད་གསོལ་འདེབས་རྒྱས་པ་དང༌། རྗེ་ཉིད་ཀྱིས་མཛད་པའི་བརྒྱུད་འདེབས་བསྡུས་པ། དུས་འཁོར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་དེའི་ཆོས་སྐོར་ཆ་ཚང་ལྟ་བུ་གནང་སྟེ་མཇུག་ཏུ་དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་ཚོགས་འཁོར་རྒྱས་པར་མཛད། དེ་སྐབས་ཁོ་བོ་ཅག་གཟུགས་གཞི་མ་བདེ་བར་སྐུ་རིམ་སོགས་གཏོས་ཆེ་བ་བསྒྲུབས་ཀྱང་མཇུག་དྭངས་པ་ཞིག་མ་བྱུང་བས་སྐྱབས་


GTD004_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཉིད་ལ་གསོལ་བ་བཏབ་སྟེ་ནང་དུ་གདན་དྲངས་ནས་འཇིགས་བྱེད་ཞི་བའི་སྦྱིན་སྲེག་ཅིག་མཛད་པའི་ཐུགས་རྗེ་ལ་བརྟེན་ནས་ཉེར་འཚེ་ཐམས་ཅད་ལྷག་མེད་དུ་ཞི་བས་བཀའ་དྲིན་བླ་ན་མེད་པར་གྱུར། དྲུག་པའི་ཚེས་བཅུ་སྐོར་ལ་དཀའ་བཅུ་མཁས་མཆོག་གིས་ཞུས་ངོར་འཇིགས་བྱེད་བསྐྱེད་རྫོགས་གཉིས་ཀྱི་ཁྲིད་དང་དཔའ་བོ་གཅིག་པའི་རྗེས་གནང་སྩལ། བཅུ་བདུན་ནས་ཉིན་བཞིའི་རིང་གོས་སྐུ་ཐང་དུ་བཞུགས་སྒར་བཏབ་སྟེ་ཁོ་བོ་ཅག་སོགས་དབུས་ནས་ཞབས་འབྲིང་དུ་འོང་བ་རྣམས་དང་གཞིས་སྡོད་ཀྱི་ཞབས་ཕྱི་ཐམས་ཅད་ལ་སྟོན་མོ་གནང་བའི་ཐོག་ཟློས་གར་སོགས་ཀྱི་རྩེད་སྣ་དུ་མའི་གཟིགས་མོ་བསྟར། རྭ་འཕྲིན་ཤེས་རབ་སྔར་དཔོན་རིན་པོ་ཆེའི་དགོངས་ཕོག་གིས། ནོར་རྫས་གང་ཡོད་བླངས་ཏེ། ཁོ་རང་མཛོ་དགེ་ཕྱོགས་སུ་སོང་ནས་ལོ་ཁ་ཤས་དེ་ཕྱོགས་སུ་གླེང་བརྗོད་མེད་པར་བདེ་བར་བསྡད་ཡོད་པ་ལས་སླར་རྗེ་ཉིད་ལ་སྐྱབས་ཚོལ་གྱི་རེ་བས་ཕྱིར་འོང་བ་ཨུརྒེ་ནས་བཟུང་སྟེ་ཁྲིམས་ལ་སྦྱར་བར་ངོ་ཆེན་ནན་ཏན་གནང་ཡང་སྲོག་སྐྱོབ་མ་ནུས་པས་ཐུགས་གཏིང་ནས་སྐྱོ་བའི་རྣམ་པ་དང༌། རེ་ཞིག་བར་དུ་ཉིན་རེ་བཞིན་གཤིན་པོ་རྗེས་འཛིན་གྱི་ཆོ་ག་སོགས་ཀྱིས་སྤྱན་དམིགས་ནན་ཏན་མཛད། བདུན་པའི་ཚེས་ལ་དངུལ་རིའི་ལྷ་སྡེའི་སྟེང་དུ་ཆིབས་བསྒྱུར་བའི་ལམ་ནས་བསང་དང་ཁོ་ཚེའི་ལྷ་སྡེ་རྣམས་ཀྱིས་བསྙེན་བཀུར་ཞུས་ཤིང་ལམ་ནས་ཀླུ་འབུམ་ཇ་སག་གིས་གདན་དྲངས་ཏེ་གསོལ་སྟོན་ཞུས། དེ་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུས་གཙོས་རྟ་པ་བདུན་ཅུ་སྐོར་གྱིས་བསུས་ཏེ་བྲག་ལུང་


GTD004_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པར་ཕེབས། བྱམས་མེ་སྙན་གྲགས་དུས་ཆོས་སུ་གྱུར་པའི་སར་གདན་དྲངས་པར་འཕོ་བ་སོགས་ཀྱིས་སྤྱན་དམིགས་མཛད། བྱམས་མེ་བུམ་སྐོར་དབལ་མང་བྲ་དགེ་ཨ་བུ་ཚང་སོགས་ཀྱི་སྦྱིན་བདག་སོ་སོའི་རེ་བ་བསྐངས། སླར་བྲག་ལུང་དུ་ཁྲི་ཆེན་སྤྲུལ་བའི་སྐུ་ནས་ཞུས་ངོར་སྤྲུལ་བའི་སྐུ་ཉིད་དང་ཐོར་གོད་བླ་མ་ངག་དབང་དོན་གྲུབ་བྲག་ལུང་གི་རི་ཁྲོད་པ་རྣམས་དང་ཐུ་མེད་དང་མཛོ་དགེ་ཕྱོགས་ཀྱི་སེར་མོ་བ་དུ་མ་བཅས་དོན་གཉེར་ཅན་ཉིས་བརྒྱ་ལྷག་ལ་སྟ་གོན་གཅིག་འཐུས་བྱས་ཏེ་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔ་དང་ལུས་དཀྱིལ་ལྷ་རེ་གཉིས་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་གནང༌། དང་པོ་སྙན་གསན་ཕུལ་སྐབས་ངས་རང་རེའི་དགོན་པ་རེར་དབང་སྐུར་རེ་བྱེད་ཀྱིན་ཡོད་ཅིང་ད་ལན་ཡང་འདིར་དེའི་ཆེད་དུ་འོང་བ་ཡིན་པས་ལེགས་གསུངས་ཏེ་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། ཚེས་བདུན་ལ་རྨ་ཆུ་ཕར་ཁར་ལྷ་སྡེའི་སྟེང་དུ་ཕེབས་ནས་ཟླ་བ་ཕྱེད་ཙམ་བཞུགས་ཏེ་སོ་སོར་འདོད་ཆོས་དང་ལུགས་གཉིས་ཀྱི་བཀོད་ཁྱབ་ཞིབ་རྒྱས་མཛད་སོ་སོར་སུ་རུག་བཞག་སྟེ་གནང་སྦྱིན་སྩལ་ཅིང་ཕྱོགས་ནས་སློང་མོ་བ་ཆེས་མང་དུ་འོང་བ་ཐམས་ཅད་ཀྱི་རེ་བ་རྫོགས་པར་བསྐངས། གླ་རི་མགོ་ཕྱོགས་སུ་ཧོར་སྤྲུལ་སྐུ་དང་དཔོན་བཙུན་ནམ་མཁའ་ཕུན་ཚོགས་སོགས་ཀྱིས་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་བསྒྲུབས་ནས་གསོལ་བ་བཏབ་པར་ཆོས་བཀའ་འགའ་ཞིག་གནང་སྟེ་གདན་སར་ཕེབས། ཐུ་མེད་པེའི་སིའི་མི་སྣ་ཤཀ་ཤཱ་པད་ཀྱིས་ཞུས་ངོར་ཚོགས་ཆེན་ལ་ལམ་རིམ་ཆུང་ངུའི་བཤད་ལུང་བཤད་པ་ཧ་ཅང་མི་རྒྱས་ཀྱང་དོན་གྱི་འགག་སྡོམ་ཐམས་


GTD004_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བློ་ཡུལ་དུ་འཆར་བདེ་བའི་བཤད་པ་ངོ་མཚར་བ་མཁས་པ་རྣམས་ལ་ལྷག་པར་བློ་སྐྱེད་ཆེ་ངེས་འོང་བ་ཞིག་གནང༌། ཡང་ཤཀ་ཤཱ་པད་ཀྱིས་ཞུས་ངོར་ནུབ་གཅིག་ཁོ་རང་དང་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཁོ་བོ་ཅག་སོགས་ཉུང་བསྡུས་ལ་དུག་དབང་རྨ་བྱ་རྒྱས་པ་དང་ལྗགས་ལུང་འགའ་ཞིག་ཀྱང་སྩལ། བཅུ་གཅིག་པའི་ཚེས་ལ་རོང་ཕྱོགས་ཀྱི་དགོན་ཁག་སོ་སོས་གདན་དྲངས་པར་ཆིབས་བསྐྱོད། ལམ་གྱི་མི་སྡེ་སོ་སོས་ཇ་ཐབ་ཞུས་ཤིང་གཙོས་དགོན་པའི་བླ་མ་ལས་སྣེ་བེ་རི་སྤྲུལ་སྐུ་སོགས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་ཐོག་མར་རྒྱ་མཁར་དགོན་དུ་ཕེབས། ཡུལ་ལུགས་དང་བསྟུན་པའི་གསོལ་སྟོན་གཟབ་རྒྱས་ཞུས། དེར་ཅོ་ནེ་དཔོན་གྱི་འཚམས་ཞུས་པ་ཡང་འབྱོར་བར་དགྱེས་པའི་བཀའ་མཆིད་གནང༌། ཨ་མཆོག་བླ་ཟུར་སེ་ར་དགེ་བཤེས་ཀྱིས་རི་ཛི་དགོན་གསར་དུ་སྤྱན་དྲངས་ཏེ་ལྗགས་ལུང་འགའ་ཞིག་ཞུས། མཛོ་དགེ་སྒར་པས་གདན་དྲངས་ནས་དེ་ཀའི་བླ་མ་སྐུ་སྐྱེ་རྣམས་དང༌། སྒྲུབ་པའི་རྒྱལ་མཚན་འཛིན་པ་རི་ཁྲོད་པ་བསྟན་འཛིན་སོགས་བླ་གྲྭ་སྟོང་ཕྲག་བརྒལ་བར་བདེ་མཆོག་ཕྱི་ནང་གཉིས་ཀྱི་དབང་ཆེན་དང་རྒྱུད་པ་གྲྭ་ཚང་གིས་ཞུས་ངོར་གསང་འདུས་འཕགས་ལུགས་མི་བསྐྱོད་པའི་དབང་བཞི་ཡོངས་སུ་རྫོགས་པར་གནང༌། བསྒྲུབ་བྱ་སུམ་ཅུ་སྐོར་ཞིག་བསྙེན་རྫོགས་མཛད། རྐང་ཚའི་དགོན་པ་དགའ་ལྡན་བསམ་གྲུབ་གླིང་དུ་ཕེབས་ཏེ་འཇིགས་བྱེད་བཅུ་གསུམ་མའི་དབང་གནང༌། དེ་ནས་ཕྱག་བཏེགས་པར་ཆས་པ་སྤྲུལ་སྐུ་སོགས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་ཆས་པ་རྒྱ་མཁར་དགོན་དུ་ཕེབས། དེར་ས་སྐྱོང་དམ་པ་


GTD004_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཅོ་ནེ་དཔོན་ཡུམ་སྲས་མགོ་བ་ངོ་གཡོག་བདུན་ཅུ་སྐོར་མཇལ་བར་འོངས་ཏེ་དངོས་འབུལ་སྤམ་མཐོ་བ་བཏེག་པར་ཚེ་དབང་གནང་ཞིང་གསུང་གླེང་ཞིབ་རྒྱས་མཛད། སྐྱེས་ཀྱི་ཚུལ་དུ་གནང་ཆ་ཡང་རྒྱས་པར་བསྟར། ཚོགས་ཆེན་འདུ་ཁང་དུ་ཆས་པ་སྤྲུལ་སྐུ་དང་གུར་ཡག་བླ་མ་སོགས་ལ་གསང་འདུས་རྩ་རྒྱུད་ཀྱི་ལྗགས་ལུང་སྩལ་ཅིང༌། མཇལ་བ་སྟོང་ཕྲག་ལྷག་ལ་ཕྱག་དབང་གནང༌། དེ་ནས་ཆས་པ་ཀོ་ཡུ་ནང་དུ་ཕེབས་པའི་ལམ་ཁར་འབྲོག་པས་ཇ་ཐབ་ཕུལ་ཞིང་ཀོ་ཡུ་རི་ཁྲོད་དུ་ཕེབས། རྒྱུད་ཁང་གསར་པ་ལ་ཤིས་བརྗོད་གནང་ཞིང་ཀོ་ཡུ་དགོན་དུ་ཀོ་ཡུ་ཆོས་རྗེ་སྤྲུལ་སྐུ་རྣམ་པས་གཙོས་ཉན་མཁན་སྟོང་ཕྲག་ཉེ་བར་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང་དང་གསང་འདུས་བདག་བསྐྱེད་ཀྱི་ལྗགས་ལུང་སྩལ། བདེ་ཐང་མཁན་པོ་སོགས་དུ་མས་བསྙེན་བཀུར་བསྟར་བ་རྣམས་ལ་འདོད་ཆོས་ཅི་རིགས་གནང༌། ལྷ་ཁང་ལུང་པས་གདན་དྲངས་པར་ཕེབས་ཏེ་བསྟན་པའི་གསལ་བྱེད་བཀའ་འགྱུར་བ་བློ་བཟང་ཉི་མའི་སྤྲུལ་སྐུར་དགེ་ཚུལ་གྱི་སྡོམ་པ་ཕོག་ཅིང་ཐུགས་རྗེ་ཆེན་པོའི་རྗེས་གནང་སྩལ། གཙུག་གེ་དཔོན་པོས་རང་གི་རི་ཁྲོད་དུ་གདན་དྲངས་ཏེ་བསྙེན་བཀུར་ཞུས། གཙུག་གེ་སྤྲུལ་སྐུ་སོགས་བསྒྲུབ་བྱ་དུ་མར་དགེ་ཚུལ་སློང་གི་སྡོམ་པ་གནང༌། ལམ་དུ་ཚ་མདོ་སྒར་པ། རྒྱལ་མོ་དགོན། གྱི་ལིང་སྒར། ལོ་བེ་དགོན་སོགས་དགོན་ཁག་དུ་མ་དང༌། རེབ་ཚ་སྨན་པ་ངག་དབང་ནོར་བུ་སོགས་སྒེར་དུ་བསྙེན་བཀུར་ཞུ་མི་མང་དུ་བྱུང་བ་ཐམས་ཅད་ཀྱི་རེ་བ་བསྐངས། སྒོ་མང་གཞིས་ཀར་ཕེབས་ཏེ་ཞག་གསུམ་བཞུགས་ཤིང་རྡོ་དཀར་ཤར་དུ་བླ་མའི་རྣལ་འབྱོར་གྱི་ལྗགས་ལུང་སྩལ། ཙ་ཡུ་དགོན་དུ་གདན་དྲངས་པར་ཕེབས་པའི་ལམ་ནས་རྩམ་སྡེར་


GTD004_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སྒར་པས་ཇ་ཐབ་ཞུས། ཙ་ཡུ་ཨ་ལག་གིས་རི་ཁྲོད་དུ་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་ཞུས་པར་རིག་བྱེད་མའི་རྗེས་གནང་སྩལ། དེ་ནས་ཕེབས་ཏེ་ཙ་ཡུ་འདུ་ཁང་དུ་དགའ་ལྡན་ལྷ་བརྒྱ་མ་དང་གསང་འདུས་སྨོན་ལམ་གྱི་ལྗགས་ལུང་གནང༌། སེར་སྐྱ་ཚང་མས་མགྲིན་གཅིག་ཏུ་ཙ་ཡུ་དགོན་པ་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཏུ་ཕུལ་ནས་ཡི་གེ་ལག་རྟགས་དང་བཅས་པ་བཞག་པར་འདི་ཕྱོགས་ཀྱི་དགོན་ཆེ་ཕྲ་ཐམས་ཅད་དགོན་ལག་གི་མིང་བཏགས་མ་བཏགས་གང་ལྟར་ཡང་མཆོད་རྟེན་ལ་བང་རིམ་གྱི་ཚུལ་དུ་གཞི་བཀྲ་ཤིས་འཁྱིལ་ལ་བརྟེན་ནས་ཆགས་དགོས་པས་དོན་གྱི་དགོན་ལག་ཡིན། ཁྱེད་རྣམས་ཀྱིས་ཀྱང་དགོན་པ་འདི་ལྟར་ཕུལ་བ་ལེགས་གསུངས་ཏེ་དགྱེས་ཚོར་མཛད་ཅིང་དེར་མ་ཟད། དགོན་འདིར་རྡོར་དབྱིངས་ཀྱི་ཆོ་ག་བཙུགས་པ་ཡང་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང་སྟེ། ཞལ་ནས། དགོན་པ་གཅིག་ལ་ཆོ་ག་ཐམས་ཅད་འཛུགས་དཀའ་ཡང༌། དགོན་ལག་དང་བཅས་པར་རྒྱུད་སྡེ་གོང་འོག་གི་བཤད་སྒྲུབ་ཀྱི་སྲོལ་གང་ཐུབ་ཅིག་ཚུགས་དགོས་གསུངས་ཏེ། གདན་ས་རང་དུ་གསང་བདེ་འཇིགས་གསུམ། དུས་འཁོར། ཀུན་རིག །རྣམ་སྣང་མངོན་བྱང༌། མི་འཁྲུགས་པ་ལྷ་དགུ །སྨན་བླ་རྣམས་དང༌། དགེ་འཕེལ་རི་ཁྲོད་དུ་དྲིལ་བུ་ལྷ་ལྔ་ལུས་དཀྱིལ་དང་བཅས་པ། ཡིད་དགའ་ཆོས་འཛིན་དུ་མི་འཁྲུགས་པ་ལྷ་བཅུ་གསུམ། གླ་རི་མགོར་ཀྱེ་རྡོར། རྐང་ཚའི་དགོན་པར་དམ་ཚིག་གསུམ་བཀོད། ཨ་མཆོག་ལམ་རིམ་གྲྭ་ཚང་དུ་ཐུགས་རྗེ་ཆེན་པོ། དམེ་ཤུལ་རི་ཁྲོད་དུ་ཁྲོས་ནག །གྱི་


GTD004_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་དགོན་དུ་གདུགས་དཀར་གྱི་ཆོ་ག་སོགས་འཛུགས་རྒྱུའི་བཀོད་ཁྱབ་གནང་སྟེ། འདི་ཡང་བསྟན་པ་ཡོངས་སུ་རྫོགས་པའི་ཁུར་རང་གིར་བཞེས་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞིག་གོ །སླར་གདན་སར་ཕེབས་སྐབས་སྨད་ནས་ཨ་རུ་ཧོར་ཆེན་རྟག་བརྟན་པིའི་ལིའི་དགོངས་རྫོགས་སྒྲུབ་མཁན་འབྱོར་ཏེ་སྒུག་སྡོད་བྱས་ཡོད་པ་རྣམས་ཀྱིས་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབུལ་ཞུས་པར་བརྩེ་གཟིགས་ཀྱིས་སྤྱན་དམིགས་ཡང་དག་གནང༌། ཉི་ཤུ་གསུམ་ལ་བསྙེན་རྫོགས་ཁ་ཤས་བསྒྲུབས་ཏེ་དེའི་ཕྱི་དྲོ་ནས་བཟུང་ཞག་བདུན་གྱི་རིང་བཅད་རྒྱ་ཤིན་ཏུ་དམ་པར་མཛད། དགུང་ལོ་རེ་གཅིག་པ་ཕུར་བུ་ཞེས་པ་ས་སྤྲེལ་དུས་ཀྱི་རྒྱལ་མོའི་རང་ཞལ་གསར་དུ་ངོམས་པའི་དགེ་མཚན་གྱི་དུས་སྟོན་སོགས་སྔར་འཁྱུད་བཞིན་བསྟར་ཏེ་གྲྭ་མང་ལ་མཇལ་ཁ་གནང་ནས་སླར་ཡང་ཞག་བདུན་གྱི་རིང་སྐུ་མཚམས་མཛད། ཚེས་དགུ་ནས་གསུང་ཆོས་སོགས་ལ་འཆག་མེད་དུ་ཕེབས་ཤིང༌། མགོ་ལོག་དཔོན་པོ་ཁ་ཤས་འཚམས་ཞུས་སུ་འོང་བར་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སྩལ། བཅོ་ལྔའི་ཉིན་ཕྱོགས་འདུས་ཀྱི་མཇལ་བ་བཞི་སྟོང་ལྷག་ལ་ཕྱག་དབང་གནང་ཞིང་བསྙེན་རྫོགས་མང་དུ་བསྒྲུབས། དོན་གཉེར་ཅན་འགའ་ཞིག་ལ། མགོན་པོ། ཆོས་རྒྱལ། དམ་ཅན་གསུམ་གྱི་རྗེས་གནང་སྩལ། བཅུ་དགུ་ནས་བཟུང་བདུན་གཉིས་ཀྱི་རིང་བཅད་རྒྱ་གནང་སྟེ་ཐུགས་དམ་གཙོར་འདོན་མཛད། གཉིས་པའི་ཡར་ཚེས་ལ་ཚོགས་མང་ནས་གནས་བཅུ་ཕྱག་མཆོད་དང་འབྲེལ་བའི་བརྟན་བཞུགས་ཀྱི་ཆོ་ག་བསྟར་ཏེ་གསོལ་བ་བཏབ་པར་ཞལ་བཞེས་


GTD004_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་གནང༌། དགེ་ཚུལ་ཞེ་ལྔ་དང་བསྙེན་རྫོགས་བརྒྱ་དང་བཅུ་སྐོར་ཞིག་གསར་བསྒྲུབས་མཛད། ཚེས་ལྔ་ནས་བརྩམས་ཏེ་ཞག་བཅུ་སྐོར་ཞིག་ལ་སླར་ཡང་བཅད་རྒྱ་གནང་བའི་ཐུན་མཚམས་སུ་ཁོ་བོ་ཅག་ལ་སྙན་དངགས་མེ་ལོང་གི་ཁྲིད་ཆ་ཚང་བར་གནང་ཞིང་ཉིན་རེ་བཞིན་གང་སོང་གི་རྩོམ་རྒྱུགས་ཕུལ་བར་གྲས་རྒྱག་པ་སོགས་ཕྱག་ལེན་བཞིན་བརྩེ་གཟིགས་བཀའ་དྲིན་བསྐྱངས། བཅོ་ལྔའི་ཉིན་བྱམས་ཆེན་གསར་བཞེངས་ཀྱི་ཞལ་འདེབས་སུ་དངུལ་སྲང་བརྒྱ་དང་གསེར་ཕྲན་བུ་བཅས་ཕུལ་ཏེ་བྱམས་ཆོས་སྡེ་ལྔའི་ལྗགས་ལུང་ཞུས་ནས་སྨོན་ལམ་བཏབ་པར་དགྱེས་པའི་ཞལ་བཞེས་མཛད། དེ་ནས་གདན་ས་ཆེན་པོའི་བླ་མ་ལས་སྣེ་འདུས་སྤྱི་བཅས་ཀྱིས་སྔར་ནས་ཡང་ཡང་གསོལ་བ་བཏབ་པ་བཞིན་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་སྟེ་སྐུ་གསུམ་གོ་འཕང་མངོན་དུ་གྱུར་པ་འཕགས་བོད་གཉིས་ཀར་རྒྱལ་བའི་བསྟན་པ་ཉིན་མོ་བཞིན་དུ་གསལ་བར་མཛད་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀི་ལ་ཐུགས་རྗེའི་དབང་ཕྱུག་རྒྱལ་བ་རྒྱ་མཚོས་དངོས་སུ་གནང་བའི་བྱིན་རླབས་ཀྱི་བཀའ་དུ་མ་ཕྱོགས་གཅིག་ཏུ་བསྡོམས་པར་མི་ཏྲ་བརྒྱ་རྩ་ཞེས་ཡོངས་སུ་གྲགས་པའི་དབང་ཆེན་ཟབ་མོ་གནང་བའི་ཉེར་བསྡོགས་བརྩམས་ཏེ་གདན་ས་ནས་ཚོགས་ཆེན་ཁྲི་ཐོག་པ་དཀོན་མཆོག་བདེ་ཆེན། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཁྲི་ཆེན་ནམ་མཁའ་བཟང་བའི་སྤྲུལ་བའི་སྐུ། སྡེ་ཁྲི་རིན་པོ་ཆེའི་སྤྲུལ་བའི་སྐུ། སྒོ་མང་མཁན་པོ་ངག་དབང་དགེ་ལེགས་ཀྱི་སྤྲུལ་བའི་སྐུ། འགྱང་རོ་


GTD004_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བའི་སྐུ་སོགས་དམ་པའི་སྐྱེ་འཕྲེང་འཛིན་པའི་སྤྲུལ་སྐུ་ཆེ་ཆུང་དུ་མ་དང༌། མཁས་གྲུབ་གཉིས་འཛོམ་གྱི་བླ་མ་གདན་ཟུར། གྲྭ་ཚང་བཞིའི་གྲྭ་རིགས་ཡོངས་རྫོགས། སྒྲུབ་སྡེ་གཉིས་དང་བཅས་པ་རྣམས་དང༌། ཕྱོགས་གཞན་ནས་འོང་བ་ཨ་མཆོག་གི་གྲྭ་ཚང་སོ་སོའི་བླ་མ། རེབ་ཙ་ལྷ་ཁང་ལུང་པ་དང་བཀའ་འགྱུར་བའི་སྤྲུལ་སྐུ། བེ་རི་སྤྲུལ་སྐུ། ཙ་ཡུ་ཨ་ལག །མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན། འགྱང་རོ་དབོན་ཆུང་བླ་མ། ཨ་ཁྱུང་སྐུ་སྐྱེ། མཁན་ཆེན་དྲུང་ཡིག །བྲག་དཀར་སྤྲུལ་སྐུ་སོགས་ཕྱོགས་རིས་མེད་ནས་དོན་གཉེར་ཅན་མང་དུ་འདུས་པ་བཅས་བླ་གྲྭ་སུམ་སྟོང་དང༌། ཁྱོན་སེར་སྐྱ་ལྔ་སྟོང་བརྒལ་བ་ལ་གཉིས་པའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ནས་གསུམ་པའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་བར་དུ་ཉིན་རེ་བཞིན་ཆོས་ཐུན་གཉིས་རེ་བྱས་ཏེ་རྫོགས་པར་གནང༌། དེ་ཡང་དང་པོ་གཤེད་དམར་དང་སྦྲགས་ནས་བླ་མེད་ཀྱི་སྟ་གོན་གནང་ཞིང་ཚོགས་པ་ཆེས་པས་གཤེད་དམར་གྱི་དབང་ལ་མེ་ཏོག་འདོར་བ་སོགས་ཀྱིས་འགྱངས་ཏེ་དངོས་གཞི་ཆོས་ཐུན་གཉིས་ཀྱི་ཁོངས་སུ་རྫོགས། བླ་མེད་ཀྱི་དབང་ཐམས་ཅད་ཀྱི་སྐབས་མནའ་ཆུ། ཆུ་དབང༌། ཅོད་པན། རྡོ་རྗེ། དྲིལ་བུ། སློབ་དཔོན་གྱི་རྡོར་དྲིལ་ཟུང༌། གསང་རྫས་གཉིས་པ་རྣམས་ཐམས་ཅད་ལ་ཆག་མེད་དུ་བྲིམ། ཐོག་མའི་བདེ་མཆོག་ལ་བརྟུལ་ཞུགས་གསུམ་ཀ་དང༌། དེ་ཕྱི་ཉིན་གྱི་བདེ་མཆོག་ཡབ་བཀའ་དང་ཡུམ་བཀའ་མཧཱ་མ་ཡ་རྣམས་ལ་བརྟུལ་ཞུགས་དང་པོས་ཆོག་པར་མཛད། རྒྱལ་བ་རྒྱ་མཚོའི་དབང་གི་སྐབས་སུ་སློབ་མའི་གཙོ་བོ་ཁྲུས་སྟེགས་ལ་བཀོད་དེ་སློབ་དཔོན་གྱི་དབང་


GTD004_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚེ་གདུགས་དང་རྒྱལ་མཚན་སོགས་གཞུང་གི་བཤད་པ་བཞིན་དུ་བསྟར་ཞིང་དབང་བཞི་པའི་དག་པ་བརྗོད་ཟིན་ནས། རོལ་མོའི་སྒྲ་སྐད་སྣ་ཚོགས་པ་བཅས་རྡོ་རྗེ་སློབ་དཔོན་གྱིས་སྣ་དྲངས་ཏེ། འདུ་ཁང་གི་སྟེགས་འགྲམ་ནས་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་པའི་མཐར་སློབ་མ་ལྷ་ལ་འབུལ་བ་སོགས་ཕྱག་ལེན་ཕྲ་ཞིང་ཞིབ་པ་དམ་པའི་ཕྱག་བཞེས་ཅུང་ཟད་ཀྱང་མ་ཉམས་པ་དང༌། རྒྱུད་སྡེ་སོ་སོའི་སྐབས་སུ་རང་རང་གི་ལམ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་རིམ་གཉིས་ཡན་ལག་དང་བཅས་པའི་རྒྱུད་དོན་མ་ལུས་པ་ལམ་གྱི་རིམ་པར་བསྒྲིགས་ཏེ་དབང་གི་ཁོག་ནས་དྲངས་པའི་གསུང་བཤད་མཐའ་ཆོད་པ་དང་རང་རང་གི་ཐུན་མོང་མ་ཡིན་པའི་སྒོས་ཆོས་རྩལ་དུ་ཐོན་པ་སོགས་གནང་སྟེ་སྐལ་ལྡན་གྱི་གདུལ་བྱ་བགྲང་ལས་འདས་པའི་བློ་གྲོས་དང་དད་པའི་འདབ་བརྒྱ་བྱིན་རླབས་ཉིན་མོའི་ཟེར་གྱིས་ཡོངས་སུ་ཕྱེ་སྟེ། ཐེག་མཆོག་ཆོས་ཀྱི་སྦྲང་རྩིའི་དུས་སྟོན་མཆོག་ཏུ་དར་བས་དགའ་བའི་རྐང་དྲུག་གི་གླུ་དབྱངས་ཀྱིས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །རྗེས་ཆགས་བདེ་བ་མཆོག་གི་ཆུ་གཏེར་ཆེ། །འོད་གསལ་རྟ་གདོང་མེ་ཡིས་ཁོལ་བ་ནི། །དཀྱིལ་འཁོར་རྒྱ་མཚོའི་རླབས་ཕྲེང་སྤྲོ་ན་ཡང༌། །གསང་ཆེན་རྒྱུད་སྡེའི་ཀླུང་བཞི་གཅིག་ཏུ་སྡུད། །སྒྲིབ་པའི་ཚོགས་ཀུན་གཞར་ཡང་མི་གནས་རྣམ་དག་ཐུགས་ཀྱི་ཟླ་ཤེལ་ཁམས། །སྐལ་ལྡན་གདུལ་བྱའི་ཚོན་བརྒྱར་འགྲོག་པའི་རང་རང་བློ་དང་སྐལ་བ་བཞིན། །དཀྱིལ་འཁོར་འཁོར་ལོ་བྱེ་བར་སྣང་བའི་ཡ་མཚན་གར་གྱི་རི་མོ་ནི། །གཡོ་བ་མེད་བཞིན་ཅི་ཡང་


GTD004_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དེ་གསང་ཆེན་སྒྱུ་མའི་རོལ་རྩེད་ཡིན། །རྒྱུད་སྡེ་རྒྱ་མཚོའི་ཀློང་ནས་རྣམ་གྲོལ་གྱི། །ནོར་བུ་ལེན་པར་འདོད་པའི་དོན་མཐུན་རྣམས། །བྱིན་རླབས་བ་དན་དཀར་པོས་མཛེས་པ་ཡི། །སྨིན་བྱེད་དབང་གི་གྲུ་གཟིངས་འདིར་ཞུགས་ཤིག །ཐམས་ཅད་རྣལ་འབྱོར་འབྱོར་བས་རྩེན་པ་ཡིས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་དགའ་ཚལ་དུ། །ལུས་དང་ངག་ཡིད་ཉེས་པའི་ཕྲ་མེན་མ། །བྱིན་རླབས་རྣོ་ངར་མཚོན་གྱིས་བསད་པ་ན། །དབང་ཆོག་དྲི་བྲལ་ལང་ཚོ་དར་བ་མོ། །བདུད་རྩིས་རབ་མྱོས་མགྲིན་པའི་གླུ་དབྱངས་ལེན། །ཡིད་ནི་དགའ་བདེའི་འོད་ཀྱིས་ཁྱབ་པ་དེ། །གཞོན་ནུ་རིགས་ཀུན་བདག་པོའི་མགུལ་བར་འཁྱུད། །ཅེས་བྱ་བའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རྒྱུད་པ་གྲྭ་ཚང་གིས་སྔར་ནས་གསོལ་བ་བཏབ་པ་དང༌། གྲོ་ཚང་སྤྲུལ་བའི་སྐུས་མཚམས་སྦྱར་བར་བརྟེན། གསུམ་པའི་བཅུ་བདུན་གྱི་ཉིན་ཚོགས་མང་ལ་ལཱུ་ཨི་བའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང་ཆེན་སྟ་གོན་དང་བཅས་པ་སྩལ། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་ནས་ཞུས་ངོར་ཁོང་དང་ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ། ཁྲི་ཟུར་བསོད་ནམས་དབང་རྒྱལ། སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན་སོགས་ཉུང་བསྡུས་ལ་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལྗགས་ལུང་གནང༌། དེའི་ཚེ་དགོན་འདི་བཀའ་གདམས་ཀྱི་དགོན་པ་ཡིན་པས་སླར་ཚོགས་མང་ལ་ཡང་གླེགས་བམ་གྱི་ལུང་ཞིག་བྱེད་རྒྱུ་བྱུང་ན་ལེགས་ཞེས་གསུངས་པ་ནི་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་ངེས། དེ་ནས་བཞི་བའི་ཚེས་ལ་ཧན་སྟག་ལུང་གི་འདུ་ཁང་རབ་གནས་སུ་གདན་


GTD004_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པར་ཕེབས་པའི་ལམ་ནས་རྒྱ་བོད་ཀྱི་སྡེ་དགོན་སོ་སོས་ཐབ་བསུ་སོགས་ཀྱིས་བསྙེན་བཀུར་ཡང་དག་ཞུས། ཧན་སྒར་པས་གདན་དྲངས་ཏེ་དངོས་འབུལ་བསྟར་ཞིང༌། དེ་ནས་ཉན་ཚ་ཚང་དང་སྟག་ལུང་གི་ནང་སོ། དགོན་པའི་ལས་སྣེ་སོགས་ཀྱིས་ཆིབས་བསུ་དང་གྲྭ་མང་གིས་སེར་སྦྲེང་བཅས་སྟག་ལུང་དགོན་པར་ཕེབས་ཏེ་ཤུར་མོ་དབོན་པོའི་ནང་དུ་བཞུགས། ཕྱི་ཉིན་ས་ག་ཟླ་བའི་བཅོ་ལྔའི་དུས་ཆེན་དང་འགྲིགས་པའི་གསོ་སྦྱོང་ལ་སོ་ཐར་གྱི་མདོ་གསུངས་ཤིང་སྨོན་ལམ་གྱི་ཚོགས་དབུ་གནང༌། སྟག་ལུང་ནང་སོ་དཀོན་མཆོག་འཕྲིན་ལས་སོགས་བསྙེན་རྫོགས་བཅོ་ལྔ་དང་རབ་བྱུང་བཅུ་ཕྲག་གཅིག་གསར་དུ་བསྒྲུབས། ཉི་མ་གསུམ་གྱི་རིང་ལ་སྟག་ལུང་གི་འདུ་ཁང་གསར་པ་དང་བྱམས་སྐུ་སོགས་ལ་དགེ་ལེགས་ཆར་འབེབས་ཀྱི་སྟེང་ནས་རབ་གནས་རྒྱས་པར་མཛད་དེ་ལྷ་ལ་དབང་བསྐུར་བ་དང༌། རབ་ཏུ་གནས་བྱའི་ལྷ་རྣམས་ཚིམ་པར་བྱེད་པའི་རྒྱས་པའི་སྦྱིན་སྲེག །ལྷག་ཆད་ཀྱི་ཉེས་པ་བསྐང་ཕྱིར་ཞི་བའི་སྦྱིན་སྲེག་སོགས་ཀྱི་ཕྱག་ལེན་མཐའ་དག་ཞིབ་ཐིགས་སུ་གནང༌། གྲྭ་གྲངས་བདུན་བརྒྱ་སྐོར་ལ་མང་འགྱེད་གྱ་ནོམ་པ་བསྟར་ཞིང་ཕྱོགས་འདུས་ཀྱི་མཇལ་བ་དུ་མ་དང་བཅས་པ་ལ་ལམ་གཙོའི་ལྗགས་ལུང་སྩལ། མཛོ་མོ་མཁར་གྱི་ཁྲི་པ་ཉན་ཚ་ཞབས་དྲུང་གིས་ཞུས་ངོར་འོད་དཔག་མེད་ལ་བརྟེན་པའི་འཕོ་ཁྲིད་གནང༌། རྒྱ་ནག་ཏཱ་མིང་རྒྱལ་པོས་ཕུལ་བའི་བྱམས་ཆེན་ཆོས་རྗེའི་གཟིམས་ཁྲི་དང་གསོལ་ལྕོག །རྒྱལ་དབང་བསོད་ནམས་རྒྱ་མཚོའི་སྐུ་


GTD004_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཉིད་ཀྱི་ཕྱག་རྗེས་ཅན་སོགས་རྟེན་འགངས་ཆེ་བ་འགའ་ཞིག་ཕུལ་བར་དགྱེས་ཚོར་རྨད་དུ་བྱུང་བ་མཛད། སྟག་ལུང་རི་ཁྲོད། ཨ་མཚོ་དགོན་དང་རི་ཁྲོད་གཉིས། ཀྲང་ཀྱ་ཟི། ཕང་ཟི། སྒ་ཤོ་རི་ཁྲོད། མགོ་མོག་སྒར་པ། མོ་ཉི་ཀོའུ་རི་ཁྲོད་སོ་སོ་ནས་གདན་དྲངས་པ་རྣམས་ལ་མང་འགྱེད་སྩལ་ཅིང་སོ་སོའི་འདོད་པ་བཞིན་གྱི་ཆོས་བཀའ་ཅི་རིགས་གནང༌། གཞན་ཡང་བླ་དཔོན་འབྱོར་ལྡན་སོགས་ཀྱིས་བསྙེན་བཀུར་ཞུ་མི་མང་དུ་བྱུང་བ་སོ་སོའི་རེ་བ་བསྐང༌། ལྷག་པར་ཨ་མཚོའི་དགོན་དང་སྒྲུབ་སྡེ་གཉིས་སེར་སྐྱ་གྲོས་མཐུན་གྱིས་ཕུལ་བར་བླ་མ་བསྐོ་བཞག་དང་ཆོས་ཀྱི་བསླབ་བྱ་ཞིབ་རྒྱས་གནང༌། གདན་སར་ཆིབས་བསྐྱོད་པའི་ལམ་ནས་ཧོར་ཚང་གི་སྡེ་པ་གོང་འོག་ཐམས་ཅད་ཀྱིས་བསྙེན་བཀུར་གང་འབྱོར་ཞུས། ལྔ་པའི་ཚེས་ལ་ཁོ་བོ་ཅག་ནས་གསོལ་བ་བཏབ་པ་བཞིན་དོན་གཉེར་ཅན་དུ་མ་ལ་བྱང་ས་དང་རྒྱན། བསླབ་བཏུས་དང་སྤྱོད་འཇུག །སྐྱེས་རབས་དང་ཚོམས་ཏེ་བཀའ་གདམས་གཞུང་དྲུག་དང༌། དབུ་མ་རིགས་ཚོགས་དྲུག །བཞི་བརྒྱ་པ་རྣམས་ཀྱི་ལྗགས་ལུང་སྩལ། དགེ་འཕེལ་རི་ཁྲོད་པ་རྣམས་ཀྱིས་ཞུས་ངོར་ཁོང་རྣམས་དང་དགོན་པའི་བླ་མ་སྤྲུལ་སྐུ་དགེ་བཤེས་སོགས་ཧྲག་བསྡུས་ལྔ་བརྒྱ་སྐོར་ལ་ཉིན་གསུམ་གྱི་རིང་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔ་དང་ལུས་དཀྱིལ་ལྷ་རེ་གཉིས་ཀྱི་དབང་ཆེན་མ་རྒྱུད་སྤྱིའི་ཁྱད་ཆོས་དང༌། སྒོས་སུ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཟབ་གནད་ཀྱི་ཁྱད་པར། དབང་སོ་སོའི་སྐབས་ཀྱི་དབང་བརྡ་འཕྲོད་ངེས་པ་སོགས་གསུང་བཤད་ཞིབ་རྒྱས་དང་བཅས་པ་གནང་སྟེ་དོན་དམ་འོད་གསལ་


GTD004_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་འགྱུར་བའི་སྣོད་རུང་དུ་མཛད། ཡང་ཁོ་བོ་ཅག་ནས་ཞུས་ངོར་ཚེ་དཔག་མེད་འཇམ་ལུགས་ལྷ་ལྔ། མི་ཏྲ་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། བཀའ་གདམས་ལྷ་བཞི། བ་རི་ལུགས་ཀྱི་རྣམ་འཇོམས་ལྗང་སྔོན། འཇམ་དབྱངས་སྨྲ་སེང༌། ཕག་དཀར་ཤེས་རབ་གསལ་བྱེད། ཛམ་བྷ་ལ་དཀར་པོ། བེག་ཙེ་ལྕམ་སྲིང་སོགས་ཀྱི་རྗེས་གནང་སྩལ། དྲུག་པའི་ཚེས་ལ་ཧར་ཆེན་ཕྱོགས་ནས་ཐ་བུ་ནང་བསོད་ནམས་དབང་རྒྱལ་དུས་ཆོས་སུ་གྱུར་པའི་དགེ་སྒྲུབ་ལ་ཐོ་ཡོན་ཙནྟྲ་ཀིརྟི་ངོ་གཡོག་འབྱོར་ཏེ་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབུལ་སྤམ་མཐོ་བ་བཏེག་པར་བསྔོ་སྨོན་གྱིས་མཚམས་སྦྱོར་མཛད། ཁྱི་རྭ་སྐོར་གསུམ་གྱི་འཆམ་གོས་དང་བྱམས་པ་གླིང་སྐོར་གྱི་གསོབ་རྣམས་བཅོས་རྒྱུའི་བཀོད་ཁྱབ་སྩལ། རེ་ཞིག་ཐར་པ་རྩེར་བཅད་རྒྱ་གནང་ཞིང་སྔར་པཎ་ཆེན་ཐམས་ཅད་མཁྱེན་པ་ཕོ་བྲང་དུ་ཆིབས་བསྒྱུར་སྐབས་བསྐུལ་མ་གནང་ཡོད་པ་ལྟར་ཐུན་མཚམས་སུ་རྣམ་འགྲེལ་ཊཱིཀ་ཆེན་གྱི་མཆོད་བརྗོད་སོགས་མགོ་མཇུག་གི་ཚིགས་བཅད་སྙན་ངག་གི་ལམ་ནས་དྲངས་པའི་ཤིན་ཏུ་གོ་དཀའ་བ་རྣམས་ལ་འགྲེལ་པ་གསལ་ཞིང་དོན་འདྲིལ་བ་ཟླ་མེད་པའི་ལེགས་བཤད་ཕུལ་དུ་ཕྱིན་པ་འདི་ཉིད་བཀའ་རྩོམ་མཛད། འདིའི་དོན་ལམ་གྱི་ཆིངས་དང་སྦྱར་ཏེ་སྤྱིའི་ས་བཅད་ཀྱི་ཁོག་ལེན་ཚུལ་དང་ནང་གསེས་ཀྱི་ཚིག་རེ་རེ་ལ་ཡང་ངོ་མཚར་བའི་བཤད་པ་གནང་ཚུལ་སོ་སོར་བཤད་ན་མཁས་པ་དགའ་བར་བྱེད་པའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཡོད་ཀྱང་འདིར་མང་དུ་དོགས་ནས་མ་


GTD004_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པས་དཔྱོད་ལྡན་ལེགས་བཤད་ཀྱི་དགའ་སྟོན་འདོད་པ་རྣམས་ཀྱིས་དེར་གཟིགས་པས་ཤེས་པར་ནུས་སོ། །དྲུག་པའི་མར་ངོ་ཀླུ་སྡིངས་ཀྱི་སྐྱེད་ཚལ་ཤིན་ཏུ་ཡངས་པ་ས་ཁོད་སྙོམས་ཤིང་སྤང་ལྗོངས་མེ་ཏོག་སྣ་ཚོགས་པས་བརྒྱན་པ། དབུས་ན་དྭངས་བསིལ་གྱི་ཆུ་མཚོ་ཡོད་ཅིང་ཁོར་ཡུག་ཏུ་ལྗོན་ཤིང་གི་འཕྲེང་བ་དཀྲིགས་པའི་ཕྱི་རོལ་ནས་རྭ་བས་བསྐོར་བ་སོགས་ཀྱི་བཀོད་པ་ངོ་མཚར་བ་གསར་བསྐྲུན་དུ་བཞུགས་སྒར་མཛད་ནས་ཉིན་གསུམ་གྱི་རིང་སྐྱོ་སངས་ཀྱི་རྣམ་པས་དུས་སྟོན་རྒྱས་པ་བསྟར། སྔར་ནས་སྐུ་ཁམས་ཅུང་ཟད་མ་སྙོམས་པར་ཡོད་འདུག་ཀྱང་ཐུགས་སྣང་མཛད་པར་བདུན་པའི་ཚེས་ལ་ཅུང་ཞིག་མངོན་མཚན་ཆེར་སོང་བས་སྐུ་འཁོར་རྣམས་ནས་ཁུར་བླངས་ཀྱིས་ཞབས་བརྟན་རིམ་གྲོར། མགོན་ཆོས་ཀྱི་བསྐང་བ་འབུམ་ཕྲག་དུ་མ་དང༌། མགོན་པོའི་གཏོར་ཆེན། འབུམ་བརྒྱ་ཚར། སྒྲོལ་དཀར་གྱི་བསྟོད་པ་ས་ཡ། བཀའ་འགྱུར་དག་ཚར་ཁ་ཤས། གདུགས་དཀར་ཟློག་ཆེན་དང་སྒྲོལ་མ་གཡུལ་བཟློག །ཚེ་གཟུངས། རྟ་མགྲིན། རྣམ་འཇོམས། སེང་གདོང་མ། ཁྱུང་ཁྲ་རྣམས་ཀྱི་སྔགས་འགྲོ་གང་ཆེ་སོགས་ཚོགས་ཆེན་དང༌། གྲྭ་ཚང་ཕན་ཚུན། ཞབས་བརྟན་པ་ཟུར་དུ་འཚོགས་པ་སོགས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་བསྒྲུབས། ཚོགས་སུ་ཕོགས་ཆེན་གཉིས་ཀྱིས་གཙོས་པའི་སྐུ་འགྱེད་དུ་མ་སོགས་བསྙེན་བསྐུར་གཟབ་རྒྱས་བསྟར། མཇུག་ཏུ་རེབ་ཚའི་སྨན་རྒན་ངག་དབང་ནོར་བུ་འབོད་དུ་བཏང་བ་མ་འགྱངས་པར་འབྱོར་ཏེ་དད་གུས་རྩེ་གཅིག་པས་གསོལ་སྨན་དྲངས་ཤིང་ཞབས་བརྟན་སོགས་ཀྱི་སྙན་བསྐུལ་ཞུས་པ་རྣམས་ཀྱང་གསན་དགོངས་ཆེ་བར་


GTD004_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་མཆོག་གསུམ་ཆོས་སྲུང་རྒྱ་མཚོའི་ནུས་མཐུ་དང༌། དཔོན་སློབ་རྣམས་ཀྱི་འདུན་པ་རྩེ་གཅིག་པའི་བདེན་སྟོབས་ཀྱིས་མ་འགྱངས་པར་སྙུན་གྱི་དྲི་མ་མཐའ་དག་ལྷག་མེད་དུ་ཞི་ནས་སྐུ་ཁམས་སྟོན་ཟླ་བཞིན་དུ་དྭངས་པར་གྱུར། བརྒྱད་པའི་ཚེས་ལ་ཚོགས་ཆེན་ཁྲི་རིན་པོ་ཆེ་དཀོན་མཆོག་བདེ་ཆེན་པས་གཙོས་གྲྭ་མང་ནས་ཞབས་བརྟན་ཕུལ་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་པར་དོན་སྨིན་གྱི་ཞལ་བཞེས་གནང༌། དེའི་ཉེར་གཉིས་ལ་གཞུང་ས་རིན་པོ་ཆེ་ནས་བཏང་བའི་དབུ་ཆེན་དབུ་ཆུང་བཅས་བོད་དང་བལ་པོའི་བཟོ་བོ་མཁས་པ་དྲུག་འབྱོར་པར་སྟོན་མོ་དང་གནང་ཆ་སྤམ་མཐོ་བ་སྩལ། སྐབས་དེར་ཕྱོགས་གཞན་ན་འབྲུམ་ནད་ལྕི་བ་ཞིག་ཡོད་ཚུལ་གསན་ནས་གསོལ་དཔོན་བསྟན་པ་དར་རྒྱས་ལ་བཀའ་ཕེབས་ཏེ་བཟོ་བོ་རྣམས་ལ་ལྷ་ཐོར་འདེབས་སུ་བཅུག་པས། ལུས་ལ་ཚེར་མ་ཟུག་པའི་སྡུག་བསྔལ་ཙམ་ཡང་མ་མྱོང་བར་བདེ་བར་གྲོལ་ཏེ་ཐམས་ཅད་ཀྱིས་བླ་མའི་ཐུགས་རྗེར་ངེས་པའི་ཡིད་ཆེས་ཀྱི་དད་པ་བརྟན་པོ་ཐོབ། བཅུ་པའི་ཚེས་ནས་བཟུང་བདུན་གསུམ་གྱི་རིང་བཅད་རྒྱ་གནང་སྟེ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དེའི་ཉི་ཤུ་ལྔའི་དགེ་ལྡན་དུས་མཆོད་ཆེན་མོའི་ཉིན་ཁྲི་ཟུར་བསོད་ནམས་དབང་རྒྱལ་སོགས་ཞབས་འབྲིང་པ་བཅུ་སྐོར་དང་བཅས་འཇིགས་བྱེད་བཅུ་གསུམ་མའི་བདག་འཇུག་བཞེས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གི་ཉིན་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཐོག་བྱམས་ཆེན་མཐོང་བ་དོན་ལྡན་གསར་བཞེངས་ཀྱི་ལས་མགོ་དངོས་གཞི་ཚུགས་པར་


GTD004_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཆེན་དང་ལག་དཀར་གྱི་གནང་སྦྱིན་གྱ་ནོམ་པ་མཛད། དེ་སྐབས་གྲུབ་པའི་དབང་ཕྱུག་ཁྲི་ཟུར་བསོད་ནམས་གྲགས་པ་ཚང་ནས་གསེར་དངུལ་གོས་དར་རྟ་ནོར་སོགས་ཀྱི་ཞལ་འདེབས་གཏོས་ཆེ་བ་ཕུལ། ཁོང་གིས་འགའ་ཞིག་ལ་གསུང་འཕྲོས་ཀྱི་ཚེ་ངེད་སྔོན་དཀར་པོ་གཤོང་དུ་ཡོད་སྐབས་རྨི་ལམ་དུ་ངེད་རང་དང་བཅས་མི་མང་པོ་ཞིག་སྐུ་ཞབས་རིན་པོ་ཆེས་ཁྲིད་དེ་དགའ་ལྡན་དུ་འགྲོ་རྒྱུ་ཡིན་ཟེར་ནམ་མཁའ་ལ་འཕུར་ནས་འགྲོ་བའི་རྨི་ལམ་ཞིག་བྱུང༌། ད་རེས་བྱམས་ཆེན་བཞེངས་རྒྱུའི་ཞལ་འདེབས་ཡང་དང་པོ་ང་རང་གིས་འབུལ་རྒྱུ་བྱུང་བས་ཤིན་ཏུ་ལེགས་པ་འདྲ་གསུངས་ཤིང༌། དེའི་ཕྱི་ལོ་ཁོང་སྐུ་འདས་སོང་བས་རྨི་ལམ་དེ་དོན་ལ་གནས་པ་གོར་མ་ཆག་གོ །དེས་མཚོན་སྐྱབས་མགོན་ཉིད་ནས་བྱམས་ཆེན་གསར་བཞེངས་ཀྱི་ཟངས་སོགས་སྒྲུབ་མི་དང་ཆ་རྐྱེན་གྱི་འབུལ་སྡུད་པ་ཕྱོགས་མཐའ་དག་ཏུ་གཏོང་བར་མཛད་པ་རྣམས་ལ་ཡང་ཆེ་ཆུང་ལ་ལྟོས་པ་མེད་པས་འབྲེལ་རེ་ཨེ་ཞོག་ལྟོས་གསུངས་པ་ལ་དཔག་ན་གདུལ་བྱ་དེ་རྣམས་ལེགས་པའི་ལམ་དུ་བཀྲི་བའི་གཞན་ཕན་གྱི་དགོངས་པ་ཁོ་ནར་ངེས་སོ། །བཅུ་གཅིག་པའི་ཚེས་ལ་ཨམ་བན་ནས་རི་བོ་དགེ་ལྡན་པའི་བསྟན་དོན་ལ་རྒྱའི་ཕྱིར་དུ་འཇམ་དབྱངས་གོང་མས་གསེར་ཡིག་ཅིག་བབས་ཡོད་པར་གསན་ཆེད་བྱ་ཁྱུང་དུ་ཕེབས་དགོས་ཚུལ་ཞུས་པ་བཞིན་ཆིབས་བསྐྱོད། དེ་སྐབས་བྱ་ཁྱུང་གི་མཁན་སར་བཞུགས་པ་བསྟན་པའི་གསལ་བྱེད་ཆེན་པོ་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་གཙོ་མཛད་ཆིབས་བསུ་མང་དུ་འབྱོར་ཅིང་དགེ་འདུན་མང་ནས་སེར་སྦྲེང་ཞུས་ཏེ་བྱ་ཁྱུང་དགོན་པར་ཕེབས། རྗེ་ཉིད་དང་


GTD004_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ། བསྟན་པའི་གསལ་བྱེད་ལ་མོ་ཞབས་དྲུང་དཀར་པོ། གཞན་ཡང་ཨམ་བན་གྱིས་ཡི་གེ་བཏང་ནས་བོས་པའི་བླ་མ་ཆེ་ཆུང་མང་ཙམ་ཚོགས་པའི་དབུས་སུ་གསེར་ཡིག་བསྒྲགས་པའི་བརྗོད་དོན་ལ། བོད་ཀྱི་གྲུབ་མཐའ་སོ་སོའི་ཆོས་ལུགས་ཐམས་ཅད་ཤཱཀྱ་ཐུབ་པའི་རྗེས་འབྲང་ཡིན་འདུག་ནའང་འགའ་ཞིག་ལ་བསྲེ་བསླད་དང་ནོར་འཁྲུལ་གྱི་སྐྱོན་བྱུང་བ་འདུག །ཞྭ་སེར་གྱི་གྲུབ་མཐའ་འདི་མདོ་སྔགས་གང་ལའང་སྐྱོན་ཅུང་ཟད་ཀྱང་མེད་པའི་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་གཙང་མ་ཡིན་པར་འདུག་པས། ཐམས་ཅད་ཀྱིས་ཞྭ་སེར་གྱི་གྲུབ་མཐའ་ཁོ་ན་གཙོ་བོར་བྱེད་དགོས་ཚུལ་དང་དགེ་ལུགས་པའི་བསྟན་འཛིན་གྱི་གཙོ་བོ་རྒྱལ་བ་ཡབ་སྲས་གཉིས་ཡིན་ཚུལ་གྱི་བསྔགས་བརྗོད་ཕེབས་འདུག་པ་ལ། ལན་དུ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་ནས་སྤྱིར་ས་སྟེང་གི་བསྟན་འགྲོ་ཐམས་ཅད་ལ་བརྩེ་གཟིགས་ཀྱི་བཀའ་དྲིན་ཆེ། ལྷག་པར་རྒྱལ་བ་ཡབ་སྲས་གཉིས་ལ་བཀུར་གཟོས་ཆེ་བར་མཛད་པ་ནི་ཞྭ་སེར་གྱི་བསྟན་པ་བསྟན་འཛིན་དང་བཅས་པ་ཐམས་ཅད་ཀྱི་དབུ་འཕང་བསྟོད་པ་ཡིན་པས་འདི་ངེད་ཅག་ཐམས་ཅད་ལ་བཀའ་དྲིན་གཞལ་དུ་མ་མཆིས་པ་ལགས་ཤིང༌། ད་ལན་ཡང་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མེད་པ་འདི་ལ་བསྔགས་བརྗོད་དང་གཞན་གྱིས་བསྲེ་བསླད་བྱས་མི་ཆོག་པའི་བཀའ་ལུང་ཕེབས་པ་ཐུགས་རྗེ་ཆེ་ཞེས་བསྟན་སྲིད་སྤྱིའི་བབས་དང་འབྲེལ་ཞིང་སྐབས་དོན་ལ་རྩལ་ཐོན་པའི་བཀའ་ལན་ཉུང་བསྡུས་ཤིག་རྗེ་ཉིད་ནས་ཞུས། ལོ་སྔ་མ་ཞིག་ནས་བཟུང་ལྕང་སྐྱ་


GTD004_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཞིང་གཞན་དུ་དགོངས་པ་གཏད་པའི་དབང་གིས་གཞན་ཕྱོགས་པ་རྣམས་ཁ་རྒྱལ་ཞིང༌། རང་ཕྱོགས་པ་གཏད་སོ་མེད་པས་ཅོལ་ཆུང་འགའ་ཞིག་གིས་ཀྱང་མི་འོས་པའི་བྱ་བ་མང་དུ་བརྩམས་པར། ཐུགས་མ་རངས་པའི་ཚུལ་གྱིས་འདི་ཚོས་ཅི་འདྲ་བསམ་ཡོད་མི་ཤེས་འདུག་སྟེ་འདོད་འདོད་རང་བྱེད་རྒྱུ་ཨེ་ཡོང་མི་ཤེས་ལས་སླ་གསུངས་པ་སོགས། མཐུ་སྟོབས་ནུས་པའི་གདེང་ཚད་དང་ལྡན་པའི་བཀའ་ཡང་ཡང་ཕེབས་དོན་བཞིན་རྗེ་ཉིད་ཀྱི་ཐུགས་རྗེ་དང་ཆོས་སྲུང་རྒྱ་མཚོའི་ཚོགས་ཀྱིས་འཕྲིན་ལས་བཀའ་བཞིན་དུ་བསྒྲུབས་པའི་ནུས་པ་མངོན་དུ་གྱུར་པ་འདི་ལ་བརྟེན་ནས་ཕ་རོལ་པོ་རྣམས་ཀྱིས་བྱ་བྱེད་མང་པོའི་དམ་བཅའ་མཐའ་དག་བྱེ་མའི་འཆིང་བུ་བཞིན་དུ་ཞིག་པར་གྱུར་ཏོ། །ལ་མོ་ཞབས་དྲུང་རིན་པོ་ཆེ་དང་ཨམ་བན་རྣམ་གཉིས་སོ་སོ་ནས་ཚུར་ཡང་ཕེབས་ཏེ་གསུང་འཕྲོས་རྒྱུན་རིང་མཛད། དེ་ནས་ལྕང་སྐྱ་ཐམས་ཅད་མཁྱེན་པའི་སྤྲུལ་བའི་སྐུ་ཆུ་བཟང་དགོན་པར་བཞུགས་པ་ལ་མཇལ་འཕྲད་ཀྱི་ཆེད་དེ་ཕྱོགས་སུ་ཕྱག་བཏེགས། ཀྱོ་ཀྱའི་གཟིམས་ཁང་དུ་ཐུའུ་བཀྭན་རིན་པོ་ཆེ་ཕེབས་པ་དང་ལྷན་དུ་བཞུགས་ནས་ལུགས་གཉིས་ཀྱི་གསུང་གླེང་ཞིབ་ཏུ་གནང༌། ལམ་སྐབས་ཧ་ཅང་མི་བདེ་བའི་དབང་གིས་ཕེབས་བྱམས་མ་ཁྱེར་བར་ཐུའུ་བཀྭན་རིན་པོ་ཆེ་ནས་ད་ལྟ་གྲང་ངད་ཆེ་བས་སྐུ་འོ་བརྒྱལ་བར་འདུག་གསུངས་ཏེ་དགོན་ལུང་ནས་ཕེབས་བྱམས་ལེན་དུ་བཅུག་སྟེ་ཕུལ། བཅོ་ལྔའི་ཉིན་བསུ་བ་སེར་སྦྲེང་དང་བཅས་ཆུ་བཟང་བླ་བྲང་ཆེན་མོར་ཕྱག་ཕེབས། མདོ་སྨད་བསྟན་པའི་གསལ་བྱེད་དམ་པ་ཆུ་བཟང་སྤྲུལ་བའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་ཕེབས་ཏེ་གསུང་གླེང་ཞིབ་རྒྱས་མཛད། ད་ལཱེ་ཧུ་ཐོག་ཐུ་སོགས་བླ་མ་སྐུ་སྐྱེ་དང་དགེ་


GTD004_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཤེས་གཉེན་དུ་མ་མཇལ་བར་ཕེབས་པ་སོ་སོའི་ཁམས་དང་འཚམ་པའི་ལུགས་གཉིས་ཀྱི་བཀའ་མཆིད་གནང༌། ཕྱི་ཉིན་ཆུ་བཟང་རིན་པོ་ཆེའི་མདུན་དུ་ཕར་ཕེབས་ཏེ་འབེལ་གཏམ་ཞིབ་རྒྱས་དང༌། རང་གི་རིགས་ཀྱི་ཅོད་པན་དམ་པ་འཇམ་མགོན་བསྟན་པའི་སྲོག་ཤིང་དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་ལྕང་སྐྱ་རོལ་བའི་རྡོ་རྗེའི་སྤྲུལ་བའི་སྐུ་རིན་པོ་ཆེའི་དྲུང་དུ་མཇལ་བར་ཕེབས་ཏེ་རིན་ཆེན་མཎྜལ་བཟང་པོས་ཐོག་དྲངས་དངོས་འབུལ་གྱ་ནོམ་པ་བསྟར། སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཀྱང་སྐུ་འཕྲེང་དུ་མར་འབྲེལ་བའི་བག་ཆགས་ཀྱིས་དགྱེས་ཉམས་ཤིན་ཏུ་ཆེ་བ་མཛད། གསེར་ཁོག་ནས་ཞྭ་ལུ་བ་ཚང་གིས་དབུ་མཛད་བླ་གྲྭ་མང་དུ་མཇལ་བར་ཕེབས་པ་རྣམས་ལ་དགྱེས་གཟིགས་དང་འདོད་ཆོས་ཅི་རིགས་པ་གནང༌། ཆུ་བཟང་དགོན་པའི་བླ་མ་ལས་སྣེ་སོགས་ཀྱིས་ཕེབས་སྐྱེལ་དང་བཅས་ཆིབས་བསྒྱུར་བར་ཆུ་བཟང་བླ་བྲང་ནས་ཇ་ཐབ་ཞུས། དེ་ནས་དགོན་ལུང་གི་ཁྲི་པ་ཝང་ཞབས་དྲུང་རིན་པོ་ཆེ། རྒྱུད་པ་བླ་མ་ལྷ་རམས་པ། བདེ་དགུ་ཞབས་དྲུང༌། ཐུའུ་བཀྭན་སྐུ་ཚབ་ལོ་ཀར་ཆོས་རྗེ་དཀའ་བཅུ་སོགས་ཆིབས་བསུ་རིམ་པར་འབྱོར། དཔའ་རིན་ཐང་ནས་དགོན་ལུང་སྤྱི་སོས་ཇ་ཐབ་ཞུས། དེ་ནས་ཐུའུ་བཀྭན་རིན་པོ་ཆེ་ཡང་ཆིབས་བསུར་ཕེབས་ཏེ་ཡབ་སྲས་ཞལ་འཛོམ་ཞིང་དགེ་འདུན་ཉིས་སྟོང་ལྷག་པའི་སེར་སྦྲེང་དང་བཅས་དགོན་ལུང་དུ་ཕེབས་ནས་ཐུའུ་བཀྭན་བླ་བྲང་བཀྲ་ཤིས་འོད་འབར་དུ་བཞུགས་གནས་མཛད། གྲྭ་མང་ལ་མཇལ་ཁ་གནང་ཞིང་ཐུའུ་བཀྭན་རིན་པོ་ཆེ་དང་ཝང་ཞབས་དྲུང་སོགས་ཉུང་བསྡུས་ལ་མིད་ལའི་རྣམ་ཐར་


GTD004_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དང་མགུར་འབུམ། ལམ་རིམ་མྱུར་ལམ་སོགས་ཀྱི་ཀླག་ལུང་སྩལ། རྒྱུད་པ་གྲྭ་ཚང་ནས་ཞུས་ངོར་གསན་མཁན་སྔ་མ་རྣམས་དང་རྒྱུད་གྲྭ་ཡོངས་རྫོགས་གཞན་དོན་གཉེར་ཅན་དུ་མ་བཅས་ལྔ་བརྒྱ་སྐོར་ལ་འཇིགས་བྱེད་བཅུ་གསུམ་མའི་དབང་བཞི་ཡོངས་རྫོགས། དོན་གཉེར་ཅན་དགུ་བརྒྱ་སྐོར་ལ་ཀུན་རིག་གི་དབང་ཆེན་སོགས་ཆོས་བཀའ་དུ་མ་བཀའ་དྲིན་བསྐྱངས། རྗེ་ཉིད་ཀྱིས་ཐེབས་སྩལ་བའི་སྟེང་ནས་རྒྱུད་པའི་གྲྭ་ཁང་གསར་རྒྱག་གི་ལས་མཇུག་རྫོགས་པར་གྲུབ་པའི་དགའ་སྟོན་ཕུལ་བའི་ཐོག་གྲྭ་ཚང་ཡོངས་རྫོགས་ལ་བདེ་མཆོག་རྩ་རྒྱུད་ལེའུ་དང་པོའི་ལྗགས་ལུང་སྩལ། ཉིན་གསུམ་གྱི་རིང་སུམ་བྷ་མཁན་རིན་པོ་ཆེའི་སྐུ་གདུང་གི་མཆོད་རྟེན་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་སྤྱན་དབྱེ་བའི་ཆོ་ག་རྒྱས་པར་མཛད། རབ་སྟོན་དངོས་འབུལ་གཟབ་རྒྱས་ཞུས་ཤིང་སུམ་བྷ་དཀའ་བཅུ་ལ་ཆོས་རྗེའི་ཆོ་ལོ་གནང༌། ཕན་ཚུན་གྱི་ནང་ཆེན་སོ་སོས་གདན་དྲངས་ཏེ་བསྙེན་བཀུར་ཞུས་པར་འདོད་ཆོས་ཅི་རིགས་སྩལ། བཅུ་གཉིས་པའི་ཚེས་གཅིག་ལ་རྗེ་ཉིད་ཚོགས་དབུས་སུ་གདན་དྲངས་ཏེ་ལྕང་སྐྱ་བླ་བྲང༌། ཐུའུ་བཀྭན་བླ་བྲང༌། ཆུ་བཟང་བླ་བྲང༌། སུམ་བྷ་བླ་བྲང༌། ཝང་བླ་བྲང་སོགས་ནང་ཆེན་ཁག་དང་དགོན་ལུང་སྤྱི་སོ་ནས་དངོས་འབུལ་གྱ་ནོམ་པ་བཏེག་སྟེ་ཞབས་བརྟན་ཕུལ། ཐུའུ་བཀྭན་རིན་པོ་ཆེ་ནས་གསོལ་སྟོན་དང་བྱམས་ཆེན་གསར་བཞེངས་ཀྱི་ཐེབས་སུ་གསེར་དངུལ་སོགས་ཀྱི་བདོག་པ་ཤིན་ཏུ་རྒྱ་ཆེ་བ་བསྟར། ཐུའུ་བཀྭན་ཕྱག་མཛོད་དང༌། བདེ་དགུ་དཔོན་པོ། ཝང་ཞབས་དྲུང་གི་ཕྱག་མཛོད་གསུམ་ལ་ཡང་ཆོས་རྗེའི་ཆོ་ལོ་གནང༌། ཐུའུ་བཀྭན་རིན་པོ་ཆེས་གསར་འདེབས་ཀྱི་དགོན་པ་ཐར་པ་


GTD004_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དུ་གདན་དྲངས་པར་ཕེབས་ཏེ་འདུ་ཁང་གསར་བསྐྲུན་དང་བཀའ་འགྱུར་ལྷ་ཁང་གཉིས་ལ་རབ་གནས་མཛད། ཁོང་གིས་གཙོ་མཛད་ཉན་མཁན་སྟོང་ཕྲག་ལྷག་ལ་ཐུགས་རྗེ་ཆེན་པོའི་དབང༌། བསྒྲུབ་བྱ་བདུན་ཅུ་སྐོར་ལ་ཚིགས་སྔ་ཕྱིའི་སྡོམ་པ་སོགས་ཆོས་ཀྱི་བཀའ་དྲིན་ཡང་དག་པར་སྩལ། དེ་ནས་བཀྲ་ཤིས་ཆོས་གླིང་དུ་ཕེབས་ཏེ་ལྗགས་ལུང་འགའ་ཞིག་གནང༌། རིམ་གྱིས་ཕྱག་བཏེགས་པར་གྲོ་ཚང་སྤྲུལ་སྐུ་དང༌། ཀ་རིང་སྤྲུལ་སྐུ་གཉིས་བསུ་བར་འབྱོར་ཏེ་ཕེབས་པའི་ལམ་ནས་གྲོ་ཚང་རྡོ་རྗེ་འཆང་གི་ལྷ་ཁང་སོགས་ལ་རྟེན་མཇལ་ཞིབ་ཏུ་མཛད། གྲོ་ཚང་སྤྲུལ་སྐུ་ནས་གོའུ་ཏམ་སྡེའི་ལྷ་ཁང་ལ་ཞིག་གསོས་གནང་ཡོད་པར་ཕྱག་ནས་འཐོར། སེར་སྦྲེང་དང་བཅས་གྲོ་ཚང་དགོན་དུ་ཕེབས་པར་གྲོ་ཚང་དང་ཀ་རིང་སྤྲུལ་སྐུ་གཉིས་ནས་ཤངས་ལེན་གཟབ་རྒྱས་ཞུས། ཁོང་རྣམ་གཉིས་ཀྱིས་གཙོས་ལྔ་བརྒྱ་སྐོར་ལ་ཀུན་རིག་གི་དབང་ཆེན་སྩལ། གོང་བ་ཚང་ནས་ཀྱང་བསྙེན་བཀུར་ཡང་དག་ཞུས། དེ་ནས་ཕེབས་པའི་ལམ་དུ་ཙོང་ཐར་རི་ཁྲོད། བྲག་ལུང་དགོན། ཉི་མ་ལུང་སོགས་ཀྱིས་གདན་འདྲེན་ཞུས་ཤིང་གཞན་ཡང་འབྱོར་ལྡན་དུ་མས་བསྙེན་བཀུར་ཡང་དག་བསྒྲུབས། དགུང་ལོ་རེ་གཉིས་པ་ས་མོ་བྱའི་ལོ་གསར་གྱི་དགའ་སྟོན་ལམ་སྐབས་སུ་མཛད་དེ། ཚེས་བཞི་ལ་ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ། གྲྭ་ཚང་ཕན་ཚུན་གྱི་བླ་མ་གདན་ཟུར་ཁོ་བོ་ཅག་སོགས་རྟ་པ་སུམ་བརྒྱ་སྐོར་གྱིས་ཕེབས་བསུ་ཞུས་ཏེ་གདན་ས་ཆེན་པོར་ཕྱག་ཕེབས། གསུང་ཆོས་སོགས་ལ་རྒྱུན་པར་ཕེབས་ཤིང་གོང་མ་ཆེན་པོ་ནས་


GTD004_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བའི་གསེར་ཡིག་བསྒྲགས་ཏེ། འཇམ་མགོན་བླ་མའི་བསྟན་པ་འདི་ལ་སུས་ཀྱང་ལོག་སྒྲུབ་བྱས་མི་ཆོག་ཚུལ་གྱི་ཚོགས་གཏམ་དང་གསུང་རུས་པ་ཅན་མང་དུ་གནང༌། སྨོན་ལམ་འདོན་ཆའི་སྐོར་སོགས་རྗེ་རིན་པོ་ཆེའི་ཕྱག་བཞེས་ཇི་ལྟ་བ་བཞིན་བྱེད་དགོས་ལ། རང་རེའི་དགོན་འདིར་ད་སྐབས་ཕྱོགས་གཞན་ལ་ལྟོས་ན་ཕྱག་ལེན་ངོས་གཙང་ཡང་ད་དུང་ཆ་ཚང་ངེས་ཤིག་མི་འདུག་གསུངས་ནས་ངོ་མཚར་བའི་མཆོད་པ་བཅོ་བརྒྱད་དང་མཆོད་པ་ཉེར་གཅིག །ཕྱོགས་སོ་སོའི་ཕྱོགས་སྐྱོང་གི་འཕྱར་དར་འཛུགས་རྒྱུ་དང༌། དེར་སྔགས་གྲྭ་རེས་མོས་ཀྱིས་ཕྱོགས་གཏོར་གཏང་དགོས་པ་སོགས་གང་ཅིར་དག་ཐེར་ཞིབ་ཏུ་མཛད། བར་སྐབས་རྣམས་སུ་དར་ཧན་ཕེའི་ལིའི་ཤོག་ནང་སོ་འཇིགས་མེད་རིན་ཆེན་སོགས་བསྒྲུབ་བྱ་བརྒྱ་སྐོར་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཞིང༌། དགེ་ཚུལ་ཡང་ཁ་ཡར་བསྒྲུབས། དུར་བེད་ཝང་གི་ཤོག་སྦྱིན་བདག་ཚེ་རིང་དཔལ་གྱིས་ཞུས་ངོར་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང་ཁྱུང་ནག་གི་རྗེས་གནང༌། དྭགས་པོ་ནོ་མིན་ཧན་གྱི་འཚམས་ཞུས་པ་རྣམས་ལ་མགོན་པོ་ཕྱག་དྲུག་པ་དང༌། ཐུགས་རྗེ་ཆེན་པོའི་རྗེས་གནང༌། རྒྱ་མཁར་དགོན་པའི་ཁྲི་པ་རྡོ་རམས་པ་ནམ་མཁའ་ལྷུན་གྲུབ་ལ་གུར་གྱི་རྗེས་གནང་སོགས་སོ་སོའི་མོས་པ་བཞིན་དུ་ཆོས་བཀའ་ཅི་རིགས་གནང༌། བཅོ་ལྔའི་ཉིན་ལོ་དེའི་སྨོན་ལམ་གྱི་སྦྱིན་བདག་ཧར་ཆེན་ནང་སོ་ཡི་དམ་སྐྱབས་ཀྱིས་ཚོགས་དབུས་སུ་གདན་དྲངས་ཏེ་དངོས་འབུལ་སྤམ་མཐོ་བ་བཏེག་ནས་ཞབས་བརྟན་ཕུལ། མར་ངོའི་ཆ་ལ་བཅད་རྒྱ་གནང་སྟེ་ཐུགས་དམ་གཙོར་འདོན་དང་ཐུན་བར་རྣམས་སུ་ཨུ་ཅུ་མུ་ཆིན་པེའི་ལིའི་ཤོག་རབ་འབྱམས་པ་ཀུན་དགའ་


GTD004_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇིགས་བྱེད་བསྐྱེད་རྫོགས་གཉིས་ཀྱི་ཁྲིད་ལུང་སྩལ། གཡེར་གཤོང་སྤྲུལ་བའི་སྐུར་ཚོགས་ཆེན་གྱི་ཁྲིའི་བཀའ་བསྒྱུར་ཀྱང་དགོངས་པ་ནན་གྱིས་ཞུས་པས་ཁྲོལ་ཆ་གནང་སྟེ། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་རིན་པོ་ཆེ་ཁྲིར་བསྐོ་བཞག་མཛད། གཉིས་པའི་ཚེས་ལ་ཆས་པ་ཆོས་རྗེ་བློ་བཟང་ཆོས་ལྡན་ཁམས་མ་བདེ་བའི་སར་གདན་འདྲེན་དུ་འོངས་ཏེ་ནན་གྱིས་ཞུས་པར་ཞལ་བཞེས་གནང༌། ཚེས་བཅུ་གཉིས་ལ་བཅད་རྒྱ་གྲོལ་ཏེ་བཅོ་ལྔའི་ཉིན་དེ་ཕྱོགས་སུ་ཕྱག་བཏེགས། ལམ་གྱི་དགོན་ཁག་སོ་སོའི་བླ་མ་ལས་སྣེ་རྣམས་ཀྱིས་བསུ་སྐྱེལ་ཞུས། ས་དམར་བཞུགས་ཁྲི་ཐང་དུ་རྒྱ་མཁར་དཔོན་པོ་སོགས་ཀྱིས་བསུ་བ་དང་ཇ་ཐབ། དེ་ནས་ཕེབས་པར་ཅོ་ནེ་དཔོན་ཚང་གི་ཤོ་ཐུ་མགོན་པོ་དང་བླ་མ་སྐྱབས་གུར་ཡག་དཔོན་པོ་སོགས་བསུ་བ་རིམ་པར་འབྱོར་ཅིང་མདའ་རྒྱང་ཤིང་སྒོ་བརྒྱུད་དེ་ཀོ་ཡུ་ནང་དུ་ཕེབས། ཆས་པ་ཆོས་རྗེ་ལ་འཇིགས་བྱེད་ཀྱི་སྒོ་ནས་ཁྲུས་དབང་གནང་བར་དངོས་འབུལ་གཟབ་རྒྱས་བསྟར། ལྷ་བཟོ་དཔལ་འབྱོར་རྒྱ་མཚོས་ཞུས་ངོར་ཅོ་ནེ་མདོ་ནས་འོང་བའི་མ་ཎི་པ་ཉི་ཤུ་སྐོར་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་སྩལ། ཆས་པ་དགོན་སྤོ་ཡུལ་གྱི་ས་གནས་ལ་གཟིགས་ཏེ་ལྟོ་འཕྱེའི་ཐིག་གནང་ཞིང༌། རྒྱུད་པའི་གྲྭ་པ་རྣམས་ལ་འཇམ་དཔལ་མཚན་བརྗོད། བདེ་མཆོག་རྩ་རྒྱུད་ལེའུ་དང་པོ། ཆོས་སྤྱོད་འགའ་ཞིག་སོགས་ཀྱི་ལུང་དང༌། འགྲེལ་བ་བཞི་སྦྲགས་ཀྱི་དབུ་བཙུགས་ཏེ་གསང་བ་སྔགས་ཀྱི་བཤད་སྒྲུབ་འཕེལ་རྒྱས་སུ་འགྲོ་བའི་རྟེན་འབྲེལ་བསྒྲིགས། དགའ་ཚ་རི་ཁྲོད། ཡི་ཛ་རི་ཁྲོད། རྒྱ་རིས་དགོན། ཡུ་གུར་རི་ཁྲོད་སོ་


GTD004_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ནས་གདན་དྲངས་པར་ལུགས་གཉིས་ཀྱིས་བཀའ་དྲིན་བསྐྱངས། གཞན་ཡང་དད་ལྡན་དུ་མས་རང་འབྱོར་གྱི་བསྙེན་བཀུར་གཟབ་རྒྱས་ཞུས་པ་རྣམས་ཀྱི་རེ་བ་བསྐངས་ཏེ་ཐར་པའི་ས་བོན་བསྐྲུན། རིམ་གྱིས་གདན་སར་ཕེབས་ཏེ་དོན་གཉེར་ཅན་དུ་མ་ལ་ལུང་ཁྲིད་རྗེས་གནང་སོགས་ཆོས་བཀའ་མང་དུ་སྩལ། རྒྱའི་ལུགས་སྲོལ་ལ་ཟངས་ལྕགས་སོགས་གཏོས་ཆེ་བ་ཤིང་སྒོ་ནས་འདོན་པར་བཀག་ཆ་ཤིན་ཏུ་ཆེ་ཡང་ཕྱོགས་གཞན་ནས་དེ་ཙམ་གྱི་ཚན་ཅན་མི་རྙེད་པའི་དབང་གིས་ཟི་ཁྲོན་ཕྱོགས་ནས་བྱམས་ཆེན་གསར་བཞེངས་ཀྱི་ཟངས་སྒྲུབ་རྒྱུའི་དོན་ཆེད་གསུམ་པའི་ཚེས་ལ་ཟི་ལིང་དུ་ཕེབས་ནས་ཨམ་བན་བརྒྱུད་དེ་འཇམ་དབྱངས་གོང་མ་ཆེན་པོར་གྲེའུ་ཙེ་ཕུལ། དེར་བཞུགས་རིང་ལ་སྐུ་འབུམ་རྒྱུད་པ་དཔོན་སློབ། སྨན་པ་དཔོན་སློབ། བུམ་པར་ཞབས་དྲུང་སོགས་བླ་གྲྭ་དུ་མ་མཇལ་བར་ཕེབས་ཤིང་འགའ་ཞིག་གིས་ཞུས་ངོར་འཇིགས་བྱེད་བསྙེན་ཡིག །ལམ་གྱི་གཙོ་བོ་རྣམ་གསུམ། ལམ་སྒྲོན་སོགས་ཀྱི་ལུང་ཁ་ཤས་སྩལ། མི་འགྱུར་པེའི་སི་ཕོ་བྲང་ནས་ཡར་འཁོར་ཏེ་མཇལ་དུ་འོང་བར་དགྱེས་པའི་བཀའ་མཆིད་གནང༌། ཕྱིར་ཕེབས་ཏེ་ཀྱོ་ཀྱའི་གཞིས་ཀར་བཞུགས་ཐོག་ཐུའུ་བཀྭན་རིན་པོ་ཆེ་བྱ་ཁྱུང་ནས་དེར་ཕེབས་ཏེ། ཡབ་སྲས་གཉིས་ཀ་ཞག་གཉིས་ལྷན་དུ་བཞུགས་ནས་གསུང་འཕྲོས་ནང་སྦྱར་མང་དུ་མཛད། ཁོང་གིས་ཞུས་ངོར་གཟའ་བཅོས་ཉི་མ་མདུང་གང་མའི་ལྗགས་ལུང་སྩལ། ཕྱིར་བྱོན་པའི་ལམ་ཁར་ཀ་རིང་རི་ཁྲོད་ཐར་པ་གླིང་དུ་གདན་དྲངས་ཏེ་དཀར་སྤྲོའི་བསྙེན་བཀུར་གཟབ་རྒྱས་ཞུས་ཤིང༌། སྟག་གེ་སྤྲུལ་སྐུ་ལ་རབ་བྱུང་གི་སྡོམ་པ་གནང༌། ཁོང་གིས་གཙོས་ཐར་པ་གླིང་དང་


GTD004_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རིང་དགོན་གྱི་གྲྭ་མང་ཕྱོགས་འདུས་ཀྱི་མཇལ་བ་དུ་མར་རྗེ་ཉིད་ཀྱིས་མཛད་པའི་སྨྱུང་གནས་ཀྱི་ཆོ་ག་དང༌། སྦྱོར་བའི་ཆོས་དྲུག །པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་གི་བརྒྱ་རྩ་བསྡུས་པ་སོགས་ཀླག་ལུང་འགའ་ཞིག་དང༌། དབེན་པའི་གནས་འདིར་སྒྲུབ་པ་ཉམས་ལེན་ཁོ་ན་ལྷུར་བཞེས་དགོས་ཚུལ་གྱི་བསླབ་བྱ་བློ་འཁུལ་ངེས་པ་གནང༌། གདན་སར་ཕེབས་ནས་དྭགས་པོ་ཀུན་གྲོལ་ནོ་མིན་ཧན་གྱིས་བསྐུལ་ངོར་ས་ལམ་གྱི་རྣམ་གཞག་ཐེག་གསུམ་མཛེས་རྒྱན་ལྗགས་རྩོམ་མཛད། ཆོས་སྡེ་ཆེན་པོ་བྱ་ཁྱུང་གི་ཁྲི་པ་ཐུའུ་བཀྭན་རིན་པོ་ཆེ་ནས་ཁྲི་ཁུར་སྤོས་པར། བླ་མ་གདན་ཟུར་དགེ་འདུན་མང་དང་བཅས་འདུན་པ་ཆིག་དྲིལ་གྱིས་རྗེ་བླ་མ་ཉིད་ཆོས་ཀྱི་གདན་ཁྲིར་མངའ་གསོལ་བར། ཁྲི་ཟུར་གདོང་འཇུག་དཔོན་སློབ། ཐུའུ་བཀྭན་རིན་པོ་ཆེའི་སྐུ་ཚབ་གྲྭ་རྒན་ཁ་ཤས་བཅས་བཞི་པའི་བཅོ་ལྔའི་ཉིན་འབྱོར་ཏེ་སྙན་འབུལ་ཞུས་པ་ལ་དགྱེས་པའི་ཞལ་བཞེས་གནང༌། རབ་བྱུང་ལྔ་དང་བསྙེན་རྫོགས་སུམ་ཅུ་སྐོར་གསར་དུ་བསྒྲུབས། ཨེ་ཝཾ་ཆོས་འཁོར་གླིང་ནས་ཞུས་ངོར་འདི་ཀའི་བླ་མ་སྤྲུལ་སྐུ་དགེ་བཤེས་སོགས་ཧྲག་བསྡུས་སྟོང་ཕྲག་ཙམ་དང༌། རོང་པོ་དགོན་གྱི་ཁྲི་པ་ཟུར་པ་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་དུ་མ་ལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱལ་པོའི་དབང་སྟ་གོན་དང་བཅས་པ་རྣལ་འབྱོར་བཞིས་བསྡུས་པའི་ལམ་གྱི་གནད་འདྲིལ་བའི་གསུང་བཤད་ཕྱག་ལེན་སོགས་ཞིབ་ལ་རྒྱས་པ་དང༌། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་གྱི་ཆོ་ག་རྒྱས་པ། པཎ་ཆེན་གྱིས་


GTD004_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་དེའི་ཆོ་ག་བསྡུས་པ། རྣམ་སྣང་མངོན་བྱང་གི་བདག་བསྐྱེད། རྗེ་ཉིད་ཀྱིས་མཛད་པའི་གཅོད་ཀྱི་ཉམས་ལེན་མདོར་བསྡུས་སོགས་ཀྱི་ལྗགས་ལུང་སྩལ། ལྔ་པའི་ཚེས་ལ་སྔར་གོང་མ་ཆེན་པོར་གྲེའུ་ཙེ་ཕུལ་བའི་ལན་དུ་བྱམས་པ་བཞེངས་རྒྱུའི་དོན་འདི་ལ་བླང་ཆོག་ཅིང་གཞན་ལ་དེ་ལྟར་མི་ཡོང་ཞེས་ཨམ་བན་ལ་བཀའ་བབས་པའི་གནས་ཚུལ་སྐྱེལ་བར་ཐོང་ཤི་ཆེད་མངགས་འབྱོར་ཏེ་རྒྱུ་མཚན་ཞུས་པས་དགྱེས་ཚོར་ཤིན་ཏུ་ཆེ་བར་མཛད། ཁོ་བོས་ཞུས་ཏེ་དོན་གཉེར་ཅན་དུ་མ་ལ་སློབ་དཔོན་ཤཱཀྱ་འོད་ཀྱི་འདུལ་བ་སུམ་བརྒྱ་པ་དང༌། འོད་ལྡན་ཇོ་བོའི་ཆོས་ཆུང་བརྒྱ་རྩ་སོགས་རྒྱ་གཞུང་ཁ་ཤས་ཀྱི་ལྗགས་ལུང་སྩལ། ལྔ་པ་ཉིས་བརྩེགས་ཀྱི་རྗེས་མའི་ཚེས་ལ་རྐང་ཚ་དཀའ་བཅུ་བློ་བཟང་བསྟན་འཛིན་གྱིས་གཙོས་སེར་སྐྱ་ཐམས་ཅད་གྲོས་མཐུན་གྱི་སྒོ་ནས་རྐང་ཚའི་སྡེ་པ་ཐམས་ཅད་སྐུ་ཞབས་རིན་པོ་ཆེའི་ལྷ་སྡེ་བྱེད་རྒྱུ་དང༌། ད་ནའི་ས་ཆ་ཕུལ་ཏེ་དགོན་པ་ཞིག་འདེབས་དགོས་ཀྱི་ཞུ་བ་ཕུལ་བར་ཞལ་གྱིས་བཞེས་ཏེ། ད་ནའི་མགོ་སྐྱིད་ཐང་དུ་ས་བརྟགས་བསླང་དང་ལྟོ་འཕྱེའི་ཐིག་སོགས་གནང༌། དབུས་ཕྱོགས་སུ་རྒྱལ་བ་ཡབ་སྲས་ལ་འཚམས་ཞུ་དང༌། དཔོན་སློབ་སངས་རྒྱས་རྡོ་རྗེའི་མཆོག་སྤྲུལ་ཆོས་འཁོར་རྒྱལ་གྱི་མཁན་རིན་པོ་ཆེ་ཕེབས་བསུ་བསྡོམས་པར་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་ངོ་གཡོག་རྫོངས་སྟ་མཛད། ཞག་བདུན་གྱི་རིང་ཆབ་ཚན་གྱི་འཕྲོད་བསྟེན་གནང་ཞིང་དོན་གཉེར་ཅན་དུ་མ་ལ་འདོད་ཆོས་དང་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། དྲུག་པའི་ཚེས་ལ་བྱ་ཁྱུང་དུ་ཆིབས་བསྐྱོད་པར་ལམ་གྱི་སྡེ་དགོན་སོ་སོ་ནས་བསྙེན་བཀུར་ཕུལ་དུ་ཕྱིན་པ་ཞུས་ཤིང༌། བྱ་ཁྱུང་གི་བླ་མ་


GTD004_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྣེ་ཆེ་བགྲེས་སོགས་ཀྱིས་ཐབ་བསུ་དང༌། ཆིབས་བསུ་སྔ་ཕྱི་རིམ་པར་འབྱོར། ངུར་སྨྲིག་འཆང་བའི་འཕགས་པའི་དགེ་འདུན་རྣམས་ཀྱིས་མཆོད་པའི་ཡོ་བྱད་དུ་མ་ཐོགས་ཏེ་གསོལ་བ་འདེབས་པའི་གདངས་དབྱངས་སྙན་པོར་སྒྲོགས་པའི་སེར་སྦྲེང་གིས་མདུན་བསུས་ཏེ། ཡུལ་མདོ་སྨད་ཀྱི་དགོན་ཆེན་ཕལ་མོ་ཆེའི་མ་དགོན་ལྟ་བུར་གྱུར་པ་བཤད་སྒྲུབ་བསྟན་པའི་དགའ་ཚལ་གདན་ས་ཆེན་པོ་བྱ་ཁྱུང་བྱམས་པ་གླིང་དུ་ཕེབས། གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཐོག་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་སེན་ཉེ་བར་བཀོད་པའི་དགའ་སྟོན་དུ། ཐུའུ་བཀྭན་བླ་བྲང་ནས་སྐུ་ཚ་ནོ་མིན་ཧན་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དར་རྒྱས་ཆེད་མངགས་ཀྱིས་ཁྲི་འབུལ་སྤམ་མཐོ་བ་བཏེག །དེ་སྐབས་ཐུའུ་བཀྭན་རིན་པོ་ཆེ་ནས། དཔལ་ལྡན་མཁས་གྲུབ་བྱེ་བའི་ཟུར་ཕུད་ལ། །བཀྲ་ཤིས་འཁོར་ལོས་མཚན་པའི་ཞབས་སེན་གྱིས། །ངོ་མཚར་ཅོད་པན་འགོད་པའི་བསྟན་འགྲོའི་མགོན། །མཚུངས་བྲལ་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ། །གང་གི་ཞལ་གྱི་པདྨོ་ལས་འོངས་པའི། །ཟབ་རྒྱས་ལེགས་བཤད་སྦྲང་རྩིས་མྱོས་པ་ཡི། །རིགས་པ་སྨྲ་བ་རྐང་དྲུག་གཞོན་ནུ་དེས། །དགེ་བའི་ཞུ་མཆིད་དར་དིར་དབྱངས་འདི་སྒྲོགས། །ཚད་མའི་སྟོན་པ་ཀུན་མཁྱེན་ཙོང་ཁ་པའི། །ཡོངས་སུ་འཛིན་པའི་ནོར་བུའི་ཅོད་པན་མཆོག །དོན་ཀུན་གྲུབ་པའི་རིན་ཆེན་ཞེས་གྲགས་པ། །གང་དེའི་ཆོས་ཀྱི་རྒྱལ་སྲིད་ཡངས་པའི་ཁྲིར། །སྟོབས་བཅུ་མངའ་བ་སྙིགས་མའི་མགོན་པོ་ཁྱོད། །རྣམ་འདྲེན་ཀུན་གྱིས་མགྲིན་གཅིག་བླངས་པའི་དབྱངས། །ཕུན་ཚོགས་ཤིས་པའི་ཚིག་གིས་མངའ་གསོལ་ཞིང༌། །བསྔགས་


GTD004_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་ཏོག་གསར་པ་སིལ་མ་བཀྲམ། །ལེགས་བཤད་འོད་ཟེར་སྟོང་གི་དྲ་བ་ཅན། །བཤེས་གཉེན་སྨྲ་བའི་ཉི་མ་ཁྱོད་ཤར་བས། །བླང་དོར་རི་མོ་སྒྲིབ་པ་རྨོངས་ཆེན་གྱི། །མུན་པའི་གཡུལ་ལས་ས་འདི་རྣམ་པར་རྒྱལ། །ཕྱོགས་རེའི་ཡོན་ཏན་འོད་འཕྲོ་རྒྱུ་སྐར་གཟུགས། །མང་ཡང་མདོ་སྔགས་རིག་གནས་ཆ་ཤས་ཀུན། །རྫོགས་པའི་ཟླ་བ་ད་གཟོད་འོངས་སོ་ཞེས། །བློ་ལྡན་ཀུན་དའི་ཚོགས་རྣམས་འཛུམ་དཀར་བཞད། །གདུལ་བྱའི་རླུང་གིས་ཅི་ཙམ་བསྐུལ་བ་བཞིན། །རྣམ་པར་དགེ་བའི་དྲི་བཟང་ཆེར་ལྡང་བ། །ཁྱོད་ཀྱི་ཡོན་ཏན་ཕུང་བོ་ཙན་དན་ཤིང༌། །མཁས་རློམ་ལྗོན་པ་ཕལ་གྱིས་བསྒྲུན་དུ་མེད། །གནའ་དུས་ལུང་རྟོགས་ཡོན་ཏན་ཨ་མྲྀ་ཏས། །ཡོངས་གང་མཁན་བརྒྱུད་གསེར་གྱི་ཀ་ལ་ཤ །འཕྲེང་བར་བསྒྲིགས་པས་རིམ་བཞིན་སྐལ་བཟང་ལ། །ལེགས་བཤད་བདུད་རྩིའི་དགའ་སྟོན་ཅི་ཡང་སྤེལ། །བར་སྐབས་ཤིག་ནས་དུག་གསུམ་བ་ཚྭའི་ཆུས། །ཉེར་གཏམས་བླུན་པོ་རྫ་ཡི་བུམ་པ་འགའ། །ཚུལ་འཆོས་རྨ་བྱའི་སྒྲོ་ཡིས་ཁ་བརྒྱན་ནས། །རིགས་མཐུན་བླུན་པོའི་མགོ་ལ་དབང་རབ་བསྐུར། །སྐབས་འགར་སྟོབས་འབྱོར་འདུ་འཛིས་རབ་བཏེག་པའི། །མཐོན་པོའི་ཁྲི་ལ་འགྱིང་བའི་བླ་ཆེན་འགའ། །ལེགས་བཤད་གསུང་གི་སྣང་བ་མི་སྩོལ་བར། །ལྷ་སྐུའི་གསོབ་བཞིན་མཆོད་ཡུལ་ཙམ་དུ་བཞུགས། །དེ་ཕྱིར་ལེགས་བཤད་གཞུང་ལུགས་ཕལ་མོ་ཆེ། །རྒྱུད་ཆད་པི་ཝང་ཇི་བཞིན་སྒྲ་མེད་དུ། །གྱུར་འདི་ཁྱོད་གསུང་ཚངས་པའི་དབྱངས་སྙན་པོ། །སྐལ་བཟང་རྣ་བའི་བཅུད་དུ་དེང་བསྒྲགས་གསོལ། །ཤར་ཕྱོགས་རིག་པའི་དཔའ་བོས་ཆོས་ཀྱི་རྔ། །བརྡུང་བས་འགྲོ་མང་མ་རིག་


GTD004_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ལས་བསླངས། །དེ་བཞིན་མཁས་པའི་དབང་པོ་ཁྱོད་ཀྱིས་དེང༌། །ལེགས་འདོམས་བདུད་རྩིས་སྐལ་ལྡན་ཚིམ་མཛད་གསོལ། །ཁྱད་པར་འཕགས་བོད་མཁས་གྲུབ་མ་ལུས་པའི། །ཐུགས་ཀྱི་ཉིང་ཁུ་སྐྱེས་བུ་གསུམ་གྱི་ལམ། །ཚུལ་བཞིན་ཉམས་བསྟར་མང་ཐོས་བསམ་གཏན་པས། །དབེན་པའི་རི་སུལ་འགེངས་པའི་བཀའ་དྲིན་སྩོལ། །འདི་སྣང་རྣ་གོང་ཨུཏྤལ་ཕོན་པོ་ནི། །རྒས་པའི་བ་མོའི་རེག་པས་སྙིགས་གྱུར་ཅིང༌། །ཕྱི་མའི་དོན་འགྲུབ་ཆོས་ཀྱི་ནོར་བུའི་རྒྱན། །མ་རྙེད་གྱི་ནར་ལུས་པའི་སློབ་གཟུགས་བདག །མདོ་སྨད་ས་ཡི་ཐིག་ལེ་སྐུ་འབུམ་ཞེས། །ལུམ་པའི་སྐྱེད་ཚལ་གཉིས་པ་གང་དེ་ཡི། །ཆོས་ཀྱི་ཁྲི་ལ་འདུག་པར་འོས་སོ་ཞེས། །འདུས་པའི་ཚོགས་ཀྱིས་མགྲིན་གཅིག་གླེང་བ་ན། །བོང་བ་གསེར་དུ་གཟིགས་པའི་དགེ་འདུན་སྡེའི། །བཞེད་པ་སྐོང་ཕྱིར་ཆོས་ཀྱི་སྡེ་ཆེན་དེའི། །ལུགས་གཉིས་ཟུང་དུ་འཇུག་པའི་ཁུར་ཆེན་པོ། །ལྷག་བསམ་དཔུང་པས་འདེགས་ལ་མངོན་དུ་ཕྱོགས། །དམ་པའི་དྲིན་ལས་ཆོས་བཞིན་སྤྱོད་པ་ཡི། །གོམ་སྟབས་ལེགས་ལམ་དྲང་བོར་འགོད་ཤེས་ཀྱང༌། །ངན་གཡོ་སྤྲེ་འུའི་རྩལ་ལ་མ་སྦྱངས་པས། །སྙིགས་དུས་སྡེ་དགོན་ནགས་ཁྲོད་འགྲིམ་ལ་རྨོངས། །དེ་ཕྱིར་མཁྱེན་རབ་ལག་འགྲོའི་སྙིང་པོ་ལས། །བླང་དོར་སྟོན་པའི་བསླབ་བྱ་དྲི་བསུང་ཅན། །བཀའ་འཕྲིན་མ་ལ་ཡར་རླུང་དང་འགྲོགས་ཏེ། །རྨོངས་པའི་ཚ་གདུང་སེལ་བའི་བཀའ་དྲིན་ཞུ། །སྙན་ཚིག་དབྱངས་ཀྱི་ང་རོའི་རྒྱུད་མངས་པོ། །སྙིམ་པར་ཐོགས་པའི་ཞུ་མཆིད་གནྡྷ་རྦྷ། །


GTD004_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དར་གྱི་པཉྩ་ལི་ཀ་ཅན། །ཁྱོད་དྲུང་ཆོས་ཀྱི་མདུན་ས་ཆེ་དེར་སོངས། །ཞེས་སྙན་ཚིག་གི་ལམ་ནས་དྲངས་པའི་ཞུ་ཤོག་ཕུལ། ནང་ཆེན་སོ་སོ་ནས་ཀྱང་ལེགས་འབུལ་བསྟར་ཞིང༌། དེར་བཞུགས་རིང་སྤྱི་སྒེར་ཀུན་ནས་གསོལ་སྟོན་བསྙེན་བཀུར་སོགས་ཀྱི་རིམ་པ་གཟབ་རྒྱས་ཞུས། གྲྭ་དཔོན་སློབ་ཐམས་ཅད་ནས་རྗེ་བླ་མའི་བསྟན་པ་དང་རང་རང་གི་འདི་ཕྱིའི་དོན་རྣམས་ཐུགས་ལ་བཞག་སྟེ་སྤྱིར་བསླབ་པ་གསུམ་གྱི་ཉམས་ལེན་དང༌། ཁྱད་པར་དུ་བསྟན་པའི་གཞི་མ་དགེ་འདུན་གྱི་སྒྲིགས་ལམ་ཀུན་སྤྱོད་ཆོས་འཆད་ཉན་སོགས་ལ་བརྩོན་པ་གནང་དགོས་ཚུལ་གྱི་ཚོགས་གཏམ་ཞིབ་རྒྱས་འཆུན་ཆེ་ཞིང་བློ་འཁུལ་ངེས་པ་དང༌། ཆོས་གྲྭར་བརྩི་བཞག་ཀྱང་རེ་ཞིག་གནང༌། ཚོགས་མང་ལ་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཆ་ཚང་བ་དང༌། གཞན་དོན་གཉེར་ཅན་ཁ་ཤས་ལ་གུར་ལྷ་དགུ་དང་ཤྲ་མ་ཎའི་རྗེས་གནང༌། ཡི་ངོགས་བསམ་གཏན་རྒྱ་མཚོས་མཛད་པའི་བླ་མཆོད་ཁྲིད་ཡིག །རྗེ་ཉིད་ཀྱི་བཀའ་རྩོམ་འགའ་ཞིག་གི་ལྗགས་ལུང་སོགས་འདོད་ཆོས་མང་དུ་སྩལ། རི་ཁྲོད་པ་འཇིགས་མེད་རབ་རྒྱས་ཀྱིས་སྔར་ནས་དྲིལ་བུ་ལུས་དཀྱིལ་གྱི་དབང་གི་སྙན་གསན་ཕུལ་བར་ཁྱེད་རང་རྗེས་སོར་བྱ་ཁྱུང་དུ་འོངས་ནས་ཨ་ར་པ་ཙའི་སྒྲུབ་ཁང་དུ་མཚམས་ཤིག་བསྡམས་ན་ལེགས་ཤིང༌། དབང་ཡང་དེ་སྐབས་བྱེད་ཅེས་ཞལ་བཞེས་ཡོད་པ་ལྟར་ཁོང་ཆེད་གཏད་ཀྱིས་འོང་བ་ལ་ཉི་ཤུ་བཞིའི་སྲོད་ལ་སྟ་གོན་དང༌། ལྔའི་ཐོ་རངས་བདག་འཇུག་བཞེས་ནས་ནམ་ལངས་བར་དུ་དབང་ཡོངས་སུ་རྫོགས་པར་སྩལ། དེ་སྐབས་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་སྐུ་འབུམ་


GTD004_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁྲིར་གསར་དུ་བཞུགས་པ་ལ་ལེགས་སྐྱེས་ཀྱི་ཚན་གྲངས་བསྟར་ཞིང་གདན་ས་ནས་བྱ་ཁྱུང་དུ་དམ་བཅར་ཁྲིད་འོང་བའི་གྲྭ་པ་བཞི་ལ་དེར་ཡང་ཆེད་མངགས་ཀྱིས་ཁྲི་སྟོན་དང་འབྲེལ་བར་དམ་བཅའ་འཇོག་རྒྱུའི་བཀོད་ཁྱབ་གནང་སྟེ་ལུགས་གཉིས་ཀྱི་དགའ་སྟོན་སྤེལ། དེའི་ཚེ་ཆབ་ཤོག་གནང་བ་ནི་འདི་ལྟར། མཁྱེན་བརྩེའི་གདེངས་ཀ་འབུམ་དུ་དར་བའི་སྤྲིན། །མི་ཟད་འདོད་དགུའི་སྙིང་པོ་འཆང་བའི་དཔྱིད། །རྒྱལ་དང་དེ་སྲས་རྡུལ་བཞིན་འཁྲིགས་པ་ཡིས། །དེང་འདིར་དགེ་ལེགས་མེ་ཏོག་ཆར་དུ་སྙིལ། །བློ་བཟང་སྟོབས་བཅུ་མངའ་བའི་བཞེད་དགོངས་མཆོག །མདོ་སྔགས་ཆོས་ཀྱི་འདབ་སྟོང་ཟུམ་པ་གང༌། །ཇི་བཞིན་འབྱེད་ལ་མཁྱེན་དཔྱོད་ཉི་མ་ལྟར། །འབར་བའི་སྐྱེས་མཆོག་དམ་པ་གང་དེའི་དྲུང༌། །སྙོམ་ལས་ངང་དུ་ན་ཚོད་ཡོལ་གྱུར་ཀྱང༌། །སྒྲུབ་ལ་མི་གཞོལ་ཆོས་བརྒྱད་བ་ཚྭའི་རོ། །བདུད་རྩིའི་བཅུད་དུ་རློམ་པས་དུས་འདའ་བ། །དགེ་སྦྱོང་རྒན་པོ་གང་དེས་མཆིད་འདི་གསོལ། །དབང་བོའི་ཏོག་གི་སྤྱན་སྔར་ཐུགས་བསྐྱེད་བཞིན། །ཞིང་འདིར་ཟབ་དང་རྒྱ་ཆེ་བསྟན་པའི་སྲོལ། །ཕྱེ་བས་ཐར་འདོད་ཡོངས་ཀྱི་དབུགས་འབྱིན་པ། །གང་དེ་ཐུབ་པ་ཀུན་གྱི་གདུང་འཚོབ་ཉིད། །ཉམ་ཐག་སྙིགས་མའི་འགྲོ་རྣམས་རྗེས་བཟུང་སླད། །མགོན་དེ་མི་ཡི་སྲིད་པར་རོལ་པའི་གནས། །མདོ་སྨད་ཙོང་ཁ་སྤྲུལ་བའི་སྐུ་འབུམ་ཞེས། །གྲགས་སྙན་རོལ་མོ་ས་གསུམ་རྣ་རྒྱན་གྱུར། །ནོར་འཛིན་ཐིག་ལེ་གང་དེར་ཡབ་རྗེ་ཡི། །ཐུགས་བསྐྱེད་ལ་བརྟེན་ངུར་སྨྲིག་འཆང་བའི་སྡེ། །ཚར་དུ་དངར་བའི་ཡིད་


GTD004_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

འོང་ཟུར་ཕུད་ཀྱིས། །གུས་པས་བཏུད་པའི་མི་འཇིགས་ཆོས་ཀྱི་ཁྲིར། །ཡོངས་འཛིན་ནོར་བུའི་ཅོད་པན་གཙུག་ཐོགས་ནས། །ལུང་རྟོགས་དབྱིག་འཛིན་ཁྱོན་ལ་དབང་བསྒྱུར་བ། །མཚུངས་བྲལ་སྨྲ་བའི་རྒྱལ་པོ་ཁྱོད་འཁོད་པས། །དཀར་ཕྱོགས་སྐྱོང་རྣམས་འཛུམ་དཀར་རྒོད་པས་བྲེལ། །བདག་ཀྱང་ཚུལ་དེ་ཐོས་ཚེ་འབྲུག་གི་སྒྲ། །རྣ་བར་སོན་པའི་གཙུག་ཕུད་ཅན་བཞིན་དུ། །རབ་དགའ་མྱོས་པའི་རྣམ་འགྱུར་གསལ་བའི་ཆེད། །ལེགས་སྐྱེས་མེ་ཏོག་ཟེགས་མ་ཙམ་དུ་འཐོར། །འཆད་ཉན་འོད་དཀར་སྣང་བ་དང་བྲལ་ན། །དགེ་འདུན་བློ་གསལ་འདུས་པའི་ཀུ་མུད་ཚལ། །རྒྱ་ཆེན་རྣམ་དཔྱོད་འདབ་མ་ཁ་ཕྱེ་ནས། །ཡོན་ཏན་དྲི་བསུང་འཕྲོ་བ་སུ་ཞིག་དམིགས། །དེ་སླད་ཐུགས་བསྐྱེད་བཙན་པོའི་གོ་གྱོན་ཏེ། །རབ་འབྱམས་གཞུང་ལུགས་འཆད་དང་སྟོན་པ་ཡི། །ལེགས་བཤད་གསེར་གྱི་དྲིལ་བུ་རྣམ་སྟོང་དུ། །འཁྲོལ་བས་དམ་ཆོས་དགའ་སྟོན་རྒྱས་པར་མཛོད། །དད་དང་བརྩོན་པའི་འདབ་གཤོག་རབ་གཡོ་ཞིང༌། །རྩོད་ངག་རིགས་ལམ་དབྱངས་སྙན་སྒྲོགས་མཁས་པ། །བློ་གསལ་མཁའ་འགྲོ་དཀར་པོའི་ཕྲེང་བ་ཡིས། །ཆོས་སྡེའི་མཚོ་ཆེན་ཡོངས་སུ་གང་བར་མཛོད། །རྣམ་དཀར་དམ་ཆོས་སྒྲུབ་ལ་གཞོལ་རྣམས་ཀྱང༌། །ཟས་གོས་མཐུན་རྐྱེན་འཚོ་བའི་དངོས་པོ་ལ། །ལྟོས་ཕྱིར་རྙེད་དང་བཀུར་སྟིའི་སྤྲིན་ཕུང་གིས། །འདུས་པའི་སྡེ་ཆེན་རི་རྩེ་བརྒྱན་པར་མཛོད། །ངུར་སྨྲིག་བགོས་ཀྱང་རྩིང་པོའི་སྤྱོད་པ་ཡིས། །རང་གཞན་ཕུང་ལ་སྦྱོར་རྣམས་ཚར་བཅད་དེ། །ཆོས་ལ་དཀར་ཞིང་ཚུལ་ལྡན་དོན་གཉེར་རྣམས། །བྱམས་བརྩེས་སྐྱོང་ལ་ལྷོད་པ་མེད་པར་མཛོད། །མི་རིགས་ཁམས་དང་བསམ་


GTD004_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་པོ་དང༌། །བག་ལ་ཉལ་སོགས་རྨ་བྱའི་མདོངས་བཞིན་དུ། །སོ་སོ་བཀྲ་ཕྱིར་མགུ་བར་ཆེས་དཀའ་བས། །གང་འདུལ་ཐབས་མཁས་མཛད་པས་སྐྱོང་བར་མཛོད། །མདོར་ན་ཆོས་སྡེ་ཆེན་པོའི་ལུགས་གཉིས་ཀྱི། །འཕེལ་རྒྱས་ཇི་ལྟ་ཇི་ལྟར་གནང་འོས་པ། །དེ་ལྟ་དེ་ལྟར་ཐུགས་ཁུར་ལྷུར་བཞེས་ཏེ། །དབྱར་གྱི་ཆུ་གཏེར་དཔལ་ལ་འགྲན་པར་མཛོད། །གཅམ་བུ་ཙམ་མིན་གསོང་པོའི་ཚུལ་ཉིད་དུ། །སྨྲས་པའི་ཚིག་ཕྲེང་རྒྱུད་མངས་སྦྲེང་འདྲ་འདིས། །གང་གི་སྙན་དབང་སིམ་ཞིང་གསལ་བའི་ཐུགས། །རབ་ཏུ་དགྱེས་པའི་རྩེ་དགའ་འཛིན་གྱུར་ཅིག །དེ་ལྟའི་ཞུ་མཆིད་དཔྱིད་ཀྱི་ཕོ་ཉ་ཁྱོད། །སྐུ་འབུམ་མ་ལ་ཡ་ཡི་རིར་སོང་ལ། །དམ་པའི་མདུན་ས་འཁྲི་ཤིང་གསར་པའི་རྩེར། །དོན་ལྡན་ཚིག་གི་དབྱངས་སྙན་འབུལ་བར་མཛོད། །ཅེས་པའོ། །རྗེ་ཉིད་སྐུ་དོན་རྒྱ་ཆེ་བའི་དབང་གིས་དེར་རྒྱུན་ཆགས་སུ་བཞུགས་མི་ནུས་ཤིང་འཆད་ཉན་གྱི་གྲྭ་ཚང་ཆེན་པོ་ཡིན་གཤིས་བརྩི་བཞག་སོགས་སྟར་ཆགས་གཏོང་དགོས་པའི་གནད་ཀྱིས་སློབ་ཆུང་ལྟ་བུར་ཁྲི་ཟུར་གདོང་འཇུག་ཞབས་དྲུང་རིན་པོ་ཆེ་བསྐོ་བཞག་དང༌། གཞན་གྱི་ལས་སྣེ་སོ་སོར་ཡང་རང་རང་གི་ཁུར་དུ་གང་བབས་པའི་སྒྲིགས་ལམ་གནོན་ཚུལ་གྱི་བསླབ་བྱ་ཞིབ་ཏུ་མཛད། དེ་ནས་བྱ་ཁྱུང་གི་བླ་མ་ལས་སྣེས་ཆིབས་སྐྱེལ་ཞུས་ཏེ་སྐུ་འབུམ་དུ་ཕྱག་བཏེགས། བསུ་བ་སེར་སྦྲེང་དང་བཅས་དང་པོར་སྐུ་འབུམ་བླ་བྲང་དུ་ཕེབས་པར་དེ་ནས་གསོལ་སྟོན་ཞུས་ཤིང་རྒྱུན་པར་ཉིད་ཀྱི་གཟིམས་ཁང་འཇམ་དབྱངས་སྒར་པར་བཞུགས། སྔ་མོ་ཞིག་ནས་རྗེའི་གསུང་འབུམ་གྱི་ལྗགས་ལུང་བཀའ་དྲིན་བསྐྱང་དགོས་


GTD004_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསོལ་བ་བཏབ་འདུག་ནའང༌། དུས་ལ་མ་སླེབས་པ་ལྟ་བུས་ཐོག་ཏུ་མ་ཁེལ་བ་ལ། འདི་སྐབས་ཐུའུ་བཀྭན་རིན་པོ་ཆེ་ནས་ནན་ཏན་མཛད་པས་བདུན་པའི་ཚེས་གཉིས་ནས་ཉི་ཤུ་གསུམ་གྱི་བར་དུ་སྐུ་འབུམ་གྱི་མཁན་སར་བཞུགས་པ་བསྟན་པའི་རྩ་ལག་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་དང་མཁན་ཟུར་ཟི་ན་ཚང༌། རྒྱུད་པ་དཔོན་སློབ། སྨན་པ་དཔོན་སློབ། བཱ་ཇུས་བླ་མ། བཱ་ཇུས་ཞབས་དྲུང༌། བུམ་པར་ཞབས་དྲུང་། རྒྱ་ཡག་ཞབས་དྲུང་སོགས་དོན་གཉེར་ཅན་ཧྲག་བསྡུས་ལྔ་བརྒྱ་སྐོར་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་པོ་ཏི་བཅུ་བདུན་གྱི་ལྗགས་ལུང་ཡོངས་སུ་རྫོགས་པར་སྩལ། མཇུག་ཏུ་ཐུའུ་བཀྭན་རིན་པོ་ཆེ་ནས་བླ་མ་དང་ཆོས་ཀྱི་ཆེ་བ། ལྷག་པར་དེང་དུས་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་དུ་རྗེ་ཉིད་ཞབས་པད་རིང་དུ་བརྟན་དགོས་པའི་རྒྱུ་མཚན་སོགས་ཀྱི་གསུང་བཤད་ཟབ་ཅིང་བརླིང་ལ་དོན་འདྲིལ་ཞིང་ཟུར་ཕྱིན་པ་གནང་སྟེ་གཏང་རག་གི་ཡོན་འབུལ་བཏེག །བཀའ་ཆོས་ཀྱི་སེང་བར་དུ་དགེ་ཚུལ་བརྒྱ་དང་བཅུ་བཞི་བསྙེན་རྫོགས་དགུ་བཅུ་གོ་དགུ་གསར་དུ་བསྒྲུབས། ལྷ་ཁང་ཆེན་མོ་སོགས་ལ་རྟེན་མཇལ་ཞིབ་ཏུ་མཛད་དེ། འཇམ་མགོན་རྒྱལ་བ་གཉིས་པའི་གདན་སར། འཇམ་མགོན་བསྟན་པའི་རྩ་ལག་དུ་མ་ལ། འཇམ་དབྱངས་བླ་མའི་གསུང་གི་བདུད་རྩིའི་དགའ་སྟོན་སྤེལ་བའི་རྣམ་དཀར་གྱི་མཐུ་ལ་བརྟེན་ནས། བློ་བཟང་འཇམ་དཔལ་སྙིང་པོའི་རིང་ལུགས་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་གྱིས་མཚམས་སྤྱོར་ནན་ཏན་མཛད། ཞབས་ཕྱིའི་ཁྲོད་ནས་གུ་ཤྲཱི་སྐལ་བཟང་ལ་བྱ་ཁྱུང་དང་གདན་ས་འདི་


GTD004_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་དོན་གཉེར་ཅན་མང་པོར་དབྱངས་ཅན་སྒྲ་མདོ་དང༌། ཀ་ལཱ་པ་གཉིས་ཞིབ་ཏུ་སློབ་བཅུག་པས་བློ་གསལ་དུ་མ་ལ་ཕན་པའི་གསོས་སུ་གྱུར། ཉི་ཤུ་ལྔ་ལ་ཐུའུ་བཀྭན་རིན་པོ་ཆེར་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྩལ། དེར་གསུང་འཕྲོས་ཤིག་གི་ཚེ་ཐུའུ་བཀྭན་རིན་པོ་ཆེ་ནས། ངེད་བྱ་ཁྱུང་གི་ཁྲིར་སྡོད་སྐབས་ངོར་པ་ཀུན་བཟང་གི་གསུང་འབུམ་པོ་ཏི་བཞི་དང༌། ད་རེས་ཁྲི་འདོན་གྱི་སྐབས་སུ་འབྲུག་པ་པད་དཀར་གྱི་གསུང་འབུམ་པོ་ཏི་བཞི་བཅས་སྔ་ཕྱིར་རྗེ་བླ་མ་ལ་དགག་པ་གཏོང་མཁན་གཉིས་ཀྱི་ངག་རྩོམ་རྣམས་བསྐུར་གནང་མཛད་པ་དགོངས་གཞི་གང་ཡིན་ཞུས་པར། བཞད་མོ་མཛད་ཅིང༌། ཁྱེད་རང་ཐུགས་རབ་གཞན་དང་མི་འདྲ་བས་ཁོང་ཚོའི་ཡིག་ཆ་དེ་མཐོང་ན་རྗེ་བླ་མའི་ལེགས་བཤད་ལ་དད་པ་གཏིང་ནས་སྐྱེས་ཡོང་བསམ་ནས་བསྐུར་བ་ཡིན་ཞེས་གསུངས། བསོད་ནམས་རྡོ་རྗེ་ཝང་སོགས་མཚོ་སྔོན་གྱི་སྦྱིན་བདག་དུ་མས་གདན་དྲངས་ཏེ། ཉི་ཤུ་དྲུག་ལ་སྐུ་འབུམ་ནས་ཕྱག་བཏེགས་པར་བླ་མ་ལས་སྣེ་རྣམས་ཀྱིས་ཕེབས་སྐྱེལ་དང་བྱམས་པ་ལུང་པར་སྤྱི་སོས་ཇ་ཐབ་ཞུས། རིམ་གྱིས་བྱོན་པའི་ལམ་ནས་སྟོང་སྐོར་དགོན་པས་གདན་དྲངས་པར་འདོད་ཆོས་འགའ་ཞིག་སྩལ། དེར་བཞུགས་སྐབས་དཔོན་ས་རྒས་གདན་འདྲེན་གྱི་ཞུ་བ་ཕུལ་བ་བཞིན་ཆིབས་བསྐྱོད་དེ་ཀུན་རིག་གི་ཁྲུས་དབང་སོགས་སྩལ་ནས་རེ་བ་བསྐངས། པེའི་སི་ཚེ་བརྟན་རྡོ་རྗེ་བསུ་བར་འོངས་ནས་རང་གི་ཨུརྒེར་གདན་དྲངས་ཏེ་དངོས་འབུལ་གཟབ་རྒྱས་ཞུས་པར་འཇིགས་བྱེད་དཔའ་བོ་གཅིག་པའི་


GTD004_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྟ་གོན་དང་བཅས་པ་གནང༌། དུས་འཁོར་པཎྚི་ཏ་དང༌། དགེ་བཤེས་འགའ་ཞིག་སོགས་སྨད་ཕྱོགས་ཀྱི་གྲྭ་རྒྱུན་དུ་མ་དབུས་ནས་རང་ཡུལ་དུ་ཕྱིར་འགྲོ་བའི་ལམ་ཞོར་གྱིས་མཇལ་བར་འོང་བ་ལ་བཀའ་མཆིད་གནང་ཞིང་དུས་འཁོར་པཎྚི་ཏའི་སྤྲུལ་བའི་སྐུ་ནས་དངོས་འབུལ་ཀྱང་གྱ་ནོམ་པ་བཏེག །གསེར་ཏོག་ནོ་མིན་ཧན་གྱིས་གདན་དྲངས་པར་ཕེབས་ཏེ་རྗེས་གནང་འགའ་ཞིག་སྩལ། མཚོ་སྐྱེས་པེའི་སིས་ཨུརྒེར་གདན་དྲངས་ཏེ་གསོལ་སྟོན་དང་དངོས་འབུལ་གྱ་ནོམ་པ་བཏེག །དེ་ནས་མི་འགྱུར་པེའི་སིས་གདན་དྲངས་པའི་ལམ་ནས་དར་གོ་དར་ཧན་ནང་སོ། བསྟན་འཕེལ་ཐོ་ཡོན། ཤཱི་རཱེ་བླ་མ་སོགས་ཀྱིས་བསྙེན་བཀུར་ཡང་དག་ཞུས། པེའི་སི་དང་བླ་མ་ཆེ་ཆུང་སོགས་བསུ་བར་འབྱོར་ཏེ་རིམ་གྱིས་ཨུརྒེར་ཕྱག་ཕེབས། སྔ་མའི་སྦྱིན་བདག་གི་རྩ་བ་ཡིན་པས་ཐུགས་ཕབ་ནས། ཉིན་ཁ་ཤས་བཞུགས་ཏེ་བསྐང་གསོ་བཏང་ཞིང་ལྷ་གུར་རྣམས་ལ་རབ་གནས་མཛད། སྲས་ཆུང་ལ་མིང་བཏགས་ཤིང་ཚེ་དཔག་གི་རྗེས་གནང་སྩལ། བོ་ཁའི་ཆུའི་ཕར་འགྲམ་དུ་བསོད་ནམས་རྡོ་རྗེ་ཝང་གིས་གཙོས་རྟ་པ་དུ་མ་ཆིབས་བསུར་འབྱོར་ཏེ་ཝང་གི་ཨུརྒེར་ཕེབས། དེ་ནས་བཏེག་པའི་ཉིན་ཏ་ལཱེ་ཧུ་ཐོག་ཐུ་ཡང་ཆིབས་བསུར་བྱོན། དེའི་ཕྱི་ཉིན་གྲྭ་པ་བཞི་བརྒྱ་སྐོར་གྱི་སེར་སྦྲེང་དང་བཅས་ཝང་གི་དགོན་པར་ཕེབས། དུས་འཁོར་གྲྭ་ཁང་དུ་གསོལ་སྟོན་རྒྱས་པ་བསྟར་ནས་ཝང་གི་ཡ་མེན་རྒྱབ་ཀྱི་རྭ་བར་གཟིམས་གུར་ཕུབ་སྟེ་བཞུགས། སྔར་ནས་གསོལ་བ་ནན་ཏན་དུ་བཏབ་པ་བཞིན་ཚེས་དགེ་བར་ཉན་མཁན་ཧྲག་བསྡུས་ལ་སློབ་མ་རྗེས་འཛིན་གནང་སྟེ། དེ་ནས་འདུ་ཁང་ནང་དུ་ཏ་ལཱེ་ཧུ་ཐོག་ཐུ་


GTD004_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསོད་ནམས་རྡོ་རྗེ་ཝང༌། ནུ་བོ་ཚངས་པ་སྐྱབས། སྐུ་འབུམ་གྱི་སྨན་པ་བླ་མ་མི་ཉག་ཞབས་དྲུང༌། དུར་གེ་མཁན་པོ་ཀུན་དགའ་ཡེ་ཤེས་བཟང་པོ། ཏ་ལཱེ་ཆོས་རྗེ། རོང་པོ་ཞབས་དྲུང༌། མ་ཎི་པའི་ཞབས་དྲུང༌། ཅོ་ནེ་ཞབས་དྲུང༌། ཡོན་ཏན་ཞབས་དྲུང༌། ལྷ་རམས་པ་ཁ་ཤས་སོགས་གྲྭ་པ་ཕྱེད་དང་བཞི་བརྒྱ་བཅས་སེར་སྐྱ་བདུན་བརྒྱ་སྐོར་ལ་མི་ཏྲ་བརྒྱ་རྩའི་དབང་ཆེན་ཡོངས་སུ་རྫོགས་པར་སྩལ་ཏེ་སྐུ་བཞིའི་ས་བོན་གྲུང་པོ་སྨིན་པར་མཛད། དེའི་སེང་བར་ནས་ཝང་སོགས་ཉུང་བསྡུས་ལ་མན་ངག་བཀའ་རྒྱ་མའི་ལུང་གིས་མཚོན་འདོད་ཆོས་རིམ་པ་མང་དུ་གནང༌། དགུ་པའི་ཚེས་ཉེར་བཞི་ལ་ཝང་གི་ཨུརྒེར་ཕེབས། རིམ་གྱིས་བྱོན་པའི་ལམ་ཁར་དད་པ་དང་གཏོང་བའི་རྒྱན་གྱིས་མཛེས་པའི་སྦྱིན་བདག་དུ་མས་བསྙེན་བཀུར་ཕུལ་དུ་ཕྱིན་པ་ཞུས། བདེ་ཆེན་དུ་དོན་གཉེར་ཅན་འགའ་ཞིག་གིས་ཞུས་ངོར་འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་སྟ་གོན་དང་བཅས་པ་སྩལ། ཟི་ལིང་དུ་ཕེབས་ཏེ་བྱམས་ཆེན་གྱི་ཟངས་ཀྱི་དོན་སྐོར་ལ་བཀའ་དྲིན་གནང་བའི་གཏང་རག་ཏུ་གོང་མ་ཆེན་པོར་ཚེ་དཔག་མེད་ཀྱི་སྐུ་དང་ནང་མཛོད་ཁ་བཏགས་གཅིག་བཅས་གྲེའུ་ཙེ་ཕུལ། བཅུ་པའི་ཉི་ཤུ་བརྒྱད་ལ་བྱ་ཁྱུང་དུ་བབས་ཏེ། དེའི་ཕྱི་ཉིན་འཆམ་སོགས་ལ་གཟིགས་རྟོག་ཞིབ་ཏུ་གནང༌། བཅུ་གཅིག་པའི་ཚེས་གསུམ་ནས་བརྩི་བཞག་གནང་ཞིང་གྲྭ་པ་རྣམས་ལ་རང་རང་གི་བློ་གྲོས་ཀྱི་རྩལ་དང་བསྟུན་པའི་དཔེ་འཛིན་སོགས་ཀྱི་རྒྱུགས་བཞག་སྟེ་ཐོས་བསམ་བྱེད་ཚུལ་གྱི་བསླབ་བྱ་ཞིབ་ཏུ་མཛད། དེར་བཞུགས་རིང་ལ་དགོན་པའི་ནང་དང་ཕན་ཚུན་


GTD004_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྙེན་བཀུར་ཞུ་མི་མང་དུ་བྱུང་བ་སོ་སོའི་རེ་བ་བསྐངས། བཅུ་གཅིག་པའི་ཟླ་མཇུག་ལ་དེ་ནས་ཕེབས་པའི་ལམ་དུ་རྗེས་ཚང་སྨྱུང་གནས་པའི་གྲྭ་པ་རྣམས་ཀྱིས་རི་སྙིང་པོར་གདན་དྲངས་ནས་ཁོང་གི་གདུང་རྟེན་ལ་རབ་གནས་ཞུས། ཚ་གན་ནོ་མོན་ཧན་གྱིས་གདན་དྲངས་ཏེ་ལ་མོ་བདེ་ཆེན་དུ་ཞག་ཁ་ཤས་བཞུགས། གྲམ་པ་ནང་དུ་རྙཱེ་ཚང་དང༌། དཔལ་ལྡན་བཀྲ་ཤིས་ཀྱི་སྐུ་སྐྱེ་བཅས་ལ་ཕྱག་ཆེན་གྱི་ཁྲིད་སྨིན་རྒྱས་སུ་སྩལ། དེའི་ཚེ་ཀ་རིང་དང་གླིང་ཀྱ་གཉིས་འཁྲུག་ནས་ཕན་ཚུན་གྱི་མི་འགའ་ཞིག་བསད་དེ་ཚབས་ཆེ་བའི་སྐབས་ཡིན་པར་བརྩེ་གཟིགས་ཀྱིས་སོ་སོའི་སར་ཕེབས་ཏེ་ཐབས་ལ་མཁས་པའི་གསུང་གི་ཆར་རྒྱུན་གྱིས་ཞེ་སྡང་གི་མེ་དཔུང་བཅིལ་ནས་འདུམ་པར་མཛད་དེ་ཚེ་འདིར་སྲོག་དང་ཕྱི་མར་ངན་འགྲོའི་གཡང་ས་ལས་བསྲུང་བས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བླ་ན་མེད་པ་སྩལ། སྔ་ཕྱིར་འདི་འདྲའི་གཡུལ་འཁྲུག་དུ་མ་ཞི་བར་མཛད་པ་ཡང་རང་གི་དོན་ལ་མ་ཆགས་པའི་བདག་ཉིད་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ཞིག་ཡིན་ཏེ། སྔོན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཡང་འཁྲུལ་ལོང་དུ་མའི་བར་དུ་ཕེབས་ནས་འདུམ་པར་མཛད་པ་དང༌། འཕགས་པ་དྲི་མ་མེད་པར་གྲགས་པའི་བསྟན་པ་ལས་ཀྱང༌། གཡུལ་ཆེན་འདྲེས་པའི་ནང་དུ་ནི། །དེ་དག་ཕྱོགས་ལ་མཉམ་པར་འགྱུར། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས། །འདུམ་ཞིང་འདུ་བར་དགའ་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་ཞོ་འཕོང་བརྒྱུད་དེ་བཅུ་གཉིས་པའི་ཚེས་ལ་གདན་ས་ཆེན་པོར་ཕྱག་ཕེབས། སུ་ཉིད་གཡོན་རུའི་ཐོ་ཡོན་དང་ནེ་མན་ཞབས་དྲུང་སོ་སོ་ནས་ཚོགས་


GTD004_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་གདན་དྲངས་ཏེ་དངོས་འབུལ་བཏེག །བསྒྲུབ་བྱ་ཁ་ཤས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཞིང་འདོད་ཆོས་འགའ་ཞིག་སྩལ། མར་ངོའི་ཆ་ལ་བཅད་རྒྱ་གནང་སྟེ་ཐུགས་དམ་ཟབ་མོའི་རྣལ་འབྱོར་གྱིས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད་དོ། །ལྕགས་ཁྱི་ཟླ་བ་དང་པོའི་ཚེས་གསུམ་ལ་བཅད་རྒྱ་གྲོལ་བར་སྤྱི་བླ་བྲང་ཐམས་ཅད་ནས་ལོ་གསར་གྱི་དགའ་སྟོན་ཕུལ། ཕྱོགས་སོ་སོའི་བླ་དཔོན་ཆེ་ཕྲ་དུ་མའི་མི་སྣ་སོགས་ཆེད་གཏད་ཀྱིས་འོངས་པ་རྣམས་ལ་བབས་འོས་ཀྱིས་བཀའ་དང་ཇ་གྲལ་གནང༌། སྨོན་ལམ་གསུང་ཆོས་ལ་ཡང་ལན་ཁ་ཡར་བྱོན་ཏེ་སྐྱེས་རབས་དང༌། བུ་སྟོན་རྣམ་ཐར་གྱི་འཕྲོ་གསུངས་ཤིང༌། བསྟན་པའི་འཕེལ་རྒྱས་ཀྱི་དོན་དུ་སྤྱན་དམིགས་ནན་ཏན་མཛད། བསྒྲུབ་བྱ་བརྒྱར་ཉེ་བ་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། ཧལ་ཧ་ཆེ་ཆེན་ཧན་གྱི་བླ་མ་ཡེ་ཤེས་རྒྱ་མཚོ་བཤུལ་རིང་གི་ལམ་ནས་དཀའ་བ་ཁྱད་དུ་བསད་དེ་རྗེ་ཉིད་ལ་རྡོ་རྗེ་ཕྲེང་བའི་དབང་སོགས་ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་ཞུ་བའི་ཕྱིར་ཆེད་གཏད་ཀྱིས་འོང་བ་ལ། མིད་ལའི་རྣམ་མགུར། སྙིང་པོ་དོན་གསུམ། རྗེ་རང་གི་གསུང་ཁ་ཤས་བཅས་ཀྱི་ལྗགས་ལུང་གནང༌། རྡོར་ཕྲེང་གི་དབང་དབྱར་ཐོག་གནང་རྒྱུའི་ཞལ་བཞེས་དང༌། གཞན་མའི་ཆོས་རྒྱུན་གང་དགོས་རྣམས་དགོན་པ་ནས་བླ་སྤྲུལ་དགེ་བཤེས་སོགས་ཆོས་རྒྱུན་ཁུངས་དག་ཡོད་པ་སོ་སོ་ལས་ཉན་རྒྱུའི་བཀོད་ཁྱབ་སྩལ་ཏེ་ཐབས་མཁས་ཀྱི་སྒོ་ནས་རེ་འབྲས་ཡོངས་སུ་རྫོགས་པར་མཛད། དབེན་ས་ནས་བརྒྱུད་པའི་འཁྲུལ་འཁོར་གྱི་མན་ངག་སོགས་སྐྱབས་མགོན་


GTD004_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནས་སྩལ་ཏེ་འཕེལ་རྒྱས་སུ་ཡོད་ཀྱང་དཔལ་ལྡན་སྲད་རྒྱུད་ཀྱི་གདམས་པའི་ཉིང་ཁུ། ཀུན་མཁྱེན་གོང་མའི་དུས་དཀའ་བ་དཔག་མེད་ཀྱིས་བཙལ་བའི་འཁྲུལ་འཁོར་དང༌། ལྕགས་མཁར་གྱི་མན་ངག་རྣམས་དང༌། གཞན་ཡང་གཏོར་སྒྲུབ་དང་གཏོར་ཆེན་གྱི་ཁྲིད། གཟུངས་གཞུག་གི་ཁྲིད། ཀླུའི་བུམ་གཏེར་གྱི་ཁྲིད། འཇམ་དབྱངས་དཀར་པོའི་ལས་ཚོགས་ཀྱི་ཁྲིད། ལས་བཞིའི་སྦྱིན་སྲེག་གི་ཁྲིད་སོགས་རྗེ་གོང་མ་ནས་བརྒྱུད་པའི་གདམས་པ་ཟབ་མོ་དུ་མ་ཆད་ལ་ཉེ་བ་ཐུགས་ཀྱིས་མ་བཟོད་པར། ལོ་སྔ་མ་བྱ་ཁྱུང་ནས་ཚུར་ཕེབས་སྐབས་གསང་ཆེན་གདམས་པའི་གཏེར་མཛོད་བྲག་དཀར་དཀའ་བཅུ་ངག་དབང་གྲགས་པ་ཞབས་ཕྱིར་ཁྲིད་ནས་ཕེབས་ཡོད་པ། ཁོང་གི་དྲུང་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་དང༌། དབལ་མང་ཞབས་དྲུང་སོགས་དོན་གཉེར་ཅན་ཁ་ཤས་ལ་སློབ་རྒྱུའི་ལྗགས་བཀོད་བླ་སློབ་ཀུན་ལ་ནན་ཏན་དུ་གནང༌། ད་ལྟ་བསྟན་འཛིན་ཆེན་པོར་རློམ་པ་ཕལ་ཆེར་ནི་ཟང་ཟིང་གི་འདུ་འགོད་སོགས་ལ་སྤྱན་མིག་འཇའ་ཚོན་ལྟར་བཀྲ་ཡང༌། ཆོས་ལ་བསྐོར་ཚེ་རང་གིས་ཉམས་ལེན་ནུས་ན་མང་པོ་མི་དགོས་མདོག་གིས་ཆོག་ཤེས་དང༌། གདམས་པ་ཟབ་མོ་ཀུན་ལ་རོ་མཉམ་གྱི་རྟོགས་པ་ཀློང་དུ་གྱུར་པའི་དབང་གིས། ཆོས་རྒྱུན་མན་ངག་མཐའ་དག་ནམ་ལང་གི་སྐར་མ་བཞིན་ཡལ་བར་རྩོམ་ཞིང་རང་རང་གི་ཐོག་མའི་འབྱུང་ཁུངས་རྣམས་སུ་ཡང་མིང་ཙམ་ལྷག་མར་གྱུར་བའི་དུས་འདིར། རྗེ་བླ་མ་ཐུགས་རྗེའི་བདག་ཉིད་ཅན་འདི་ཁོ་ནའི་བཀའ་དྲིན་ལས་སྡེ་འདིར་དེ་དག་ཐམས་ཅད་གྲུ་བཞི་ལམ་གྱིས་ཚང་བར་བཞུགས་པ་ནི། རྒྱུད་ཆེན་དེ་


GTD004_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དག་འཁྲུངས་རབས་གྲས་སུ་བཞག་པ་ཙམ་མ་ཡིན་པར་ཕ་ཤུལ་བུས་ཟིན་ངེས་པའི་རྣམ་ཐར་རྨད་དུ་བྱུང་བ་དང༌། འབྲས་བུའི་རྟགས་ཀྱིས་སྒྲུབ་ཚུལ་ཡིན་པར་ཤེས་པར་གྱིས། དེར་མ་ཟད་ཁོང་ལ་སྔར་སྐུ་ན་གཞོན་པའི་དུས་ནས་བཟུང༌། འདིའི་སྐོར་གྱི་མན་ངག་ཕྲ་ཞིབ་ཐམས་ཅད་ལེགས་པར་རྩད་གཅོད་དགོས་ཀྱི་བསྐུལ་མ་ཡང་ཡང་མཛད་ཅིང༌། མཚམས་དེར་རྒྱུན་ཞིག་སྤེལ་རྒྱུར་མ་སོང་ན་སླར་བླ་སློབ་ཀུན་ནས་རྟེན་འབྲེལ་འཛོམ་དཀའ་བའི་འབྱུང་འགྱུར་འདི་ཐམས་ཅད་མངོན་སུམ་དུ་གཟིགས་ཏེ། རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་མེད་པར་མཛད་པ་ནི་འཕྲིན་ལས་མ་འདྲེས་པའི་ཁྱད་ཆོས་བླ་ན་མེད་པའོ། །ལོ་སྔ་མ་རྣམས་སུ་རྔ་བའི་ཕྱོགས་ནས་གདན་འདྲེན་དང༌། དགོན་གསར་འདེབས་ཀྱི་ཞུ་བ་ནན་ཆེར་ཕུལ་བ་བཞིན་དུ་འབྱོར་པར་བརྩམས་པ་ལ། དེ་སྐབས་སྐུ་ཁམས་ཤིན་ཏུ་ལྟེམ་པར་ཡོད་པས་ཐམས་ཅད་ཀྱིས་བློས་མ་འཁྱུད་པར་བཤོལ་བཏབ་ཀྱང༌། ཕྱོགས་དེར་འཁོད་ཀྱི་གདུལ་བྱའི་ཐ་མ་རྣམས་རྗེས་སུ་བཟུང་བ་དང༌། པཎ་ཆེན་དགེ་འདུན་གྲུབ་ཀྱིས་དགྲ་མཁར་དགྲ་ཡུལ་དུ་བརྩིགས་དགོས་གསུངས་པའི་དཔེ་བཞིན། ལྟ་གྲུབ་མི་མཐུན་པ་དུ་མས་གང་བའི་ས་དེར་དགེ་ལྡན་རིང་ལུགས་དྲི་མ་མེད་པ་འཛུགས་བཞེད་ཀྱི་དགོངས་པ་ཟབ་མོ་ཟློག་ཏུ་མེད་པས་གཉིས་པའི་ཚེས་ལ་དེར་ཆིབས་བསྒྱུར། ལམ་ནས་དད་ལྡན་གྱི་སྦྱིན་བདག་དུ་མས་བསྙེན་བཀུར་དང་ཕུ་དུད་གཟབ་པར་ཞུས། རྡོར་ཞར་དཔོན་པོ་གཉིས་དང༌། དམེ་དཔོན་པོ། དམེ་སྐོར་དཔོན་པོ་སོགས་ཉིན་མང་པོའི་ལམ་དུ་བསུ་བ་རིམ་པར་འབྱོར། གནམ་ལྕགས་


GTD004_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་དུ་གདན་དྲངས་པར་འདོད་ཆོས་འགའ་ཞིག་སྩལ་ཏེ་ཉི་ཤུ་གསུམ་ལ་རུ་རུའི་ཐང་དུ་སྒར་ཕབ། ཝམ་པ་དགེ་བཤེས། ཨ་མཆོག་དགེ་བཤེས། ཨ་འཁྱམས་དཔོན་པོ་སོགས་ཕྱོགས་སྣ་ཚོགས་ནས་འདུས་པའི་མཇལ་བ་ཆེ་ཕྲ་ཐམས་ཅད་བབས་འོས་ཀྱི་གསུང་དང་ཆོས་བཀའ་ཕྱག་དབང་སོགས་ཀྱིས་ཚིམ་པར་མཛད། དོན་གཉེར་ཅན་དྲུག་བརྒྱ་སྐོར་ལ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆེན་སྩལ། དཔོན་འབངས་ཐམས་ཅད་ནས་ཀྱང་རང་འབྱོར་དང་བསྟུན་པའི་འབུལ་ནོད་གཟབ་རྒྱས་རྩྭ་ཤིང་ཚུན་ཆོད་ཀྱིས་བསྙེན་བཀུར་ཕུལ་དུ་ཕྱིན་པ་བསྒྲུབས། རྡོར་ཞར་གྱི་རུའི་དོན་དུ་དམེ་དཔོན་པོ་ལ་འཕྲལ་ཡུན་དུ་ཕན་པའི་བསླབ་བྱ་གནང་ཡང༌། ལས་ཀྱི་སྒྲིབ་པའི་དབང་གིས་དུང་དཀར་སེར་སྣང་བཞིན་སྐྱོན་རྟོག་འབའ་ཞིག་ཏུ་ཁྱེར་ཏེ། བཀའ་དང་དུ་མ་བླངས་པར་རང་བབས་སུ་ལུས། ཁོ་པ་ཚོར་ཡང་ཞིང་ཁྱད་པར་ཅན་ལ་སྡིག་བསགས་པའི་དབང་གིས་མ་འགྱངས་པར་མིས་འཕྱ་ལ་ཁྱིས་སྨོད་པའི་གནས་སུ་གྱུར་པའི་རྣམ་སྨིན་ཐོག་ཏུ་བབས་པ་ནི། སྐྱེས་རབས་ལས། ཕན་པར་སྨྲ་བ་ཤིན་ཏུ་དཀོན། །དེ་བས་ཀྱང་ནི་ཉན་པ་དཀོན། །ཞེས་དང༌། ཕན་པའི་ངག་ལ་མ་ཉན་ན། །རུས་སྦལ་ཁ་ནས་ཤིང་ཤོར་འབྱུང༌། །ཞེས་གསུངས་པ་ལྟར་རོ། །དཔལ་སྤུངས་ནས་ཆབ་ཚ་ཀརྨ་རིན་ཆེན་གྱི་སྤྲུལ་སྐུ་དཔོན་གཡོག་སུམ་ཅུ་སྐོར་མཇལ་བར་ཕེབས་པ་ལ་བཀའ་མཆིད་རྒྱས་པར་གནང་ཞིང་མན་ངག་ལྷན་ཐབས་ཀྱི་ལྗགས་ལུང་སྩལ། ལོ་སྔ་མར་མཁན་ཆེན་ངག་དབང་གྲགས་པའི་གདན་ས་ཚ་ཁོ་ད་ཚང་དགོན་པར་བོན་པོ་སོགས་ལྟ་གྲུབ་མི་མཐུན་


GTD004_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུ་མའི་སྡང་ཞུགས་ཀྱིས་འཁྲུག་པ་ཆེ་བར་བྱུང་སྟེ་རྗེ་ཉིད་ལ་དགོན་པ་ཕུལ་ནས་སྐྱབས་ཚོལ་ཞུས་པའི་དོན་དུ། ཟོང་འཕན་ཏཱ་ཞིན་དང༌། ཚ་ཁོའི་རྒྱལ་ཁག་ཏུ་མི་སྣ་ཆེད་གཏོང་གིས་འཁྲུག་པ་ཞི་བར་བྱས་ཏེ། འཁྲུན་ཆོད་པའི་མཇུག་སྡོམ་དུ། ད་ཚང་ནས་བླ་གྲྭ་བརྒྱ་སྐོར་དང༌། ཅོག་ཙེ་ད་རོ་གསུམ་བཅས་ཀྱིས་བོན་པོའི་བླ་མ་འདུལ་བ་སྐུ་མདུན་དུ་ཁྲིད་ནས་འོང༌། འདི་ཡང་ཕྱོགས་དེའི་བོན་པོ་ཐམས་ཅད་ཀྱི་ཁུངས་གཏུགས་སའི་རྩ་བ་ལྟ་བུ་ཡིན་ཀྱང༌། ཕྱིན་ཆད་ལྟ་བ་ངན་པ་དོར་ཏེ་དགེ་ལུགས་ཀྱི་ཆོས་རྒྱུན་གཙང་མ་བྱེད་རྒྱུའི་དམ་བཅའ་ཕུལ། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་ཅིང་དགའ་ལྡན་ལྷ་བརྒྱ་མའི་ལུང་སོགས་འདོད་ཆོས་འགའ་ཞིག་ཞུས་པ་ཡང་དགྱེས་བཞིན་གནང༌། སླར་གདན་སར་ཆིབས་བསྒྱུར་པའི་ལམ་ནས་ཡོན་བདག་དུ་མས་དངོས་འབུལ་བསྟར་ཞིང༌། སྐྱེ་བོ་བགྲང་ལས་འདས་པ་མཐོང་ཐོས་དྲན་རེག་གི་སྒོ་ནས་སྨིན་གྲོལ་ལམ་ལ་བཀོད། ཁྲི་ཆེན་ནམ་མཁའ་བཟང་སྤྲུལ་བའི་སྐུས་གདན་དྲངས་པ་ལྟར་བྲག་ལུང་རི་ཁྲོད་དུ་ཕེབས་ཏེ་ཆོས་བཀའ་འགའ་ཞིག་གནང་ཞིང༌། ཚ་གན་བེ་ཤིང་དུ་རི་ཁྲོད་ཀྱི་གནས་ལ་གཟིགས། རིམ་གྱིས་བྱོན་ཏེ་བཞི་པའི་ཉི་ཤུ་དགུ་ལ་གདན་སར་བབས། ཧལ་ཧ་བླ་མ་ཡེ་ཤེས་རྒྱ་མཚོས་དབང་གི་དོན་དུ་སྒུག་སྡོད་བྱས་ཡོད་པར། ཚུར་ཕེབས་མ་ཐག་གི་སྐབས་བཞེངས་བཞུགས་གཏན་མི་ཐུབ་ཀྱང༌། རེབ་ཚ་སྨན་པ་ངག་དབང་ནོར་བུས་ཉིན་ཁ་ཤས་བར་དུ་བཅིང་ལུམ་སོགས་ཀྱི་དཔྱད་ཞུས་པས་ཅུང་ཟད་དྭངས་སྐྱེད་བྱུང་མ་ཐག་ནས་དབང་གནང་རྒྱུའི་སྦྱོར་བ་


GTD004_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ། ལྔ་པའི་ཚེས་དྲུག་ལ་ཁོང་དང༌། དགོན་པའི་བླ་མ་གདན་ཟུར། ཕྱོགས་ཀྱི་བླ་སྤྲུལ་དགེ་བཤེས་དུ་མ་སོགས་ཚོགས་པ་ཉིས་སྟོང་བདུན་བརྒྱ་སྐོར་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ཨཎྜ་ཨུ་ལའི་གཙུག་ལག་ཁང་དུ་སློབ་དཔོན་འཇིགས་མེད་འབྱུང་གནས་ལ་དངོས་སུ་གནང་བའི་སྨིན་བྱེད་དབང་གི་བཀའ་བབས་གཅིག་ཏུ་དྲིལ་བ་རྡོ་རྗེ་ཕྲེང་བའི་དབང་རྫོགས་པར་བསྐུར་ཚུལ་བསྡུས་པ་ཉིན་བཅོ་བརྒྱད་པའི་ལུགས་སུ་སྩལ་ཏེ། རྡོ་རྗེ་རིགས་ཀྱི་གདུལ་བྱ་མཐའ་དག་ཡིད་ཀྱི་བུམ་བཟང་བྱིན་རླབས་བདུད་རྩིའི་ཟིལ་མངར་གྱིས་ཡོངས་སུ་གཏམས་པས་རབ་དགའི་གླུ་དབྱངས་སྲིད་རྩེའི་བར་དུ་སྒྲོགས་པར་གྱུར་ཏོ། །སླར་ཡང་ཧལ་ཧ་བླ་མས་ཞུས་ངོར་གཟིམས་ཆུང་དུ་དོན་གཉེར་ཅན་བརྒྱ་ལྷག་ལ་བླ་མ་མཆོད་པ་དང་འབྲེལ་བའི་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཤིན་ཏུ་རྒྱས་པ་རྒྱ་བོད་ཀྱི་གྲུབ་མཐའ་སོ་སོའི་ལྟ་བའི་ཁྱད་པར་དང༌། ལྷག་པར་བོད་སྔ་མ་མང་པོས་བཞེད་ཚུལ་མི་འདྲ་བའི་སྤུ་རིས་ཕྲ་ཞིང་ཞིབ་པ། རྗེ་བླ་མའི་རིང་ལུགས་འདི་ཐམས་ཅད་ལས་ཁྱད་དུ་ཐོན་ཚུལ་སོགས་གསུང་བཤད་མཐའ་ཆོད་ཅིང་མྱོང་སྟེང་དུ་བསྐོར་ཏེ་གཏན་ལ་འབེབས་ཚུལ་གྱི་མན་ངག་ཞིབ་རྒྱས་སུ་སྩལ་ཏེ། མཇུག་ཏུ་ཐམས་ཅད་ཀྱིས་རང་རང་གི་བློ་ནུས་དང་བསྟུན་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་གནང་ལ་བག་ཆགས་ཅི་ཐེབས་རེ་ཅིས་ཀྱང་བྱེད་དགོས་ཞེས་རྒྱུན་གྱི་བཀའ་ཆོས་དང་མི་འདྲ་བར་ནན་ཏན་ཤིན་ཏུ་ཆེ་བ་མཛད། དྲུག་པའི་ནང་དུ་ཝང་གི་ཨུརྒེར་གདན་དྲངས་ཏེ་བསྙེན་བཀུར་གཟབ་རྒྱས་ཞུས་ཤིང་སྐུ་རིམ་འདོད་མོས་ལྟར་གནང༌། ཉེ་སྐོར་གྱི་སྡེ་པ་སོ་སོས་


GTD004_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དྲངས་པ་ཐམས་ཅད་ལ་སྡེ་འདི་དགོན་པའི་སྦྱིན་བདག་ཐུན་མོང་མ་ཡིན་པ་ཡིན་ཞེས་ཤིན་ཏུ་བརྩེ་བའི་སྟངས་ཀ་མཛད་ཅིང་ཆོས་བཀའ་སོགས་གང་ཞུས་ཐམས་ཅད་ཀྱིས་འདུན་པ་བསྐངས་ཏེ་བདུན་པའི་ཚེས་ལ་གདན་སར་བབས། དངོས་འབུལ་རྟ་ནོར་ལྔ་བརྒྱ་སྐོར་དང༌། ལུག་ཉིས་སྟོང་ཙམ་བྱུང་བའི་ནང་ནས་དགོན་པར་འགྱེད་ཆེན་ཞིག་གནང༌། བཅད་རྒྱའི་ཁོང་ནས་བཀའ་རྩོམ་འགའ་ཞིག་དང༌། ཀུན་མཁྱེན་གོང་མའི་གསུང་གི་བསྟན་རྩིས་ལ་ཡང་ལོ་ཚིགས་སྔ་ཕྱི་སོགས་ཀྱི་དག་ཐེར་ཞིབ་ཏུ་མཛད། ཆོས་འཁོར་རྒྱལ་གྱི་མཁན་པོ་སྤྲུལ་བའི་སྐུ་གྲགས་པ་རྒྱལ་མཚན་པ་དབུས་ནས་གསར་དུ་འབྱོར་པར་དགྱེས་པའི་བཀའ་མཆིད་དང་གསོལ་སྟོན་གནང༌། གྲྭ་ཚང་དུ་དམ་བཅའ་འཇོག་དགོས་ཀྱི་བཀའ་ཕེབས་ཏེ་ཕན་ཚུན་ཀུན་ལ་ལུང་དང་རིགས་པའི་དགའ་སྟོན་གྱི་སྐྱེས་བཟང་སྤེལ་དུ་བཅུག །རྒྱུན་པར་ཡང་དགེ་བཤེས་ཡོན་ཏན་ཅན་གྱི་རིགས་མདུན་དུ་འོང་ཚད་ལ་ཆོས་ཀྱི་འབེལ་གཏམ་ཁོར་མོ་ཡུག་ཏུ་མཛད་ཅིང་ཟླ་བོ་སོགས་ཀྱི་སྟབས་འགྲིག་ཚེ་ཚོགས་གླེང་བྱེད་པའམ། དམ་བཅའ་ཚུགས་པ་སོགས་སྒོ་དུ་མ་ནས་ཕན་ཚུན་ཀུན་གྱི་རྒྱུད་ལ་བག་ཆགས་ཁྱད་པར་ཅན་འཇོག་ཅིང༌། བློ་ཁ་འཕེལ་བའི་ཐབས་ལ་སྦྱོར་བར་མཛད་པ་ཡང་ཆོས་ཀྱིས་ངོམས་པ་མེད་པའི་རྣམ་ཐར་ཡིན་ཏེ། རྗེ་ཉིད་ཀྱི་ཞལ་ནས། རྟག་ཏུ་ལེགས་པར་བཤད་པའི་འབེལ་གཏམ་ལ། །རབ་དགྱེས་ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་དོན། །དྲི་ཞིང་རྨེད་ལ་ངོམས་པ་མི་མངའ་བ། །ཞེས་མཆོག་དམན་ཀུན་གྱི་མཐུན་སྣང་དུ་


GTD004_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་རྣམ་ཐར་དུ་རྗེ་རང་གིས་ཀྱང་ཞལ་གྱིས་བཞེས་པ་འདི་ལྟ་བུ་ནི། བློ་གྲོས་དང་ལྡན་པ་རྣམས་ཀྱིས་གདམས་པའི་ཆེ་བ་བླ་ན་མེད་པ་ཡིན་པར་ཤེས་པར་གྱིས། སྟོན་མཇུག་འདིར་གསེར་ཁང་ཆེན་མོའི་སྐྱ་བཟོ་རྫོགས་ཤིང༌། བྱམས་ཆེན་གྱི་བཟོ་ཡང་ལེགས་པར་གྲུབ། མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་ལ་གཟུངས་གཞུག་བྲི་སྒྲུབ་སོགས་ཀྱི་མན་ངག་ཆ་ཚང་བ་ཞལ་ཏ་ཞིབ་རྒྱས་དང་བཅས་གཟུངས་གཞུག་གི་ལས་ཁུར་ཕོག་པར། ཁོང་གིས་ཀྱང་བཀའ་སྤྱི་བོས་བླངས་ཏེ་བླ་བྲང་ནས་གནང་བའི་ཐེབས་ཀྱི་སྟེང་དུ་དངུལ་སྲང་སྟོང་ཕྲག་བརྒལ་བའི་དངོས་ཆས་བསྣན་ནས། ཤིན་ཏུ་དངོས་གཙང་ཞིང་ཕྱག་ལེན་གྱི་ཆ་ཕྲ་མོ་ཙམ་ཡང་སླ་ཆོས་སུ་མ་སོང་བའི་རྣམ་པར་དག་པ་རྒྱུད་སྡེའི་དགོངས་པ་བཞིན་བསྒྲུབས་ཏེ་ཕུལ། ཕྲན་ལ་མཁན་ཆེན་ངག་དབང་གྲགས་པའི་གདན་ས་ད་ཚང་དགོན་གྱི་བླ་མར་འགྲོ་དགོས་ཀྱི་བཀའ་ནན་ཕེབས་པར་ཁས་ལེན་ཞུས། འགྲོ་ཁའི་ཚེ་སྐྱབས་འཇུག་གི་གསོལ་བ་བཏབ་པ་ལ། བརྩེ་བ་ཆེན་པོས་ལུགས་གཉིས་ཀྱི་ཞལ་ཏ་རྒྱས་པ་དང༌། མཇུག་ཏུ་ངེད་རང་རྣམས་ད་དུང་མཇལ་ཡོང་གསུངས་པ་འབྱུང་འགྱུར་གཟིགས་པའི་གསུང་སྒྲ་ཇི་བཞིན་པ་ཡིན་འདུག་ཀྱང༌། དེ་འཕྲལ་སྙིང་ཚ་ཧང་ངེ་བ་ཞིག་བྱུང་བ་མ་གཏོགས་དོགས་གཞི་གཞན་མ་སྐྱེས་པ་ནི་ལས་ཀྱིས་བསྒྲིབས་པར་སྣང༌། ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་དུ་གནང་ཆ་སྩལ་བའི་ཐོག་ནས་འདུ་ཁང་ཀ་བ་བརྒྱད་ཅུ་མ་ཚོན་རྩི་ལྡེབས་རིས་དང་བཅས་རྫོགས་པར་གྲུབ་པ་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་སྤྱན་དབྱེའི་ཆོ་ག་རྒྱས་པར་བསྟར། ཚོགས་པར་ཡང་མང་འགྱེད་དང་སྤྱི་འཇོག་


GTD004_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སྟེ་སྒྲིགས་ལམ་ཀུན་སྤྱོད་སོགས་ཀྱི་བསླབ་བྱ་ནན་ཏན་སྩལ། རོང་པ་ལྗགས་ནག་པའི་སྐྱེ་བརྒྱུད་ཀིརྟི་སྤྲུལ་བའི་སྐུ་མཇལ་བར་ཕེབས་པ་ལ་བསྙེན་བཀུར་དང་ལེགས་སྐྱེས་ཀྱི་ཤངས་ལེན་གཟབ་རྒྱས་གནང་། སྔོན་པོ་ཐང་དགོན་པས་གདན་དྲངས་པར་བྱོན་ཏེ་ལུགས་གཉིས་ཀྱིས་རེ་འབྲས་ཡོངས་སུ་སྨིན་པར་མཛད། ལོ་མཇུག་ཏུ་ཐུགས་དམ་བཅད་རྒྱ་གནང་སྟེ་ཟབ་གསང་རྡོ་རྗེའི་རྣལ་འབྱོར་ལ་གཅིག་ཏུ་གཞོལ། རེ་བཞི་པ་ལྕགས་ཕག་གི་ཟླ་བ་དང་པོའི་ཚེས་གཉིས་ལ་བཅད་རྒྱ་གྲོལ་བར་ཐམས་ཅད་ཀྱིས་གནམ་ལོ་གསར་པའི་དགའ་སྟོན་ཕུལ། གསུང་ཆོས་ལ་ཐེངས་འགའ་ཕེབས་ཏེ་སྐྱེས་རབས་ཀྱི་འཕྲོ་དང༌། རྟེན་འབྲེལ་གྱི་ཚུལ་དུ་ཉིད་ཀྱི་བཀའ་རྩོམ་པཎ་ཆེན་ཐམས་ཅད་མཁྱེན་པའི་རྣམ་ཐར་ཉི་མའི་འོད་ཟེར་གྱི་དབུ་ནས་གསུང་བཤད་གནང༌། ཚེས་བཅུ་གསུམ་ལ་རིགས་པ་སྨྲ་བའི་ཁྱུ་མཆོག་དགེ་བཤེས་བསོད་ནམས་ཀྱིས་ཚོགས་སུ་གདན་དྲངས་ཏེ་ཞབས་བརྟན་གྱི་བཤད་པ་ཕུན་སུམ་ཚོགས་པ་ཞུས། རིན་ཆེན་མཎྜལ་བཟང་པོས་ཐོག་དྲངས་ན་བཟའ་ཉེར་སྤྱད། གསེར་རྡོ་ཚད་ལྔ། མར་ཁལ་བཞི་བརྒྱ་སོགས་ཀྱིས་མཆོད་སྤྲིན་སྤྲོས། བཅོ་ལྔའི་ཉིན་སྨོན་ལམ་སྦྱིན་བདག་ཧར་ཆེན་ཐུ་མེད་ཀྱི་ཇ་ཧུ་བླ་མ་མཁས་པའི་དབང་པོ་ངག་དབང་ཤེས་རབ་ཀྱིས་ཚོགས་དབུར་སྤྱན་དྲངས་ཏེ། དངུལ་སྲང་སྟོང༌། བཟང་གོས་ཡུག་ཆེན་དུ་མ་སོགས་བདོག་པའི་དངོས་པོ་གྱ་ནོམ་པའི་ལེགས་འབུལ་རྒྱ་ཆེར་བཏེག །ཉིན་དེར་སྨོན་ལམ་གྱི་མགོན་དུ་ཕེབས་ནས་འདོན་ཆ་བྱིངས་བསྡུས་པའི་ལུགས་ལྟར་བྱས་ཀྱང༌། བསྔོ་བ་


GTD004_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་དང༌། བསྟན་འབར་མ་ཡོངས་རྫོགས་གསུངས་པ་ནི། སྐུ་ཚེ་དེ་ཉིད་ལ་སྨོན་ལམ་གྱི་མགོན་དུ་ཕེབས་པའི་ཐ་མ་ཡིན་པའི་བརྡ་དང༌། སླད་ཀྱི་བསྟན་པའི་འཕེལ་རྒྱས་ལ་གཟིགས་པའི་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། བཀྲ་ཤིས་ལྷུན་པོའི་འབུལ་སྡུད་པ་འབྱོར་པར་གྲྭ་མང་ལ་པཎ་ཆེན་མཆོག་གི་ན་བཟའ་སོགས་ལ་རྟེན་མཇལ་གཏོང་དུ་བཅུག་སྟེ། དངུལ་སྲང་བདུན་བརྒྱ་སོགས་གནང་ཆ་སྤམ་མཐོ་བ་བསྟར། ཉང་ཚང་ཧུ་ཐོག་ཐུ་བློ་གྲོས་ཀུན་དགའ་བསྟན་འཛིན་ཞི་བར་གཤེགས་པའི་དགོངས་རྫོགས་སྒྲུབ་མི་རྣམས་ནས་ཚོགས་སུ་གདན་དྲངས་ཏེ། ཁྱད་ནོར་དུ་མ་དང༌། དངུལ་སྲང་ལྔ་བརྒྱ་སོགས་ཀྱི་དངོས་འབུལ་བཏེག་པ་ལ་ཡང་ཐུགས་དམ་སྤྱན་དམིགས་ཤུགས་དྲག་གནང༌། ཕྱོགས་རིས་མེད་ཀྱི་མཇལ་བ་སྟོང་ཕྲག་དུ་མར་ཕྱག་དབང་སོགས་ཀྱི་སྒོ་ནས་ཐར་པའི་ས་བོན་བསྐྲུན་ཏེ་འཁོར་བ་མཐའ་ཅན་དུ་བྱས། མཚོ་སྔོན་ནས་བྱམས་ཆེན་རབ་གནས་ཀྱི་སྦྱིན་བདག་ཏུ་ཆེད་གཏད་ཀྱིས་ཕེབས་པ། བསོད་ནམས་རྡོ་རྗེ་ཝང༌། མི་འགྱུར་པེའི་སི། ཚངས་པ་ཇ་སག །འཇིགས་མེད་པེའི་ལིའི་ནུ་བོ་དཔལ་ལྡན་ཨ་བེ། མཚོ་སྐྱེས་པེའི་སའི་སྐུ་ཚབ་རྣམ་སྲས་ཐའི་ཇི་རྣམས་ནས་གང་ཅིའི་མཐུན་རྐྱེན་མཐའ་དག་ལེགས་པར་བསྒྲུབས་པའི་ཐོག་ཧོར་ཟླ་གཉིས་པའི་ཚེས་བཅུ་གཉིས་ནས་བཟུང་ཉིན་གསུམ་གྱི་རིང་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ཉིད་ནས་དབུ་མཛད། དགོན་པའི་བླ་མ་གདན་ཟུར། སྤྲུལ་སྐུ་ཆེ་ཆུང༌། དགེ་བཤེས་ཆེ་ཁག་སོགས་དྲུག་ཅུ་སྐོར་གྱིས་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་སྒོ་ནས་སྤྱན་དབྱེ་བའི་ཆོ་


GTD004_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ག་རྒྱུད་སྡེའི་དགོངས་པ་བཞིན་བྱས་ཏེ། སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བྱིན་རླབས་ཀྱི་གཏེར་ཆེན་པོར་བསྒྲུབས། དེ་ཡང་རབ་གནས་གྲུབ་མ་ཐག་ནས་སྐུའི་གཟི་བྱིན་ཇེ་ཆེར་སོང་བ་དེར་འཁོད་ཀྱི་མཆོག་དམན་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པས་ཀུན་ཡ་མཚན་དུ་གྱུར་ཅིང༌། དམ་པའི་སྐྱེ་བོ་འགའ་ཞིག་ལ་གཟིགས་སྣང་ཁྱད་པར་ཅན་གཞན་དང་གཞན་ཡང་མང་དུ་བྱུང་བར་སྣང༌། མཚོ་སྔོན་གྱི་དཔོན་ཁག་སོ་སོ་ནས་མཆོད་འབུལ་རྒྱ་ཆེ་བ་དང༌། དཔོན་སློབ་ཀུན་ལ་རབ་ཡོན་གྱི་འབུལ་བ། གྲྭ་ཚང་ལ་མང་འགྱེད་སོགས་ལྷ་མཆོད་མི་མཆོད་གྱ་ནོམ་པ་བསྟར་ཏེ་ཐམས་ཅད་དགྱེས་པའི་རང་བཞིན་དུ་གྱུར། སླར་སོ་སོ་ལ་ཡང་སྟོན་མོ་གཟབ་རྒྱས་དང༌། ཐོན་ཕྱག་སོགས་ཀྱི་གནང་ཆ་སྤམ་མཐོ་བ་སྩལ། དཔོན་ཚང་ནས་རབ་སྟོན་དུ་ཚོགས་པར་མང་ཇ་སྦྱོར་སྦྲེལ་གྱི་ཐོག་ཇ་བག་ཕྱེད་རེའི་སྐུ་འགྱེད་བསྟར། དེ་ཡང་བྱམས་ཆེན་རྟེན་དང་བརྟེན་པར་བཅས་པ་གསར་བསྐྲུན་གྱི་དོན་སྐོར་ལ་ཐོག་མཐའ་བར་གསུམ་དུ་སླ་ཆོས་ཀྱི་རིགས་ཅུང་ཟད་ཙམ་ཡང་མི་མཛད་པར་མ་ཟད། འཁོར་ལོ་གསུམ་གྱིས་བསྡུས་པའི་བསྟན་པའི་འབྱུང་ཁུངས་ཡིན་པས་རྟེན་འབྲེལ་གྱི་སྒོ་དང༌། མདོ་རྒྱུད་ནས་འབྱུང་བའི་ཆ་ཚད་དམ་པ་སྔ་མ་རྣམས་ཀྱི་ཕྱག་བཞེས་བཟང་པོའི་སྤྱན་ལྟོས་སོགས། ཆ་ཐམས་ཅད་ནས་བསྟན་པའི་དམིགས་རྐྱེན་དུ་འགྱུར་བར་དགོངས་ཏེ། གཞུང་ས་རིན་པོ་ཆེར་ཞུས་ནས། དབུ་ཆེན་མཁས་པ་གཅིག་གིས་གཙོས་ཟངས་བཟོ་དྲུག །ཤིང་བཟོ་དང༌། རྡོ་བཟོའི་དབུ་མཛད་རེ་བཅས་བོད་


GTD004_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླངས། སྐུ་རྒྱུའི་ཟངས་དབུས་དང་ཁམས་ཕྱོགས་ནས་རྩོལ་སྒྲུབ་གནང་ཡང་ཧ་ཅང་ཕོན་ཆེ་བ་མ་འབྱོར་བས། གོང་མ་ཆེན་པོར་སྙན་སྒྲོན་གྱིས་ཟི་ཁྲོན་ཕྱོགས་ནས་དངུལ་སྲང་སུམ་སྟོང་དུ་ཉེ་བའི་ཟངས་སླད་མེད་རྒྱུ་གཙང་བསྒྲུབས། ཕྲ་རྒྱན་ཨིནྡྲ་ནཱི་ལ། མརྒད། རྡོ་རྗེ་ཕ་ལམ། པད་རག །ནོར་བུ་བྱི་མིག །མུ་ཏིག །གཡུ། བྱུ་རུ། མུ་མེན། སྤོས་ཤེལ། མན་ཧོ་སོགས་འགངས་ཆེ་བའི་རིགས་བླ་བྲང་མཛོད་ན་སྔར་ཡོད་ཀྱི་ཐོག །པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནས་གནང་བའི་དུང་དཀར་གཡས་འཁྱིལ། ཀློང་རྡོལ་བླ་མ་རིན་པོ་ཆེ་སོགས་བླ་སྤྲུལ། དཔོན་རིགས་མི་ཆེན་སོ་སོས་ཕུལ་བའི་སྤྱི་ཁེབས་གསེར་སྐོར་མ་དང༌། དཔྲལ་གཡུ། ཀོང་རྣ་སོགས་བཟོ་བྱས་མ་བྱས་ཀྱི་རིན་པོ་ཆེའི་རིགས་བསམ་གྱིས་མི་ཁྱབ་པ་རིན་ཐང་གཞལ་དུ་མེད་པ་ལྟ་བུ། ཐ་ན་ཁྲི་རྒྱབ་ཡོལ་གྱི་ཕྲ་ཁུང་ལྷོང་ཆེ་བ་སོ་སོར་མདོག་དབྱིབས་སོགས་དེ་དང་དེར་གང་འཚམ་གྱི་ཤེལ་ཁ་དོག་སྣ་ཚོགས་པའི་ཕྲ་རྒྱན་ཆེད་གཏད་ཀྱིས་བསྒྲུབས་པ་ལ་ཡང་དངུལ་སྲང་སྟོང་ཕྲག་བརྒལ་བ་སོང༌། བཟོ་བོ་དབུ་ཆེན་ལ་དངུལ་སྲང་བདུན་བརྒྱ་སྐོར་དང༌། གཞན་ལྔ་ལ་བཞི་བརྒྱ་རེ། ལྷ་བྲིས་པ་དང༌། རྒྱ་བོད་ཀྱི་ཤིང་བཟོའི་འགོ་དཔོན་ཆེ་ཆུང་ཀུན་ལ་བབས་འོས་ཀྱི་དངུལ། གོས་དར། གྱོན་པ་སོགས་གནང་ཆ་སྤམ་མཐོ་བ། ལག་གཡོག་དཀྱུས་མ་སུམ་བརྒྱ་སྐོར་རེ་ལོ་གསུམ་གྱི་རིང་སྟར་ཆགས་སུ་བྱུང་བ་ཐམས་ཅད་ལ་གླ་ཕོགས་སོགས་ཡིད་ཚིམ་ངེས་པ་གནང་སྟེ། གསེར་ཁང་ཆེན་མོ་ཐོག་སོ་ལྔ་སྤེན་བད་དང་བཅས་པ། སྟེང་དུ་གསེར་གྱི་རྒྱལ་མཚན་དང༌།


GTD004_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གཉྫིར། ངོས་ལ་རྣམ་བཅུ་དབང་ལྡན། གྲུ་སོ་སོར་གསེར་ཟངས་ལས་གྲུབ་པའི་སེང་གེའི་གཟུགས་ཤིན་ཏུ་འཇིགས་སུ་རུང་བ་སོགས་བཀོད་པ་ཁྱད་ཐོན་པ་དང༌། ནང་གི་ལྡེབས་རིས་ལ་ཆོ་འཕྲུལ་གྱི་བཀོད་པ། སྐྱབས་མགོན་མཆོག་གི་འཁྲུངས་རབས། ཡི་དམ་ཆོས་སྲུང་དུ་མའི་སྣང་བརྙན་མཐའ་ཡས་པ། ཤིང་རྐོས་ཚོན་རིས་སོགས་ཀྱང་བཀྲ་ཤིས་ལྷུན་པོའི་གསེར་གདུང་ལྷ་ཁང་སྔ་ཕྱིའི་དཔེ་ལྟར་གྱི་ཤིན་ཏུ་སྤུས་གཙང་བ་དང༌། སྟེང་གི་ངོས་ཐམས་ཅད་ལ་མང་ནུག་དམར་སྔོན་གཉིས་ཀྱི་བླ་བྲེ་གྲས་མཚུངས་གོ་མཚམས་མེད་པར་བཀྲམ་ཞིང༌། ཧོར་གོས་ཁ་དོག་སྣ་ཚོགས་པ་དང༌། མཛོད་ཀྱི་བཅད་ལྡན་སྣ་ལྔའི་ཀ་འཕན་ཆེ་ལེགས་གྲས་མཚུངས་སོགས་མཆོད་རྫས་མཐའ་ཡས་པ་གསར་དུ་བསྒྲུབས། ནང་དུ་རྟེན་གྱི་གཙོ་བོ་བྱམས་ཆེན་མཐོང་བ་དོན་ལྡན་ཁྲི་རྒྱབ་ཡོལ་དང་བཅས་ཐོག་སོ་བཞིའི་ཚད་ཅན། བྲིས་སྒྲུབ་ཚུལ་བཞིན་དུ་བྱས་པའི་གཟུངས་གཞུག་གི་རིགས་མཐའ་ཡས་པ་དང༌། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེའི་རིང་བསྲེལ་ན་བཟའ། དབུ་ལོ་བྱིན་རྟེན་གྱི་རིགས་ཁུངས་དག་བསམ་གྱིས་མི་ཁྱབ་པས་ཕྱུར་བུར་གཏམས་ཤིང༌། རིན་པོ་ཆེའི་ཚོགས་མཐའ་ཡས་པའི་ཕྲ་ཚོམ་གྱིས་མཛེས་པར་སྤུད་པ་བཟོ་དང་གསེར་མདངས་ཕུན་སུམ་ཚོགས་པ་ཉི་འོད་འཁྱུག་པའི་གསེར་གྱི་རི་བོ་བཞིན་དུ་མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་རྒྱུད་ལ་ཐར་བའི་ས་བོན་ཁྱད་པར་ཅན་ངེས་པར་བསྐྲུན་ནུས་པ་འདི་ཉིད་སྤྱན་དབྱེའི་རིམ་པ་དང་བཅས་པ་ལེགས་


GTD004_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲུབ་པའི་ཐོག་མཐའ་བར་གསུམ་གྱི་རྒྱུ་དངོས་གང་སོང་གི་རིམ་པ་དངུལ་ཐོག་ཏུ་ཕབ་ན་སྲང་ཁྲི་ཕྲག་གསུམ་དང་བཞི་སྟོང་བརྒལ་བ་སོང༌། འདིའི་ཆེད་དུ་བསམ་སྦྱོར་གྱི་འབྲེལ་བ་ཐོགས་པ་ཐམས་ཅད་ཀྱང་ཕྱི་མ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་སྐྱེས་ནས་མགོན་པོ་བྱམས་པའི་གསུང་གི་བདུད་རྩི་ལ་སྤྱོད་པའམ། མ་འོངས་པ་ན་རྒྱལ་བ་བྱམས་པའི་བསྟན་པ་དང་མཇལ་ཏེ་ཡང་དག་པའི་ལམ་བཟང་མངོན་དུ་འགྱུར་བའི་སྨོན་ལམ་རླབས་པོ་ཆེའི་མཚམས་སྦྱོར་དར་གྱི་སྲད་བུ་རྣམ་འདྲེན་མི་ཕམ་མགོན་པོའི་ཕྱག་ཏུ་གཏད་དེ་གདུལ་བྱ་རྣམས་སྲིད་པའི་བཙོན་དོང་ནས་འདྲེན་པའི་ཐབས་མཁས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་མཛད་དོ། །མི་མཉམ་ཐུགས་བསྐྱེད་དགེ་བའི་ཚོན་རིས་ཀྱི། །སྟོང་ཕྲག་ཉི་མ་འབར་བའི་གདེངས་ཀ་ནི། །ལེགས་བྱས་མཁའ་དབྱིངས་ཁྱབ་པར་སྤྲོ་བ་བཞིན། །མཻ་ཏྲིའི་སྣང་བརྙན་ལྷུན་པོའི་དོ་ཟླ་འཕགས། །གསེར་ཞུན་རྡུལ་མང་བརྩེགས་པ་ཤར་རིའི་སྤོར། །སྒྲིབ་བྲལ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལ། །འདབ་ཡངས་པདྨོ་རྒྱས་པའི་སྤྱན་མངའ་ན། །བྱམས་མགོན་མཛེས་སྐུའི་སྣང་བའི་དཔེ་ཟླར་འོས། །ཕོ་བྲང་གསེར་གྱི་རྒྱལ་མཚན་མངོན་མཐོ་འཆི་མེད་གནས་ལ་ཅོ་འདྲི་བགྱིད། །སྣ་ཚོགས་མཆོད་སྤྲིན་རྣམ་པར་བཀྲ་བས་དབང་གཞུའི་མཛེས་པ་དམན་པར་བྱེད། །སྲིད་ཞིའི་མཛེས་སྡུག་རྫོགས་པའི་སྙིང་པོ་མཚན་དཔེའི་དཔལ་འབར་སྐུ་དང་བཅས། །དཔག་ཡས་ངོ་མཚར་འདི་འདྲ་ཆེར་རློམ་ཕལ་གྱི་བསམ་པའི་ཡུལ་ཡང་མིན། །ཐུན་མཚམས་སྤྲིན་གྱིས་འཁྱུད་པའི་ཟླ་ཤེལ་བཞིན། །ངུར་སྨྲིག་འཆང་བ་དཀྱིལ་འཁོར་འཁོར་ལོའི་


GTD004_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མགོན། །གཅིག་ལས་དུ་མར་སྤྲོ་བའི་ཡེ་ཤེས་ཀྱི། །ཟླ་སྣང་རྟེན་གྱི་རྫིང་བུ་འབུམ་དུ་འཆར། །དེ་ཚེ་དགེ་ལེགས་རྒྱ་མཚོའི་དགའ་ཆར་གྱིས། །སྲིད་པའི་གདུང་སེལ་ཆོ་ག་རྫོགས་པ་ན། །སྐལ་བཟང་འབྲུག་སྒྲས་མྱོས་རྣམས་རེ་བའི་མིག །ཡིད་དགའ་ཆོས་འཛིན་སྤྲིན་གྱི་ཁོངས་སུ་གཏོད། །སྔོན་ཚེ་ཐུབ་པའི་ཅོད་པན་ནོར་བུའི་འོད། །མ་ཕམ་མགོན་ལ་བཅིངས་ཏེ་དབང་བསྐུར་བཞིན། །ཉིད་ཀྱི་ཞལ་སྐྱིན་འདི་ཡིས་མཛད་བཞེད་ན། །ཆོས་ཚུལ་འདོམས་པ་མེད་པས་ཤིན་ཏུ་ཕམ། །འོན་ཀྱང་ལྔ་ཕུང་མེ་ཏོག་འདབ་མའི་ཚོགས། །རིང་མིན་དུས་ཀྱི་རེག་པས་བསིལ་བ་ན། །ཉམ་ཆུང་སེམས་ཀྱི་སྦྲང་བུ་མ་སྨས་པར། །དགའ་ལྡན་པདྨོའི་ཚལ་དེར་དྲང་དུ་གསོལ། །ཞེས་བྱ་བ་ནི་ཡིད་ལ་བརྣགས་པའི་ཚིགས་སུ་བཅད་པའོ། །དོན་གཉེར་ཅན་ཁ་ཤས་ལ་རྒྱལ་ཐང་བའི་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་ཆོས་བཀའ་མང་དུ་སྩལ། རྡོ་རམས་པ་ངག་དབང་ཤེས་རབ་ཀྱིས་ཞུས་ངོར། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཆ་ཚང་བ། མན་ངག་ལྷན་ཐབས་ཀྱི་ལུང་སོགས་དང༌། དགེ་བཤེས་བསོད་ནམས་ཀྱིས་ཞུས་ངོར། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་གནང༌། དགེ་ཚུལ་བཅུ་དང༌། བསྙེན་རྫོགས་དོན་ལྔ་གསར་སྒྲུབ་མཛད། དེ་ཡང་གདན་ས་འདིར་བཀའ་འགྱུར་བ་བློ་བཟང་ཉི་མས་ལུང་གནང་བ་དེ་ཤིན་ཏུ་ཁུངས་དག་ཡིན་འདུག་ཀྱང༌། བར་སྐབས་སུ་ཆད་དེ་རྒྱུན་མི་བཞུགས་ཤིང༌། གཞན་


GTD004_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་དབུས་ཀུན་ཏུ་རྩད་གཅོད་ནན་ཆེར་མཛད་ཀྱང་རྙིང་ཕྱོགས་དང་མ་འབྲེལ་བའི་བརྒྱུད་པ་གཙང་ངེས་ཐུགས་ཚིམ་པ་ཞིག་མ་རྙེད་པར་ཡོད་པ་ལ། བྱ་ཁྱུང་གི་ཁྲིར་ཕེབས་སྐབས། ཆ་ཧར་ཕྱོགས་ནས་ཆོས་རྗེ་བློ་བཟང་བཀྲ་ཤིས་མཇལ་དུ་ཕེབས་པ་དང་གསུང་འཕྲོས་གནང་བས་ལུང་རྒྱུན་ཁུངས་བཙུན་ཡོད་པར་གཟིགས་ཏེ། སླར་བཀྲ་ཤིས་འཁྱིལ་དུ་བཀའ་འགྱུར་གྱི་ལུང་ཞིག་བྱེད་དགོས་ཀྱི་བཀའ་ཕེབས། དེ་དོན་བཞིན་ལོ་སྔ་མའི་མཇུག་ཏུ་ཁོང་ཆེད་གཏད་ཀྱིས་བྱོན་པར་བསུ་བ་ཁལ་རྟ་སོགས་དང་དགོན་པར་བཞུགས་རིང་དཔོན་གཡོག་ཀུན་ལ་ཡོ་བྱད་གང་དགོས་ཀྱི་མཐུན་རྐྱེན་ཕུལ་དུ་ཕྱིན་པ་བསྒྲུབས། དང་པོར་སྤྲུལ་སྐུ་དགེ་བཤེས་སོགས་སྙན་གསན་འབུལ་མི་སུམ་ཅུ་ཙམ་བྱུང་སྟེ། བླ་མས་ཀྱང་ལུང་གི་མགོ་ཚུགས་རྩིས་གནང་སྐབས། ད་དུང་ཉན་མཁན་ཁོ་འབྱོར་མ་བྱུང་གསུངས་ཏེ། རི་ཁྲོད་པ་རབ་རྒྱས་རང་ཡུལ་ན་ཡོད་པ་ལ་བཀའ་ཤོག་ནན་ཅན་བསྐུར་ནས་འབོད་པ་གནང༌། དེ་ནས་ལུང་གི་མགོ་བྱམས་ཆེན་རབ་གནས་ཀྱི་སྦྱོར་བ་དང་ཕྱོགས་མཚུངས་སུ་ཚུགས་རྒྱུའི་བཀོད་ཁྱབ་སྩལ། དེའི་དགོངས་གཞི་ནི་རྗེ་བླ་མ་མཆོག་གི་ཐུགས་མཁྱེན་བརྩེའི་ཡེ་ཤེས་ཀྱིས་འགྲོ་ཀུན་ནམ་ཡང་མི་གཏོང་བར་འདུ་འབྲལ་མེད་པར་རྟག་ཏུ་འགྲོགས་ཀྱང༌། ཐུན་མོང་གདུལ་བྱའི་སྣང་ངོར་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་ཏེ། སྐུའི་ཞལ་སྐྱིན་དུ་བྱམས་ཆེན་མཐོང་བ་དོན་ལྡན་དང༌། གསུང་གི་དོད་པོར་རྒྱལ་བའི་ལུང་གི་བསྟན་པ་ཆ་ཚང་བའི་བྱིན་རླབས་ཀྱི་རྒྱུན་མ་ཉམས་པ་ཞིག་གནང་བཞེད་པ་གོར་མ་


GTD004_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་གོ །དེར་མ་ཟད་སྔ་སོར་བོད་དུ་བཞུགས་སྐབས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་བཀའ་མཆིད་གནང་སྐབས་ཤིག་ངེད་ཀྱིས་བོད་སྔ་ཕྱིའི་མཁས་པ་ཐམས་ཅད་ཀྱི་ལེགས་བཤད་ཆ་ཚང་བ་བཀྲ་ཤིས་འཁྱིལ་དུ་འབྱོར་བ་ཞིག་བྱེད་བསམ་པ་ཡོད་གསུངས་པ་ཡང་འདི་དང་གནད་གཅིག་སྟེ། རྒྱལ་བའི་བཀའ་དང༌། འཕགས་བོད་ཀྱི་བསྟན་བཅོས་མ་ལུས་པའི་གླེགས་བམ་ཙམ་ཞིག་བཞུགས་ན་ཡང༌། དེའི་བྱིན་རླབས་ལ་བརྟེན་ནས་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་རྒྱས་སུ་འགྲོ་བ་དང༌། དགོན་པར་ཕྱག་དང་སྐོར་བ་ལན་གཅིག་བྱས་པ་ཙམ་གྱིས་ཀྱང་དེ་ཐམས་ཅད་ལ་འབྲེལ་ཐོགས་པ་སོགས་དགོས་པ་བསམ་གྱིས་མི་ཁྱབ་པས། རྫ་བུམ་ཞིག་ཏུ་འབྲུ་སྣ་ཁ་ཤས་རེ་བླུགས་པ་ལ་སའི་བཅུད་དུ་བཏགས་པ་དང་མི་འདྲ་བར། གནས་ཀྱིས་གང་ཟག་བྱིན་གྱིས་རློབ་ནུས་པའི་མཐུ་དང་ལྡན་པར་བསྒྲུབས་པར་ཤེས་པར་གྱིས་ལ་བཀའ་དྲིན་རྗེས་སུ་དྲན་པར་བྱོས་ཤིག །ཆོས་ཉན་པའི་གྲངས་དེར་མཁས་པའི་དབང་པོ་ཆོས་རྒྱུན་སྤེལ་ནུས་པ་དུ་མ་ཡོད་ཀྱང༌། ཀུན་གྱི་ནང་ནས་རབ་རྒྱས་ལ་ཆེད་གཉེར་གྱིས་བཀའ་ཕེབས་པ་ནི། དེ་ཕྱིན་གྱི་ལོ་བདུན་པོ་འདིའི་བར་དུ་ཡང་ཁོང་གིས་གདན་ས་འདི་དང༌། སྐུ་འབུམ་བྱམས་པ་གླིང༌། ཅོ་ནའི་ཕྱོགས་སོགས་སུ་བཀའ་འགྱུར་གྱི་ལུང་ཚར་ལྔ་ཙམ་བྱས་ཏེ། རྒྱལ་བའི་འཕྲིན་ལས་སྤེལ་བའི་བཀའ་འགྱུར་བ་ཆེན་པོ་ཞིག་ཏུ་སོང་བ་འདི་ཉིད་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་པར་སྣང༌། བཀའ་འགྱུར་བ་བློ་བཟང་བཀྲ་ཤིས་ཀྱིས་ཞུས་


GTD004_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་ལུང་གི་བརྒྱུད་འདེབས་ཤིག་ལྗགས་རྩོམ་གནང་ཡང་སྦྱར་བྱང་མ་བཏབ་པས། ཡང་བསྐྱར་གྱིས་ཞུས་པ་ལ་མཛད་བྱང་སླར་འདྲི་ཞེས་གནང་བ་ནི་གདན་ས་འདིར་བཀའ་རྩོམ་གྱི་ཐ་མ་ཡིན་པས་སླད་ཀྱི་རྟེན་འབྲེལ་ལ་དགོངས་པར་མངོན། གསུམ་པའི་ཉེར་དྲུག་ལ་བྱ་ཁྱུང་དུ་ཆིབས་བསྒྱུར་སྐབས་དགོན་པའི་མཐའ་ནས་ཕེབས་བྱམས་ཕྱིར་བསྐོར་ཏེ་དགོན་པར་གཟིགས་པ་སོགས་རྒྱུན་ལྡན་དང་མི་འདྲ་བ་ཞིག་གནང༌། བཞི་པའི་སྨོན་ལམ་གྱི་རིང་བྱ་ཁྱུང་དུ་བཞུགས་ཏེ་ལུགས་གཉིས་ཀྱིས་རེ་བ་བསྐངས་ཤིང༌། རྒྱུད་པ་བླ་མ་གདན་ཟུར་གཉིས། བདེ་ཡངས་ཞབས་དྲུང༌། དཀའ་བུག་ཞབས་དྲུང་སོགས་དོན་གཉེར་ཅན་དུ་མ་ལ་འདོད་སྦྱར་གྱི་ཆོས་བཀའ་འགའ་ཞིག་སྩལ། རིམ་གྱིས་ཕྱག་བཏེག་སྟེ་ལྔ་པའི་ཚེས་གསུམ་ལ་སྒོ་མེ་ཆུ་ཚན་ཁར་འབྱོར། དགེ་འདུན་གུང་ཚང་ནས་ཨེམ་ཆི་རྒྱལ་མཚན་བོས་ཏེ་གསོལ་སྨན་དྲངས་ཤིང༌། བདུན་ཕྲག་གཅིག་ཏུ་ཆབ་ཚན་གྱི་འཕྲོད་བསྟེན་གནང་བས་ཅུང་ཟད་ཕན་ངོ་དོད་པ་བྱུང༌། དེའི་སེང་བར་དུ་མང་ཐོས་སྒྲུབ་ལ་གཞོལ་བ་ངག་དབང་ཉི་མ་དང༌། བློ་བཟང་རྒྱལ་མཚན་རྣམ་གཉིས་སོགས་རི་ཁྲོད་པ་བཅུ་སྐོར་ལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རྫོགས་གཉིས་ཀྱི་ཁྲིད་མན་ངག་དུ་མའི་ཟབ་གནད་དང་བཅས་པ་སྩལ། ཕྱིར་ལམ་ཤུག་ཆུ་རི་ཁྲོད་དུ་གདན་དྲངས་པར་འཇིགས་བྱེད་བཅུ་གསུམ་མའི་དབང་སྟ་གོན་དང་བཅས་པ་གནང་སྐབས་ནམ་མཁའི་ངོས་ཐམས་ཅད་འཇའ་ཚོན་ཟླུམ་པོ་དུ་མས་ཁྱབ་པ་སོགས་ལྟས་ངོ་མཚར་བ་མང་དུ་བྱུང་བས་ཀུན་ཡ་མཚན་དུ་


GTD004_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། བད་ཁོར་རི་ཁྲོད་དུ་ཚེ་བློས་བཏང་གི་རི་ཁྲོད་པ་བློ་བཟང་རྒྱལ་མཚན་དང་ངག་དབང་ཉི་མ་གཉིས་ལ་དཔའ་གཅིག་དང༌། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ལྗགས་ལུང་གནང༌། བདེ་ཆེན་དུ་སེར་སྐྱ་ལྔ་བརྒྱ་སྐོར་ལ་དངོས་སྟ་འབྲེལ་མ་བྱས་ཏེ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་སྩལ་ནས་ངན་སོང་གི་སྒོ་འཕར་དམ་དུ་བཅད། ལམ་གྱི་མི་ཁྱིམ་མཐའ་དག་གིས་རང་འབྱོར་དང་བསྟུན་པའི་བསྙེན་བཀུར་ཞུས་པ་ཐམས་ཅད་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་འཁོར་བ་མཐའ་ཅན་དུ་མཛད། དྲུག་པའི་ཚེས་གསུམ་ལ་སྐུ་འབུམ་དུ་བབས། དེའི་ཚེས་དྲུག་སྟོན་པས་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་ཨ་ལག་ཤཱ་དགེ་སློང་སོགས་གྲྭ་པ་སུམ་བརྒྱ་སྐོར་ལ་ཀུན་རིག་གི་དབང་ཆེན་སྩལ། སྨན་པ་བླ་མ་གྲོ་ཚང་སྤྲུལ་སྐུ། སེར་རིས་སྤྲུལ་སྐུ་སོགས་དོན་གཉེར་ཅན་དུ་མ་ལ་སྨྱུང་གནས་ཆོ་ག །གནས་བཅུ་ཕྱག་མཆོད། སྨན་གྱི་རྒྱུད་བཞི་སོགས་འདོད་མོས་བཞིན་གྱི་ཆོས་བཀའ་ཅི་རིགས་གནང༌། ཁ་ཏི་ཁ་བ་སྨན་པ་དཀོན་མཆོག་ཡར་འཕེལ་གྱིས་ཞུས་ངོར་བརྒྱད་སྟོང་པའི་ལྗགས་ལུང་གནང་སྐབས་ཕྱག་གཡས་པའི་མཐེ་བོང་གིས་རྐན་ཕུག་ཏུ་ཡང་ཡང་རེག་པར་ཆོས་ཉན་པ་འགའ་ཞིག་གིས་བལྟས་པས། ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་ཞིག་གི་མཐོང་སྣང་བྱུང་བ་ནི་སྤྲུལ་བའི་བཀོད་པ་འདི་ཉིད་མི་རིང་བར་རང་བཞིན་གྱི་ཡུམ་ཆེན་མོ་ཆོས་ཀྱི་སྐུ་དག་པ་གཉིས་ལྡན་གྱི་དབྱིངས་དེར་སྡུད་པའི་བརྡ་ཐབས་སུ་མངོན། ལུང་གི་མཇུག་ཏུ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས།


GTD004_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པར་གནང་ཞིང༌། ད་སྐལ་བ་བཟང་པོ་བྱུང་ཞེས་དགྱེས་ཚོར་ཚད་མེད་པ་མཛད། བཅུ་བཞིའི་ཉིན་ཤར་ཕྱོགས་རྒྱ་མཚོའི་འགྲམ་ནས་ཐོར་གོད་ཚེ་རིང་རྣམ་རྒྱལ་ཧན་གྱི་མི་སྣ་ཁཱ་ཤུ་བོ་ཆི་ཙང་གི་དགེ་འདུན་སོགས་ཉི་ཤུ་སྐོར་དང༌། ཧལ་ཧ་དོན་གྲུབ་པེའི་ལིའི་མི་སྣ་བཅས་གསར་སླེབས་རྣམས་ཀྱིས་འབྱོར་ཕྱག་ཞུས་པར་དགྱེས་པའི་བཀའ་མཆིད་གནང༌། སོ་སོའི་མོས་པ་བཞིན་དུ་དགེ་བསྙེན་དགེ་ཚུལ་དགེ་སློང་སོགས་ཀྱི་སྡོམ་པ་ཕོག །ཁོང་རྣམས་ཀྱིས་ཞུས་ངོར་དོན་གཉེར་ཅན་ཕྱེད་དང་དྲུག་བརྒྱ་སྐོར་ལ་འཇིགས་མཛད་རྡོ་རྗེའི་སྨིན་བྱེད་ཀྱི་དབང་ཟབ་མོའི་བཀའ་དྲིན་རྫོགས་པར་བསྐྱངས། ཐོར་གོད་རྒྱལ་པོའི་ཞུ་ཡིག་གི་རྟེན་སོགས་སུ་རིན་པོ་ཆེའི་རིགས་འགངས་ཆེ་བ་མང་པོས་མཚོན་ཁྱད་ནོར་དུ་མ་དང༌། དངུལ་སྲང་ཉིས་སྟོང་དུ་ཉེ་བ་སོགས་དངོས་འབུལ་གཏོས་ཆེ་བར་བྱུང་བ་ཀུན་ལ་བབས་འོས་ཀྱི་བཀའ་ལན་སོགས་འཚེམ་མེད་དུ་སྩལ། གྲོ་ཚང་སྤྲུལ་སྐུས་གསོལ་བ་བཏབ་པ་བཞིན་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་དབང་ཆེན་དང༌། རྒྱུད་གྲྭ་སྤྱི་ནས་ཞུས་ངོར་བདེ་གསང་འཇིགས་གསུམ་གྱི་ཆོ་གའི་ལྗགས་ལུང་གནང༌། རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྒྱ་ནག་ཏུ་བྱོན་པའི་ལམ་ནས་སྐུ་འབུམ་དུ་ཕེབས་ཏེ་མཇལ་འཛོམ་གནང་བཞེད་ཡོད་ཀྱང༌། བར་སྐབས་སུ་འཇམ་དབྱངས་གོང་མ་ཆེན་པོ་ནས་སླར་བོད་དུ་ཕེབས་ཏེ་རྒྱལ་ཚབ་གནང་དགོས་ཀྱི་བཀའ་བབས་པས། ཕྱག་མཛོད་ནང་སོ་ངོ་གཡོག་འཚམས་ཞུས་སུ་འོངས་ཏེ། ཞུ་ཤོག་རྟེན་ཆས་རྣམས་ཕུལ་བར། ཐུགས་ནང་ཉེ་བའི་གསུང་ལན་ཞིབ་རྒྱས་ཆིབས་ཆེན་གཉིས་ཀྱིས་གཙོས་པའི་ལེགས་


GTD004_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་གྱ་ནོམ་པ་བཅས་འབུལ་བ་གནང༌། བསྒྲུབ་བྱ་ཞེ་དྲུག་ལ་བསླབ་པའི་གཞི་བཅུ་འཛིན་པའི་དགེ་ཚུལ་གྱི་སྡོམ་པ་ཕོག་ཅིང༌། ཉེར་གཅིག་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། ཚོགས་ཆེན་དང་གྲྭ་ཚང་སོ་སོར་མང་འགྱེད་བསྟར་ཞིང༌། ལྷ་ཁང་ཆེན་མོ་སོགས་སུ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་སྨོན་པ་ཤུགས་དྲག་རྒྱུན་རིང་དུ་གནང༌། དེར་བཀའ་ཆོས་སྔ་ཕྱིའི་སྐབས་སུ་གྲྭ་པ་ཕལ་ཆེར་ཡིད་སྐྱོ་ཆིང་ངེ་བས་མཆི་མ་རང་དབང་མེད་པར་འཆོར་བ་ཡང་ཡང་བྱུང་ཞིང༌། ལྷག་པར་དེ་ནས་ཆིབས་བསྒྱུར་པའི་ཉིན་གྲྭ་པ་ཐམས་ཅད་སྐྱོ་ཤས་ཀྱི་དབང་གིས་འབྲལ་མི་ཕོད་པ་དང་རྗེ་ཉིད་ནས་ཀྱང་ལྷག་པར་ཐུགས་བརྩེ་བས་སྟངས་ཀ་མཛད། དེ་ནས་བྱ་ཁྱུང་དུ་ཕེབས་ཏེ་བདུན་པའི་ཚེས་གཅིག་ནས་བཟུང་བརྩི་བཞག་གནང༌། དགོན་པའི་སྒྲིགས་ལམ་སྤྱི་དང་ཁྱད་པར་སློབ་གཉེར་བྱེད་ལུགས་སོགས་ཀྱི་ཚོགས་གཏམ་ཞིབ་རྒྱས། ལས་ཚན་སོ་སོར་ཡང་སྒྲིགས་ཀྱི་རྟིང་གནོན་བྱེད་ཚུལ་སོགས་བསླབ་བྱ་ཞིབ་ཏུ་གནང༌། རང་རང་གི་འདོད་སྦྱར་གྱི་ཆོས་བཀའ་ཆེ་ཆུང་དང༌། གསུང་རབ་མང་པོའི་དཀའ་གནས་ལ་དྲི་བ་ཞུས་པ་ཐམས་ཅད་ཀྱང༌། ཁམས་དང་མོས་པ་བཞིན་དུ་རྗེས་སུ་བཟུང་བས་གྲྭ་སློབ་ཐམས་ཅད་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་རྙེད། དགོན་པའི་མཆོད་གཞིས་སུ་གཏོགས་པ་ཐམས་ཅད་དུ་འབྲུ་བསོད་ལ་སྐུ་དངོས་ཀྱིས་ཕེབས་ཏེ་མཆོག་དམན་མཐའ་དག་ལ་འདོད་ཆོས་དང་ཕྱག་དབང་སོགས་བརྩེ་གཟིགས་ཀྱིས་


GTD004_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་བླ་ན་མེད་པའི་ས་བོན་བསྐྲུན། ཨ་ཁྱུང་གནམ་རྫོང་དུ་ཕེབས་སྐབས་མཁས་པ་མི་གསུམ་གྱི་སྒྲུབ་ཁང་དུ་སྤྱན་འདྲེན་ཁྲུས་གསོལ་དང་བསྔོ་བ་སྨོན་ལམ་བསྟན་འབར་མ་སོགས་གསུངས་ཏེ་སྤྱན་དམིགས་རྒྱུན་རིང་མཛད། དཀོན་གཉེར་གྱིས་འདིའི་གནས་བདག་གང་ཡིན་ཞུས་པར། གཞན་མི་ཤེས་ཀྱང་མདང་རྨི་ལམ་དུ་མི་དཀར་པོ་རྒྱ་ཆས་སྤྲད་པ་གཉིས་འོང་བ་ཞིག་རྨིས་གསུངས། དེའི་མཚན་མོ་ཡང་མནལ་ལམ་དུ་གྲྭ་པ་འགའ་ཞིག་གིས་དཔེ་ཆ་མང་པོ་ཞིག་ཕུལ་བའི་ཁྲོད་ནས་གཅིག་གི་རྒྱབ་ཡིག་ལ་གཟིགས་པས་ཐར་པར་འཇུག་པའི་གྲུ་བོ་ཆེ་ཟེར་བ་དང༌། དེའི་འོག་ན་བུ་སྟོན་གྱིས་མཛད་ཅེས་མཆན་ཞིག་ཀྱང་བཏབ་འདུག་པ་རྨིས་གསུངས་པ་ནི། སྔོན་དང་ཕྱི་མའི་རྟེན་འབྲེལ་གྱི་གནད་མང་པོ་ཚང་བ་ཞིག་ཡིན་འདྲ་ཡང༌། འཕགས་ཆེན་དམ་པའི་གསང་བ་ཟབ་མོར་ཚུར་མཐོང་གི་བློས་ཁ་ཚོན་གཅོད་མི་ནུས་པས་བཏང་སྙོམས་སུ་བཞག་གོ །དེར་ཕེབས་པ་ནས་བཟུང་བཞེས་པ་ཆེར་མི་གནང་ཞིང༌། ཞལ་ནས་ཀྱང་བདག་ལ་ཟས་ཀྱི་འདོད་པ་མེད་གསུངས་པ་ནི་དགོངས་པ་གཏད་པའི་བརྡར་མངོན་ལ། གནས་དེར་དག་པའི་ཞིང་དུ་འབྱོན་པར་བསྐུལ་བའི་གཟིགས་སྣང་ཁྱད་པར་ཅན་ཞིག་ཀྱང་བྱུང་བ་གདོན་མི་ཟའོ། །དགུ་པའི་ཟླ་མཇུག་ལ་སྒོ་མེ་ཆུ་ཚན་དུ་ཁོར་ཙམ་ཕེབས་ནས་འཕྲོད་བསྟེན་གནང༌། དེ་སྐབས་གདན་ས་ནས་སྤྱི་གཉེར་སོགས་འཚམས་ཞུས་པ་འབྱོར་ཏེ། དགེ་བསྐོས་གསར་པའི་འོས་ཐོ་ཕུལ་བར། ད་རེས་མིང་ལེགས་པ་ཞིག་བསྐོ་དགོས་གསུངས། དབྱར་ཐོག་ཕྲན་ལ་རྔ་བར་དགོན་པ་གསར་རྒྱག་གི་དོན་དུ་འགྲོ་དགོས་པའི་


GTD004_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཤོག་བྱུང་བ་ལྟར་ཕྱིན་ནས། ཟུང་འཕན་ཏཱ་ཞིན་དེར་འོང་བ་དང་དངོས་ཕྲད་ཀྱི་ཐོག་དགོན་པའི་གཞི་འདིང་རྒྱུའི་ལས་དོན་རྣམས་ལེགས་པར་གྲུབ་པའི་གནས་ཚུལ་གྱི་ཞུ་ཡིག་ཕུལ་བ་སྤྱན་ལམ་དུ་བསྟར་བས་དགྱེས་ཚོར་ཆེ་བར་མཛད་དོ། །དེ་ཡང་སྐྱེ་བོ་བློ་གྲོས་ཀྱི་ནོར་དང་ལྡན་པ་ཞིག་གིས་རྗེ་བླ་མ་མཆོག་འདིའི་མཛད་པའི་འཕྲིན་ལས་ཀྱི་ཕྱོགས་རེ་རེ་ཙམ་མཐོང་ན་ཡང་རིང་མོ་ཞིག་ནས་གོམས་པའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་གྲུབ་པས་མཁའ་མཉམ་བསྟན་འགྲོ་ཡོངས་ཀྱི་སྲོག་ཟུངས་ཁོ་ནར་འགྱུར་ཚུལ་དང༌། མཁས་བཙུན་བཟང་གསུམ་ཡ་མ་བྲལ་བའི་འཕགས་ཆེན་དམ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་འབའ་ཞིག་ཏུ་དཔོག་པར་ནུས་མོད་ཀྱང༌། རང་དང་སྐལ་བ་མཉམ་པ་རྣམས་ཀྱིས་གོ་བདེ་བའི་ཕྱིར་ཕྱོགས་གཅིག་ཏུ་བསྡེབས་ཏེ་ཉུང་ཟད་ཙམ་ཞིག་བརྗོད་ན་འདི་ལྟ་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། ཁྱོད་ནི་སྔོན་དུས་དཔག་མེད་བསྐལ་པ་ནས། །སངས་རྒྱས་གསེར་ཐུབ་དྲུང་དུ་ཐུགས་བསྐྱེད་དེ། །འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་རབ་བཞེས་པས། །དམ་བཅའི་སྨོན་ལམ་གྲུབ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སྔོན་སངས་རྒྱས་གསེར་ཐུབ་ཀྱི་དྲུང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། དེ་ནས་བརྩམས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་ཞུམ་པ་མེད་པར་བསླབས་པས་ཚོགས་གཉིས་ཀྱི་ལུས་རྩལ་ཡོངས་སུ་རྫོགས་ཏེ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་རྣམས་ཀྱི་དོན་དུ་སྤྲུལ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྟོན་པར་


GTD004_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཅིང༌། ཁྱད་པར་དུ་ཡང་རྣམ་འདྲེན་ཤཱཀྱ་སེང་གེའི་མདུན་སར་ཆོས་སྨྲ་བའི་སྤོབས་པ་བླ་ན་མེད་པ་རྒྱལ་བའི་སྲས་པོ་དྲི་མེད་གྲགས་པ། མཐའ་བྲལ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་རིག་འཛིན་སར་གཤེགས་གྲུབ་པའི་དཔའ་བོ་སངས་རྒྱས་བསྐྱངས། དངོས་སྟོབས་རིགས་པའི་དཔུང་གིས་སྨྲ་ངན་འདམ་བུའི་ཚལ་ཀུན་འཇོམས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཀླུ་སྒྲུབ་ལུགས་བཟང་མདོ་སྔགས་ཟུང་འཇུག་ཀུནྡའི་དགའ་ཚལ་བཞད་པར་མཛད་པ་དཔལ་ལྡན་ཟླ་བ་གྲགས་པ། འཕགས་མཆོག་འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། འབྲོམ་སྟོན་ཐུགས་ཀྱི་སྲས་མཆོག་བཀའ་གདམས་བསྟན་པའི་སྲོག་ཤིང་པོ་ཏོ་བ་རིན་ཆེན་གསལ། ཐབས་ཤེས་གཅོད་ཀྱི་གདམས་པས་བདུད་བཞི་རང་སར་གྲོལ་བ་མ་ཅིག་སྲས་པོ་སྟོང་སྡེ་ངག་གི་དབང་ཕྱུག །འཇམ་མགོན་རྒྱལ་བ་གཉིས་པའི་རིགས་ཀྱི་ཅོད་པན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དབུ་མ་པ་དཔའ་བོ་རྡོ་རྗེ། མངོན་སྤྱོད་ལས་ཀྱི་རྩེ་བརྒྱ་གདེངས་པས་མ་རུངས་བསྟན་དགྲ་ཕྱེ་མར་བརླགས་མཛད་ཞྭ་ལུ་བ་ལེགས་པ་རྒྱལ་མཚན། རྒྱུད་པ་གཉིས་ཀྱི་གདམས་པའི་བཀའ་བབས་གཅིག་ཏུ་འདྲེས་པའི་གསང་མཛོད་འཛིན་པ་རྒྱུད་ཆེན་བརྩོན་འགྲུས་འཕགས། སྙན་བརྒྱུད་མན་ངག་བདུད་རྩིས་སྐལ་བཟང་གདུལ་བྱ་མཐའ་དག་ཚིམ་པར་མཛད་པ་རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། འཇམ་མགོན་རྒྱལ་བ་གཉིས་པའི་བཤད་སྒྲུབ་བསྟན་པ་ཡོངས་ཀྱི་མངའ་བདག་ཀུན་མཁྱེན་


GTD004_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས། གསེར་གྱི་རི་བོ་ལྟ་བུའི་སྐྱེས་རབས་ཀྱི་ཕྲེང་བ་རིམ་པར་བརྒྱུད་དེ་རྒྱ་བོད་གཉིས་ཀར་ཐུབ་བསྟན་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེངས་པར་མཛད། ལྷག་པར་ཡང་སྐུ་འཕྲེང་འདི་ཉིད་ལ་སྲས་བཅས་རྒྱལ་བ་ཀུན་གྱི་གསང་གསུམ་རྨད་དུ་བྱུང་བའི་མཛད་པ་མཐའ་དག་རང་ཉིད་གཅིག་པུའི་ཕྱག་མཚན་དུ་བཞེས་ཏེ། དུས་ཀྱི་ཐ་མ་སྙིགས་མའི་རང་མཚང་མཚོ་ལྟར་རྡོལ་བའི་སྐབས་འདིར། བློ་བཟང་འཇམ་དཔལ་སྙིང་པོའི་རིང་ལུགས་དྲི་མ་མེད་པ་མདོ་སྔགས་བཤད་སྒྲུབ་གང་གི་ཡང་གྲྭ་ཟུར་ཉམས་པ་མེད་པར་མཐའ་དབུས་ཀུན་ཏུ་སྤེལ་བ་འདི་ནི་རྣམ་ཐར་ཐམས་ཅད་ཀྱི་འགག་སྡོམ་ལྟ་བུ་ཡིན་པས། དེ་ལ་མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བཤད་པའི་བསྟན་པ་སྤེལ་ཚུལ། བཙུན་པའི་ཡོན་ཏན་བསླབ་གསུམ་ཉམས་ལེན་གྱི་སྒོ་ནས་སྒྲུབ་པའི་བསྟན་པ་སྤེལ་ཚུལ། བཟང་པོའི་ཡོན་ཏན་རླབས་ཆེན་ཐུགས་བསྐྱེད་ཀྱི་སྒོ་ནས་བསྟན་འགྲོའི་གསོས་སུ་གྱུར་པའི་མཛད་པ་རླབས་པོ་ཆེ་བདེ་བླག་ཏུ་འགྲུབ་པའི་ཚུལ་གསུམ། དང་པོ་མཁས་པའི་ཡོན་ཏན་བརྙེས་པའི་ཚུལ་ཡང༌། གནས་ཚོད་ལ་རིང་མོ་ཞིག་ནས་ཆོས་ཀུན་མངོན་པར་བྱང་ཆུབ་ཟིན་པ་ཡིད་ཆེས་ཚད་མའི་ལུང་གིས་འགྲུབ་ལ། སྐུ་འཕྲེང་འདིའི་སྣང་ཚོད་ཀྱི་དབང་དུ་བྱས་ན་ཡང༌། སྐྱེས་ཐོབ་ཀྱི་བློ་གྲོས་ཐོགས་པ་མེད་པའི་དབང་གིས་གསུང་རབ་ཀྱི་དགོངས་དོན་མ་ལུས་པ་རང་དབང་དུ་འབྱེད་པར་ནུས་པ་ཞིག་ཡོད་ཀྱང༌། སློབ་


GTD004_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ལ་མ་བརྟེན་པའི་ཡོན་ཏན་དེ་ནི། ཤེས་རབ་སྡོང་བུ་ལས། རིགས་པ་གླེགས་བམ་ལས་བསླབས་ཀྱི། །བླ་མའི་ཐད་ནས་མ་བསླབ་པ། །འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་ན་མི་མཛེས་སོ། །ཞེས་གསུངས་པ་ལྟར། རང་གཞན་གང་ལ་ཡང་ཕན་པ་ཆེར་མི་འབྱུང་བས། ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་མ་ནོར་བའི་རྟེན་འབྲེལ་གྱི་གནད་འདི་ལ་རག་ལས་སོ། །ཞེས་རྗེས་འཇུག་རྣམས་ལ་འདོམས་པའི་ཕྱིར། རྗེ་བཙུན་བླ་མ་ཉིད་ནས་དང་པོར་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་གྱི་ཞབས་རྡུལ་རྙོག་པ་མེད་པ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ལེགས་པར་བསྟེན་པའི་ཚུལ། ཉིད་ཀྱི་གསན་ཡིག་ལས། བསམ་དང་སྦྱོར་བས་དམ་པའི་ཞབས་བསྟེན་ནས། །ཡིད་བཞིན་ནོར་ལྟར་རྙེད་དཀའི་ཟབ་ཆོས་ཀུན། །ངོམས་པ་མེད་པར་ཚོལ་བས་མི་ངལ་བ། །གང་དེ་ཐུབ་བསྟན་རྒྱ་མཚོའི་རྩ་ལག་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་མཁས་པའི་དེད་དཔོན་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་མཐར་ཕྱིན་པར་མཛད་པས། དེ་དག་གང་དང་གང་གི་དོན་ལས་བརྩམས་ཏེ་འཆད་པ་དང༌། རྩོད་པ་དང༌། རྩོམ་པ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་ཀློང་རྡོལ་ཏེ་ཚད་མར་གྱུར་བའི་མདོ་རྒྱུད་ཀྱི་གཞུང་ཆེན་མོ་གང་ཞིག་འཆད་ཀྱང༌། འོལ་ཚོད་དང་ཕྱོགས་རེ་བ་ཙམ་མ་ཡིན་པར་དོན་གྱི་ཆ་མཐའ་དག་ཉམས་འོག་ཏུ་ཚུད་པའི་དབང་གིས་གོང་འོག་འཁྲུག་པ་དང༌། སྐབས་སུ་མ་བབས་ཤིང་མི་དགོས་སར་སྤྲོ་བ་དང༌། སྤྲོས་ཏེ་བཤད་དགོས་པའི་དཀའ་གནས་རྣམས་བྱིལ་བྱིལ་བོར་ལུས་པ་དང༌། བཤད་


GTD004_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་དབང་གིས་གཞུང་སིལ་བུར་འཐོར་ནས་དགོངས་པ་མི་ལོན་པ་སོགས་འཆད་པའི་སྐྱོན་མཐའ་དག་དང་བྲལ་ཞིང༌། སྤྱི་དོན་ཆོད་ཆེ་བ་རེ་རེའི་ནང་དུ་འགག་སྡོམ་ཆེ་ཤོས་ཐམས་ཅད་བསྡུས་ཏེ་གསུངས་པས་གཞུང་གི་སྤྱི་ཁོག་བློ་ཡུལ་དུ་འཆར་བདེ་ལ། བྱེ་བྲག་གི་དོན་ཚན་སོ་སོའི་སྐབས་ཕྱེ་སྟེ་གསུངས་པས་བརྗོད་བྱ་ཐ་དད་ཀྱི་མཚམས་མི་འཆུག་པར་ངེས་པ་སྙེད་སླ་བ་དང༌། ཚིག་དོན་སྤྲོས་ཏེ་གསུངས་པའི་ཚེ་གཞུང་གི་ཚིག་གཅིག་ཀྱང་མི་ལུས་པར་བཤད་པ་འགྲོ་བས་བློ་སྐྱེད་མཐའ་ཆོད་ཅིང༌། ལྷག་པར་རང་རང་ལ་གང་དུ་ཐེ་ཚོམ་ཡོད་པའི་ཐད་དེར་དོགས་པ་དེ་ཉིད་གསལ་བར་བཀོད་ནས་འཐད་མི་འཐད་ཀྱི་གསལ་ཁ་ལེགས་པར་ཕྱེ་སྟེ་གསུངས་པ་ན་བློ་ངོ་དང་འཕྲོད་པས་འདི་ང་རང་ལ་གསུངས་པར་འདུག་སྙམ་པ་ལྟ་བུ་རེ་ཀུན་ལ་ངེས་པར་འོངས་ཤིང༌། མདོར་ན་ཆོས་ཉན་གྱི་གྲལ་དེར་ཡོད་པའི་མཁས་པ་ཆེན་པོ་རྣམས་ལ་གཞུང་གི་དཀའ་གནས་ཀྱི་སྟེང་ནས་བློ་སྐྱེད་རྒྱ་ཆེན་པོ་དང༌། བློ་དམན་པ་རྣམས་ལ་ཡང་རང་རང་དང་འཚམ་པའི་བློ་སྐྱེད་རེ་མི་འབྱུང་མི་སྲིད་པ་ནི་གཅམ་བུ་ཙམ་མ་ཡིན་པར་གསུང་གི་བདུད་རྩི་མྱངས་པའི་སྐལ་བཟང་ཅན་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པ་ཞིག་ཡིན་ནོ། །དེར་མ་ཟད་གཞུང་ཆེན་མོ་འགའ་ཞིག་ལ་མཚམས་མཚམས་ནས་དོན་བསྡུ་ལྟ་བུའི་བཤད་པ་མདོར་བསྡུས་རེ་གནང་བ་ཚོར་ཡང༌། རྗེས་སུ་བརྟག་ཚེ་དཀའ་གནད་འགངས་ཆེ་ཤོས་རྣམས་མ་ལུས་པར་འདིའི་ཐད་དུ་འདི་གསུངས་ཞེས་བློ་ལ་འཛིན་རྒྱུ་རེ་ངེས་པར་འོང་བ་དང༌། བཤད་པ་རྒྱས་བསྡུས་གང་ཡིན་ཀྱང་གསུང་གི་


GTD004_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རིས་མ་ཉམས་པར་འཛིན་ཐུབ་ན་གང་གསུངས་དེ་གྱུ་རུ་ལུགས་སུ་བཀོད་ཚེ། ཚིག་གི་སྡེབ་སྦྱོར་ཀྱང་གསར་དུ་བཟོ་མི་དགོས་པར་ཆད་ལྷག་ཟློས་པ་སོགས་ཀྱི་སྐྱོན་གང་གིས་ཀྱང་མ་རེག་པའི་གཞུང་ཆ་ཚང་བ་གཞན་གྱི་ལོ་ཟླ་བའི་བར་དུ་བྲིས་བསུབ་མང་པོ་བྱས་པ་དག་གིས་ཀྱང་བསྒྲུན་དུ་མེད་པ་རེ་འབྱུང་ལ། ཁྲིད་སོགས་ཀྱི་སྐབས་སུ་མྱོང་བ་ལ་བསྐོར་ནས་བློ་འཆུན་ངེས་པ་གེགས་སེལ་བོགས་འབྱིན་སོགས་ཀྱི་མན་ངག་དང་བཅས་ཉམས་སུ་བླངས་བདེ་བ་དང༌། དབང་རྗེས་གནང་སོགས་ལ་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་ཕྱག་ལེན་ཐམས་ཅད་ཟུར་ཅུང་ཙམ་ཡང་མ་ཉམས་ཤིང་ལྷ་སྔགས་ཀྱི་ཆེ་བ་ཡིད་འགྱུར་ངེས་དང༌། སྐབས་ཐོབ་ཀྱི་དམིགས་རིམ་བརྡ་འཕྲོད་ངེས་པ་སོགས་གནང་བས་མདོ་སྔགས་རིག་གནས་གང་གི་སྐབས་སུ་ཡང་འཆད་ཚུལ་འགྲན་པའི་ཟླ་དང་བྲལ་བ་ཞིག་ཡོད་ལ། རྩོད་པ་ནི་མཁས་པ་འཇུག་པའི་སྒོ་ལས། རྒོལ་བ་རྣམ་གཉིས་རང་རང་གི །གྲུབ་མཐའ་བཟུང་ནས་རྩོད་པ་ནི། །སྔོན་གྱི་མཁས་པ་རྣམས་ཀྱི་ལུགས། །ཞེས་གསུངས་པ་ལྟར་འཕགས་པའི་ཡུལ་དུ་ཕྱི་ནང་གི་པཎྚི་ཏ་རྣམས་རྩོད་པའི་ཚེ་རྒོལ་ཕྱི་རྒོལ་དཔང་པོ་གསུམ་བྱས་ཏེ་གྲུབ་མཐའ་བྱིངས་ལས་བརྩམས་པའི་རྩོད་པ་ལྟ་བུ་ནི། འཆད་རྩོད་རྩོམ་གསུམ་དུ་ཕྱེ་བའི་རྩོད་པའི་ཡོན་ཏན་ཡིན་ལ། གཞུང་ཁོལ་བུར་བཏོན་ནས་དགག་སྒྲུབ་བྱེད་པ་ལྟ་བུ་བཤད་པའི་སྐབས་ཀྱི་རྩོད་པར་གསུངས་ན་ཡང༌། བོད་འདིར་ཕྱི་མ་ཙམ་ལས་སྔ་མའི་སྲོལ་ཆེར་མ་བྱུང་ངོ༌། །འོན་ཀྱང་རྗེ་བླ་མ་འདིས་ནི་སྔར་གྲྭ་སར་བཞུགས་པའི་སྐབས་སོགས་སུ་སྨྲ་བའི་དབང་ཕྱུག་ཆེན་པོར་གྲགས་པ་


GTD004_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་དང་རྩོད་པ་གནང་བའི་ཚེ་རྗེ་འདིའི་རིགས་པའི་རྣམ་འགྱུར་ལ་སུས་ཀྱང་འགྲན་དུ་མེད་པའི་ཚུལ་ཐོར་བུ་ཞིག་གོང་དུ་སོང་ཟིན་ལ། ཕྱིས་སུ་ཡང་བརྒལ་བརྟག་གི་རིགས་པའི་གསང་ཚིག་ཕྲ་མོ་རྩོད་བཞིན་པ་རྣམས་ཀྱིས་ཀྱང་ངེས་དཀའ་བ་མཐའ་དག་ནམ་ཡང་བསྙེལ་བ་མེད་པར་ཐུགས་ལ་ངེས་ཤིང༌། གཞན་གྱིས་སྒྲུབ་བྱེད་བརྒྱ་སྟོང་བཀོད་པ་ལས་ཀྱང་རྗེ་འདིས་རིགས་པའི་སྒོ་རེ་རེ་ཕྱེ་བ་དེ་རྣམ་དཔྱོད་ཅན་རྣམས་ལ་བློའི་འཇུག་པ་རྒྱས་པའི་ཕུལ་སྟེར་ཚབས་ཆེ་བ་དང༌། དགག་སྒྲུབ་བརྐྱངས་ཏེ་མཛད་སྐབས་རིགས་པ་སྔ་མ་སྔ་མ་ལས་ཕྱི་མ་འཕྲུལ་ཆེ་བ་ཤ་སྟག་གི་སྒོ་ནས་མཐར་ཕ་རོལ་པོ་ལན་གྱིས་ཕོངས་ཏེ་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པ་མ་གཏོགས། ཉིད་ཀྱི་སྤོབས་པ་ཡོངས་སུ་གཏུགས་ནས་རྩོད་པ་མཚམས་བྱས་པ་ཞིག་ཡུལ་དུས་གང་དུ་ཡང་བྱུང་ཚུལ་སུས་ཀྱང་བསྙད་དུ་མེད་དོ། །དེར་མ་ཟད་ཤིན་ཏུ་ཕྲ་ཞིང་མཛངས་པས་བློ་གྲོས་ཅན་ཞིག་གིས་ལེགས་པར་བརྟགས་ན། གསུང་རབ་ཀྱི་དགོངས་དོན་འཆད་པའི་སྐབས་ཀྱི་གསུང་ཟུར་རེ་རེ་ལ་ཡང༌། རྩོད་རིགས་ལས། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་བཅད་པ་ཡི་གནས་ཡིན་གྱི། །གསུངས་པ་ལྟ་བུའི་རང་གི་དམ་བཅའི་སྒྲུབ་བྱེད་ཀྱི་ནུས་པ་མ་ཐོན་ཞིང༌། ཟློག་ཟླ་ཁེགས་མི་ནུས་པ་དང༌། ཐ་ན་རྟགས་ཀྱི་ཚེར་མ་དབྱུང་དགོས་པ་མ་བསལ་བ་ལྟ་བུའི་སྐྱོན་སྦགས་པ་ནམ་ཡང་མི་སྲིད་པས། ཐལ་དང་ཕྱིར་སོགས་སྦྱར་མ་སྦྱར་གང་ལྟར་ཡང་གསུང་གི་ཆ་ཐམས་ཅད་ལ་རྟོག་


GTD004_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་རིགས་ལམ་ཡོངས་སུ་བྱང་བའི་རྒོལ་བ་མཐའ་དག་གིས་གླགས་རྙེད་པའི་གོ་སྐབས་མ་མཆིས་པ་ནི་རྩོད་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་གཏན་ཚིགས་བླ་ན་མེད་པའོ། །རྩོམ་པ་ནི། དེང་དུས་ཁ་ཅིག་སྦྱར་བྱང་སྤོས་ཙམ་གྱིས་རྩོམ་པའི་མིང་བཞག་པ་ལ་དགོས་པ་ཅི་ཡང་མེད་ཅིང༌། ལ་ལས་སྙན་དངགས་ཕྱོགས་འགྲོ་རེ་ཙམ་སྦྱངས་ཏེ། ཡོངས་སུ་མ་གྲགས་པའི་མངོན་བརྗོད་ཀྱི་བརྡས་བཅིངས་པའི་ཚིགས་བཅད་དམ་དུམ་རེ་བསྒྲིགས་པ་ལ། རྩོམ་པའི་རྣམ་དཔྱོད་ཆེ་བར་རློམ་པ་དང༌། འགའ་ཞིག་ཚིག་སྦྱོར་རྣ་བར་སྙན་པའི་འགྲིག་ཙམ་ཡོད་ཀྱང་གསུང་རབ་ཀྱི་དགོངས་དོན་དང་མ་འབྲེལ་བ་རྣམས་ནི། གྲུབ་པའི་དབང་ཕྱུག་ངག་དབང་བྱམས་པའི་ཞལ་ནས། ཧ་ཅང་མངོན་བརྗོད་བརྡ་ཚིག་དམ་པ་ཡིས། །ཀུན་ནས་བཅིངས་པའི་གླེགས་བམ་གྲངས་མང་ཡང༌། །ཡི་དྭགས་ཕྱུག་པོའི་ནོར་གྱི་ཕུང་པོ་ལྟར། །སུ་ལའང་མི་ཕན་མེད་པ་ཉིད་དང་མཚུངས། །ཞེས་དང༌། འཁོར་བར་འཁོར་ཚུལ་ཐར་ལམ་བགྲོད་ཚུལ་སོགས། །ཡང་དག་དོན་གྱིས་སྟོང་པའི་ཚིག་སྦྱོར་རྣམས། །མ་ནིང་གཟུགས་མཛེས་རྒྱན་གྱིས་སྤྲས་པ་ལྟར། །མཐོང་ན་མཚར་ཀྱང་འདོད་པའི་དོན་མི་འགྲུབ། །ཅེས་གསུངས་པ་ལྟར་ཐར་བ་དོན་དུ་གཉེར་བའི་སྐྱེས་བུའི་འདོད་བྱ་ཅི་ཡང་མི་འགྲུབ་བོ། །བརྗོད་བྱ་གཞུང་གི་དོན་དང་འབྲེལ་ཡང་རྗོད་བྱེད་དམན་ན་སྐྱོན་དུ་འགྱུར་བས་གཉིས་ཀ་ཕུན་སུམ་ཚོགས་པ་ཞིག་དགོས་ཏེ། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། དོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །ཞེས་


GTD004_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་རོ། །དེ་ལ་བདག་ཉིད་ཆེན་པོ་འདི་ནི་རྒྱལ་བའི་གསུང་རབ་མཐའ་དག་ལ་ནང་བྱན་ཚུད་པས་བཀའ་རྩོམ་ཐམས་ཅད་བརྗོད་བྱ་ཟབ་ཅིང་བརླིང་ལ་འདུས་ཆེ་བ་དང༌། སྒྲ་སྙན་སྡེབ་སྦྱོར་སོགས་ཀྱི་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་རྗོད་བྱེད་སྙན་ཞིང་བརྗིད་ལ་འབྲེལ་ཆགས་པ་སོགས་ཚིག་དོན་གང་གི་ཆ་ནས་ཀྱང་མཁས་པ་རྣམས་ཀྱི་ཡིད་རང་དབང་མེད་པར་འཕྲོག་ཅིང༌། ཐུབ་བསྟན་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་པ་ཤ་སྟག་ཡིན་པ་ནི། བློ་མིག་ཡངས་པ་རྣམས་ཀྱིས་བཀླགས་པས་ཤེས་པར་འགྱུར་རོ། །ཁྱད་པར་དུ་སྙན་དངགས་རང་གི་ལམ་སྲོལ་ལ་ཡང་ལྷོ་ཕྱོགས་བཻ་ངྷརྦྷ་དང༌། ཤར་ཕྱོགས་གོ་ཌཱ་པའི་ལུགས་གཉིས་ཡོད་པ་ལས་ཤས་ཆེར་ལྷོ་པས་སྦྱོར་ཚུལ་དང་བསྟུན་ཏེ་ཚིག་སྔ་ཕྱི་སྙོམས་ཤིང་ཤིན་ཏུ་འཇམ་པའི་རྣ་བར་སྙན་པ། སྔ་མའི་ཚིག་ཕྲད་ཀྱིས་ཕྱི་མ་འབད་མེད་དུ་འདྲེན་ནུས་པས་ངག་ཏུ་བརྗོད་བདེ་ལ། ཚིག་ཉུང་ངུས་ཀྱང་དོན་རྒྱ་ཆེན་པོ་མ་འདྲེས་ཤིང་གསལ་བར་སྟོན་ཐུབ་པ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྟ་བུ་ཡིན་ནོ། །གཉིས་པ་བཙུན་པའི་ཡོན་ཏན་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བགྱིས་ན། སོ་སོ་ཐར་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་ཞིང་ཕྲ་བ་ཐམས་ཅད་ལ་འདོར་ལེན་ཚུལ་བཞིན་དུ་བསྒྲུབས་པས་ཉེས་ལྟུང་གི་དྲི་མས་ནམ་ཡང་མ་གོས་ཤིང༌། སྐུ་ཁམས་ཤིན་ཏུ་མ་སྙོམས་པ་ལྟ་བུའི་ཚེ་ཡང་འདུལ་བའི་ཕྱག་ལེན་ཕྲ་ཞིང་ཕྲ་མོ་ཙམ་ལའང་སླ་ཆོས་ཀྱི་རིགས་གཏན་ནས་མི་མཛད་པ་


GTD004_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེའི་དབང་གིས་སྐུ་ལས་ཚུལ་ཁྲིམས་ཀྱི་དྲི་ངད་རྒྱང་རིང་པོར་འཕྲོ་ཞིང༌། ཐ་ན་མདུན་དུ་རྒྱུན་རིང་བཞག་པའི་ཉེར་སྤྱད་སོགས་ལ་ཡང་དེའི་དྲི་མི་ཡལ་བར་སྡོད་པ་སོགས་ནི་ཀུན་ལ་མཐུན་སྣང་དུ་གྲུབ་བོ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཡང་དེའི་མི་མཐུན་ཕྱོགས་མཐའ་དག་གིས་དབེན་ཞིང༌། ཁྱད་པར་མཛད་པ་གང་གནང་ཐམས་ཅད་གདུལ་བྱ་རྣམས་ལ་འཕྲལ་ཡུན་དུ་ཕན་པའི་ཐབས་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཆ་ཚང་བ་ཞིག་གནས་པའི་ཐབས་འབའ་ཞིག་གི་དགོས་པ་མ་གཏོགས། དེང་དུས་ཀྱི་བླ་ཆེན་བསྟན་པ་སྤྱིའི་མནོ་བསམ་གང་ཡང་མེད་པར། རང་གི་སྡེ་དགོན་རིས་སུ་ཆད་པ་རེར་གྲྭ་སློབ་ཡོན་བདག་ཐམས་ཅད་འཛོམ་པ་ཞིག་བྱས་ཏེ། ཆོས་བརྒྱད་ཀྱི་བང་རྩལ་འགྲན་པ་དག་གི་ངང་ཚུལ་རྒྱང་རིང་དུ་བསྲིང་བ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་དག་པའི་ཡོན་ཏན་གྱི་སྡོམ་ཡིན་ནོ། །རྡོ་རྗེ་ཐེག་པའི་འདུལ་བ་ལ་ཡང་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་ཡིན་པར་དགོངས་ཏེ་བླ་མ་སུམ་ཅུ་བསྟེན་པའི་གཅིག་ལ་ཡང་དམ་ཚིག་གི་སེལ་ཕྲ་མོ་ཙམ་ཡང་འཇུག་མ་མྱོང་བ་སོགས། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ལུས་པ་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས་པས་ཉེས་ལྟུང་ཕྲ་མོས་ཀྱང་གོས་པ་མི་སྲིད་ལ། འོན་ཀྱང་ཐུགས་གཙང་བའི་ཕྱིར་སྐབས་ནམ་འགྲིག་ཏུ་བདག་འཇུག་བཞེས་པ་སོགས་ལྟུང་བ་དག་པའི་ཐབས་ལ་བརྩོན་པ་ལྷུར་བཞེས་ཏེ་ཉིན་མཚན་དུས་ཀུན་ཏུ་བག་ཡོད་པའི་བརྟུལ་ཞུགས་ལ་གནས་པས་མངོན་ལྐོག་གང་གི་སྐབས་སུ་ཡང་མཛད་སྤྱོད་ཀྱི་བབས་གཅིག་ཏུ་བཞུགས་པ་མ་གཏོགས།


GTD004_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ཆེ་ཆེ་མོ་དང༌། མཁས་པའི་སྐྱེ་བོ་ཅི་ཙམ་ཚོགས་ཀྱང་དེའི་མིག་སྔར་འཆོས་པ་ལྟ་བུ་གཏན་མི་སྲིད་པ་ནི། འགྲེལ་པ་དོན་གསལ་ལས། སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པས་འདི་ལ་ཕྱིན་ཅི་ལོག་གི་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པས་བསྙེང་བས་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་ཞེས་བྱ་བ་བསྲུང་བ་མེད་པ་རྣམ་པ་གསུམ། ཞེས་གསུངས་པ་ལྟར་ཐོག་མ་ཉིད་ནས་སྤྱོད་པ་རྣམ་པར་དག་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ལ། གཞན་ཡང་སྡོམ་པ་གསུམ་གྱི་བཅས་མཚམས་སོགས་ཐུགས་དམ་དགེ་སྦྱོར་ལ་གཅིག་ཏུ་གཞོལ་བའི་སྒོམ་ཆེན་མང་པོས་ཀྱང་རྗེ་འདིའི་ཞབས་ལ་བརྟེན་པ་ན། ཡུན་ཅི་ཙམ་བསྲིངས་པ་བཞིན་དུ་རང་གི་སྤྱོད་པའི་སྐྱོན་ངོས་ཟིན་ཏེ་འཇིགས་ཞུམ་པ་དང༌། བླ་མའི་རྣམ་ཐར་ལ་དད་པ་ཇེ་ཆེར་འགྲོ་བ་ནི། བཀའ་གདམས་གོང་མ་རྣམས་ཀྱིས། བཀྱེད་ཀྱིན་གསལ་བ་ཧས་པོའི་གངས་ལྟ་བུ། །བཏུད་ཀྱིན་གསལ་བ་རྨ་བྱའི་མདོངས་ལྟ་བུ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་བླ་མའི་ཆེ་བ་རྨད་དུ་བྱུང་བ་ཡིན་གྱི། ད་ལྟ་མཁས་པ་དང་བཙུན་པའི་དཔེར་བྱེད་པ་མ་མཐོང་རྒྱང་ན་སྒྲ་ཆེ་བ་ཕལ་ཆེར་ལེགས་པར་བཏུད་ན་བོང་བུའི་འོ་མ་བསྲུབས་པའི་དཔེར་འགྲོ་བ་མང་བར་སྣང་ངོ༌། །དེར་མ་ཟད་སྟོད་ཛ་ཏིའི་མེ་ཏོག་བཀྲ་བ་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་བར་གྱི་ཆེ་དགུ་མ་ལུས་པའི་ཟུར་ཕུད་ནོར་བུའི་རྩེ་ཕྲན་གྱིས་གང་གི་ཞབས་སྐྱེས་པདྨོར་ཉེ་བར་བཏུད་པ་འདི་ཡང་སྟོབས་འབྱོར་ཁ་དྲག་སོགས་ཀྱིས་བསྡུས་པ་མ་ཡིན་པས། ཚུལ་ཁྲིམས་ཀྱི་ཕ་


GTD004_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་འབྲས་རྟགས་ཡིན་ཏེ། འཇམ་མགོན་ཙོང་ཁ་པ་ཆེན་པོས། སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །ཅེས་གསུངས་པ་ལྟར་རོ། བསམ་གཏན་གྱི་བསླབ་པ་ལ། ཐུན་མོང་བ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དང་ལྡན་པ་ནི། གསུང་རབ་ལས་བཤད་པའི་མངོན་ཤེས་འགྲུབ་པ་ལ་སེམས་རྟེན་དེ་ལྟ་བུ་ཞིག་ངེས་པར་དགོས་ཤིང༌། རྗེ་འདི་ནི་མངོན་ཤེས་ཐོགས་པ་མེད་པའི་ཚུལ་ཐོར་བུ་གོང་དུ་སྨོས་པ་ལྟར་དང༌། ལྷག་པར་ཕ་རོལ་པོའི་སེམས་ཀྱི་རྒྱུ་བ་མཐའ་དག་མངོན་སུམ་དུ་གཟིགས་ཏེ། གཞུང་གི་དཀའ་གནས་ལ་དོགས་པ་སྐྱེས་པ་སོགས་མ་ཞུས་པར་ཡང་ཐོལ་བྱུང་དུ་གསུངས་པ་ཤིན་ཏུ་མང་བས། ཀློང་རྡོལ་གྲུབ་དབང་རིན་པོ་ཆེའི་ཞལ་ནས་ཀྱང༌། འཇམ་དབྱངས་བཞད་པ་ཚང་གིས་མཆོག་དམན་བར་མའི་སྐྱེ་བོ་ཐམས་ཅད་ཀྱི་སེམས་ལ་གང་ཤར་བ་མངོན་སུམ་དུ་གཟིགས་ཡོད་པས་ཁོང་གི་ལད་མོ་སུས་ཀྱང་མི་ཡོང་ཞེས་ཡང་ཡང་གསུངས་ཏེ། མངོན་ཤེས་འདི་ལྟ་བུ་ནི་མཉམ་མེད་ཇོ་བོ་ཆེན་པོས། ཇི་ལྟར་འདབ་གཤོག་མ་རྫོགས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །གཞན་དོན་འགྲུབ་པར་ཡོངས་མི་འགྱུར། །མངོན་ཤེས་ལྡན་པས་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་དེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། གཞན་དོན་སྒྲུབ་པ་ལ་ས་ཆོད་ཤིན་ཏུ་ཆེ་བས་གཙོ་བོ་ཞིག་ཏུ་མཛད་པ་ཡིན་ཏེ། དེའི་སྟེང་ན་ཡང་གདུལ་བྱ་གར་ཡོད་ཀྱི་ཞིང་དུ་འགྲོ་བ་ནས་བཟུང་


GTD004_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཟག་པ་ཟད་པར་བྱེད་པའི་བར་གཞན་དོན་སྒྲུབ་པའི་ཐབས་ཀྱི་རྣམ་པ་ཆ་ཚང་བ་ཞིག་ཡོད་པའི་ཚུལ་མདོ་སྡེ་རྒྱན་ལས། གཤེགས་ནས་སྤྱོད་པ་མཁྱེན་མཛད་ཅིང༌། །དེ་ཡི་སྐད་ཀྱི་སེམས་ཅན་གྱི། །འོང་དང་འགྲོ་བ་ངེས་འབྱུང་བ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །ཐུན་མོང་མ་ཡིན་པ་རིམ་གཉིས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་བརྙེས་པའི་ཚུལ་ཡང༌། གཞུང་དོན་གྱི་དཔྱད་པར་ཐུགས་འབྱམས་པའི་ཚེ་གཞན་གྱིས་ཞུ་བ་སོགས་ཕུལ་ཀྱང་མི་གསན་པ་ཞིག་གྲྭ་སར་བཞུགས་སྐབས་ནས་ཡོད་ཀྱང༌། ཐུགས་དམ་གྱི་ཚེ་དེ་ལྟར་མཛད་པ་རྒྱ་ནག་ཏུ་ཕེབས་པ་ནས་ཡིན་ཞེས་ཞབས་འབྲིང་བ་རྟོག་དཔྱོད་ཅན་དག་གླེང༌། དེའི་དབང་གིས་དག་པའི་རྟེན་དང་བརྟེན་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་བྱུང་ཚུལ་ལོ་རྒྱུས་མང་ཡང་ལོགས་སུ་བཀོད་ཡོད་པས་འདིར་རྣམ་ཐར་ཐུན་མོང་བའི་དབང་དུ་བྱས་ཏེ་མ་བྲིས་སོ། །ལྷག་པའི་ཤེས་རབ་ཀྱང་ཇི་ལྟ་བ་དང༌། ཇི་སྙེད་པ་དང༌། སེམས་ཅན་གྱི་དོན་སྒྲུབ་ཚུལ་མཐའ་ཡས་པ་མཁྱེན་པའི་ཤེས་རབ་ཀྱི་རིགས་མ་ཚང་བ་མེད་པར་མངའ་ལ། ཁྱད་པར་སྲིད་པའི་ནད་བརྒྱ་སེལ་བའི་སྨན་གཅིག །མཐར་འཛིན་འཆིང་བརྒྱ་གཅོད་པའི་རལ་གྲི །གནས་ལུགས་སྟོང་པ་ཉིད་ཀྱི་དོན་འདི་ལ་ལྷག་པར་ནན་ཏན་མཛད་དེ། སྔ་སོར་ལྕང་སྐྱ་རྡོ་རྗེ་འཆང་གི་མདུན་ནས་རྩ་ཤེས་ཀྱི་མཛུབ་ཁྲིད་གསན་ཅིང་དམ་བཅའ་མཛད་དེ་ཉིན་རེ་བཞིན་རྣམ་བཤད་དགོངས་པ་རབ་གསལ་གྱི་སྟེང་ནས་ལྟ་བའི་དཔྱད་པ་ཚར་རེ་མ་ཆག་པར་གནང༌། ཀློང་རྡོལ་རིན་པོ་ཆེ་ནས་ཀྱང་ལྟ་བ་


GTD004_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ད་ལྟ་རྗེ་འདི་ལས་ལྷག་པ་མེད་གསུངས་ནས། ལེགས་བཤད་སྙིང་པོའི་བཤད་ལུང་ཆེད་གཏད་ཀྱིས་ཞུས་པ་དང༌། ལྟ་མགུར་འགྲེལ་པ་མཛད་སྐབས་ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་ཚུལ་གོང་དུ་སྨོས་པ་ལྟར། འཕགས་ཆེན་དམ་པ་རྣམས་ནང་ཕན་ཚུན་དུ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་གཞལ་བར་བྱ་བ་ཞིག་ཡིན་འདུག་པས། རང་ཅག་ལྟ་བུས་ཇི་ལྟ་བ་བཞིན་ཤེས་པར་ག་ལ་ནུས་ཀྱང་འབྲས་བུའི་རྟགས་སུ་གྱུར་པའི་ཟབ་མོའི་ལེགས་བཤད་འདི་རྣམས་ལ་བརྟེན་ནས་དེའི་རྒྱུ་ལྷག་པའི་ཤེས་རབ་ཀྱི་ཡོན་ཏན་ལ་ཡང་མོས་པ་ཡིད་ལ་བྱེད་པ་ཙམ་རེ་ངེས་པར་བྱས་ན་སྐལ་བ་བཟང་བར་སེམས་སོ། །གསུམ་པ་བཟང་པོའི་ཡོན་ཏན་ཐུགས་བསྐྱེད་རླབས་པོ་ཆེའི་འབྲས་བུ་སྨིན་པའི་ཚུལ་ནི། རྒྱལ་བའི་སྲས་པོ་ཞི་བ་ལྷས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །ཅེས་གསུངས་པ་ལྟར་བདག་ཉིད་ཆེན་པོ་རྣམས་ནི་རང་དོན་གྱི་འཁྲི་བ་ཡོངས་སུ་སྤངས་ཏེ་མཛད་པ་མཐའ་དག་འགྲོ་བའི་དོན་དུ་འགྱུར་བ་ཞིག་ཡིན་ལ། འགྲོ་བའི་དོན་ཞེས་པ་ཡང་གནས་སྐབས་ཀྱི་ལྟོ་གོས་སྦྱིན་པ་ཙམ་ལ་མི་ཟེར་གྱི། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །ཞེས་གསུངས་པ་ལྟར་བསྟན་པའི་སྲོལ་སྔར་མེད་གསར་དུ་བཙུགས་ཤིང་ཉམས་པ་གསོ་བའི་སྒོ་ནས་དེ་དག་གི་ཤེས་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པ་ཞིག་གི་སྟེང་ནས་འཇོག་དགོས་པས་དབུས་གཙང་གི་ཆ་ཐམས་ཅད་དང་མདོ་སྨད་ཀྱི་ཡུལ་མཐའ་དག་ནས་བཟུང་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་ཞབས་ཀྱིས་བཅགས་ཏེ། གདུལ་བྱ་སོ་སོའི་སྐལ་བ་


GTD004_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་དུ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་སྦྱར་ཞིང་ཐ་ན་ནད་རིམས་དང་གདོན་བགེགས་སོགས་ཀྱི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱང་བགྲང་གིས་མི་ལང་ངོ༌། །དེ་ཡང་བསྟན་པ་ཡུན་དུ་གནས་པ་ལ་དེའི་རྩ་བ་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ཏེ་གསར་འདེབས་དང་ཉམས་གསོས་ཅི་རིགས་ཀྱི་སྒོ་ནས་འཛིན་སྐྱོང་གནང་བའི་དགོན་སྡེ་ཡང་བཞི་བཅུར་ཉེ་བ་ཙམ་ཡོད་ཅིང༌། དེ་ཐམས་ཅད་དུ་ཡང་ཞལ་བདག་མཛད་པ་ཙམ་མ་ཡིན་པར་ཡུལ་དུས་དང་བསྟུན་པའི་བཤད་སྒྲུབ་ཀྱི་རྒྱུན་ཚུགས་གང་ཐུབ་དང༌། ཁྱད་པར་གདན་ས་ཆེན་པོ་འདི་ཉིད་དེ་ཐམས་ཅད་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས། གཙོ་བོར་མདོ་སྔགས་ཀྱི་འཆད་ཉན་བྱེད་ཚུལ་དང༌། དེའི་ཡན་ལག་ཏུ་གང་དགོས་པའི་རིམ་པ་གར་ཐིག་དབྱངས་གསུམ། སྨན་དཔྱད། སྒྲ་སྙན་དངགས་སྡེབ་སྦྱོར། ས་རིས། ཡིག་རིགས་སྣ་ཚོགས། པར་བརྐོས། གཏོར་མའི་བཅའ་བཟོ། འཆམ་ཆེན་དང༌། ཁྱི་ར་སྐོར་གསུམ། མེ་ཏོག་མཆོད་པ། ལྕགས་མཁར། གཏོར་སྒྲུབ། གཏོར་ཆེན་སོགས་ཀྱི་ཕྱག་ལེན་ཞིབ་ཏིག །རབ་གནས། སྦྱིན་སྲེག །གཟུངས་གཞུག །འཁོར་ལོ་བྲི་ལྟེབ། བཟོའི་རིགས་སོགས་ཆོས་སྲིད་གཉིས་ཀའི་ཆ་ནས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་གནང༌། འདིར་ཡང་གནད་མ་གོ་བ་ཁ་ཅིག་འབྱོན་བཞུད་སོགས་ཀྱི་སྤྲོས་པ་མང་བ་ལ་ཟ་ཟིའི་གཡེང་བ་ལྟ་བུར་གོ་བ་ཡོད་མོད་ཀྱང༌། ཚུལ་འདི་ནི་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཞལ་ནས། ལས་དང་པོ་བ་ཡི་གང་ཟག་


GTD004_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །དོན་བྱ་བ་ཉུང་བ་ལྷུར་ལེན་པ། །སྤྱིར་དམ་པས་བསྔགས་འོས་མཆོག་ཡིན་ཀྱང༌། །ཁྱེད་སེམས་དཔའ་ཆེ་ལ་མཛེས་མ་ཡིན། །ཞེས་གསུངས་པ་ལྟར་གཞན་དོན་སྒྲུབ་པའི་ཐབས་མཁས་ཀྱི་སྤྱོད་པ་ཡིན་པས་འདོར་མི་རིགས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་བསླབ་བཏུས་སུ་དྲངས་པ་ལས། གཅིག་ཏུ་དབེན་པར་གཞོལ་བས་གཞན་དོན་རྒྱ་ཆེ་བ་དོར་ན་བྱང་ཆུབ་སེམས་དཔའི་བདུད་ལས་སུ་འགྱུར་བར་གསུངས་སོ། །སྦྱིན་བདག་རྣམས་ཀྱི་དད་འབུལ་བྱུང་བ་ཐམས་ཅད་ཀྱང་ཆུད་ཟོས་སུ་མི་གཏོང་བར་གོང་དུ་བརྗོད་ཟིན་པ་བཞིན་སྲང་བཞི་ཁྲིར་ཉེ་བས་བྱམས་ཆེན་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས། སྲང་ཉི་ཁྲིར་ཉེ་བས་འདུ་ཁང་ཆེན་མོ་གསར་བསྐྲུན། སྲང་ཁྲི་ཕྲག་བརྒལ་བའི་མཆོད་རྫས་དང་སྤྱི་འཇོག །སྲང་བདུན་ཁྲི་ལྷག་ཙམ་གྱིས་དབུས་གཙང་གཉིས་ཀར་བསྟན་པ་ལ་སྲི་ཞུ་མཛད་ཅིང༌། གཞན་ཡང་མདོ་སྨད་ཀྱི་དགོན་ཆེན་ཐམས་ཅད་དང༌། དགོན་ལག་སོ་སོར་གང་དགོས་ཀྱི་འདུ་ཁང་སྤྱི་འཇོག་མཆོད་རྫས་སོགས་ཚད་མེད་པ་གནང༌། ཕྱག་དཔེ་གསར་དུ་བསྒྲིགས་པ་ཁོ་ན་ཡང་པོ་ཏི་ཁྲི་ཕྲག་བརྒལ་བས་མཚོན་མཛད་པ་ཐམས་ཅད་ཆ་གང་ནས་བལྟས་ཀྱང་ཤིན་ཏུ་རྒྱ་ཆེ་བ། ཆེར་རློམ་ཕལ་ཆེར་གྱི་བློའི་རྭ་བ་ལས་འགོང་བས། དབུ་མ་རིན་ཆེན་ཕྲེང་བར། རྒྱ་རབས་ཆེ་ཕྱིར་རྒྱ་ཆེན་རྣམས། །བསྙེངས་བྲལ་སྤྲོ་བ་སྐྱེད་བྱེད་ཅིང༌། །དམན་རྣམས་སྤྲོ་བ་འཇོམས་བྱེད་པ། །ཞེས་གསུངས་པ་ལྟ་བུ་ཤ་སྟག་ཡིན་ནོ། །དེ་ལྟར་མཁས་བཙུན་བཟང་གསུམ་གྱི་སྙན་པར་གྲགས་པས་ནོར་འཛིན་གྱི་ཁྱོན་འདི་


GTD004_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཁྱབ་པ་ལ་བརྟེན་ནས། ཇི་སྐད་དུ། རྗེ་བདག་ཉིད་ཆེན་པོས། རྒྱ་ཆེན་མང་དུ་ཐོས་པས་སྒྲོ་འདོགས་བཅད། །སྐྱོན་བྲལ་སྡོམ་པ་གསུམ་གྱིས་རང་རྒྱུད་བཏུལ། །ལུང་རྟོགས་འཁོར་ལོ་གཉིས་ཀྱིས་བསྟན་པ་སྤེལ། །མཉམ་མེད་ཁྱོད་ནི་བསྟན་འཛིན་གཙུག་གི་རྒྱན། །ཞེས་གསུངས་པ་ལྟར། མཁས་པ་དང་གྲུབ་པའི་དབང་ཕྱུག་མ་ལུས་པའི་གཙུག་གི་ཅོད་པན་དུ་གྱུར་ཏེ། གནས་སྐབས་དེར་བྱུང་བའི་མཁས་པ་ལེགས་བཤད་ཀྱི་སྐྱེས་དོན་གཉེར་ཞིང་གཟུ་བོར་གནས་པའི་ཁྲོད་ན་རྗེ་འདིའི་སློབ་མར་མ་གྱུར་པ་མེད་པ་ལྟ་བུ་ཡིན་པས་ཞིབ་ཏུ་བགྲང་བར་རྔོ་མི་ཐོགས་ཀྱང༌། རགས་པ་ཙམ་སྨོས་ན་རྗེ་ཉིད་ཀྱི་བླ་མའི་ཁྲོད་ན་ཚུར་ཆོས་གསན་པ་མཁན་ཆེན་རྡོ་རྗེ་འཆང་དགེ་འདུན་རྒྱ་མཚོ། ཀློང་རྡོལ་གྲུབ་པའི་དབང་ཕྱུག་ངག་དབང་བློ་བཟང༌། འཇམ་དབྱངས་འཁོན་གྱི་གདུང་བརྒྱུད་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་ཆོས་སྐྱོང༌། རྣལ་འབྱོར་པ་ཆེན་པོ་ཞང་ཞུང་ཡེ་ཤེས་མཐའ་ཡས། མཚན་སྒྲོགས་མཁན་ཆེན་བློ་བཟང་དར་རྒྱས་སོགས་ཡོད་ཅིང༌། དགེ་ལྡན་བསྟན་པའི་རྩ་ལག་རྒྱལ་སྲས་སྤྲུལ་བའི་སྐུ་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ཡང་རྗེ་འདི་ལས་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན་པའི་སློབ་མའི་གཙོ་བོ་ཞིག་ཡིན་ཀྱང་ཚུར་ཡང་གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་སོགས་ཕུལ་བས་བླ་སློབ་གཉིས་ཀར་གཏོགས་སོ། །གཞན་ཡང་སློབ་མའི་གཙོ་བོར་གྱུར་པ་དབུས་ཀྱི་ཕྱོགས་ན་རྒྱལ་དབང་མཆོག་གི་ཆོས་སྲིད་འཕྲིན་ལས་ཀྱི་བྱེད་པོ་བ་སོ་རྗེ་དྲུང་སྤྲུལ་


GTD004_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་ཡེ་ཤེས་བསྟན་པའི་མགོན་པོ། འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་ཆེན་བློ་བཟང་སྨོན་ལམ། ཁྲི་ཆེན་བློ་བཟང་བཀྲ་ཤིས། བྱང་རྩེ་མཁན་པོ་བློ་བཟང་ཤེས་རབ། ཤར་རྩེ་མཁན་པོ་མངའ་རིས་པ་བློ་བཟང་སྦྱིན་པ། བྱང་རྩེ་མཁན་པོ་ངག་དབང་སྙན་གྲགས། ཤར་རྩེ་མཁན་པོ་ངག་དབང་བཀྲ་ཤིས། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས། སྒོ་མང་དཔོན་སློབ་སྐལ་བཟང་དངོས་གྲུབ། སྒོ་མང་དཔོན་སློབ་བློ་བཟང་ཆོས་དར། སྒོ་མང་དཔོན་སློབ་མཐུ་སྟོབས་ཉི་མ། བློ་གསལ་གླིང་དཔོན་སློབ་བློ་བཟང་སྦྱིན་པ། བློ་གསལ་གླིང་བླ་མ་འཕྲིན་ལས་སྙན་གྲགས། བདེ་ཡངས་བླ་མ་ཀོ་ཏུ་རལ། འདུལ་ཤག་རྒྱལ་གསུམ་གྱི་ཡང་བླ་ཐོག་ཁ་ཤས་སོགས། གདན་ས་གསུམ་གྱི་བླ་མ་སྤྲུལ་སྐུ་དགེ་བཤེས་ཀྱི་རིགས་ཕལ་ཆེ་བ་དང༌། ཉི་མ་ཐང་པ་ངག་དབང་དོན་གྲུབ། ཀོང་པོ་བླ་མ་ཆོས་མཛད་སྐལ་བཟང་བསྟན་འཛིན། མངའ་རིས་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ། དགེ་བཤེས་བློ་བཟང་བསྟན་པ། དགེ་བཤེས་ཁྱབ་བདག་རྡོ་རྗེ་སོགས་སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་གྱི་དབང་པོ་ཡང་ཤིན་ཏུ་མང་ངོ༌། །གཙང་ཕྱོགས་སུ་མཁས་ཤིང་གྲུབ་པ་བརྙེས་པ་ལོ་ཆེན་རིན་ཆེན་བཟང་པོའི་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན། པཎ་ཆེན་གོང་མའི་ཡོངས་འཛིན་བློ་བཟང་ཆོས་འཕེལ། པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་ཡོན་ཏན་རྒྱལ་མཚན། ཡོངས་འཛིན་བློ་བཟང་ཚུལ་ཁྲིམས། ཡོངས་འཛིན་བློ་བཟང་བསྟན་འཛིན། དྲུང་པ་ཧུ་ཐོག་ཐུ་བློ་བཟང་སྦྱིན་པ། ཇ་སག་བླ་མ་བློ་བཟང་མཁས་མཆོག །སྔགས་པ། ཤར་རྩེ།


GTD004_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ཁང༌། ཐོས་བསམ་གླིང་བཞིའི་བླ་མ་གདན་ཟུར། དགེ་བཤེས་ཀྱི་རིགས། སྲད་རྒྱུད། རྟག་བརྟན། ཁྲོ་ཕུ། ལྷུན་པོ་རྩེ། གངས་ཅན་ཆོས་འཕེལ། སྣར་ཐང༌། ཞྭ་ལུ་རི་ཁུད། རི་མཐིལ། ཤངས་དགའ་ལྡན་ཆོས་འཁོར། དབེན་དགོན། རི་བོ་མདངས་ཅན། མཚན་སྒྲོགས། དཔལ་འཁོར་བདེ་ཆེན་སོགས་གཙང་ཁུལ་གྱི་དགོན་ཆེ་ཕྲ་དུ་མའི་བླ་མ་སོགས་ཆོས་ཀྱི་གདན་ཁྲི་འཛིན་པའི་སློབ་དཔོན་ཆེས་མང་བ་བྱུང༌། ཁམས་ཕྱོགས་སུ་བསྟན་པའི་གསལ་བྱེད་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་རྣམ་འཕྲུལ་བྲག་ཡབ་ཆེ་ཚང་སྤྲུལ་བའི་སྐུ་དཔལ་ལྡན་བསྟན་པའི་རྒྱལ་མཚན། རྔོག་ལེགས་པའི་ཤེས་རབ་ཀྱི་རྣམ་འཕྲུལ་ཆུང་ཚང་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་དབང་ཕྱུག །ཁམས་སྟོང་སྐོར་སྤྲུལ་བའི་སྐུ། ཆབ་ཚ་ཀརྨ་རིན་ཆེན་གྱི་སྤྲུལ་སྐུ། ཚ་བ་མ་ཎི་ཞབས་དྲུང༌། གླིང་གྲགས་པ་སྐུ་སྐྱེ་སོགས་དམ་པའི་སྐྱེ་བརྒྱུད་འཛིན་པའི་བླ་སྤྲུལ་ཆེ་ཆུང་དང༌། གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་དུ་བྱུང༌། མདོ་སྨད་ཀྱི་ལྗོངས་འདིར་མཁས་གྲུབ་བྱེ་བའི་གཙུག་རྒྱན་ནང་གི་ཐུགས་སྲས་དམ་པ་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ། དགོན་ལུང་བྱམས་པ་གླིང་གི་ཁྲི་པ་ཝང་ཞབས་དྲུང་སྐལ་བཟང་ཡེ་ཤེས་དར་རྒྱས། བདེ་དགུ་དར་རྒྱས་རྒྱ་མཚོ་སོགས་ཚོགས་ཆེན་དང༌། རྒྱུད་པ་དཔོན་སློབ་ངག་དབང་བསམ་འགྲུབ། རྒྱུད་པ་དཔོན་སློབ་དམ་ཆོས་བཅས་རྒྱུད་པའི་བླ་ཐོག་ཁ་ཤས། གསེར་ཁྲི་སྤྲུལ་བའི་སྐུ་ཐུབ་བསྟན་ཉི་མ། སེམས་ཉིད་ཞབས་དྲུང་སོགས་སྐུ་


GTD004_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཆེ་ཆུང་མང་པོ་དང༌། གདན་ས་ཆེན་པོ་སྐུ་འབུམ་ནས། བསྟན་པའི་སྣང་བྱེད་ཨ་ཀྱ་ཞབས་དྲུང༌། སྟག་མཚེར་དཔོན་སློབ་ཡེ་ཤེས་སྐལ་བཟང༌། མགོན་གྱ་ཞབས་དྲུང་གྲགས་པ་རྒྱལ་མཚན། ཆེ་ཤོས་དཔོན་སློབ་བློ་བཟང་བསྟན་པ། ཟི་ན་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། གྲོ་ཚང་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ། སེར་དྲིས་སྤྲུལ་སྐུ། རྒྱུད་པ་དཔོན་སློབ་མི་ཉག་ཞབས་དྲུང་ཚུལ་ཁྲིམས་བསྟན་པའི་ཉི་མ། སྨན་པ་བླ་མ་བསོད་ནམས་བསྟན་འཛིན་སོགས་བླ་མ་གདན་ཟུར་དགེ་བའི་བཤེས་གཉེན་དེ་སྐབས་བཞུགས་པ་ཐམས་ཅད་ཡིན་ལ། གསེར་དགོན་དམ་ཆོས་གླིང་ནས། སྐྱེ་དགུའི་འདྲེན་མཆོག་དམ་པ་སྨིན་གྲོལ་ནོ་མིན་ཧན་ངག་དབང་འཕྲིན་ལས་རྒྱ་མཚོ། ཞྭ་ལུ་པའི་སྤྲུལ་བའི་སྐུ། རྒྱུད་པ་ཞབས་དྲུང་སོགས་དང༌། ཆུ་བཟང་དུ་ཏཱ་ལེ་ཧུ་ཐོག་ཐུ། ཁྲི་ཟུར་འཕྲིན་ལས་དཔལ་བཟང༌། ཁྲི་པ་ཞྭ་དམར་འབྱུང་གནས། དགེ་རྒན་མཁན་པོ་མདུང་ནག་ཞབས་དྲུང༌། གདན་ས་ཆེན་པོ་བྱ་ཁྱུང་དུ་གདོང་འཇུག་དཔོན་སློབ། མདོ་པ་ཞབས་དྲུང༌། དགེ་བཤེས་ངག་དབང་བསོད་ནམས་སོགས་གྲྭ་ཚང་ཕན་ཚུན་གྱི་བླ་མ་གདན་ཟུར་དང༌། དགེ་བཤེས་རི་ཁྲོད་པ་སོགས་ཆེས་མང་ངོ༌། །གཞན་ཡང་སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། སྟག་ལུང་སྤྲུལ་སྐུ་ཐུབ་བསྟན་ཡེ་ཤེས་རྒྱ་མཚོ། གསེར་ཐོག་ནོ་མིན་ཧན་སྤྲུལ་བའི་སྐུ། ལ་ཁ་ཏ་ལེ་ཧུ་ཐོག་ཐུ། གཙང་སྤྲུལ་བའི་སྐུ་བསྟན་པ་རྒྱ་མཚོ། མཚོ་སྔོན་ཞབས་དྲུང་མེར་གེན་པཎྚི་ཏ་སོགས་དཔའ་རིས་ཁ་སྟོད་སྨད་ཀྱི་དགོན་ཆེ་ཆུང་མཐའ་དག་དང༌། མཚོ་སྔོན་གྱི་ཆར་གཏོགས་པ་ལེགས་པར་བཤད་


GTD004_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདུད་རྩི་དོན་དུ་གཉེར་པའི་ཁྲོད་ན་འདྲེན་པ་མཆོག་འདིའི་ཞབས་ལ་མ་བརྟེན་པ་འགའ་ཡང་མེད་དོ། །དེ་བཞིན་དུ་རེབ་ཀོང་གི་ཕྱོགས་སུ། གཡེར་གཤོང་སྤྲུལ་བའི་སྐུ་དགེ་འདུན་ཟླ་བ་གྲགས་པ། མཁན་ཆེན་རིན་པོ་ཆེའི་སྤྲུལ་སྐུ་དཀོན་མཆོག་ཡར་འཕེལ། ལྕང་ལུང་དགེ་འདུན་བསྟན་འཛིན། རོང་པོའི་ཁྲི་པ་དགེ་བཤེས་དཔོན་པོ། སྟག་གེ་སྤྲུལ་བའི་སྐུ། རོང་པོའི་རྒྱུད་པའི་བླ་རབས་ཁ་ཤས། ལ་མོ་བདེ་ཆེན་གྱི་སློབ་ཟུར་རྙེ་ཚང༌། རྫོང་དཀར། རྫོང་སེར། བདེ་ཆེན། ཆུ་དམར་སོགས་དགོན་དང་སྒྲུབ་སྡེ་ཕལ་ཆེར་གྱི་བླ་སྤྲུལ་ཡོད་དོ་ཅོག་དང༌། གདན་སའི་ལྷོ་རྒྱུད་ཀྱི་ཆ་ནས་ཚ་ཁོའི་རྒྱལ་ཁག་སོ་སོའི་ནང་སོ། ཕྱོགས་བཞི་ཚང༌། གཉན་རྩེ་སྤྲུལ་སྐུ། ཝམ་པ་དགེ་བཤེས། ཧམ་མཐའ་སྤྲུལ་སྐུ། ཁྲིམ་བླ་མ། ཁ་ཤེ །ཧོར། ཐང་ལ། གྲོ་གདུ་བུ་སོགས། ཚ་ཁོ་རྔ་བ་མགོ་ལོག་དབལ་ཤུལ་མཛོ་དགེ་ཟམ་ཚ་ཆེ་འཁོར་རྣམས་ཀྱི་བླ་སྡེ་ཁག་དང༌། ཨ་མཆོག་གི་མི་དོ་དཔོན་སློབ། རྔ་རྒོད་དཔོན་སློབ། སེ་ར་དགེ་བཤེས། སྔོན་པོ་ཐང་གི་འདན་ཆོས་འཁོར་མཁན་པོ། ཙ་ཡུ་ཨ་ལགས། གཙོས་བེ་རི་སྤྲུལ་སྐུ། རེབ་ཙ་བཀའ་འགྱུར་བ་བློ་བཟང་ཉི་མ། ལྷ་ཁང་ལུང་པ། ཅོ་ནེ་ཕྱོགས་ཀྱི་ཆས་པ་ཀོ་ཡུ་ནང་པ། ཁྱ་དགེ་སྤྲུལ་སྐུ་བསྟན་པ་ཆོས་ལྡན། ཆས་པ་རྒྱ་མཁར་བླ་མ་རྒན་པ། བདེ་ཐང་མཁན་པོ་སྤྲུལ་སྐུ། རེབ་ཚ་ཙི་ཞུ་སྤྲུལ་སྐུ། གུར་ཡག་བླ་མ་ངག་དབང་བཀྲ་ཤིས། ཅོ་ནེ་ནང་སོ་སོགས་དང༌། ཁ་ཀྱ་རྒན་ཀྱ། རྒྱའི་ཁ་སྟོང༌། གནམ་ལ་ཧོར་ཚང་སོགས་ཕྱོགས་འདི་


GTD004_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་བླ་གྲྭ་ཐམས་ཅད་ཀྱང་ཆོས་སྲིད་གཉིས་ཀའི་བཀའ་དྲིན་གྱིས་བསྐྱངས་པའི་བུ་སློབ་ཏུ་གྱུར་པ་ཤ་སྟག་ཡིན་ནོ། །ཆེན་པོ་ཧོར་གྱི་ཡུལ་དུ་འགྲོ་བའི་འདྲེན་མཆོག་ཨ་ལག་ཤཱ་དྭགས་པ་ཀུན་གྲོལ་ནོ་མིན་ཧན། དར་རྒྱས་ནོ་མིན་ཧན། ཧལ་ཧ་འཇམ་དཔལ་རྡོ་རྗེ་ནོ་མིན་ཧན། གཙང་པ་ནོ་མིན་ཧན། ཨིལ་ཀུག་ཚན་ནོ་མིན་ཧན། ཨེར་ཏི་ནི་ཆོས་རྗེ་ངག་དབང་དཔལ་བཟང༌། ཨེར་ཏི་ནི་ནོ་མིན་ཧན་གྱི་སྤྲུལ་སྐུ་བློ་བཟང་དགེ་ལེགས། ཆེ་ཆེན་ཧན་གྱི་བླ་མ་ཡེ་ཤེས་རྒྱ་མཚོ། མཚོ་བདུན་གྱི་ཐམ་ཀ་བླ་མ་པེ་ལིག་ཐུ་ནོ་མིན་ཧན། དུས་འཁོར་པཎ་ཌི་ཏའི་སྤྲུལ་སྐུ་ཡེ་ཤེས་བསྟན་པ་དར་རྒྱས། ཆ་གན་ཏི་ཡན་ཆིའི་སྤྲུལ་སྐུ་སྐལ་བཟང་བསྟན་འཛིན་ཕུན་ཚོགས། མཚན་ཉིད་བླ་མ་སྐལ་བཟང་བསྟན་དར། ཨོང་ཉོད་དབང་ཆེན་ཐོ་ཡོན། ཨུ་ཅུ་མུ་ཆིན་ཧོ་བིལ་གན་བླ་མ། སུ་ཉིད་གཡོན་རུའི་ཐོ་ཡོན་ཆོས་རྗེ་འཇམ་དབྱངས་དགེ་འདུན་རྣམ་རྒྱལ། ཀོན་ཏུང་ཞབས་དྲུང་ཡེ་ཤེས་ཆོས་འབྱོར། སྨོན་ལམ་བླ་མ་བཀྲ་ཤིས་དར་རྒྱས། ཧར་ཆེན་ཞབས་དྲུང་ཡེ་ཤེས་ཕུན་ཚོགས། ཐུ་མེད་ལོ་ཙཱ་བ་ཞབས་དྲུང་ཡེ་ཤེས་འཇིགས་མེད་དབང་པོ། ཀྱ་ཧུ་བླ་མ་ངག་དབང་ཤེས་རབ། བཀའ་འགྱུར་སུ་མིའི་ཧོ་བིལ་གན་བླ་མ། ཨ་རུ་ཧོར་ཆེན་བླ་མ་ཞབས་དྲུང༌། གནམ་སྔོན་ཞབས་དྲུང༌། བལ་ཅོལ་བླ་མ། དུར་བེད་ལྷ་རམས་པ་རབ་རྒྱས། ཆ་ཧར་ང་ཡན་ཆི། བཀའ་འགྱུར་བ་བློ་བཟང་བཀྲ་ཤིས། ཆོས་སྐྱབས་ད་ཡན་ཆི། ནེ་མན་ཞབས་དྲུང་དཀོན་མཆོག་རྒྱལ་མཚན། ཨོ་ཐོག་ཝང་གི་ཆ་གན་ཞབས་དྲུང་སོགས། སོག་པོ་ཚོ་ཆེན་ཞེ་དགུའི་མགོན་དུ་གྱུར་པའི་བླ་མ་ཕལ་ཆེ་བ་དང༌། མཁན་པོ་


GTD004_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འོད་ཟེར། རྒྱ་ཏིག་གྲགས་པ། མདུང་ནག་ཞབས་དྲུང༌། ཇ་སག་བླ་མ་ནམ་མཁའ་སོགས་ཕོ་བྲང་ནང་དུ་གཏོགས་པའི་བླ་མ་ཡང་མང་དུ་མཆིས་སོ། །གདན་ས་རང་ནས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྤྲུལ་སྐུ་ངག་དབང་བསྟན་པའི་རྒྱལ་མཚན། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་སྐུ་འཇིགས་མེད་རིགས་པའི་སེངྒེ། ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་སྐུ་འཇིགས་མེད་ནམ་མཁའ། རྗེ་གོང་མའི་བུ་ཆེན་ཁྲི་རྒན་རིན་པོ་ཆེའི་སྤྲུལ་སྐུ་ངག་དབང་འཇམ་དབྱངས་བཀྲ་ཤིས། སྡེ་རྒན་རིན་པོ་ཆེའི་སྤྲུལ་སྐུ་འཇིགས་མེད་ལུང་རིགས་རྒྱ་མཚོ་དང་དེའི་ཡང་སྲིད་འཇམ་དབྱངས་ཐུབ་བསྟན་ཉི་མ། སྒོ་མང་དཔོན་སློབ་སངས་རྒྱས་རྡོ་རྗེའི་སྤྲུལ་སྐུ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུ་སྐལ་བཟང་དགེ་ལེགས་རྒྱ་མཚོ། འགྱང་རོ་སྤྲུལ་སྐུ། མཚན་སྒྲོགས་མཁན་པོའི་སྤྲུལ་སྐུ་སོགས་དམ་པའི་ཡང་སྲིད་དུ་མ། གོང་དུ་སོ་སོར་སྨོས་པ་བཞིན་གདན་ས་ཆེན་པོ་འདི་ཉིད་དུ་གྲྭ་ཚང་སོ་སོའི་ཆོས་ཀྱི་ཁྲི་ལ་བཞུགས་ཏེ་བཀའ་པོཏ་ཆེན་པོ་ལྔ་དང་རྒྱུད་སྡེ་བཞིའི་འཆད་ཉན་གྱི་རྒྱལ་མཚན་སྒྲེང་བར་བྱེད་པའི་མཁས་གྲུབ་གཉིས་འཛོམ་གྱི་ཁྲི་ཐོག་པ་རིམ་བྱོན་དང༌། སྔགས་གྲྭ་ཕན་ཚུན་གྱི་བླ་རབས་གོང་གསལ་ཐམས་ཅད་ཡིན་ཞིང༌། མང་དུ་ཐོས་པའི་དོན་ལ་སྒྲུབ་པ་ལྷུར་མཛད་པའི་བུ་ཆེན་ཡང༌། གསུང་རབ་མ་ལུས་གདམས་པར་ཤར་བའི་བཤེས་གཉེན་ཆེན་པོ་རིན་ཆེན་ཆོས་བཟང༌། གཞུང་ལུགས་རྒྱ་མཚོའི་ཕ་


GTD004_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་སོན་པ་དགེ་བཤེས་བཟོད་པ། ཆོས་དྲུག་གི་རྣལ་འབྱོར་ལ་མྱོང་བ་ཐོན་པ་ངག་དབང་ཆོས་འཕེལ། ཀུན་སྤངས་ཆེན་པོ་རྔ་རྒོད་སྨྱུང་གནས་པ། འཕགས་པས་བྱིན་གྱིས་བརླབས་པ་རྗིས་ཚང་སྨྱུང་གནས་པ། ཚེ་འདིའི་འཁྲི་བ་ཆོད་པ་ཚ་ཁོ་སྨྱུང་གནས་པ། ཚེ་དང་སྒྲུབ་པ་མཉམ་པ་བློ་བཟང་མཁས་མཆོག །ཉམས་ལེན་ལ་གཅིག་ཏུ་གཞོལ་བ་སྨོན་ལམ་རྒྱ་མཚོ། བཀའ་འགྱུར་བ་འཇིགས་མེད་རབ་རྒྱས་སོགས་གདན་ས་ནས་ཐོན་པ་དང། དགོན་ལུང་དུ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པ་ངག་དབང་རབ་བརྟན། བྱང་པ་སྒོམ་ཆེན་བློ་བཟང་ཟླ་བ། སྐུ་འབུམ་ནས་མང་ཐོས་སྒྲུབ་ལ་གཞོལ་བ་ངག་དབང་ཉི་མ། བཤེས་གཉེན་ཆེན་པོ་བློ་བཟང་རྒྱལ་མཚན། སེམས་ཉི་རབ་འབྱམས་པ་བློ་བཟང་ཡོན་ཏན་སོགས་དང༌། སྡེ་སྣོད་འཛིན་པ་ཆེན་པོ་དགེ་བཤེས་བསོད་ནམས། གསང་ཆེན་གདམས་པའི་བཀའ་བབས་བྲག་དཀར་དཀའ་བཅུ། འཇིགས་མཛད་རྡོ་རྗེའི་རྣལ་འབྱོར་བ་ཧོར་སྤྲུལ་སྐུ། བླ་མ་སངས་རྒྱས་དངོས་སུ་མཐོང་བ་མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན། འདུལ་བ་འཛིན་པ་ཁ་གྲོས་ནང་པ། རེབ་ཚའི་བྲག་སྒོམ་པ། ཤུག་ཚང་སྒོམ་པ་ཡེ་ཤེས་སོགས་མདོར་ན་དམ་པའི་སྐྱེ་ཕྲེང་འཛིན་པའི་སྤྲུལ་སྐུ། འཆད་ཉན་གྱི་སྲོལ་ཀ་སྐྱོང་བའི་དཔོན་སློབ། ཐུགས་དམ་ཟབ་མོར་གཞོལ་བའི་ཉམས་རྟོགས་མཁན། གཞུང་ལུགས་བརྒྱ་ཕྲག་སྨྲ་བའི་དགེ་བཤེས། སྒྲ་སྙན་སྡེབ་སྦྱོར་སོགས་ལ་བྱང་བའི་ཐ་སྙད་མཁན་པོ། མཐོན་པོའི་རིགས་སུ་སྐྱེས་པའི་ལྷ་བཙུན། ཐོས་བསམ་ལ་བརྩོན་པ་ལྷུར་བྱེད་པའི་བློ་གསར་བ་སོགས་ལེགས་པར་གསུངས་པའི་ཉིན་བྱེད་ཟེར་གྱིས་བློ་


GTD004_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་འདབ་བརྒྱ་མངོན་པར་ཕྱེ་སྟེ། བསླབ་གསུམ་སྦྲང་རྩིའི་སྙིང་པོ་གསལ་བར་གྱུར་པའི་བསྟན་འཛིན་པདྨོའི་ཕྲེང་བ་ཚར་དུ་དངར་བས་རྒྱ་མཚོའི་གོས་ཅན་ཡངས་པའི་ཁྱོན་ཀུན་ཅི་ཡང་མཛེས་པར་གྱུར་ཏེ། དེ་ཡང་སྔོན་སྣང་རར་བཞུགས་སྐབས་ལན་གཅིག་མནལ་ལམ་དུ། རྗེ་ཉིད་ནས་དུང་དཀར་ཞིག་འབུད་པ་གནང་བས་དེ་ལས་དུང་མང་པོ་བྱུང་ཞིང༌། དེ་རེ་རེ་ལས་དུང་རང་འདྲ་མང་དུ་ཐོན་ཏེ་ཕྱོགས་ཐམས་ཅད་དུ་ཁྱབ་པར་རྨིས་པ་ཡང་གསུང་ལས་སྐྱེས་པའི་བུ་སློབ་དང་ཡང་སློབ་ས་སྟེང་འགེངས་པ་ལྟ་བུས། ཉིད་ཀྱི་གདམས་པའི་རྒྱུན་ཕྱོགས་མཐར་སྤེལ་བ་འདིའི་མཚན་མ་ཡིན་ཏེ། བརྒྱད་སྟོང་པ་ལས། ཕྱི་མའི་དུས་ཕྱི་མའི་ཚེ་ན་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆར་རྒྱས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱི་མའི་དུས་ནི་མདོ་གཞན་ལས་ལྔ་བརྒྱ་ཐ་མའི་དུས་སུ་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པ་དེ་དང་དོན་གཅིག་ཅིང་བྱང་ནས་བྱང་ཞེས་པ་དང༌། བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆ་ཞེས་པའི་བྱང་སྔ་མ་གཉིས་དབུས་གཙང་དང༌། ཕྱི་མ་གཉིས་མདོ་སྨད་ལ་བྱེད་དགོས་པ་སྤྱིར་བོད་དང་བོད་ཆེན་གཉིས་སུ་ཕྱེ་བའི་བོད་ཆེན་པོ་མདོ་སྨད་ལ་ཟེར་ཞིང༌། འདིའི་བརྒྱུད་པ་དང་པོ་དབུས་གཙང་ནས་ཆད་པས་དེའི་ཆར་གཏོགས་ལྟ་བུ་ཡིན་པས་སོ། །ལྔ་བརྒྱ་ཐ་མ་ཡང་རྟགས་ཙམ་འཛིན་པ་དང༌། ལྔ་བརྒྱ་པ་ཕྲག་བཅུའི་ཕྱི་མ་ལྔ་ལ་བྱེད་པའི་ལུགས་གཉིས་གནོད་འཇོམས་སུ་བཀོད་པ་ལས་ཕྱི་མ་གསེར་ཕྲེང་གིས་འཐད་ཕྱོགས་སུ་མཛད་པ་ལྟར་རིགས་པ་དང་ལུང་གིས་འགྲུབ་སྟེ། དེ་རྟགས་ཙམ་འཛིན་


GTD004_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བྱེད་ན་དེའི་ཚེ་བསྟན་པ་དར་བར་བཤད་པ་དང་འགལ་ལ། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ལས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་གསུངས་པས་སོ། །དེ་བཞིན་དུ་དུས་ཚོད་ཀྱི་མཚམས་ཡང༌། ཉིས་སྟོང་ལྔ་བརྒྱའི་མཇུག་གི་ཆ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་འཁྲུངས་ཏེ། ལྔ་བརྒྱ་ཐ་མའི་མགོ་ནས་ལོ་བཞི་བཅུ་རྩ་ལྔའི་མཚམས་སུ་ཆོས་སྡེ་འདི་ཉིད་ཕྱག་འདེབས་གནང་བ་ཡིན་པས། ལོ་ཚིགས་འདི་ཕྱོགས་གཞན་གང་ལ་ཡང་དྲང་ཐད་དུ་མི་འབྱོར་བ་སོགས་ཀྱིས་ཤེས་ནུས་སོ། །དེར་མ་ཟད་ཀུན་མཁྱེན་བླ་མ་ཉིད་ཀྱི་གསུང་ལས་ཀྱང༌། ད་དུང་ལྔ་ཕྲག་དྲུག་སྐད་བདེན་སྙམ་ནས། །ཐུབ་དབང་འཁོར་གྱི་རྒྱལ་སྲས་དཔའ་མང་གིས། །ཐུབ་བསྟན་སྤེལ་བའི་ཐུགས་བསྐྱེད་མི་འདོར་བས། །འདི་བྱས་སྐལ་མཉམ་ལ་བསམ་གཡར་ཁྲལ་འང་ཡིན། །ཞེས་ལྔ་བརྒྱ་པ་ཕྲག་དྲུག་པའི་མཚམས་འདིར་ཤེར་ཕྱིན་རྒྱས་པར་བྱེད་པའི་དམ་བཅའ་རྒྱལ་སྲས་དཔའ་བོའི་ཚོགས་དུ་མ་དང་ལྷན་དུ་ཐུབ་པའི་དབང་པོའི་སྤྱན་སྔར་ཞལ་གྱིས་བཞེས་པའི་དུས་བབས་ཀྱི་གཡར་ཁྲལ་ལྟ་བུར་གསུངས་ལ། དེས་ན་རྡོ་རྗེ་གཅོད་པར། ལྔ་བརྒྱའི་ཐ་མ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཀྱང༌། སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་


GTD004_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་གྱི། རབ་འབྱོར་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་ཤིང་སངས་རྒྱས་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་འབྱུང་ངོ༌། །ཞེས་སོགས་ཀྱིས་ཀྱང་གདན་ས་འདི་ཉིད་དང༌། གཙོ་བོར་ཀུན་མཁྱེན་བླ་མའི་སྐུ་ཕྲེང་སྔ་ཕྱི་འདི་དག་ལུང་བསྟན་པ་ཡིན་ཏེ། བྱང་ཕྱི་མ་དེ་ལྟར་བྱེད་དགོས་པ་དང༌། ཤེར་ཕྱིན་ཟབ་མོའི་དགོངས་དོན་སྟོང་པ་ཉིད་ཀྱི་གནད་ལ་དེང་དུས་རྗེ་འདི་ལས་ལྷག་པ་མེད་པར་ཚད་མར་གྱུར་པའི་སྐྱེས་མཆོག་དུ་མ་ཞལ་མཐུན་པས་རྣམ་དཔྱོད་ཅན་རྣམས་ཀྱིས་གུང་བསྒྲིགས་ཏེ་གཟུ་བོའི་བློས་ལེགས་པར་དཔྱད་ནས་མི་ལྡོག་པའི་དད་པ་བསྐྱེད་པར་བྱའོ། །སྨྲས་པ། བདེ་གཤེགས་འཕྲིན་ལས་བྱེད་པོ་དབྱར་གྱི་རྔ། །ཟབ་ཡངས་སྙན་པར་རྒོད་པའི་སྒྲ་བརྒྱ་ཡིས། །དད་བརྩོན་བློ་ཡི་མདོངས་མཐའ་རོལ་པ་མོ། །རྣམ་གྲོལ་ས་བོན་སྨིན་པའི་མངལ་གྱིས་སྒེག །དོན་མེད་ཚིག་ཚོགས་རྒྱས་པའི་ཨེ་རནྚ། །འགལ་འདུའི་ངག་སྒྲོས་དཱ་རི་དྲ་ཡིས་ཕྱེ། །ཁུངས་དང་མི་ལྡན་ལྟག་ཆུ་ཆད་པའི་རྫིང༌། །མ་ཡིན་ལེགས་བཤད་ཆུ་བོའི་གཏེར་དུ་གྲུབ། །རིགས་ལམ་འཁྱོག་པོར་བགྲོད་པ་གདུག་པའི་སྦྲུལ། །སྨོད་པའི་ལྕེ་གཉིས་དུག་གི་ཟེར་མ་ཅན། །གཞོམ་བཟོད་མཁའ་ལྡིང་རིགས་པའི་གཤོག་རླབས་ཀྱིས། །ས་གསུམ་དཀྱིལ་འཁོར་མ་ལུས་འདར་བ་སྙམ། །ཕ་རོལ་སྒྲུབ་དང་སུན་འབྱིན་ཆུ་བོ་བརྒྱས། །འབར་བ་ཡང་དག་དམ་བཅའི་རྟ་གདོང་མེ། །བཟོད་དཀའི་ཤུགས་ཀྱིས་གདུངས་པ་ཚ་བའི་རླབས། །སྨྲ་བ་


GTD004_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པའི་ཉ་ཆུང་མཐར་བྱེད་ཡིན། །དབྱངས་སྙན་དོན་དང་བྲལ་བ་སྦྲང་མའི་གླུ། །དོན་བཟང་རྒྱན་གྱིས་མ་སྤྲས་གཅེར་བུའི་ལུས། །དེ་ཕྱིར་ཚིག་དོན་ཕུན་ཚོགས་རྩོམ་པའི་རྒྱུ། །ཚང་བའི་ལེགས་བཤད་ཆོས་ཀྱི་རྒྱལ་མཚན་ཡིན། །མཁྱེན་རབ་གཏིང་མཐའ་བྲལ་བའི་ཆུ་གཏེར་ལས། །འཕོས་པའི་ལེགས་བཤད་གསར་བའི་ཟླ་བ་ཡིས། །ཐུབ་བསྟན་སྔོ་བསངས་སྡེ་ལ་འགྲོ་གསུམ་གྱི། །རྨོངས་པའི་མུན་སེལ་འོད་ཀྱི་རྩེ་དགའ་འཛིན། །ཚུལ་ཁྲིམས་དག་པའི་ཤིང་ཤུན་གོས་འཆང་ཞིང༌། །ཏིང་འཛིན་མི་གཡོ་ཞི་བའི་ལྟ་སྟངས་ཅན། །ཤེས་རབ་ཟབ་མོའི་སྲེག་བླུགས་སྦྱོར་བ་ཡིས། །རྩེན་པ་གང་དེ་ཐུབ་པའི་དྲང་སྲོང་མཆོག །བརྟན་གཡོ་ཀུན་ཁྱབ་ཁྱབ་འཇུག་འཇུག་པ་བཅུས། །འགྲན་པར་མི་བཟོད་བཟོད་དཀའ་དཀའ་ཐུབ་ཀྱིས། །སྤྲོས་ཀུན་ཉེར་ཞི་ཞི་བདེ་བདེ་བ་ཆེར། །འདྲེན་མཁས་བླ་མ་མ་ལུས་ལུས་ཅན་མགོན། །དེ་ཡི་གྲགས་པ་མཚམས་སྤྲིན་སྨུག་རྩི་ཡིས། །མཁུར་ཚོས་དམར་བའི་ཐུབ་བསྟན་སྔོ་བསངས་མ། །དེ་ནི་སྐྱེ་དགུ་དགའ་བའི་སྤུ་ལོང་ཅན། །ནོར་འཛིན་གཞོན་ནུའི་མཛའ་གཅུགས་གྲོགས་སུ་གྱུར། །ཁྱོད་གསུང་བདུད་རྩིའི་དཔལ་ལ་ཆགས་པ་ཡིས། །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གིས་བསྟེན། །ཨེ་མ་རྐང་དྲུག་ཕྲེང་བས་བསྐོར་བ་དེ། །པད་དཀར་སྡོང་བུ་འདེགས་ཕྱིར་ཡིན་ནོ་ལོ། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་དབུས་ལྗོངས་ནས་སླར་ཡང་མདོ་སྨད་དུ་བྱོན་ཏེ་བསྟན་འགྲོའི་དོན་མཛད་ཚུལ་རྣམ་ཐར་སྤྱིའི་བསྡུས་
དོན་དང་བཅས་པའི་སརྒ་སྟེ་བཅུ་གཅིག་པའོ།། །།

བཅུ་གཉིས་པ་མཛད་པའི་ཐ་མ་དང་སྐུ་གདུང་ཇི་ལྟར་བསྒྲུབ་པའི་ཚུལ་གྱི་སརྒ།


GTD004_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟའི་ན་ཆུང་མཛེས་སྡུག་རྒྱ་མཚོའི་གཏེར། །འཛུམ་ལྡན་སྒེག་ཅིང་རོལ་པའི་སྨིན་ལེགས་མ། །ནོར་བུའི་རྐང་གདུབ་འཁྲོལ་བའི་ཞབས་སེན་གྱིས། །རེག་པས་བདག་བློ་མྱ་ངན་མེད་པ་སྐྱོངས། །དེ་ཡང་བྱ་ཁྱུང་དུ་བཞུགས་སྐབས་འགའ་ཞིག་གིས་གདན་སར་མྱུར་དུ་ཕེབས་རྒྱུའི་ཞབས་བསྐུལ་ཞུས་པར། ཕྱོགས་འདི་སོས་དལ་ཞིང་སྐྱིད་པ་ཞིག་འདུག་པས། རེ་ཞིག་རྨ་ཆུའི་ཚུར་ཁ་ནས་སྡོད་རྒྱུ་ཡིན་གསུངས། ཉིན་གཅིག་ཕྱག་གཡོག་འགའ་བཀྲ་ཤིས་འཁྱིལ་དུ་ལྡོག་རྩིས་བྱས་པར། དེ་རིང་མ་འགྲོ་ང་ཡང་རྒྱབ་ངོས་ཤིག་ཏུ་འགྲོ་དགོས་པས། ང་ཚོ་རྒྱབ་སྤྲད་ནས་སོང་ན་མི་ལེགས་གསུངས་ཏེ། དངོས་མཇལ་གྱི་ཐ་མ་ཡིན་པའི་བརྡར་མངོན། སྔ་ཕྱིར་གསུང་དེ་འདྲ་དང༌། སྐུ་སྐྱེ་འཁྲུངས་ས་ལ་ས་ཆ་གང་བཟང་བར་འདུག་གསུངས་པ་སོགས་ཞལ་མི་བཞུགས་པའི་གསུང་གི་ཟུར་མང་དུ་ཕེབས་འདུག་ཀྱང༌། ལས་ཀྱིས་ནོངས་པའི་དབང་གིས་སུ་ལ་ཡང་དོགས་པ་མ་སྐྱེས་པར་སྣང༌། དེ་སྐབས་སུ་རྒྱུ་མཚན་གཞན་མེད་པ་ལ། ཐུའུ་བཀྭན་རིན་པོ་ཆེ་བྱ་ཁྱུང་དུ་སྐོར་གཅིག་ཕེབས་དགོས་ཚུལ་གྱི་གསུང་གནང་བ་ཡང་དེ་ན་ཐུགས་ཁེལ་བའི་ཞལ་གདམས་སོགས་མཛད་ཡུལ་མེད་སྟབས་ཡིན་འདུག་ཀྱང༌། ཁོང་ཐུགས་བྲེལ་གྱི་དབང་གིས་ཕེབས་མ་ཐུབ་པས་རྗེས་སོར་མཆོག་སྤྲུལ་ངོས་འཛིན་སོགས་ཀྱི་ཚེ། ལས་ཀྱིས་མནར་བ་མ་གཏོགས་དེ་སྐབས་མདུན་དུ་མཇལ་ཐུབ་ན་དཀའ་ལས་འདི་འདྲ་དགོས་པ་མེད་ཅེས་དམ་པ་


GTD004_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནས་ཡང་ཡང་གསུངས། ཡང་ཉིན་གཅིག་གཟིམས་ཆུང་དུ་བླ་མ་མཆོད་པའི་ཆོ་ག་དལ་བུས་གསུངས་ཏེ། འདི་གནས་བྱིན་རླབས་ཅན་ཡིན་པས་ངས་སྨོན་ལམ་རེ་བྱེད་ཀྱིན་ཡོད། ཁྱེད་རང་ཚོས་ཀྱང་སྨོན་ལམ་རེ་བཏབ་ན་ལེགས་ཞེས་བཀའ་སྩལ། བཅུ་པའི་ཚེས་བཅུ་སྐོར་ནས་སྐུ་ཁམས་རིམ་ལོད་དུ་སོང་བས། སྔོན་སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་ཁའི་ཚེ་ཡུལ་དབུས་ཀྱི་ལྗོངས་རྣམས་སུ་མ་བཞུགས་པར་གྲོང་ཁྱེར་རྩྭ་ཅན་དུ་གཤེགས་པ་ལྟར། ཀ་མདོའི་ཕྱོགས་སུ་བཏེག་སྟེ་ཚེས་བཅུ་དགུའི་ཉིན་གདོང་དམར་སྣའི་དགོན་པ་བཀྲ་ཤིས་ཆོས་སྡེར་ཕྱག་ཕེབས། དེར་འབྱོར་མ་ཐག་ད་ནི་བློ་བདེ་གསུངས་ཏེ་ཐུགས་བག་ཕེབས་པའི་རྣམ་པ་མཛད། ཉི་ཤུ་གཅིག་ལ་ཨེམ་ཆི་བློ་བཟང་དར་རྒྱས་འབྱོར་ཏེ་ཕྱག་རྩ་དང་ཆབ་རྟགས་སོགས་མཇལ་ནས་བླ་རྩ་བཟང་རྒྱུ་མི་འདུག་ཞུས་པ་ལ། གཞན་མི་གསུང་བར་ཕྱག་མཛུབ་བཞི་ལན་གཉིས་སུ་བསྒྱུར་བ་གནང༌། དེ་ཡང་ཞག་བརྒྱད་ནས་མྱ་ངན་འདའ་བའི་བརྡའམ། ཡང་ན་དེའི་སྔོན་ནས་ཞབས་འབྲིང་བ་འགའ་ཞིག་ལ། ངའི་གཟུགས་ཕུང་མ་བདེ་བ་འདི་ཉི་ཤུ་ལྔ་ཙམ་ནས་སངས་དྲག་ཏུ་འགྲོ་བ་འདྲ་གསུངས་པ་ལ་དཔག་ན་དེ་ཉིན་དག་ཞིང་དུ་ཕེབས་པའི་ཐུགས་འཕེན་ཡོད་པ་འདྲ་ཡང༌། ཉིན་དེར་ཞབས་བརྟན་འབུལ་མི་སོགས་འགྲུལ་སྡེབ་མང་དུ་འབྱོར་ནས་སྟབས་མ་འགྲིག་འདུག་པས། བརྡ་དེ་ཡང་ཉིན་ཞག་བཞིའི་མཚོན་དོན་ཡིན་ནམ་ཞེས་དཔྱོད་ལྡན་འགའ་ཞིག་གླེང། དེ་ལྟར་མྱ་ངན་ལས་འདའ་བའི་དུས་ཀྱང་སྔ་ཕྱིར་གང་འདོད་དུ་བསྒྱུར་བ་ནི། ཚེ་གཏོང་འཇོག་སོགས་ལ་མངའ་བརྙེས་པའི་ཆེ་བ་བླ་


GTD004_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པར་མངོན། ཀ་མདོར་ཕེབས་པ་ནས་བཟུང་བཞེས་པ་གཏན་མི་མཛད་ཅིང༌། རྒྱུན་པར་ཏིང་ངེ་འཛིན་ཞིག་གི་ངང་དུ་འབྱམས་ནས་བཞུགས། མཚམས་མཚམས་སུ་སྤྱན་ནམ་མཁའ་ལ་གཟིགས་ཤིང་འཛུམ་པ་རེ་མཛད། ལྷག་པར་དགོན་ལག་འགའ་ཞིག་གིས་ཞབས་བརྟན་ཕུལ་ཏེ། གཟིམས་ཆུང་གི་ཕྱི་རོལ་ནས་གནས་བཅུ་སོགས་གསུངས་པའི་ཚེ་ཡང་ཡང་བར་སྣང་ལ་གཟིགས་ཏེ་ཐལ་མོ་སྦྱོར་བ་གནང༌། དེ་སྐབས་དག་པའི་གཟིགས་སྣང་ཁྱད་པར་ཅན་དུ་མ་ཞིག་བྱུང་བར་གདོན་མི་ཟ་ཡང་ཞབས་སྡོད་རྣམས་ནས་རྒྱུ་མཚན་སོགས་ཞུ་རྒྱུ་མ་བྱུང་འདུག །ཞབས་པད་ཡུན་དུ་བརྟན་དགོས་ཀྱི་གསོལ་བ་བཏབ་པར། དཀོན་མཆོག་ལ་གསོལ་བ་འདེབས་ཞེས་པ་ཙམ་ལས་ལན་གཞན་མ་གནང༌། དེར་མ་ཟད་ལོ་སྔ་མར་བྱམས་ཆེན་ཕལ་ཆེར་གྲུབ་པའི་མཚམས་ཤིག་ནས་བཟུང༌། ཞབས་བརྟན་ནམ་ཕུལ་གྱི་ཚེ། ལན་སྤྱི་སྙོམས་རེ་ལས་གསལ་ཆ་མཛད་པ་ཡེ་མི་སྣང་ལ། བྱམས་ཆེན་རབ་གནས་ཀྱང་དབྱར་སྟོན་གང་རིགས་ཤིག་ལ་གནང་ན་མཚོ་སྔོན་གྱི་དཔོན་ཁག་སོགས་ཕྱོགས་ཀྱི་འགྲུལ་པ་རྣམས་དང༌། ཐམས་ཅད་ལ་སྟབས་བདེ་བར་འདུག་ཅེས་ནན་གྱིས་ཞུས་ཀྱང་དཔྱིད་ཚ་དྲག་ལྟ་བུ་མཛད་པ་ཡང༌། དོན་སྐོར་དེ་དག་འགྲུབ་ནས་དག་པའི་ཞིང་དུ་འབྱོན་པར་རིངས་པའི་དགོངས་གཏད་ཡིན་ཏེ། སྔར་འདུ་ཁང་གི་ལས་མགོ་རྩོམ་སྐབས། ངེད་ལ་ད་དུང་དོན་ཆེན་པོ་གསུམ་སྒྲུབ་རྒྱུ་ཡོད་པ་ནི། འདུ་ཁང་ཆེན་མོ་དང༌། དབུས་སུ་ཕེབས་རྒྱུ། བྱམས་


GTD004_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཞེངས་རྒྱུ་གསུམ་ཡིན་གསུངས་པས་ཤུགས་ལ་དེ་གསུམ་འགྲུབ་ནས་ཆེར་མི་བཞུགས་པའི་བརྡ་ཡིན་པ། དཔེར་ན་ཚོང་དཔོན་ཆེན་པོ་ཕྱོགས་སུ་སོང་ནས་ཡུན་རིང་ལོན་ཀྱང༌། ནམ་ཉོ་ཚོང་གི་བྱ་བ་འགྲུབ་མ་ཐག་ཏུ་རང་ཡུལ་དུ་ལྡོག་པ་བཞིན། མ་དག་པའི་ཞིང་དུ་བསམ་བཞིན་སྐྱེ་བ་བཞེས་པའི་འཕགས་ཆེན་དམ་པ་རྣམས་ཀྱང༌། ཞིང་དེའི་གདུལ་བྱ་དང་མཛད་པའི་མཐའ་རྫོགས་པ་ན་སྤྲུལ་བའི་བཀོད་པ་བསྡུ་བ་ཆོས་ཉིད་ཡིན་པའི་ཕྱིར་ཏེ། ཐེག་པ་ཆེན་པོ་བསྡུ་བ་ལས། མཛད་པ་རྫོགས་པར་བྱ་བའི་ཕྱིར། །ཞི་བ་མི་འདོད་བཟློག་པའི་ཕྱིར། །སངས་རྒྱས་བརྙས་པ་བཟློག་པའི་ཕྱིར། །སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། །སོ་སོར་རང་བརྩོན་བརྩམས་པའི་ཕྱིར། །མྱུར་དུ་ཡོངས་སུ་སྨིན་བྱའི་ཕྱིར། །སངས་རྒྱས་རྣམས་ཀྱི་སྤྲུལ་བའི་སྐུ། །གཏན་དུ་བཞུགས་པར་མི་བཞེད་དོ། །ཞེས་སོ། །གསེར་ཁང་གི་ལས་མགོ་རྩོམ་སྐབས་འདིར་བྱམས་སྐུ་དང༌། མཆོད་རྟེན་ཆེན་པོ་ཞིག་ཀྱང་བཞེངས་དགོས་གསུངས་པ་ཡང་བྱམས་ཆེན་གྲུབ་མ་ཐག་ཉིད་ཀྱི་སྐུ་གདུང་གི་མཆོད་རྟེན་བཟོ་བོ་དེ་དག་གིས་སྒྲུབ་དགོས་པའི་དོན་ཡིན་ལ། སོས་ཀར་སྨོན་ལམ་སྦྱིན་བདག་རྡོ་རམས་པ་ངག་དབང་ཤེས་རབ་ཀྱིས་ངེད་ལ་སྐྱབས་མགོན་མཆོག་གི་རྣམ་ཐར་བསྒྲིག་དགོས་པའི་བསྐུལ་མ་བྱས་ཏེ། རྗེས་སོར་ཞིག་ཁོང་གིས་དེའི་གནས་ཚུལ་མདུན་དུ་གླེང་སྐབས་ཁོང་རང་སོག་ཡུལ་དུ་ལྡོག་པའི་སྔོན་ལ་གྲུབ་ན་བཟང་འདུག་ཞུས་པར། དེ་མི་ཡོང༌། ལོ་གསུམ་ཚུན་ལ་ས་བོན་ཡང་ཆ་ཚང་བ་མི་འགྲིག་མོད་གསུངས་པ། ལོ་གསུམ་གྱི་ཁོངས་སུ་གདུང་རྫོགས་སོགས་མྱང་འདས་ཀྱི་སྐུར་དང་བཅས་པ་ཆ་ཚང་རྒྱུའི་དོན་དུ་


GTD004_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་མ་མཆིས་སོ། །དེ་ནས་ནག་ཕྱོགས་བདུད་ཀྱི་རིས་ནི་ནགས་ཀྱི་མེ་ལྕེ་བཞིན་དུ་གཟི་བྱིན་མངོན་པར་རྒྱས། དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་གཤོག་པ་ཆག་པའི་བྱ་བཞིན་མཐུ་དང་ནུས་པ་རྡུགས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་རྒས་ཀྱི་གྲིབ་སོ་བཞིན་འགྲིབ་པའི་མཐར་སོན། ལུས་ཅན་ཀུན་གྱི་བསོད་ནམས་ཡང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་སྐམ་སྟེ་ལྕགས་ཕག་ཧོར་ཟླ་བཅུ་པའི་ཉི་ཤུ་བརྒྱད་ཀྱི་སྲོད་འཁོར་ལ་གཟིམས་ཁྲིའི་ཐ་མར་སེང་གེའི་ཉལ་སྟབས་ཀྱིས་བཞུགས་ནས་ཧིཀ་དམའ་བ་གཉིས་དང༌། མཐོན་པོ་གཅིག་གནང་བའི་མཐར་ཞལ་དབུགས་ཀྱི་རྒྱུ་བ་འགགས་ཏེ་རགས་པའི་སྐུ་ལུས་མ་དག་པའི་ཞིང་འདིར་ཡོངས་སུ་བོར་ནས། ཡིད་ཀྱི་ལུས་དག་པའི་ཞིང་མཆོག་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྒྱལ་བ་མི་ཕམ་མགོན་པོའི་མདུན་སར་གཤེགས་སོ། །བློ་བཟང་རྒྱལ་བསྟན་པདྨོའི་གཉེན་གཅིག་དེ། །སྐལ་དམན་མིག་གིས་མཐོང་བའི་ལམ་ལས་འདས། །རྗེས་ཆགས་ཐུན་མཚམས་འོད་ཀྱིས་མ་བཏང་ཡང༌། །ཡིད་འབྱུང་གདུང་བའི་མུན་པ་སེལ་མ་ནུས། །ཕུན་ཚོགས་འབྲས་བུའི་དཔལ་འཕྲོག་སྟོན་གྱི་དུས། །མྱ་ངན་མཆི་མའི་ཆར་གྱིས་དག་པའི་ཡིད། །དགའ་དང་འདོད་པའི་རྡུལ་གྱིས་དབེན་པའི་མཁར། །སྐྱབས་གཅིག་དྲན་པའི་ཟླ་བ་ལྷག་པར་གསལ། །མི་ཟད་དབང་ཁྲིད་ལུང་ཆོས་མན་ངག་གི །སྦྲང་ཆར་འཇོ་བའི་སྤྲིན་སྔོན་དབྱིངས་སུ་ཡལ། །ད་ནི་སྔོན་བྱོན་མཁས་རྣམས་འབད་པ་བརྒྱས། །བསྒྲུབས་པའི་ཆོས་ཀྱི་རྫིང་བུ་སྐམ་ལ་ཉེ། །གཞན་ཕན་ཐབས་ཀྱི་


GTD004_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མཐའ་ཡས་པའི། །དཔག་བསམ་ལྗོན་པ་གློ་བུར་ཉིད་དུ་འགྱེལ། །ད་ནི་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །དགའ་སྟོན་འདོད་པ་ཡོངས་ཀྱི་རེ་ཐག་ཆད། །བཤད་སྒྲུབ་རླབས་ཀྱི་ཕྲེང་བ་འབུམ་འགྱེད་པའི། །བཤེས་གཉེན་ཆོས་ཀྱི་རོལ་མཚོ་དབྱིངས་སུ་ཐིམ། །ད་ནི་ཐར་པ་དོན་གཉེར་ཉ་ཆུང་ཀུན། །ནག་ཕྱོགས་བདུད་རིགས་བྱ་ཡི་ཟས་སུ་གྱུར། །ཀྱེ་ཧོ་ཐར་ལམ་གསལ་བའི་ཉིན་བྱེད་ནུབ། །སྲིད་པའི་འཕྲང་ལས་སྒྲོལ་བའི་མགོན་གྱིས་བསྐྱུར། །དུག་གསུམ་ནད་ཀྱི་གདུང་སེལ་སྨན་པས་བོར། །ཉམ་ཐག་རྒུད་པའི་འོ་དོད་སུ་ལ་འབོད། །དུས་ཀྱི་རྐང་དྲུག་སྙིང་པོའི་བཅུད་འཐུང་ཚེ། །རི་བོའི་འདབ་ཕྲེང་བཞད་པའི་ནོར་འཛིན་ཡང༌། །གདུང་བ་མ་བཟོད་འདར་བའི་གེ་སར་རྡུལ། །སྣ་ལྔའི་འཇའ་ཚོན་ཟོལ་གྱིས་མཁའ་ལ་དཀྲིགས། །ཀུན་རྟོག་སྤྲོས་པའི་ཆུ་འཛིན་དབྱིངས་སུ་ཡལ། །ཕྱི་ནང་རླུང་གི་རྒྱུ་བ་ཅིག་ཅར་འགགས། །ཉེར་ཞིའི་ཐུགས་དང་མཁའ་དབྱིངས་ལྷན་ཅིག་ཏུ། །གསལ་བའི་སྒྱུ་འཕྲུལ་འགྲོ་ལ་མངོན་དུ་བསྟན། །ཞིང་མཆོག་དགའ་ལྡན་ཆོས་ཀྱི་དགའ་ཚལ་དེར། །ཡབ་སྲས་མཇལ་བའི་དགའ་བ་རྒྱས་གྱུར་ཚེ། །རྨོངས་པ་བདག་ཅག་སྲིད་པའི་མུན་ཁང་དུ། །མི་བཟད་རྒུད་པས་གདུངས་པ་སུ་ཡིས་ཤེས། །རྒྱང་ནས་འབོད་པའི་གདུང་དབྱངས་ང་རོ་འདི། །སྒྲིབ་པ་མེད་པའི་སྙན་གྱིས་གསན་ནས་ཀྱང༌། །དུས་ལས་མི་ཡོལ་ཐུགས་རྗེའི་ཕྱག་བརྐྱངས་ཏེ། །མགོན་ཁྱོད་གཤེགས་པའི་བཤུལ་དེར་དྲང་དུ་གསོལ། །ཡང་ན་ད་དུང་ཆེས་རིང་འཁོར་བའི་མཐའ། །མ་མཐོང་ཉམ་ཐག་བུས་པ་མགོན་མེད་རྣམས། །སྙིང་རྗེ་


GTD004_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མ་མས་འདོར་བ་མི་རིགས་པས། །གཞན་ཕན་སྤྲུལ་བའི་གོམ་སྟབས་ཕྱིར་སྒྱུར་ཞིག །དེ་སྔོན་གྲང་ངད་ཤིན་ཏུ་ཆེ་བས་རྨ་ཆུ་ལ་དར་ལམ་འཛིན་དུ་ཉེ་བར་ཡོད་པ་ལ། དེ་ནས་བཟུང་ནམ་མཁའ་གཡའ་དག་ཅིང༌། རླུང་ཕྲ་མོ་ཙམ་ཡང་མི་ལྡང་བར་ནམ་དུས་ཤིན་ཏུ་དྲོ་བས་སྔ་མའི་དར་ཆགས་པ་རྣམས་ཞུ་སྟེ། བྱང་ཕྲན་བུ་ཡང་མི་རྒྱུ་བར་གདུང་མཇལ་བ་སོགས་ཕན་ཚུན་དུ་རྒྱུ་འགྲུལ་བྱེད་མི་རྣམས་ཤིན་ཏུ་བགྲོད་སླ་བ་བྱུང༌། འདི་ཡང་ནང་དུ་རྟོགས་པ་ཁྱད་པར་ཅན་བརྙེས་པའི་མཚན་མ་དང༌། དུས་ནམ་གྱི་ཚེ་ཡང་གཞན་ཕན་འཕྲིན་ལས་ཀྱི་འཇུག་པ་མི་ཉམས་པའི་བྱིན་རླབས་ཀྱི་ནུས་མཐུར་མངོན། སྐྱབས་མགོན་མཆོག་དག་པའི་ཞིང་དུ་དགོངས་པ་གཏད་པའི་ཉིན་དེར། གསང་སྔགས་སྨིན་རྒྱས་གླིང་གི་རྟེན་གཙོ་ཐུབ་དབང་གི་སྨན་སྐུ་ཞིག་ཡོད་པ་རྐྱེན་གང་ཡང་མེད་པར་ཐང་དུ་ཟག་སྟེ་དབུ་ལྷུང་བ་དང༌། ལོ་དེར་གདན་ས་ནས་རྐྱེན་གཞན་མེད་པར་ཚོགས་འཚོགས་སྐབས་གྲྭ་པ་ཕལ་ཆེར་ཞྭ་མོ་མི་གྱོན་པར་ནང་དུ་འགྲོ་རྒྱུའི་མིག་ལྟོས་ངན་པའི་ཤན་ཞིག་ཞུགས་ཤིང༌། དུང་མཁན་གཉིས་ཀྱང་ཡང་ཡང་རྗེས་སུ་ལུས་ཏེ་དུང་ཁེར་འབུད་ཤིན་ཏུ་ལན་མང་པོར་བྱུང་བ་སོགས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བདག་པོས་ཡོངས་སུ་བོར་ཏེ། འགྲོ་བ་རྣམས་མགོན་མེད་སྐྱབས་མེད་དུ་ལུས་ཤིང༌། ཆོས་ཀྱི་དུང་ཡ་བྲལ་དུ་འགྲོ་བའི་མཚན་མ་ངན་པར་སྣང༌། བཅུ་གཅིག་པའི་ཚེས་གཅིག་ནས་བཟུང་རྒྱལ་མཁན་པོ་དང༌། ཁྲི་ཟུར་བསོད་ནམས་དབང་རྒྱལ་སོགས་གདན་སའི་བླ་མ་གདན་ཟུར་


GTD004_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཤས་རིམ་པར་འབྱོར་ཏེ། ཆོག་གྲྭ་གསུམ་གྱི་རྒྱུན་སྟར་ཆགས་སུ་བཙུགས་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བྱས་ཏེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མངོན་པར་མཆོད་ཅིང་ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་རྗེས་སུ་འཛིན་པའི་སྨོན་ལམ་གྱིས་མཚམས་སྦྱོར་སོགས་ལ་འབད་པ་ཆིག་དྲིལ་དུ་བྱས། བྱ་ཁྱུང་སོགས་ཉེ་འཁོར་གྱི་དགོན་ཆེ་ཕྲ་མཐའ་དག་དང༌། གྲོང་སྡེ་ཀུན་ནས་གདུང་མཇལ་བ་སྟོང་ཕྲག་དུ་མ་ཉིན་རེ་བཞིན་འདུས་ཏེ་གདུང་དབྱངས་ཀྱིས་གསོལ་བ་འདེབས་པ་དང༌། དངོས་འབྱོར་གྱི་མཆོད་སྤྲིན་བསྟར་བས་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སྒྲུབ་པའི་སྐལ་བ་ཅན་དུ་གྱུར། སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་ཡང་གདན་འདྲེན་གྱི་མི་སྣ་འབྱོར་མ་ཐག་འགྱོགས་ཤད་ཀྱིས་བྱོན་ཏེ་ཚེས་དྲུག་ལ་ཀ་མདོར་ཕྱག་ཕེབས། དགོན་པའི་འདབས་སུ་ཕེབས་བྱམས་ནས་བབས་ཏེ། ནང་དུ་ཕེབས་ནས་བརྐྱང་ཕྱག་ལན་གསུམ་གྱི་མཐར་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་བསིལ་བཞིན་དུ་མཆོག་སྤྲུལ་མྱུར་བྱོན་གསུངས་ཤིང་ཐུགས་སྨོན་ནན་ཏན་མཛད། ཐམས་ཅད་ཀྱིས་ས་ཆ་ངན་པ་འདི་འདྲ་ཞིག་ཏུ་ཞིང་བརྗེས་སོང་ཞེས་ལྷག་ཏུ་མྱ་ངན་བྱས་པར་ཐུའུ་བཀྭན་རིན་པོ་ཆེ་ནས། ས་ཆ་འདི་ལྟ་བུ་ཞིག་ཏུ་མཛད་པའི་ཐ་མ་བསྟན་པ་ནི། བདག་ཅག་གི་སྟོན་པ་གྲོང་ཁྱེར་རྩྭ་ཅན་དུ་གཤེགས་པ་དང་ཆོས་མཚུངས་པས་ཤིན་ཏུ་ཡ་མཚན་པའི་གནས་ཡིན། དེར་མ་ཟད་སྔ་སོར་ས་འདིར་དགོན་པའི་གཞི་གསར་དུ་འདིང་སྐབས་ངེད་ཀྱིས་ས་ཆ་ངན་པ་འདིར་དེ་འདྲ་གནང་ནས་ཅི་བྱེད་ཞུས་པ་ལ། འདི་ས་ཤིན་ཏུ་བཟང༌།


GTD004_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡང་རྗེས་སོར་འདི་ནས་གཏན་སྡོད་ཅིག་བྱེད་བསམ་པ་ཡོད་གསུངས་པས་དེ་དུས་ན་ཐུགས་དགོངས་འདི་ཡོད་པར་སྣང་གསུངས། དེའི་ཕྱི་ཉིན་དངུལ་སྲང་བཞི་བརྒྱ། གོས་ཆེན། སྣམ་བུ། རས་ཟམ་སོགས་གདུང་འབུལ་གཏོས་ཆེ་བ་བསྟར་ཞིང༌། སྐུ་འབུམ་དགོན་ལུང་སོ་སོའི་བླ་གྲྭ་མང་དུ་འབྱོར་པ་རྣམས་ཀྱིས་ཀྱང་སྤྱི་སྒེར་སོ་སོས་གདུང་འབུལ་རིམ་པས་ཞུས། ཐུའུ་བཀྭན་རིན་པོ་ཆེ་ནས་སྐུ་གདུང་ཡིད་བཞིན་གྱི་ནོར་བུར། སྲི་ཞུ་བགྱིད་ཚུལ་རྡོར་སེམས་ཀྱི་ཆོ་ག་དང་འབྲེལ་བ་གསར་རྩོམ་གནང་བའི་སྟེང་ནས་ཁྲུས་དང༌། གནས་ཡིག་གདགས་པ་སོགས་སྔོན་དུ་འགྲོ་བས་བདག་མདུན་བུམ་ཆོག་པུར་བཟླས་མཆོག་ཁྲུས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་པ་སོགས་ཟག་པ་མེད་པའི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཐབས་ཀྱི་རིམ་པ་མདོ་རྒྱུད་དམ་པའི་མན་ངག་བཞིན་ཕྱག་བཞེས་སུ་བསྟར། དེར་འཁོད་ཀྱི་བླ་གྲྭ་སྤྱི་ནས་མཆོག་སྤྲུལ་མྱུར་འབྱོན་གྱི་བཀའ་རྩོམ་ཞུས་པར། དེ་རིང་ངེད་ཀྱི་ཡང་སྐྱེས་སྐར་ཡིན་པས་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་ཡིན་གསུངས་ནས་དགྱེས་ཚོར་དང་བཅས་འཕྲལ་དུ་གནང༌། དེར་སྐུ་འབུམ་ནས་འོངས་པའི་གྲོ་ཚང་སྤྲུལ་སྐུ་སོགས་ཀྱིས་སྐྱབས་མགོན་ཐུགས་རྗེ་ཅན་འདི་ཉིད་སྤྱིར་མདོ་སྨད་ཀྱི་དགོན་ཆེན་ཐམས་ཅད་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང༌། སྐུ་འབུམ་གྱི་གདན་ས་འདི་ལ་ལྷག་པར་ཡང་བཀའ་དྲིན་ཆེ། རྗེ་རང་གི་ཞལ་ནས་ཀྱང༌། ངེད་ལ་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་གཉིས་འདུག་སའི་མིང་ཙམ་མ་གཏོགས་


GTD004_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་མེད་གསུངས། ལྷག་པར་ད་ལོ་ཡང་ཆེད་གཉེར་གྱིས་ཕེབས་ནས་ཆོས་ཀྱི་འཁོར་ལོ་དེ་ཙམ་བསྐོར་བ་དེ་གསུང་གི་བདུད་རྩིའི་ཐ་མ་སྒོ་སྐྱེལ་གནང་བ་ཡིན་འདུག །རྗེས་སོར་ཐམས་ཅད་ཀྱིས་ཡུན་རིང་བཞུགས་དགོས་ཞུས་པ་ལ་ངེད་མྱུར་དུ་སླེབ་ཡོང་གསུངས་པ་ཡང་སྐུ་གདུང་ལ་དགོངས་པར་སྣང་བས་གང་ཐད་ནས་སྐུ་གདུང་རིན་པོ་ཆེ་སྐུ་འབུམ་དུ་གདན་འདྲེན་བྱེད་དགོས་ཟེར། བྱ་ཁྱུང་བ་རྣམས་ངེད་ཅག་གི་བླ་མ་མཛད་བཞིན་པའི་སྟེང་ནས་དག་ཞིང་དུ་ཕེབས་པས་སྐུ་གདུང་བྱ་ཁྱུང་དུ་སྤྱན་འདྲེན་དགོས་ཟེར། ཀ་མདོ་པ་རྣམས་ངེད་ས་ངན་འབྱོར་པ་ཆུང་ཡང་སྐྱབས་མགོན་རང་གི་ཐུགས་རྗེས་བཟུང་བ་ཡིན་པས་སྐུ་གདུང་འདི་ཀ་ན་བཞུགས་དགོས་ཟེར། གདན་ས་ནས་འོངས་པ་རྣམས་ཀྱིས་གྲྭ་མང་ནས་བཟུང་ཐམས་ཅད་ཀྱིས་སྐུའི་ཐ་མ་མཐོང་རྒྱུ་མ་བྱུང་བས་མྱ་ངན་གྱིས་ནོན་ཡོད་པའི་སྟེང་དུ་སྐུ་གདུང་སྤྱན་མ་དྲངས་ན་སེམས་ཀྱིས་བཟོད་ལུགས་མེད་པས་གདན་སར་ཕེབས་དགོས་ཟེར། སྣང་ར་བ་རྣམས་ཀྱིས་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུ་ན་མ་གཏོགས་སྣང་རར་འོས་ཚུལ་སོགས་འཐེན་འཁྱེར་མང་ཙམ་བྱུང་ནས་མཐར་ཐམས་ཅད་ཀྱིས་ཐུའུ་བཀྭན་རིན་པོ་ཆེ་ནས་ལྗགས་བཀོད་གང་གནང་ལྟར་ཡིན་ཞུས་པས། སྔོན་མཉམ་མེད་ཐུབ་པའི་དབང་པོའི་སྐུ་གདུང་གི་དོན་དུ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་དང༌། མ་གྷ་དྷ་པ། ཡངས་པ་ཅན་པ། སྒྲ་སྒྲོགས་པ་སོགས་རྩོད་པ་བྱུང་བའི་ཚེ་བྲམ་ཟེ་བྲེ་བོ་དང་མཉམ་པས་འདུམ་པར་བྱས་པ་བཞིན། ཐབས་མཁས་ཀྱི་སྒོ་ནས་གཞན་རྣམས་ལ་བབས་འོས་ཀྱི་རྟེན་སྐལ་རེ་བྱིན་ནས་སྐུ་གདུང་


GTD004_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་གདན་སར་སྤྱན་འདྲེན་རྒྱུའི་བཀོད་ཁྱབ་མཛད། བརྒྱད་ཀྱི་ཉིན་ཐུའུ་བཀྭན་རིན་པོ་ཆེར། མཎྜལ་སྐུ་གསུང་ཐུགས་རྟེན། ན་བཟའ་ཆ་ཚང༌། དངུལ་སྲང་བདུན་བརྒྱ། རྟ་ནོར་དགུ་བཅུ། གོས་ཕྲུག་ཧ་སག་སོགས་རྣམ་གྲངས་ཆིག་སྟོང་དང་བརྒྱ་ལྷག་ཙམ་གྱི་དངོས་འབུལ་བཏེག །ཚེས་དགུ་ལ་སྐུ་གདུང་རིན་པོ་ཆེ་བཞུགས་ཡུལ་གྱི་ཕེབས་བྱམས་དང་མཆོད་རྫས་སོགས་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་གདན་སར་ཆིབས་བསྒྱུར་ཞིང༌། སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་ཡང་གདུང་སྐྱེལ་དང་སྦྲགས་ཏེ་ལྷན་དུ་ཕེབས། ཟི་ལིང་ཨམ་བན་ནས་ཀྱང་སྐུ་གདུང་རིན་པོ་ཆེར་རྒྱ་ལུགས་ཀྱི་མཆོད་འབུལ་དང༌། གདུང་སྐྱེལ། ཕྱག་མཛོད་ཆོས་རྗེ་སོགས་ལ་སེམས་གསོ་བཅས་ཀྱི་ཆེད་དུ་སྐུ་ཚབ་ཆེད་གཏོང་གནང༌། ལམ་ནས་གཅུ་འཁོར། ཉི་མ་ལུང༌། བྲག་དཀར་སོགས་དགོན་གྲོང་མཐའ་དག་ནས་བསྙེན་བཀུར་ཕུལ་དུ་ཕྱིན་པ་བསྒྲུབས། གདན་ས་ནས་སྡེ་ཁྲི་སྤྲུལ་བའི་སྐུ། ཁྲི་རིན་པོ་ཆེ་འཇིགས་མེད་རིགས་པའི་སེངྒེ། ཁྲི་ཆེན་ནམ་མཁའ་བཟང་སྤྲུལ་བའི་སྐུ་རྣམས་ཀྱིས་གཙོས་བསུ་བ་ཉིན་སྔ་ཕྱིར་འབྱོར། བཅུ་གསུམ་གྱི་ཉིན་དགོན་ལག་དུ་མ་དང༌། བསང་གི་ལྷ་སྡེ་བཅས་རྟ་བསུ་བ་ཆེས་མང་བ་དང༌། དགེ་འདུན་མང་གི་སེར་སྦྲེང་བཅས་གདན་སར་བབས། འདུ་ཁང་གྲྭ་ཁང་ཐམས་ཅད་ཀྱི་སྟེང་དུ་མཆོད་རྫས་དུ་མ་བཀྲམ་ཞིང༌། འབུད་དཀྲོལ་གྱི་རོལ་མོ་སྣ་ཚོགས་པ་དང༌། དགེ་འདུན་མང་ནས་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་


GTD004_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་དབྱངས་དང་འུར་འདོན་གྱིས་གསུངས་ཤིང༌། གྲོང་པའི་སྐྱེ་བོ་ཐམས་ཅད་ཀྱང་སྨྲེ་སྔགས་ཀྱིས་གསོལ་བ་འདེབས་པས་ལུང་པ་ཁོལ་བ་ཙམ་བྱུང༌། དེ་ནས་བཟུང་བདེ་གསང་འཇིགས་གསུམ། དུས་འཁོར། ཀུན་རིག་སོགས་དཀྱིལ་འཁོར་ཆེན་པོ་དུ་མའི་ཞལ་ཕྱེ་སྟེ། རྗེ་བླ་མ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོའི་གཙོ་བོ་དང་ཐ་མི་དད་དུ་བསྒྲུབ་པ་ལ་རབ་འབྱམས་མཆོད་པའི་སྤྲིན་གྱི་ཕུང་པོ་ཡོངས་སུ་གཏིབས་ཏེ། ཐུགས་རྗེ་བསྐུལ་བའི་གདུང་དབྱངས་ཀྱི་འབྲུག་སྒྲ་རྒྱུན་ཆད་མེད་པར་བསྒྲགས། ཉིན་རེ་བཞིན་གཟིམས་ཆུང་གི་ཕྱི་ནང་ཀུན་ཏུ་མར་མེ་སྟོང་ཕྲག་དུ་མ། ལྷ་བཤོས་ཆེ་བ་བདུན་རེ་དང་ཆུང་བ་བརྒྱ་ཕྲག་མང་པོ། དྲི་བཟང་གིས་བསྒོས་པའི་ཡོན་ཆབ་དང༌། སྤོས་རིང་མེ་ཏོག་སོགས་མཆོད་པའི་རྫས་ཀྱིས་གོ་མཚམས་མེད་པར་གཏམས་པས། ཉིན་མཚན་ངོ་མི་ཤེས་པ་ལྟ་བུ་ཟླ་བ་མང་པོའི་བར་དུ་བྱུང༌། ཁྲི་རིན་པོ་ཆེ་ནས་ལྗགས་བཀོད་གནང་བ་ལྟར་དགོངས་ཞག་གྲུབ་ཀྱི་བར་ཚོགས་ནས་འཇིགས་བྱེད་ལྷ་བཅུ་གསུམ་མ་དང༌། འཇུག་པ་ཆག་མེད་དུ་གསུངས་ཤིང༌། གྲྭ་ཚང་ཕན་ཚུན་རེ་མོས་ཀྱིས་གཟིམས་ཆུང་རྭ་བར་ཕེབས་ཏེ། རྒྱན་འཇུག །རྒྱུད་གཞུང༌། འཇམ་དཔལ་མཚན་བརྗོད་རྣམས་དང་མཇུག་ཏུ་མཆོག་སྤྲུལ་མྱུར་འབྱོན་སོགས་གསུངས་ཏེ་ཐུགས་རྗེ་བསྐུལ། གཞན་ཡང་སེམས་བསྐྱེད་མཆོད་པ་བྱེད་པ། སྨྱུང་གནས་སྲུང་བ། ལམ་རིམ་ཆུང་བ། དགོངས་པ་རབ་གསལ། དབུ་མ་ལུང་རིགས་སྒྲོན་མེ་སོགས་ཀྱི་རྒྱུགས་འབུལ་བ། ལམ་རིམ་དང༌། ཕྱག་ཆེན་གྱི་ཁྲིད་དམིགས་ལྟ་བུའི་དགེ་སྦྱོར་ཆག་མེད་ཀྱི་དམ་བཅའ་


GTD004_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་སོགས་དམ་པའི་དགོངས་པ་ལྟར་གྱི་མཆོད་པའི་ལས་ལ་བརྩོན་པ་མང་དུ་བྱུང༌། མདོ་སྨད་ཀྱི་བླ་མ་ཆེ་ཆུང་ཐམས་ཅད་ལ་འབུལ་བ་དང༌། འདི་ཀའི་དགོན་མ་ལག་ཐམས་ཅད། གཞན་ཡང་སྐུ་འབུམ། དགོན་ལུང༌། བྱ་ཁྱུང༌། གསེར་ཁོག །ཆུ་བཟང༌། བདེ་ཆེན་སོགས་དགོན་ཆེ་ཕྲ་བརྒྱད་ཅུ་སྐོར་ལ་མང་འགྱེད་བཅས་བསྡོམས་པར། དངུལ་རྐྱང་སྲང་བདུན་སྟོང་བཞི་བརྒྱ་སྐོར། གོས་ཆེ་ཆུང་སུམ་བརྒྱ་དང་ཉེར་བརྒྱད། ཧ་སག་དང་ཕྲུག་ཉིས་བརྒྱ་ང་བདུན། རས་ཏཱ་ཆེན་སྟོང་དང་ལྔ་བརྒྱ་ལྷག །གཅན་གཟན་གྱི་པགས་རིགས་ལྔ་བཅུ་སྐོར། དུང་ཚེ་ཁྲོན་སྟོང་དང་དྲུག་བརྒྱ། ཇ་ལན་འདུས་བརྒྱ་ལྷག །མར་ཁལ་སྟོང་དང་དགུ་བརྒྱ། རྟ་ཆེ་ཆུང་བདུན་བརྒྱ་བརྒྱད་ཅུ། ནོར་བཞི་བརྒྱ་ཉི་ཤུ། ལུག་སུམ་སྟོང་ལྔ་བརྒྱ། མཆོད་ཆ་དང་གོ་ལག་གི་རིགས་ཆེས་མང་བ་སོགས། གོང་གསལ་དངུལ་རྐྱང་མ་གཏོགས་པའི་དངོས་པོ་གང་སོང་བསྡོམས་པ་རགས་རྩིས་ཀྱི་སྲང་ཆིག་ཁྲི་ལྔ་སྟོང་སུམ་བརྒྱ་དྲུག་ཅུ་སྐོར་སོང་ཞིང༌། དབུས་སུ་ཡང་མི་སྣ་ཆེན་མངགས་ཀྱི་གདོང༌། དངུལ་རྐྱང་སྲང་ཆིག་ཁྲི་བདུན་སྟོང༌། བཟང་གོས་ཉིས་བརྒྱ་སྐོར། མཛོད་བཏགས་བཞི་བརྒྱ་སོགས་དངོས་པོ་སྣ་ཚོགས་དང་བཅས་པས། རྒྱལ་བ་ཡབ་སྲས་ཀྱིས་གཙོས་སྐྱེས་ཆེན་དམ་པ་མཐའ་དག་ལ་བསྔོ་རྟེན། སེར་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ་རྣམས་ཀྱིས་ཐོག་དྲངས་གཙང་དབུས་ཀྱི་དགོན་ཁག་དུ་མར་མང་འགྱེད་བཅས་དགོངས་རྫོགས་གཏོས་ཆེ་བ་བསྒྲུབས།


GTD004_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བྱིའི་ལོར་ཟླ་མཆོད་ནམ་ཡིན་གྱི་ཚེ་གྲྭ་ཚང་ཡོངས་རྫོགས་ཕེབས་ནས་ཁྲུས་གསོལ་དང་སྨོན་ལམ་རྣམ་ལྔ། མཆོག་སྤྲུལ་མྱུར་འབྱོན་སོགས་གསུངས་ཤིང༌། རྒྱུན་པར་ཡང་འཛིན་གྲྭ་སོ་སོ། ཕྱོགས་ཀྱི་གདུང་འབུལ་བྱེད་མི་སོགས་མཆོད་པ་འབུལ་མཁན་རྒྱུན་མ་ཆད་པ་བྱུང༌། ཁྲུས་དང༌། དྲི་བཟང་གི་བྱུགས་པ། ག་བུར་སོགས་འབུལ་རྒྱུ། རྒྱུན་པར་སྤུར་ཚྭའི་ནང་དུ་བཞུགས་ཏེ་བདུན་ཕྲག་རེ་ཙམ་ནས་ཚྭ་བརྗེ་རྒྱུ་སོགས་གང་ཅིའི་ཞབས་འདེགས་གཙང་པ་རབ་འབྱམས་པ་བསྟན་པ་དར་རྒྱས་སོགས་ཀྱིས་བསྒྲུབས་པས་ཅུང་ཟད་ཀྱང་མ་ཉམས་པ་ཕྱོགས་འདིར་སྐུ་གདུང་རིལ་པོར་བཞུགས་པའི་ཁུར་བླངས་པ་ཀུན་ལས་ངོས་གཙང་བའི་དཔེར་གྱུར། དུས་བཟང་ཕལ་ཆེར་ལ་མདུན་དུ་བདག་འཇུག་བླངས་པ་དང༌། སེམས་བསྐྱེད་མཆོད་པ་བྱས་པའི་ཚེ་གཟིམས་ཆུང་ནང་ཀུན་དྲི་བཟང་པོའི་ངད་ཀྱིས་ཁྱབ་ཅིང༌། དཔྲལ་མགྲིན་ཐུགས་ཀ་སོགས་དང༌། ཕྱག་མཉམ་གཞག་མཛད་པའི་མཐིལ་སོགས་ལས་ཀྱང་བདུད་རྩིའི་རྒྱུན་ཟིལ་པ་ཁྲོམ་མེ་བ་ཡང་ཡང་བབས། དེའི་དབྱར་ཐོག་ནས་ལས་མགོ་བརྩམས་ཏེ། སྔར་གྱི་བྱམས་ཆེན་བཞེངས་པའི་བཟོ་བོ་གཅིག་གིས་གཙོས་བཟོ་བོ་ཁ་ཤས་ཀྱིས་དངུལ་དཀར་སྲང་སུམ་སྟོང་ལྷག་ཙམ་ལ་བྱང་ཆུབ་མཆོད་རྟེན་ཐོག་གཉིས་ཀྱི་ཚད། བཟོ་དང་ཕྲ་རྒྱན་སོགས་ཤིན་ཏུ་འགངས་ཆེ་བ། སྒོ་ཁྱིམ་དང༌། ཚིགས་རྒྱན་སེང་གེ་སོགས་ལ་གསེར་ཚོས་བྱུགས་པས་རབ་ཏུ་མཛེས་ཤིང་ཆ་ཚད་དང་ལྡན་པར་བཞེངས་པ་གླང་གི་ལོའི་དཔྱིད་ཐོག་ལེགས་པར་གྲུབ་སྟེ་འདུ་ཁང་ཆེན་མོའི་ཕུག་གི་གཙང་ཁང་དུ་བཞག །གཉིས་པའི་ཡར་ཚེས་ལ་མཆོད་རོལ་


GTD004_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མས་མདུན་བདར་ཏེ་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་སྤྱན་དྲངས་ནས་མཆོད་རྟེན་གྱི་སྙིང་པོར་ཟ་མ་ཏོག་ཏུ་བཞུགས་སུ་བཅུག །གཟིམས་ཆུང་ནས་སྐུ་གདུང་གདན་དྲངས་མ་ཐག་བཞུགས་གདན་གྱི་སྟེང་དུ་ཉི་འོད་ཕོག་ཅིང༌། འདུ་ཁང་ཕུར་གདན་དྲངས་མ་ཐག་རྒྱ་མཐོངས་ནས་ཉི་འོད་ཤར་བ་ཞལ་རས་ལ་ཁྲིགས་ཀྱིས་བབ་པ་སོགས་ནི་མཆོག་སྤྲུལ་ཉི་མ་གཞོན་ནུའི་འཛུམ་ཞལ་མྱུར་དུ་སྟོན་པའི་དགེ་མཚན་དུ་གསལ། དེ་ནས་ཟ་མ་ཏོག་གི་སྟེང་འོག་ཀུན་ཏུ་གཟུངས་དང༌། བྱིན་རྟེན་མཐའ་ཡས་པས་ཡོངས་སུ་གཏམས་ཏེ་གཟུངས་འབུལ་གྱི་ཕྱག་བཞེས་རྒྱལ་བའི་དགོངས་པ་དང་མཐུན་པར་བསྒྲུབས་པའི་ཞབས་འདེགས་མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་གྱིས་ཞུས། གསུམ་པའི་ཚེས་ལ་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་གདན་དྲངས་ཏེ། དམ་པ་ཉིད་ནས་དབུ་མཛད། བླ་མ་གདན་ཟུར། དགེ་བཤེས། སྐད་གྲྭ་པ་སོགས་ཧྲག་བསྡུས་ལྔ་བཅུ་སྐོར་གྱིས་སྤྱན་དབྱེའི་ཆོ་ག་རྒྱས་པ། ཞི་རྒྱས་ཀྱི་སྦྱིན་སྲེག་གཉིས་དང་བཅས་ཕྱག་ལེན་ཞིབ་རྒྱས་སུ་གནང་སྟེ། འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ས་བླ་ན་མ་མཆིས་པ། བྱིན་རླབས་ཟད་མི་ཤེས་པའི་དངོས་གྲུབ་ཀྱི་གཏེར་ཆེན་པོ། ས་གསུམ་ན་མཚུངས་ཟླ་མེད་པའི་སྲིད་ཞིའི་མཆོད་སྡོང་གཅིག་པུར་གྱུར་ཏོ། །སྨྲས་པ། སྲིད་ཞིའི་གདུང་སེལ་སྨྲ་བའི་ཟླ་བ་དེ། །ཉེར་ཞིའི་ཆུ་འཛིན་དབྱིངས་སུ་མནལ་གྱུར་ཀྱང༌། །ལུས་ཅན་ཡིད་མཚོར་དགེ་ལེགས་ཀུན་དའི་ཚལ། །རྒྱས་བྱེད་ནུས་པ་མི་ཉམས་ཨེ་མ་མཚར། །དེ་ཚེ་གཏོང་བ་ཡངས་པའི་རླབས་ཀྱི་
ཕྲེང༌། །འབུམ་ཕྲག་སྤྲོ་ཞིང་སྡུད་པའི་རོལ་པ་ཡི། །ངོ་མཚར་མི་ཟད་གཏམ་དུ་གླེང་བས་ཀྱང༌། །བློ་ཆུང་ཁྲོན་པའི་རུས་སྦལ་སྙིང་རྩ་འགེམས། །རྩེ་གཅིག་མོས་པའི་བསམ་གཏན་ལ་གནས་ཤིང༌། །གསོལ་འདེབས་བཟླས་བརྗོད་ལྷུར་ལེན་དྲང་སྲོང་ཚོགས། །རྨད་བྱུང་དཀའ་ཐུབ་སྤྱོད་པས་ཚངས་པ་ཆེ། །དགྱེས་འཛུམ་འོད་ཀྱི་སྣང་བ་མྱུར་དུ་འཆར། །སྡེ་བཞིའི་དཔལ་དང་འབྱོར་པ་མ་ལུས་པའི། །བཀྲ་ཤིས་དགེ་མཚན་གཡས་སུ་འཁྱིལ་བའི་མཚོ། །བསྲུབས་སྐྱེས་སྲིད་ཞིའི་མཆོད་སྡོང་ལྷུན་པོ་ནི། །བྱིན་རླབས་ཟླ་འོད་འབུམ་གྱི་རྩེ་དགའ་འཛིན། །ཐོག་མ་བར་དང་མཐར་དགེ་བ། །དམ་པ་རྣམས་ཀྱི་མཛད་པ་ནི། །ནམ་ཡང་འགྲོ་བའི་གསོས་སྨན་ཏེ། །རིན་ཆེན་བྱང་ཆུབ་སེམས་ཀྱི་མཐུ། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་མཛད་པའི་ཐ་མ་དང་སྐུ་གདུང་ཇི་ལྟར་བསྒྲུབ་པའི་ཚུལ་གྱི་སརྒ་སྟེ་བཅུ་གཉིས་པའོ།། །།

བཅུ་གསུམ་པ་སླར་ཡང་མཆོག་སྤྲུལ་ཉི་མ་གཞོན་ནུའི་འཛུམ་ཞལ་མངོན་དུ་གྱུར་པའི་སརྒ།


GTD004_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིལ་ལྡེམ་ཡིད་འོང་ཤེལ་གྱི་ལྕུག་ཕྲན་རྩེར། །དྲི་བྲལ་ཟླ་བའི་མེ་ལོང་རྒྱས་པའི་ཞལ། །ཨུཏྤལ་མཐིང་གའི་མིག་ཡངས་གཡོ་བ་ཅན། །ཚངས་པའི་བུ་མོ་སྙིང་གི་ཐིག་ལེར་མཛོད། །དེ་ནས་མཆོག་སྤྲུལ་མྱུར་འབྱོན་གྱི་དོན་ལ་མདོ་དབུས་ཀུན་ཏུ་ལྷ་དང་བླ་མས་ལུང་ཕེབས་ཀྱི་རིམ་གྲོ་མཐའ་དག་མ་ལུས་པར་བསྒྲུབས། དེ་སྐབས་ཀློང་རྡོལ་གྲུབ་དབང་རིན་པོ་ཆེ་ནས། སྤྲུལ་སྐུའི་དོན་ཐམས་ཅད་ལ་ལུང་ཞུས་སོགས་བྱས་ཏེ་སྐུ་རིམ་སྒྲུབ་པ་གལ་ཆེ། འོན་ཀྱང་དངོས་གཞི་


GTD004_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་རིན་པོ་ཆེ་ལྟ་བུ་ཞིག་གི་མདུན་ནས་བརྟག་སྒྲིལ་གྱིས་ཐག་གཅོད་དགོས་པ་ཡོང༌། སྔར་ཀུན་གཟིགས་ལྔ་པ་ཡང་དེ་ལྟར་བྱས་པ་ཡིན་པས་བསླུ་བ་ཞིག་མི་ཡོང་གསུངས་ཤིང༌། མ་འགྱངས་པར་འཇམ་དབྱངས་གོང་མ་ཆེན་པོ་ནས། སྤྲུལ་སྐུའི་སྐོར་ཇོ་བོའི་མདུན་དུ་གསེར་གྱི་བུམ་པའི་ནང་ནས་བརྟག་སྒྲིལ་གྱིས་ཐག་གཅོད་དགོས་ཞེས་གསེར་གྱི་བཀའ་བབས་པས་སྔར་གྱི་བླ་མའི་གསུང་ལ་ཡིད་ཆེས་རྙེད། དེ་ནས་ཕྱོགས་འདིར་སྤྲུལ་སྐུའི་དོགས་གནས་མང་ཙམ་བྱུང་བ་སོ་སོར་ངོས་འཛིན་སོགས་ཞིབ་དཔྱོད་བྱས་པར་གཉིས་ངོ་མཐོ་བ་བྱུང༌། དེའི་གནས་ཚུལ་ཨམ་བན་ལ་ཞུས་པས། ར་ངན་གྱི་དེ། རོང་པོའི་འདི། སྣང་རའི་གཅིག་བཅས་གོང་དུ་ཡི་གེ་འཛིན་རྒྱུ་ཡིན་ཟེར་བྱུང་བས། ངོས་ཅག་རྣམས་ནས་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེར། འདི་གསུམ་ལ་བརྟག་སྒྲིལ་བྱས་ནས་གཅིག་འབབ་པ་གཞིར་བཅས་ཀྱང༌། དོན་རྩ་མ་འཕྱུགས་པ་ཞིག་གལ་ཆེ་བས་ད་དུང་ཕྱོགས་གཞན་དང༌། ཅུང་ཟད་ངང་བསྲིངས་ནས་སླད་ཀྱང་དེ་རིགས་འབྱུང་མིན་གྱི་ཨང་ཉན་རེ་བྱེད་ཨེ་དགོས་ནན་གྱིས་ཞུས་པར། སྐུ་ཞབས་ཉིད་ནས་ཀྱང་སྐྱབས་མགོན་མཆོག་གི་ན་བཟའ་སོགས་གདན་དྲངས་ཏེ་ཕུར་ཚུགས་གསོལ་འདེབས་ཀྱི་སྒོ་ནས་ཐུགས་དམ་བརྟག་པ་གནང་བའི་མནལ་ལམ་དུ། མི་འགའ་ཞིག་གིས། གོང་མའི་མདུན་ན་མདའ་འཕེན་བྱེད་ཀྱིན་འདུག་པའི་གཉིས་པ་དེས་འཕོག་པ་བྱུང་བས་འདི་གསུམ་གྱིས་འགྲིག་པ་འདྲ་གསུངས། དེ་ནས་གོང་དུ་གྲེའུ་ཙེ་བཟུང་བའི་


GTD004_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དུ་ཐག་གཅོད་རྒྱུར་དབུས་སུ་འགྲོ་དགོས་ཀྱི་བཀའ་ཕེབས་ཏེ། རྒྱུད་པ་སློབ་ཟུར་དབལ་མང་ཞབས་དྲུང༌། མགྲོན་གཉེར་ཤེས་རབ་རྒྱ་མཚོ་བཅས་ཆེད་གཏད་ཀྱིས་དབུས་སུ་སོང༌། དེ་ཀར་ཡོད་པ་རྗེ་གོང་མའི་སྐུ་ཚ་དཔོན་པོ་སེང་གེ་དང་བཅས་ཁོང་རྣམས་ནས་ཐིག་ལེ་བཅུ་དྲུག་གི་ཆོ་ག་སོགས་ལྷ་བླ་མ་སོ་སོའི་ལུང་ཕེབས་ཀྱི་རིམ་གྲོ་རྣམས་ལེགས་པར་ཚགས་སུ་ཚུད་པ་སྔོན་དུ་བཏང་ནས། མེ་སྤྲུལ་ཟླ་བ་བརྒྱད་པའི་ཚེས་གཅིག་ལ་ཇོ་བོ་ལོ་ཀི་ཤྭ་རའི་མདུན་དུ། རྒྱལ་དབང་ཐམས་ཅད་མཁྱེན་པ། རྟ་ཚག་རྗེ་དྲུང་རིན་པོ་ཆེ། དེ་མོ་ནོ་མོན་ཧན། རྭ་སྒྲེང་ནོ་མོན་ཧན་སོགས་བླ་མ་སྤྲུལ་སྐུ་ཆེ་ཁག །ལྷ་སའི་ཨམ་བན་གཉིས་བཅས་འཚོགས་ཏེ། ཐུགས་དམ་ཞལ་འདོན་རྒྱུན་རིང་ནན་ཏན་དུ་གནང་བའི་མཐར་མཚན་བྱང་བསྒྱུར་བས་ཨང་གཉིས་པ་རོང་པོའི་ཕྱོགས་སུ་འཁྲུངས་པའི་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་ཀྱི་མཚན་བྱང་ཐོན། མི་སྣ་རྣམས་སྒོར་ཕྱིན་པ་དང༌། འབྲས་སྤུངས་ཚོགས་ཡོངས་དབྱར་གྱི་ལྗོངས་རྒྱུའི་མཇལ་ཁར་ཕེབས་པ་དང་དུས་ཐུག་པས་བླ་མ་བདུན་སོགས་ནས་དགའ་དར་འཐེན་པས་རྟེན་འབྲེལ་ལེགས་ཚོགས་ཤིན་ཏུ་ཆེ་བ་བྱུང༌། དེ་མཚུངས་ཆོས་སྐྱོང་ཁག་གི་ལུང་བསྟན་དང༌། ལྷ་སའི་ཇོ་བོ་རང་བྱོན་ལྔ་ལྡན་སོགས་ཀྱི་མདུན་དུ་ཟན་བསྒྱུར་བ་ཐམས་ཅད་ཀྱང་མཐུན་པར་གཉིས་པ་འདི་ལ་བབས་པས། མཆོག་དམན་ཀུན་གྱིས་དཀོན་མཆོག་མི་བསླུ་བའི་བདེན་པ་ནི་འདི་ལྟ་བུའོ་སྙམ་དུ་གཏིང་ནས་ཡིད་ཆེས་ཀྱི་ངེས་པ་འདྲོངས། དེར་མ་ཟད་ཀུན་མཁྱེན་གོང་མ་ཞིང་བརྗེས་མ་ཐག་གི་ཚེ་བླ་བྲང་གི་མགོན་ཁྱི་བོར་བ་འཁྲུངས་ཡུལ་


GTD004_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྡེ་འདིའི་མཐར་སོང་ཞིང༌། མགོན་རྟ་ཞིག་རི་ལ་ཤོར་ནས་ལོ་ངོ་བཞི་ཙམ་དུ་མི་ལ་མ་འཁོར་བ་ཡང་དེའི་ཉེ་འཁོར་དུ་འོང་བ། གཅིག་གིས་བཟུང་ནས་མཆོག་སྤྲུལ་རིན་པོ་ཆེར་ཕུལ་བ་སོགས་ཀྱང༌། ཆོས་སྐྱོང་ཕྱི་བཞིན་འབྲང་བའི་མཚན་མར་མངོན། དེ་ནས་ཐག་བཅད་པའི་གནས་ཚུལ་ལྷ་སའི་ཨམ་བན་གྱིས་རྟ་ཟམ་སྟེང་ནས་གོང་དུ་ཞུས་པའི་ཕྱིར་ཕེབས་ཀྱི་ལན། ལྷ་སར་དགུན་འབྲིང་པོའི་ཚེས་གཅིག་ལ་བབས་ཤིང༌། གདན་སར་ཟི་ལིང་བརྒྱུད་དེ་ཟླ་བ་དེའི་བཅོ་ལྔའི་ཉིན་འབྱོར། མཆོག་སྤྲུལ་གྱི་དོན་སྐོར་འདི་དག་ལ་གོང་མ་བདག་པོ་ཆེན་པོས་རྟ་ཟམ་གྱི་སྟེང་ནས་མདོ་དབུས་ཀུན་ཏུ་གསེར་ཡིག་ལན་མང་པོར་ཕེབས་པས་གཟིགས་པ་ཤིན་ཏུ་ཆེ་ཞིང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་དང༌། པཎ་ཆེན་སྣང་བ་མཐའ་ཡས། རྟ་ཚག་རྗེ་དྲུང་རིན་པོ་ཆེ་སོགས་ནས་ཀྱང་ཐུགས་ཁུར་ཚད་མེད་པ་བཞེས་ཏེ་ཞིབ་གཅོད་སྔར་མ་གྲགས་པ་ལྟ་བུ་གནང༌། ཐག་གཅོད་མཚམས་ནས་གཟེངས་བསྟོད་ཀྱི་བཀའ་ཤོག་དང༌། ཞབས་བརྟན་གསོལ་འདེབས་སོགས་ལྗགས་རྩོམ་གནང་སྟེ་སྤྱན་བསྐྱང་བསམ་གྱིས་མི་ཁྱབ་པ་མཛད་པ་ཡང་སྐུ་འཕྲེང་སྔ་ཕྱིའི་ཐུགས་བསྐྱེད་དང་འཕྲིན་ལས་ཕུལ་དུ་བྱུང་བའི་དགེ་མཚན་དུ་མངོན། དེ་མ་ཐག་ནས་གང་ཅིའི་གྲ་སྒྲིགས་ལས་འཛིན་སོ་སོས་ཁུར་དུ་བླངས་ཏེ་ས་རྟའི་ཟླ་བ་དང་པོའི་ཡར་ཚེས་བཅུ་གཅིག་གི་ཉིན་རྒྱ་བོད་ཧོར་གསུམ་གྱི་བླ་དཔོན་ཆེ་དགུ་དུ་མས་ཐོག་དྲངས། བསུ་བ་སེར་སྦྲེང་ནམ་མཁའི་སྐར་ཚོགས་ལྟ་བུས་མདུན་བསུས་ཏེ་གདན་ས་ཆེན་པོར་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་སེན་


GTD004_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་བཀོད་དེ་དགའ་སྟོན་རྒྱས་པར་བསྟར། ཀུན་མཁྱེན་གོང་མ་དག་ཞིང་དུ་དགོངས་པ་གཏད་མཚམས་ནས་དགོན་པའི་འཛིན་སྐྱོང་གི་ཁུར་ངེད་ཀྱི་སྟེང་དུ་ལྷུང་བ་ཡང༌། རང་ངོས་ནས་ནུས་པ་དམན་ཡང་རྗེ་བླ་མ་དེ་ཉིད་ལ་མི་ཕྱེད་དད་པས་གསོལ་བ་བཏབ་པ་ཁོ་ནའི་མཐུས་ཉམས་ཆགས་སུ་མ་གྱུར་པར་རྗེ་རང་གི་ཕྱག་ཏུ་འབྱོར་པས་འབད་པ་དོན་ལྡན་དུ་གྱུར། གཉིས་པའི་ཡར་ཚེས་ལ་དགེ་ལྡན་བསྟན་པའི་རྩ་ལག་མཚུངས་ཟླ་མ་མཆིས་པ་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་གདན་དྲངས། ཁོང་གི་སྤྱན་སྔར་རབ་བྱུང་གི་སྡོམ་པ་བཞེས་པས་མཚན་བློ་བཟང་འཇིགས་མེད་ཐུབ་བསྟན་ཉི་མ་ཞེས་གསོལ་ཞིང༌། རྒྱལ་བའི་བསྟན་པའི་སྒོར་ཞུགས་ཏེ་གསན་སྦྱོང་སོགས་རྣམ་དཀར་གྱི་མཛད་པ་ཡར་ཚེས་ཀྱི་ཟླ་བ་ལྟར་གོང་དུ་འཕེལ་བཞིན་པ་འདི་ལགས་སོ། །སྨྲས་པ། ལེགས་བྱས་ཡོངས་ཀྱི་གོ་འབྱེད་ལྷ་ལམ་ངོས། །གསང་གསུམ་འོད་ཡངས་རླབས་ཀྱི་རོལ་པ་ཡིས། །ཐུབ་བསྟན་ཁོར་ཡུག་སྣང་བའི་ཉིན་མོར་བྱེད། །དཔག་ཡས་ངོ་མཚར་ཁྱུང་སྔོན་སྐྱེས་ཀྱིས་དྲངས། །ན་ཚོད་མ་རྫོགས་ཧ་རི་ཙན་དན་གྱི། །རྐང་འཐུང་གསར་པའི་བསུང་ཞིམ་དྲི་ཡིས་ཀྱང༌། །མཐའ་དག་ཕྱོགས་ཀྱི་འཁོར་ལོ་འགེངས་བྱེད་པ། །ཕལ་པའི་ནགས་ཚལ་ཡོངས་ཀྱིས་དོ་ཟླ་མིན། །མ་སྨད་གྲགས་པའི་སྒྲ་བརྒྱ་ལྡིར་བ་ཡིས། །ཐུགས་བསྐྱེད་སྤྲིན་སྔོན་གཡོ་བའི་གདེངས་ཀ་ལས། །དགེ་མཚན་སྦྲང་ཆར་མི་ཟད་འཇོ་བ་ལ། །རབ་དགའི་ཁུ་བྱུག་སྙན་པའི་གླུ་དབྱངས་སྒྲོགས། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་རྣམ་པར་ཐར་བ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས། སླར་ཡང་མཆོག་སྤྲུལ་ཉི་མ་གཞོན་ནུའི་འཛུམ་ཞལ་མངོན་དུ་གྱུར་པའི་སརྒ་སྟེ་བཅུ་


GTD004_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའོ།། །།སྨྲས་པ། རྣམ་དཀར་དགེ་བ་གློག་འོད་ཕྲེང་བས་མཐའ་དག་ཕྱོགས་རྣམས་སྣང་བྱེད་ཅིང༌། །གསང་གསུམ་སྤྲིན་སྔོན་རོལ་པའི་འབྲུག་སྒྲ་རྒྱུད་མར་སྒྲོགས་པའི་དགེ་མཚན་ནི། །དང་སེམས་སྨིན་མའི་འཁྲི་ཤིང་གཡོ་ལྡན་རྣམ་དཔྱོད་ཨུཏྤལ་མིག་ཡངས་མ། །ཀུན་བཟང་གཞོན་ནུའི་ལང་ཚོར་འཁྱུད་པས་དཔྱིད་ཀྱི་དགའ་བ་གསལ་བྱེད་ཡིན། །སྒྲ་དོན་རྒྱན་གྱི་འདབ་ཡངས་མཆུ་སྒྲོས་དམར། །ཟབ་དོན་ཟེའུ་འབྲུའི་ནུ་མ་མངོན་དགའ་བ། །མཛེས་མ་མེ་ཏོག་མཚོན་གྱིས་རེག་པ་ཡིས། །མཁས་ཀུན་མངོན་འདོད་གསར་པའི་བསླབ་པ་འཛིན། །འོན་ཀྱང་བློ་དམན་བློ་ཡི་ཁོར་ཡུག་ཁོངས་ལས་མི་འདའ་ཞིང༌། །བློ་ཆེན་ལྷ་དབང་གླིང་བཞིའི་དཀྱིལ་འཁོར་ཅིག་ཅར་མཐོང་ཕྱིར་ཡང༌། །ལེགས་བཤད་རྒྱ་མཚོར་འཁྱིལ་ལས་ངོ་མཚར་སྙིང་པོའི་རིན་ཆེན་ཁམས། །བསྡུས་ཏེ་གྱེན་འཐོར་སྤུངས་འདི་ཐུབ་བསྟན་འཛིན་མའི་མཛེས་རྒྱན་ཡིན། །མཁས་རློམ་གླང་པོ་བརྒྱ་ཡིས་བཟོད་དཀའ་བ། །མི་འཇིགས་སྤོབས་པ་རབ་རྒྱས་གདོང་ལྔའི་དབྱངས། །རྒྱལ་བསྟན་གངས་རིའི་དཔལ་དུ་བརྗིད་པའི་གཏམ། །རྒྱས་པར་མཛོད་ཅིག་རྒྱལ་ཡུམ་དབྱངས་ཅན་མ། །འཁྲུལ་བྲལ་རྒྱལ་བའི་བཀའ་དང་རྒྱ་ཆེན་གཞུང་ལུགས་གནམ་རུ་ཡི། །རྒྱུད་ལས་ཉེར་དྲངས་དམ་པའི་སྤྱོད་ཚུལ་དྲང་པོར་བསྲངས་པའི་ཉག་ཕྲན་ནི། །སྐལ་བཟང་དད་པའི་འབེམ་ལས་མི་འདའ་ངོ་མཚར་སྒྱུ་མའི་ཟློས་གར་གྱིས། །དཀྱུས་ཐོག་ཆོད་པའི་གཞོན་ནུ་གང་དེ་ཐུབ་བསྟན་དཔུང་གི་སྡེ་དཔོན་ཡིན། །འཇམ་དཔལ་རྡོ་རྗེ་ཟླ་བ་བདུད་རྩིའི་རྒྱུན། །བཏུང་བས་འཕེལ་བ་མི་ངོམས་རོ་ལྡན་མ། །གང་ཞིག་ལེགས་བཤད་གསར་པ་གསར་པའི་རླབས། །


GTD004_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བས་བཀོད་པ་རྫོགས་པའི་མཐའ་ལས་གྲོལ། །སྐལ་བཟང་བསོད་ནམས་གསེར་གྱི་ཁང་ཆེན་དུ། །ཉམས་འགྱུར་རོ་ལྡན་ངོ་མཚར་མཛད་པའི་གཟུགས། །སྙན་དངགས་རི་མོའི་ལམ་ནས་མཚོན་པ་འདི། །མི་མཉམ་རྣམ་དཔྱོད་དབྱངས་ཅན་པིར་གྱིས་བྲིས། །ཆེར་སྙིགས་སྐྱོན་བརྒྱའི་ཚ་གདུང་གིས། །རྒྱལ་དབང་གྲགས་བསྟན་པད་མའི་རྫིང༌། །ལེགས་བཤད་ཆབ་དང་བྲལ་བ་ཡི། །ཟ་ཟིའི་སྨིག་རྒྱུར་ཆས་པ་ན། །རྨད་བྱུང་མཛད་པའི་གྲུ་ཆར་གྱིས། །ཡོངས་གང་བཤད་སྒྲུབ་རླབས་ཀྱི་ཕྲེང༌། །མཐའ་དག་ཕྱོགས་སུ་སྤྲོ་བ་ནི། །རྟོགས་བརྗོད་སྤྲིན་གྱི་སྙིང་པོ་ཡིན། །དེང་དུས་ཆེར་རློམ་སྙིང་པོའི་བཅུད་བྲལ་ཡང༌། །ལྟར་སྣང་མཛེས་པའི་མགྲིན་བཟང་འོ་མ་ནི། །རྨོངས་རྟུལ་འཁོར་སློབ་རེ་བས་ལན་མང་དུ། །བསྐུལ་ཚེ་སྤྱོད་ངན་དྲི་ཡིས་ཆགས་བྲལ་སྟེར། །བདག་ཉིད་ཆེན་པོའི་རང་བཞིན་ནི། །ཕུལ་བྱུང་རྣམ་དཔྱོད་རོ་འཛིན་གྱིས། །ཅི་ཙམ་མྱང་བཞིན་མངར་བ་ཡི། །བདུད་རྩི་གསར་པའི་ཐིགས་པ་ཉིད། །ལེགས་བཤད་མཁའ་འགྲོ་དཀར་པོའི་ཕྲེང་བ་ཅན། །ལོངས་སྤྱོད་འཁོར་ལོ་ཡངས་པའི་ཆུ་གཏེར་ལས། །ངོ་མཚར་བཅུ་དྲུག་ཆ་ཤས་རྫོགས་པའི་ཟླ། །སྲིད་ཞིའི་མུན་པ་སེལ་བའི་དཔྱིད་དུ་ཤར། །འབྲས་མེད་གཅམ་བུའི་སྙེ་མ་འཕང་མཐོའི་ཚལ། །ཆགས་སྡང་གཏམ་གྱི་དུག་ཚེར་འཛིང་བའི་ནགས། །མ་ཡིན་མཐོང་ཐོས་དྲན་པས་རྒུད་པ་ཀུན། །སེལ་བྱེད་སྨན་གྱི་ལྗོངས་འདི་བསྟེན་པར་བྱོས། །འདིར་འབད་དགེ་བའི་མཁའ་ལྡིང་དབང་པོ་ཚོགས་གཉིས་འདབ་ཡངས་སྲིད་ཞིའི་མཁའ་མཐའ་ཟ་བྱེད་ཅིང༌། །རྒྱ་ཆེན་ལྷག་བསམ་འབར་བའི་སྡང་མིག་འཁོར་བའི་ཆུ་གཏེར་ཁོང་ནས་འབྱིན་པའི་ལྟ་སྟངས་ཀྱིས། །


GTD004_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མེད་དབྱིངས་ནས་འཕྱོ་བའི་ཤུགས་ཀྱིས་རྨོངས་པའི་བྲང་འགྲོ་ཆགས་སྡང་ལྕེ་གཉིས་གཡོ་བ་ཅན། །ཟོས་པའི་སྙིང་པོ་བླ་མེད་ཡེ་ཤེས་དབང་གི་རྒྱལ་པོས་འགྲོ་འདིའི་རེ་བ་སྐོང་གྱུར་ཅིག །དེང་ནས་བརྩམས་ཏེ་སྐྱེ་ཞིང་སྐྱེ་བ་རུ། །འདྲེན་མཆོག་དམ་པའི་ཞབས་སེན་ནོར་བུའི་འོད། །སྤྱི་བོར་རེག་པའི་སྐལ་བཟང་མི་ཉམས་ཤིང༌། །འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པར་ཤོག །ཐུབ་པ་མཆོག་གི་སྤྱོད་ཡུལ་ཉི་མའི་ཟེར། །ལུས་ཅན་ཁམས་ཀྱི་མེ་ཤེལ་དང་འགྲོགས་པས། །ཡང་དག་ལམ་བཟང་རབ་འབར་བྱིན་ཟ་ཡིས། །སྲིད་པ་ཡ་ངའི་ཚང་ཚིང་གཞོམ་གྱུར་ཅིག །གླིང་དང་གླིང་ཕྲན་བཅུ་གཉིས་འདབ་མའི་དབུས། །རིན་ཆེན་རང་བཞིན་ལྷུན་པོའི་ཟེའུ་འབྲུ་ལ། །ཟླ་ཉི་བུང་བས་འཕུར་ལྡིང་རོལ་གྱི་བར། །ལེགས་བཤད་ཟབ་མོའི་དྲི་བསུང་འཐུལ་བར་ཤོག །གཏམ་འདི་སྲིད་པའི་ཚ་གདུང་སེལ་བའི་གདུག༷ས། །སྨྲ་མཁས་ཡོངས་ཀྱི་མགྲིན་པར་ཆོས་ཀྱི་དུང༷༌། །སྐལ་བཟང་ཡིད་ལ་དགེ་མཚན་དཔ༷ལ་བེའུའི། །བཀྲ་ཤིས་རི་མོའི་རྣམ་པར་གནས་གྱུར་ཅིག །མཛད་པའི་ཆུ་མཚོ་མཛེས་བྱེད་པད་མ༷་དཀར། །གསང་གསུམ་གཏིང་མཐར་རོལ་བའི་གསེར་གྱི་ཉ༷། །དགེ་ལེགས་བདུད་རྩིའི་བགོ་སྐལ་ནོད་པ་ཡི། །རིན་ཆེན་བུམ༷་བཟང་དུ་ཡང་འགྱུར་བར་སྨོན། །དད་བརྩོན་བློ་གྲོས་ལྟེ་བ་ལས་ཐོན་པའི། །ལེགས་བཤད་རྩིབས་སྟོང་རྫོགས་པའི་འཁོར་ལོ༷་འདིས། །ལུང་རྟོགས་ཡོན་ཏན་ཡངས་པའི་ས་ཆེན་ལ། །དབང་བསྒྱུར་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་ཤོག །མདོ་སྔགས་ཆོས་ཚུལ་ཁ་བད་མངོན་མཐོ་


GTD004_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དགེ༷་ལྡན་རིང་ལུགས་རྣམ་པར་རྒྱལ་བའི་ཁང་བཟང་རྩེར། །རྣམ་དག་དད་པའི་ཡུ་བ་རབ་བརྟན་དགེ༷་ཚོགས་བྱེ་བའི་དར་གྱི་ཤམ་བུ་རིམ་པར་བཀྲ། །ངེས་ལེགས་ནོར་བུའི་ཏོག་མཛེས་གྲགས་སྙན་དགེ༷་བའི་འབྲུ་ལྡན་གཡེར་ཁའི་ཕྲེང་བ་རྒོད་པ་ཡི། །ནམ་མཁའི་མཐར་གཏུགས་འགྲོ་ལ་གཏན་དུ་དགེ༷་བ་མི་ནུབ་བསྟན་པའི་རྒྱལ་མཚ༷ན་ཚུགས་གྱུར་ཅིག །ཅེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་འདི་ནི་ཧར་ཆེན་ཐུ་མེད་ཤོག་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་པ་ཀྱ་ཧུ་བླ་མ་རྡོ་རམས་པ་ངག་དབང་ཤེས་རབ་ཀྱིས་ནན་ཏན་དུ་བསྐུལ་ཏེ་མགོ་བརྩམས་པའི་ཐོག །གདན་ས་ཆེན་པོ་ནས་བླ་མ་གདན་ཟུར་དགེ་འདུན་མང་བཅས་དང༌། བླ་བྲང་ཞབས་སྡོད་ཐུན་མོང་ནས་བསྐུལ་མ་སྔ་ཕྱིར་བྱུང་ཞིང༌། ཉེ་ཆར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་ཀྱི་བཀའི་མེ་ཏོག་སྤྱི་བོར་ལྷུང་བ་དང༌། རང་ཉིད་ཀྱང་ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཐུགས་རྗེའི་བདག་ཉིད་ཅན་གྱི་ཞབས་རྡུལ་རྙོག་པ་མེད་པ་འབྲལ་མེད་གཙུག་གིས་བསྟེན་པའི་སྐལ་བ་བཟང་པོར་ལོངས་སྤྱོད་པའི་ཕྱིར་དུ་


GTD004_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ། འདྲེན་པ་མཆོག་གི་བཀའ་འབངས་ཀྱི་ཐ་ཤལ་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་སོ་བརྒྱད་པ་ལ་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་སྦྱར་བ་འདིས་ཀྱང་བདག་སོགས་ལུས་ཅན་མཐའ་དག་ཚེ་རབས་ཀྱི་ཕྲེང་བར་མགོན་པོ་གང་གིས་འབྲལ་བ་མེད་པར་རྗེས་སུ་བཟུང་སྟེ་ཟབ་པ་དང་རྒྱ་ཆེ་བའི་གསུང་གི་གསང་མཛོད་འཛིན་པའི་སྲས་ཀྱི་ཐུ་བོར་འགྱུར་བའི་རྒྱུར་གྱུར་ཅིག།། །།


previousརྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས།next