Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
  expand section
   
   
སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་གྱི་རྣམ་ཐར་གསང་ཆེན་བསྔགས་པའི་རོལ་མོ།
   
   


 
previousསྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་གྱི་རྣམ་ཐར་གསང་ཆེན་བསྔགས་པའི་རོལ་མོ།next

སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་གྱི་རྣམ་ཐར་གསང་ཆེན་བསྔགས་པའི་རོལ་མོ།


GTD004_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་པའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་གསང་ཆེན་ཆོས་ཀྱིས་བསྔགས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །


GTD004_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་འཁོར་ལོ་རབ་འབྱམས་གསང་བའི་མཛོད། །རིན་ཆེན་འབྱུང་གནས་མཐུ་ཡི་རྟ་གདོང་མེ། །བདུད་རིགས་མཐར་བྱེད་འཇིགས་པའི་ཚམ་རྔམ་ཅན། །གྲུབ་པའི་དཔའ་བོ་བདེ་བའི་རྡོ་རྗེ་རྒྱལ། །གཤིན་རྗེའི་གཤེད་དང་མཉམ་སྦྱོར་རོ་ལངས་མ། །མི་སྡུག་དྲག་མོ་ཆེན་མོའི་སྐུར་བསྟན་ཡང༌། །རྒྱལ་གསུང་དབྱངས་ཀྱི་རང་གདངས་ཚངས་སྲས་མར། །ངེས་པས་ལན་བརྒྱར་འདུད་དོ་ངག་སྩོལ་ཅིག །དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དབང་ཕྱུག་ཆེ། །དཀྱིལ་འཁོར་འཁོར་ལོའི་བདག་པོ་གང་གི་གཏམ། །གསང་ཆེན་ཆོས་ཀྱིས་བསྔགས་པའི་རོལ་མོའང་ཡིན། །དོན་བཟང་སྦྲང་རྩི་གསར་པའི་རོ་བདའ་བ། །སྙན་འགྱུར་ཡན་ལག་བརྒྱད་ལྡན་ཆུས་བགྲུངས་ཏེ། །སྨྲ་བའི་ལྗགས་ཡངས་རྩེ་མོས་རེག་ཙམ་གྱིས། །ཡིད་རབ་


GTD004_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་པའི་མོད་ལ་བཏུང་འོས་འདིས། །རྣམ་དཔྱོད་གསེར་སྦྱངས་དག་པའི་ཁམས་ལས་གྲུབ། །རྣམ་བཀྲ་རིགས་པའི་དར་གྱི་མགུལ་ཆིངས་ཅན། །བདག་བློ་རིན་ཆེན་བུམ་བཟང་ལས་འོངས་པ། །བློ་གསལ་གཞོན་ནུས་དད་པའི་སྙིམ་པར་ལོངས། །དེ་ལ་འདིར་མཁྱེན་རབ་མཚུངས་ཟླ་མེད་པའི་རྣམ་དཔྱོད་ཀྱི་གྲུ་གཟིངས་ལ་བརྟེན་ནས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང༌། བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་བསྟན་འགྲོའི་ཕན་བདེའི་ཁུར་ཆེན་འཁྱེར་བ་ལ་ནམ་ཡང་མི་ངལ་བ། མཐུ་སྟོབས་ནུས་པའི་དཔུང་གིས་ནག་ཕྱོགས་བདུད་རིགས་ཀྱི་གཡུལ་ངོ་མཐའ་དག་མིང་གི་ལྷག་མར་བྱས་ཏེ་མི་ནུབ་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་སྒྲེང་པར་བྱེད་པའི་རྗེ་བཙུན་བླ་མ་དམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་བློ་བཟང་དོན་གྲུབ་པའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་


GTD004_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཐུན་མོང་དུ་གྲགས་པ་མདོར་བསྡུས་ཙམ་ཞིག་གཏམ་དུ་བསྙད་པར་བྱ་བ་ལ། དང་པོར་མཁྱེན་པའི་ཡོན་ཏན་ལས་བརྩམས་ཏེ་རིགས་ཕུན་སུམ་ཚོགས་པར་སྐྱེས་ནས་ཐོས་བསམ་ཇི་ལྟར་མཛད་པའི་ཚུལ། བར་དུ་བརྩེ་བའི་ཡོན་ཏན་ལས་བརྩམས་ཏེ་བསྟན་འགྲོའི་དོན་སྒོ་དུ་མ་ནས་ཁུར་དུ་བཞེས་པའི་ཚུལ། ཐ་མར་ནུས་པའི་ཡོན་ཏན་ལས་བརྩམས་ཏེ་བདུད་རིགས་ཀྱི་ཉེར་འཚེ་རྨེག་མེད་དུ་བཅོམ་ནས་བསྟན་པའི་རྒྱལ་མཚན་བསྒྲེངས་པས་བཞེད་དགོངས་ལྷུན་གྱིས་གྲུབ་པའི་ཚུལ་གསུམ་གྱི་སྒོ་ནས་ཤེས་པར་བྱའོ། །དང་པོ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་འཕྲིན་ལས་གསེར་གྱི་ཤིང་རྟའི་ཁ་ལོ་བསྒྱུར་བའི་ཐུགས་བསྐྱེད་དུས་བབས་ཀྱི་དབང་གིས་ཀུན་མཁྱེན་བླ་མ་དགུང་ལོ་ཉེར་དྲུག་ལ་ཕེབས་པའི་ཆུ་གླང་གི་ལོར་རྗེ་འདི་མདོ་ཁམས་སྨད་ཀྱི་སའི་ཆ་རྒྱ་བོད་ཀྱི་སོ་མཚམས་ཁྲི་ཁའི་ཡུལ་ཕྱོགས་སུ་ཡབ་བླ་དྭགས་དགེ་བསྙེན་བྱ་བའི་སྲས་སུ་བསམ་བཞིན་སྐྱེ་བ་བཞེས། འཁྲུངས་ཙམ་ཉིད་ནས་སྔོན་གོམས་བཟང་པོའི་བག་ཆགས་ཡོངས་སུ་སད་པའི་དབང་གིས་བག་མེད་པའི་ངང་ཚུལ་རིང་དུ་དོར་ཏེ། སྤྱོད་ལམ་དུལ་ཞིང་སྐུ་བྱིན་ཆགས་པས་སྐྱེ་བོ་ཀུན་གྱིས་མཐོང་ན་དགའ་བ་མིག་གི་བདུད་རྩི་གསར་བ་ལྟ་བུར་གྱུར། ཅུང་ཟད་ནར་སོན་པ་ནས་དམ་པའི་སྤྱོད་པ་ཤུགས་འབྱུང་དུ་གནས་པའི་དབང་གིས་གཞན་གྱིས་བསླབ་པ་ལ་མི་ལྟོས་པར་དམན་མཆོག་གི་ཞིང་ལ་བརྟེན་ནས་


GTD004_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་མྱུ་གུ་བསྐྲུན་པ་དང༌། སྡུག་བསྔལ་གྱིས་གཟིར་བའི་སྐྱེ་བོ་མཐོང་བ་ན་ཤས་མི་བཟོད་པའི་སྙིང་རྗེ་སྐྱེས་ཏེ་དེའི་དོན་ལ་བརྩོན་པ་དང༌། འབུ་སྲིན་ཕྲ་མོ་ལ་ཡང་གནོད་འཚེ་སྤོང་བ་སོགས་བླང་དོར་ཕྱིན་ཅི་མ་ལོག་པར་མཛད་པས་ཡུལ་མི་རྣམས་ཀྱང་འདི་ལྟ་བུའི་བྱིས་པ་ཡ་རབས་ཞེས་ཡ་མཚན་པའི་དཔེར་བྱེད་པ་བྱུང༌། དགུང་ལོ་དྲུག་གི་ཐོག་ལ་མོ་བདེ་ཆེན་དུ་ཁུ་བོ་རབ་འབྱམས་པ་ཞིག་ཡོད་པའི་རྩར་ཀློག་སློབ་ཏུ་ཕྱིན་པས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད། ཁུ་བོ་རབ་འབྱམས་པ་ཡང་ཤིན་ཏུ་ཡིད་མགུ་ནས་མིག་གི་འབྲས་བུ་བཞིན་དུ་གཅེས་པར་བསྐྱངས། ཆོ་ག་ཆོས་སྤྱོད་སོགས་ཀྱི་དཔེ་མང་དུ་ཕུལ་ཏེ་གཟིགས་སུ་བཅུག་པ་རྣམས་ལ་ལན་རེ་གཉིས་ཙམ་བཀླགས་པས་འཛིན་ཐུབ་པ་དང༌། གང་བཟུང་ཐམས་ཅད་མ་བསྙེལ་བ་བྱས་ཏེ་སྐྱོར་སྦྱངས་ལ་ཡང་བརྩོན་པ་ཁུར་དུ་བཞེས། ཁྱད་པར་དུ་ཡི་དམ་འཇིགས་བྱེད་དང་གསང་བདག །ཆོས་སྐྱོང་ཆོས་རྒྱལ་དང་ལྷ་མོ་རྣམས་ལ་ཚེ་རབས་དུ་མར་འབྲེལ་བའི་བག་ཆགས་ཀྱི་དབང་གིས་ཐུགས་ཞེན་ཆེ་བས་བདག་གིར་བཞེས་ཏེ་མངོན་རྟོགས་གཏོར་ཆོག་བཟླས་པ་སོགས་ཆག་མེད་ནན་ཏན་ཆེ་བར་མཛད། རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་པ་ནས་བཟུང་བླང་འདས་སོ་དྲུག་གིས་མཚོན་པའི་བཅས་རང་གི་ལྟུང་བ་ཕྲ་རགས་ཐམས་ཅད་ལ་ཤིན་ཏུ་འཛེམ་ཞིང༌། སྒོ་གསུམ་བག་ཡོད་པའི་བརྟུལ་ཞུགས་ལ་གནས་ཏེ་


GTD004_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་རྣམ་པར་དག་པའི་རྨང་གཞི་ཚུགས་པར་མཛད། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། གཞི་ཚུལ་ཁྲིམས་གཙང་མའི་སྟེང་དེར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་དགོས་པའི་དབང་གིས། གནས་ཆུང་སྤྲུལ་བའི་ཆོས་རྒྱལ་ཆེན་པོས། ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་དང༌། སེར་འབྲས་སོགས་ཀྱི་བཀོད་པ་རྨི་ལམ་དུ་བསྟན་པའི་རྐྱེན་གྱིས་གསན་སྦྱོང་ལ་དབུས་གཙང་ཕྱོགས་སུ་ཕེབས་འདོད་ཐུན་མོང་མ་ཡིན་པ་འཁྲུངས། སྔོན་གཞན་ཕན་རླབས་པོ་ཆེ་བསྒྲུབས་པའི་བསོད་ནམས་ཀྱི་རྒྱུ་མཐུན་ལས་ཐུགས་བཞེད་གང་ཡིན་བདེ་བླག་ཏུ་འགྲུབ་པ་ཞིག་ཡོད་ཅིང༌། དམ་ཅན་ཆོས་སྲུང་རྒྱ་མཚོའི་ཚོགས་ཀྱིས་ཀྱང་འཕྲིན་ལས་སྡོངས་གྲོགས་མཛད་པའི་དབང་གིས་མཐུན་རྐྱེན་ཕུན་སུམ་ཚོགས་པར་འགྲིགས་ཏེ་དགུང་ལོ་བཅུ་དྲུག་པ་ལ་དབུས་འགྱུར་ཆོས་ཀྱི་འདུན་ས་ཆེན་པོར་ཕེབས། ཇོ་ཤཱཀ་རྣམ་གཉིས་རང་བྱོན་ལྔ་ལྡན་སོགས་ལ་སྙན་ཤལ་ཕུལ་ཏེ་ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་པའི་གསོལ་འདེབས་དང་སྨོན་ལམ་ཤུགས་དྲག་གནང་བར་ལེགས་པའི་མཚན་མ་ཤར། གངས་ཅན་བསྟན་པའི་འབྱུང་ཁུངས་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་གྲྭ་ཚང་བཞིའི་ཡ་གྱལ། གུར་དཀར་པོའི་ཏོག་ལྟ་བུ། མཁས་གྲུབ་བྱེ་བའི་བསྟི་གནས་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས། བདག་ཉིད་ཆེན་པོ་དཔོན་སློབ་དོན་གྲུབ་རྒྱ་མཚོའི་ཞབས་དྲུང་ནས་བསྡུས་གྲྭའི་བརྩི་བཞག་ཐོག་མར་གསན། ཡོངས་ཀྱི་དགེ་


GTD004_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཤེས་གཉེན་བྱ་བྲལ་དགེ་འདུན་ཕུན་ཚོགས་དགེ་རྒན་དུ་བསྟེན་ནས་བརྩི་བཞག་དང་སྦྱོར་བ་རྩི་བ་སོགས་ལ་ཆིག་དྲིལ་དུ་འབད་པས་རིང་པོ་མ་ལོན་པར་རིགས་ལམ་གྱི་སྒོ་ཕྱེ་སྟེ་རྩོད་གྲྭ་ཤིན་ཏུ་དམར་བ་བྱུང༌། ལོ་གཅིག་གཉིས་ཀྱི་ཁུངས་སུ་བསྡུས་གྲྭར་གྲགས་པ་ཚད་མ་རྣམ་འགྲེལ་གྱི་རིགས་པའི་སྒོ་དུ་མ་ཕྱོགས་གཅིག་ཏུ་དྲིལ་བ་དང༌། བློ་རྟགས་སོགས་རྟོག་གེའི་གསང་ཚིག་མ་ལུས་པ་ཐུགས་སུ་ཆུད། དཔོན་སློབ་རིན་པོ་ཆེ་ནས་དགྱེས་གཟིགས་ཤིན་ཏུ་ཆེ་ཞིང༌། སྨྲ་བའི་སྤོབས་པ་བླ་ན་མེད་པའི་གྲགས་པ་དང་བཅས་འཛིན་གྲྭ་ཐོད་རྒལ་གྱིས་གཞུང་གསར་དུ་ཕེབས། རྒྱན་རྩ་འགྲེལ། རྣམ་བཤད། གསེར་འཕྲེང༌། ཀུན་མཁྱེན་ཆོས་འབྱུང་གི་ཡིག་ཆ་རྒྱས་བསྡུས་སོགས་རྒྱ་བོད་ཀྱི་གཞུང་དུ་མ་བློ་འཛིན་དང་དཔེ་ཀློག་ཅི་རིགས་ཀྱི་སྒོ་ནས་ངེས་པར་བྱས་ཏེ། ཐམས་ཅད་གུང་བསྒྲིགས་ནས་དཔྱད་པ་ཞིབ་མོར་གནང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་པར་རྟོགས་པའི་རིམ་པ་མཐའ་དག་ལ་ངེས་ཤེས་གཏིང་ཚུགས་པ་རྙེད། ཕར་ཕྱིན་གྱི་རྩོད་པ་ཇི་ཙམ་འཕེལ་བ་བཞིན་གྱི་དེ་ཐམས་ཅད་གཞན་དང་ཤགས་འགྱེད་པའི་ཐབས་ཙམ་མ་ཡིན་པར། བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་མན་ངག་ཁོ་ནར་གཟིགས་ཏེ་ཆོས་ཀྱི་མདེའུ་སྣེ་ནང་དུ་བསྐོར་བའི་དབང་གིས་ཐུགས་རྒྱུད་ཇེ་དུལ་དང༌། བསགས་སྦྱངས་སོགས་ཀྱི་ཉམས་ལེན་ལ་བརྩོན་པ་ཇེ་ཆེར་སོང༌། བྱ་བ་གང་ལ་ཡང་དང་པོར་ཐུགས་ཀྱི་འཕེན་པ་གནང་བ་དེའི་སྟེང་ནས་རྡོ་ལ་རི་མོ་བྲིས་པ་བཞིན་འདའ་བར་མི་མཛད་པས།


GTD004_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེར་ཉིན་མཚན་ཁོར་ཡུག་ཏུ་ཐུགས་དམ་གཙོར་འདོན་དང༌། ཆོས་མཚམས་ཀྱི་ཉིན་ཁ་ཤས་རེ་ལ་བརྩི་བཞག་ཐུགས་འཛིན་ཞག་ཁ་ཤས་རེའི་མཚམས་སུ་བརྩི་བཞག་མཚན་སྐྱོང་གི་ས་བཅད་གནང་བའི་དུས་ཐོག་དེར་ཁ་ཆར་བུ་ཡུག་སོགས་རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་བས་བརྩམས་པ་མཐར་འདོན་པ་མཛད། འོན་ཀྱང་ཐུགས་རབ་ཆེ་ཞིང་བརྗེད་ངས་ཆུང་བས་ཐལ་འཕྲེང་ཟུར་བཀོལ་རྗེ་ཡབ་སྲས་ཀྱི་གསུང་སྐབས་སུ་གང་བབས་སོགས་སྐྱོར་རྒྱ་ཤིན་ཏུ་ཆེ་བ་ལ། གྲྭ་ཐོག་དེ་ན་སུས་ཀྱང་འགྲན་དུ་མེད་པར་གྲགས། དེ་ནས་དཔོན་སློབ་ཀུན་དགའ་འོད་ཟེར་གྱི་དྲུང་ནས་དབུ་མཛོད་འདུལ་བ་གསུམ་ལ་གསན་སྦྱོང་མཛད། ལྷག་པར་དབུ་མའི་སྐབས་སུ་གནས་ལུགས་སྟོང་པ་ཉིད་ཀྱི་ལྟ་བའི་གནད་འཚོལ་བ་ལ་འཕགས་པ་རྟག་ཏུ་ངུ་ལྟ་བུའི་དོན་གཉེར་གྱི་འདུན་པ་ཧ་ཅང་ཤུགས་དྲག་པའི་སྟོབས་ཀྱིས་རྣམ་བཤད་དགོངས་པ་རབ་གསལ། སྟག་ལུང་གྲགས་པའི་དབུ་མ། དབུ་མའི་རྣམ་བཤད་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིང་སོགས་ཡིག་ཆ་མི་འདྲ་བ་བདུན་བཟུང་སྟེ་སྐྱོར་སྦྱངས་མཛད། འདི་འདྲ་བ་མཚན་ཉིད་པའི་སྟོན་ཆེན་གཞན་སུ་ལ་བྱུང་བའི་སྒྲོས་ཙམ་ཡང་དཀོན་པར་སྣང༌། མཛོད་ཀྱི་སྐབས་སུ་ཡང་ཆོས་མངོན་དང༌། ཐར་ལམ་གསལ་བྱེད་སོགས་ཡིག་ཆ་དུ་མ་འཛིན་སྐྱོར་དང༌། རྩོད་པ་རྡོ་རུས་ཐུག་པ་གནང་བས་གཞི་ལྔའི་རང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་འབྱེད་པ་ལ། སློབ་དཔོན་རྒྱལ་བའི་སྲས་དང་མཚུངས་པའི་མཁྱེན་རབ་ཀྱི་ལུས་རྩལ་ཡོངས་སུ་རྫོགས། ཁྱད་པར་དུ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཉིན་བདུན་ལ་རྫོགས་པར་


GTD004_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་འཛིན་མཛད་པས། ཐམས་ཅད་ཀྱིས་འདི་ནི་གཟུངས་ཐོབ་པའི་གང་ཟག་ཅིག་ཏུ་ཐེ་ཚོམ་མི་འདུག་ཅེས་བསྔགས་པའི་རོལ་མོ་འཁྲོལ། འདུལ་བའི་ཡིག་ཆ་ཐུགས་ལ་གཟུང་སྟེ། ལུང་སྡེ་བཞི། མདོ་རྩ་འགྲེལ། གླེང་འབུམ་སོགས་ལ་ཞིབ་ཏུ་སྦྱངས་པས་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་མ་ལུས་པ་ཐུགས་སུ་ཆུད། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞལ་སྔ་ནས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། རུང་ཆུ་འདེབས་པ་ཚུན་ཆད་ཀྱི་བཅས་མཚམས་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཕྱག་ལེན་ལ་བཏབ་སྟེ། ཚིག་དོན་གཉིས་ཀའི་ཆ་ནས་ངེས་པ་དོན་གྱི་འདུལ་འཛིན་ཆེན་པོར་གྱུར། དེ་ལྟར་སྦྱངས་ཡུན་ཐུང་ཡང་སྐྱེས་སྦྱང་གི་ཤེས་རབ་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱི་གྲུ་བོ་ཆེ། རྟག་སྦྱོར་གུས་སྦྱོར་གྱི་བརྩོན་འགྲུས་མཐུན་པའི་རླུང་གིས་བསྐུལ་བ་ལ་བརྟེན་ནས། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ་བཀའ་པོཏ་ཆེན་པོ་ལྔའི་དགོངས་དོན་ནོར་བུའི་མཛོད་ལ་འདོད་དགུར་དབང་འབྱོར། དེ་དང་མཐུན་པར་དཔོན་སློབ་རིན་པོ་ཆེ་ནས་ཀྱང་སྨོན་ལམ་གྲྭ་སྐོར་བྱེད་དགོས་ཀྱི་བཀའ་ཕེབས་པ་ལྟར་དགུང་ལོ་ཉེར་ལྔ་པ་མེ་གླང་གི་ལོ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཐོག་ཇོ་བོ་ཤཱཀྱ་མུ་ནེའི་མདུན་སར་གདན་ས་གསུམ་གྱི་མཁས་མང་རྒྱ་མཚོ་ལྟ་བུ་ཚོགས་པའི་དབུས་སུ་དམ་བཅའ་བཞག་སྟེ་ལེགས་པར་བཤད་པའི་དགའ་སྟོན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་ཆེར་སྤྲོས། རྒྱུན་


GTD004_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཉམས་ལེན་གཙོ་བོར་གནང་ཞིང༌། རྩོད་ཚེ་ཡང་གཞུང་གི་དཀའ་གནད་གང་ཟབ་ཀྱི་སྟེང་ནས་གོ་དོན་ཚོལ་བ་གཙོར་འདོན་མཛད་པས། གནད་མ་རྟོགས་པ་ཁ་ཅིག་གིས་རིགས་པའི་བདར་ཤ་དེ་ཙམ་ཆོད་མེད་སྙམ་པའི་ལོག་རྟོག་དང་རང་ལྟ་མཆོག་འཛིན་གྱི་མངོན་རློམ་མཐོ་བའི་དབང་གིས་རིགས་ལམ་གྱ་གྱུའི་སྒྲུབ་བྱེད་སྣ་ཚོགས་བཏང་བར། རྒྱ་མཚོ་བཞིན་དུ་ཟབ་ཅིང་ཀུ་ཤའི་རྩེ་ལྟར་མ་འདྲེས་པའི་མཁྱེན་དཔྱོད་ཀྱིས་རིམ་པ་བཞིན་སོ་སོར་ཕྱེ་ནས་ལན་མཛད་པས། ཕ་རོལ་པོ་དག་སྤོབས་པ་ཡོངས་སུ་གཏུགས་ཏེ་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་དགོས་པ་བྱུང༌། དེའི་ཚེ་གྲྭ་ས་ཕན་ཚུན་གྱི་མཁས་པའི་དབང་པོ་གཟུ་བོར་གནས་པ་ཐམས་ཅད་ཀྱིས་འདི་ལྟ་བུའི་ན་ཚོད་གཞོན་ནུ་ལ་ཡོན་ཏན་གྱི་གཏིང་ཟིན་པ་ཞེས་བསྟོད་བསྔགས་མེ་ཏོག་དཀར་པོས་མངོན་པར་མཆོད། ལྷ་ས་བ་རྣམས་ཀྱང་སྐུའི་བབ་དང༌། ལན་སྒྲ་དག་གསལ་གསུམ་གྱི་སྒོ་ནས་མྱུར་པོར་མཛད་པའི་གསུང་གི་གདངས་སོགས་ལ་བརྟེན་ཏེ་འདི་འདྲ་བའི་དགེ་བཤེས་རྣམ་དཔྱོད་དོད་པ་ཞེས་ངོ་མཚར་བའི་ཚད་དུ་བྱེད་པ་བྱུང༌། སྔར་ཀུན་མཁྱེན་བླ་མ་མཆོག་ནས་རི་བོ་དགེ་འཕེལ་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ཁྲིད་སྨིན་རྒྱས་ལོ་ལྟར་ཡང་ཡང་གནང་བའི་གདམས་པའི་ཉིང་ཁུ་མ་ལུས་པ་ཐུགས་ཀྱི་དཔལ་བེའུར་འཆང་ཞིང༌། ད་དུང་ཡང་འདི་ལྟ་བུའི་དགེ་བའི་བཤེས་གཉེན་རྙེད་པར་དཀའ་བས། མདོ་སྔགས་ཟབ་རྒྱས་ཀྱི་གདམས་པ་མ་ཚང་བ་མེད་པ་ཞིག་ཞུས་ཏེ། དགྲ་མེད་གཉེན་མེད་ཀྱི་བས་མཐའ་ཞིག་ཏུ་ཚེ་དང་སྒྲུབ་པ་སྙོམས་པའི་ཉམས་ལེན་གཙང་སང་ངེ་བ། གཏན་གྱི་བཙན་ས་ཟིན་པ་ཞིག་


GTD004_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྙམ་པའི་འདུན་པ་ཤུགས་དྲག་ནར་མར་འཁྲུངས་ཏེ། ཇི་སྐད་དུ། རྣམ་སྨིན་ཡོན་ཏན་འདབ་བརྒྱད་པདྨོའི་དབུས། །རྣམ་དག་ཚུལ་ཁྲིམས་དམར་སེར་གེ་ས་ར། །རྣམ་འདྲེན་གསུང་གསང་ཉི་འོད་ཀྱིས་བཟུང་བས། །རྣམ་མང་ཐོས་པ་སྦྲང་རྩིའི་ཟིལ་དངར་རྒྱས། །འོན་ཀྱང་ལྷག་བསམ་དག་པའི་གཞན་དབང་དུ་གྱུར་ཏེ་བསྟན་འགྲོའི་དོན་ཁུར་དུ་བཞེས་པའི་ཚུལ་ནི། དེ་ནས་ལོ་གཉིས་ཀྱི་ས་མཚམས་སུ་ཀུན་མཁྱེན་བླ་མ་སྒོ་མང་གི་ཆོས་ཁྲིར་བཞུགས་དགོས་བྱུང་ཞིང༌། དེ་སྔོན་བླ་གཉེར་སྦྲགས་མར་བྱེད་སྲོལ་ཡོད་པ་འཇིག་རྟེན་གྱི་གཡེང་བའི་ཁུར་ཆེ་བས་འཆད་ཉན་གྱི་སད་དུ་འགྱུར་བ་དང༌། དེ་འདྲའི་སྟེང་ནས་བླ་སློབ་ཀྱི་དམ་ཚིག་ལ་ཡང་གནོད་སྲིད་པའི་དགག་བྱ་དང་དགོས་པ་མང་དུ་གཟིགས་ཏེ་ཀུན་མཁྱེན་བླ་མ་མཆོག་ནས། ངེད་ཀྱིས་ཆོས་འཇིག་རྟེན་གཉིས་ཀའི་ཁུར་འཛིན་མི་ནུས་པར་འདུག་པས། ཁྱོད་ཀྱིས་སྒོ་མང་སྡེ་པ་བྱེད་དགོས་གསུངས་པར། གཅིག་ཏུ་བླ་མའི་བཀའ་བསྒྲུབ་པ་ལས་ལྷག་པའི་རང་གི་ཉམས་ལེན་མེད་པར་བཀའ་གདམས་གོང་མ་རྣམས་ཀྱི་གསུང་སྒྲོས་དང་རྣམ་ཐར་ལས་འབྱུང་ལ། གཉིས་སུ་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་འདི་ལྟ་བུར་སྐབས་འདི་འདྲ་ལ་ཞབས་འདེགས་རྣལ་མ་ཞིག་ཞུ་རྒྱུ་བྱུང་ན། བསྟན་འགྲོའི་དོན་ཡང་དེ་ལས་ལྷག་པ་མི་འདུག་དགོངས་ཏེ། མངོན་རློམ་གྱི་འཁང་ར་དང༌། མཛེས་ལམ་གྱི་དགོངས་ཁྲོལ་སོགས་གང་ཡང་མ་ཞུས་པར་བཀའ་སྤྱི་བོར་བླངས། དེང་དུས་འགའ་ཞིག །དེ་སྐབས་སྤྱི་གཉེར་མཛད་པ་རྒྱུ་མཚན་དུ་བྱས་ནས་ཆོས་དང་མི་མཐུན་པ་ལྟ་བུར་དོགས་པ་བྱེད་པ་ནི།


GTD004_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་དང་རིགས་མཐུན་པའི་སྐྱེ་བོ་ཅོལ་ཆུང་ཁ་དྲག་དཔལ་འབྱོར་ཅུང་ཟད་ཙམ་གྱིས་དབྱེན་སྤྱོས་ཏེ་བག་མེད་པའི་ལས་ལ་དགའ་མགུར་འཇུག་པ་དག་གི་སྤྱོད་ངན་གྱི་དཔེ། བདག་ཉིད་ཆེན་པོ་རྣམས་ལ་ཡང་འོས་མེད་ཀྱི་རིགས་པས་རྒྱས་བཀབ་པར་སྣང་སྟེ། སྔོན་དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་ཀྱིས་ཀྱང་དགེ་འདུན་གྱི་ཟས་གོས་གནས་མལ་ལ་སོགས་པའི་གཉེར་མཛད་པ་དང༌། ཀླུ་སྒྲུབ་ཀྱིས་དགེ་འདུན་གྱི་གཉེར་མཛད་སྐབས་གསེར་འགྱུར་ལ་བརྟེན་ནས་འཚོ་བ་སྦྱར་བའི་ལོ་རྒྱུས་དང༌། ཇོ་བོ་ཆེན་པོས་ཀྱང་ལྷ་རྟེན་ཡོ་བྱད་དང་བཅས་པའི་གཉེར་མཛད་དེ་ལྡེ་མིག་སྐུ་རྐེད་འཁོར་བ་ཙམ་བསྣམས་དགོས་བྱུང་བའི་ལོ་རྒྱུས་སོགས་མང་བས། བསམ་སྦྱོར་རྨད་དུ་བྱུང་བ་དེ་ལྟ་བུས་གཉེར་གྱི་ལས་ཁུར་བཟུང་བ་ཡང་ཐེག་པ་མཆོག་གི་ལམ་གྱི་ཉམས་ལེན་ཟབ་མོར་འགྲོ་ལ། ཀུན་སློང་ངན་ན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། རང་དོན་ཁོ་ནར་ནོར་དང་ཚེ་སྒྲུབ། །དབང་སྡུད་དྲག་པོ་མངོན་སྤྱོད་ལ་སོགས། །ངན་སོང་སྒྲུབ་པའི་མྱུར་ལམ་ཡིན་ཞེས། །མདོ་རྒྱུད་ཀུན་ལས་གསུང་བ་མིན་ནམ། །ཞེས་གསུངས་པ་ལྟར། སྒོམ་སྒྲུབ་དང་འདག་སྦྱར་སོགས་ཇི་ཙམ་བྱས་ཀྱང་འཁོར་བའི་འཁོར་ལོ་བསྐོར་བ་ལས་མ་འདས་པས། ཆོས་དང་ཆོས་མ་ཡིན་པ་རང་སེམས་དཔང་པོར་བྱས་ནས་འཇོག་དགོས་ཀྱི། མིང་ཙམ་ལ་སྙིང་པོ་ཅི་ཡང་མེད་དོ། །གཉེར་གྱི་སྐབས་དེར་ཡང་དགེ་འདུན་གྱི་སྤྱི་རྫས་རང་དོན་དུ་ཅུང་ཟད་ཙམ་ཡང་མི་སྤྱོད་པར་ཇོ་བོའི་རྣམ་ཐར་བཞིན་མཛད་དེ། དང་པོ་གྲྭ་ཁང་སྟེང་དུ་སྤོ་སྐབས་ཕྱག་གཡོག་པས་གདན་གཅིག་དང༌། ན་བཟའ་ཁུར་ནས་སོང་བ། རྗེས་སུ་


GTD004_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཕེབས་སྐབས་ཀྱང་དེ་མ་གཏོགས་ཅི་ཡང་མེད་པའི་ལོ་རྒྱུས་ད་ལྟ་ཡང་གྲགས་ཆེ། དགེ་འདུན་རྣམས་ཀྱང་ལོག་འཚོ་ལ་སྦྱོར་མི་རུང་བར་དགོངས་ཏེ། ཁ་བསག །གཞོག་སློང༌། རྙེད་པས་རྙེད་པ་འཚོལ་བ་སོགས་གཡོ་འཕྲུལ་མི་མཛད་ཅིང༌། གཞན་གྱིས་དད་འབུལ་དང་རྒྱུན་གྱི་ཡོང་འབབ་གང་ཡོད་ཏིལ་འབྲུ་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་དགེ་འདུན་གྱི་ཆ་རྐྱེན་དུ་འགྲོ་ངེས་གནང་བས་ནར་མའི་མཐུན་རྐྱེན་ཕུལ་དུ་ཕྱིན་པ་བྱུང༌། དེར་མ་ཟད་སྔར་གྲྭ་ཚང་ལ་མཆོད་གཞིས་སོགས་དེ་ཙམ་རྒྱ་ཆེ་བ་མེད་ཀྱང༌། སྐབས་དེར་ཀུན་མཁྱེན་བླ་མ་མཆོག་གི་ཐུགས་བསྐྱེད་བསམ་འཕེལ་དབང་གི་རྒྱལ་པོ་རྗེ་དེའི་ཐབས་མཁས་མཛད་བཟང་རྒྱལ་མཚན་གྱི་རྩེ་མོར་བཀོད་པ་ལ་བརྟེན་ནས། མཆོད་གཞིས་གསར་བ་དུ་མ་སོགས་བཞེད་དོན་ལྷུན་གྱིས་གྲུབ་པས་དགེ་འདུན་རྣམས་སྲིད་ཀྱི་ངོས་ནས་ཆོས་བསྒྲུབ་པའི་མཐུན་རྐྱེན་གྱིས་ཕོངས་པ་མེད་པར་བྱས། གྲྭ་བགྲེས་བློ་ཁ་མཐོ་བ་རྣམས་ལ་རང་རེའི་གྲྭ་ཚང་འཆད་ཉན་གྱི་བཤད་གྲྭ་འགྲན་ཟླ་མེད་པ་འདི་ལྟ་བུ་ཞིག་གཞན་གྱི་ཡིག་ཆ་ལ་བརྟེན་དགོས་པ་དགེ་མཚན་ཆུང་ཞིང༌། ཕྱིན་ཆད་འདི་ལྟ་བུའི་བླ་མ་འབྱུང་དཀའ་བས་མཛོད་འདུལ་གཉིས་ཀྱི་ཡིག་ཆ་བཀའ་རྩོམ་ཞུས་ཏེ་པོ་ཏི་ལྔ་ཆ་ཚང་ཞིག་བྱུང་ན་ལེགས་ཚུལ་གྱི་འཆར་བསྟན་པ་བཞིན། ཐམས་ཅད་མགྲིན་གཅིག་གིས་གསོལ་བ་བཏབ་པས། དོན་སྨིན་བྱུང་སྟེ་ཆོས་ཀྱི་ངོས་ནས་ཀྱང་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་བྱུང་བའི་བཀའ་དྲིན་འདི་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་གྱི་དགོན་མ་ལག་དང་


GTD004_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་གཞལ་བར་དཀའ་བ་ཞིག་གོ །དེ་སྐབས་གཏོང་སྒོ་ཆེ་ཕྲ་བསྟན་སྲིད་ཀྱི་ལས་དོན་སོགས་ཐུགས་ཁུར་ཆེ་ཡང༌། དེ་ལ་སྙད་བཏགས་ནས་བག་ཡངས་མི་མཛད་པར། སྡེ་པར་བཞུགས་རིང་ལ་ཡང་བཀའ་འགྱུར་ཚར་བཞི་གསུངས་ཤིང་ཐུགས་དམ་བཟླས་བརྗོད་ལ་ཆག་མེད་དང༌། མདོ་སྔགས་ཀྱི་གཞུང་མང་པོ་ཐུགས་འཛིན་གནང༌། ཁྱད་པར་དབུ་མ་ལུང་རིགས་གཏེར་མཛོད་ཆ་ཚང་བཟུང་སྟེ་དཔྱད་པ་ཞིབ་མོ་དང་བཅས་སྐྱོར་སྦྱངས་རྒྱུན་རིང་མཛད་པས་སྔར་ཡིག་ཆ་མང་དུ་བཟུང་བ་ལས་ད་རེས་བློ་སྐྱེད་ཆེ་བར་བྱུང་གསུངས། ཐུགས་ཤིན་ཏུ་སྒམ་པས་གསུང་ཟུར་དེ་ཙམ་ལས་མ་བྱུང་ཡང༌། རྩོད་དུས་ཀྱི་རིག་འགྲོས་ཕྲ་མོ་ཙམ་མ་ཡིན་པར་ལྟ་བའི་གནད་ལ་ངེས་པ་གཏིང་ཕྱིན་པ་རྙེད་པར་གདོན་མི་ཟའོ། །རྒྱལ་པོ་ལྷ་བཟང་གིས་སྔར་ནས་ཀུན་མཁྱེན་བླ་མ་རིགས་ཀྱི་ཅོད་པན་དུ་བཀུར་ཞིང༌། རྗེ་འདིར་ཡང་ལས་དོན་འགང་ཆེ་བའི་གྲོས་ཀྱི་བློ་ཕུགས་གཏད་དེ་ཐུགས་ནང་ཉེ་བའི་དབང་གིས་ཕྱིས་བོད་ཀྱི་བསྟན་སྲིད་མཐའ་དག་ཁོང་གི་ཕྱག་ཏུ་འབྱོར་བའི་ཚེ་དོད་འབུལ་སོགས་མ་དགོས་པར་སྟོད་ལུང་གས་པོ་ཟེར་བ་ཡང་གྲྭ་ཚང་གི་ཕོགས་ཐེབས་སུ་གནང༌། སྔར་གཞིས་ཀའི་ཡོང་སྡུད་སོགས་ལ་ངོ་ཚབ་གཏོང་བཞིན་པ་ཡིན་ནའང༌། རྟ་ཞང་གས་པོ་གཉིས་ལ་རང་ཉིད་ཕེབས་འདུན་སྐྱེས་ཤིང༌། དེར་རྟ་ཞང་ཆོས་རྗེའི་གཟིམ་ཁང་འཐོར་ཞིག་ཏུ་སོང་བ་གཟིགས་ནས་ཐུགས་ཤིན་ཏུ་སྐྱོ་བ་ཞིག་བྱུང༌། ཕྱིར་ཕེབས་པའི་ཚེ་ཀུན་མཁྱེན་མཆོག་ནས། ཁྱོད་ཀྱི་ཁང་པ་ག་འདྲ་འདུག་གསུངས་པར། ངའི་ཁང་པ་གང་ཡིན་ཞུས་པས། རྟ་


GTD004_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་ཆོས་རྗེའི་ཁང་པ་མ་མཐོང་ངམ། སྔོན་འཇམ་དབྱངས་ཆོས་རྗེའི་བུ་ཆེན་ཁོང་གི་སྐུ་ཚབ་བྱས་ཏེ་རྒྱ་ནག་སོགས་སུ་སོང་ནས། ཆོས་སྲིད་ཀྱི་འཕྲིན་ལས་རླབས་པོ་ཆེ་སྤེལ་མཁན་ལུང་དང་ལས་ཀས་མཐོ་བའི་རྟ་ཞང་ཆོས་རྗེ་ཟེར་བ་ཞིག་བྱུང་བ་དེ་ཁྱོད་ཀྱི་སྐྱེ་བ་སྔ་མ་ཡིན་གསུངས། སྐབས་དེར་གོང་མ་ཆེན་པོ་ནས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྨད་ལ་ཕེབས་དགོས་ཀྱི་བཀའ་བབས་པས། གྲྭ་ས་ཕན་ཚུན་གྱི་ཆེ་དྲག་རྣམས་དགེ་སྐྱོན་སྣ་ཚོགས་པས་དོགས་གཞི་བསླང་བར། ཀུན་མཁྱེན་བླ་མ་མཆོག་ནས། གོང་མའི་བཀའ་དང་འགལ་ན་འཕྲལ་ཕུགས་གཉིས་ཀར་གནོད་ཚུལ་ཞིབ་བཀྲོལ་གྱིས་གསུངས་ཀྱང༌། བསྟན་པའི་གེགས་ཆག་ལྟ་བུས། གཞན་ཕལ་ཆེར་ཁ་འཆམ་སྟེ་ཟིང་ཆ་བསླང་བས། གནས་སྐབས་རྒྱལ་བ་ཕེབས་རྒྱུ་བཤོལ་མ་ཐུབ་པའི་སྟེང་དུ་དགོན་པ་རྣམས་ཆག་འཇིག་ལ་གྱ་བ་ལྟ་བུའི་ཆོས་སྲིད་གཉིས་ཀའི་ཆ་ནས་ཤིན་ཏུ་ལོད་པ་བྱུང༌། དེའི་ཚེ་རྗེ་འདི་དགའ་ལྡན་ཕོ་བྲང་དུ་ཆེ་གཉན་ཐམས་ཅད་ཚོགས་པའི་སར་བོས་ནས་ཚ་འཇུན་གཏོང་རྩིས་བྱས་ཀྱང༌། བཙན་བརྗིད་བརླིང་བའི་གསུང་ལན་སྐབས་སུ་གང་བབ་ཐོགས་མེད་དུ་གནང་བས། ཤེས་ལྡན་ཕལ་ཆེར་ལ་གོ་བློ་སྐྱེས་ཤིང་དམངས་མ་ཡང་འཇིགས་ཆུམ་གྱིས་སོང་ནས་གླགས་མ་རྙེད། དེ་ལྟར་རྗེ་འདིས་ཀུན་མཁྱེན་བླ་མའི་གསུང་རྟིང་མནན་པའི་སྟོབས་ཀྱིས་སྒོ་མང་པས་རང་ཚོ་ཟིན་པ་བྱུང་སྟེ། ཕྱིའི་རྒྱལ་ཁམས་བསྐལ་པ་ཞིག་པ་ལྟ་བུའི་ཚེ་ཡང་གྲྭ་ཚང་འདི་མཚོ་ལ་དར་ཆགས་པ་བཞིན་བདེ་འཇགས་སུ་གནས་པ་


GTD004_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་བཀའ་དྲིན་གྱི་ཕུང་པོ་བླ་ན་མེད་པར་གྱུར། སྔོན་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་བསྟན་ཏེ། མུ་སྟེགས་སྟོན་པ་དྲུག་ལ་སོགས་པའི་སྨྲ་བ་ངན་པ་ཐམས་ཅད་ཕམ་པར་མཛད་པའི་ཚེ་ཡང་དངོས་སུ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་དེ་དག་བཏུལ་བ་བཞིན་དུ་ཀུན་མཁྱེན་བླ་མ་ཉིད་ཀྱི་འཕྲིན་ལས་ཞི་དྲག་གི་བྱེད་པོ་ཡང་རྗེ་འདི་ལ་བཀའ་བབ་པར་གཟིགས་ཏེ། ཉིན་གཅིག་མདུན་དུ་འབོད་པ་གནང་ནས། ད་ལྟ་མི་ཚོ་ཚབ་ཚུབ་ཆེ་བར་འདུག །ཁྱོད་ལ་གནས་སྐབས་གཉེར་གྱི་ལས་ཁུར་ལྕི་བ་འདུག་རུང་ཤིན་ཏུ་བསྒྲིམས་དགོས་པའི་དུས་ཡིན་པས། དེའི་སྟེང་དུ་དགེ་བསྐོས་ཡང་བྱེད་དགོས་པ་འདུག །དེར་མ་ཟད་སླར་ངེད་རྣམས་ཕྱོགས་གང་དུ་འགྲོ་དགོས་ཀྱི་ཚོད་ཀྱང་མི་ཐེང་བས་ངའི་བསམ་དོན་ཐམས་ཅད་ཁྱོད་ཀྱིས་སྒྲུབ་དགོས་ཞེས་ནང་སྦྱར་གྱི་རྒྱུ་མཚན་ཞིབ་ལྷུགས་སུ་གསུངས་པས་བཀའ་དང་དུ་བླང་སྟེ། དགེ་གཉེར་སྦྲགས་མ་མཛད། ཕྱིས་སུ་རྗེ་ཉིད་ཀྱི་གསོལ་འདེབས་བཀའ་རྩོམ་མར། འཇམ་དཔལ་ཞི་ཁྲོ་དགྱེས་བཞད་རྡོ་རྗེ་ཡི། །བཞེད་དོན་སྒྲུབ་ལ་མྱུར་མཛད་མགོན་པོ་སོགས། །བསྟན་སྲུང་དུ་མས་ལུང་བསྟན་ཆོས་ཀྱི་རྗེ། །ཞེས་གསུངས་པའི་ལུང་བསྟན་ཚུལ་ཇི་ལྟར་ཡིན་ཞུས་པ་ལ། ཞིབ་ཆ་མ་གནང་ཡང་རྫུན་དུ་མ་སོང་ཙམ་ཡོད་ཅེས་ཞལ་བཞེས་མཛད་པ་ཡང་དེ་དུས་བྱུང་བ་ཡིན་ནམ་ཞེས་དཔྱོད་ལྡན་འགའ་ཞིག་གླེང༌། དགེ་བསྐོས་ཀྱི་སྐབས་སུ་ཡང་ཐབས་མཁས་པས་སྒོ་མཐའ་དག་ནས། སྒྲིག་ལམ་གྱི་སྟེང་གནོན་ཚ་རན་སྙོམས་ཤིང་ལེ་ཤོར་


GTD004_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མཛད་པས། གྲྭ་ཚང་གཞན་རྣམས་སུ་རེ་དོགས་སྣ་ཚོགས་པས་སྡུག་སྨྲས་དང༌། གྱོད་བདལ་གྱི་གཏམ་ལས། ཆོས་ཀྱི་སྒྲ་མི་གྲག་པ་ལྟ་བུའི་ཚེ། སྡེ་འདིར་འཆད་ཉན་མེ་ལྟར་འབར་བར་གྱུར། ཉིན་གཅིག་ཀུན་མཁྱེན་བླ་མ་མཆོག་ནས། དེ་རིང་ཇོ་མཇལ་དུ་འགྲོ་གསུངས་རྗེ་འདི་སོགས་ཞབས་འབྲིང་འགའ་དང་བཅས་ཕེབས། མཆོད་མཇལ་གྱི་ཚེ་སྐུ་ཞབས་ཆོས་རྒྱལ་ལྷ་ཁང་དུ་ཕེབས་སྐབས་རྗེ་འདི་ཅུང་ཟད་རྗེས་སུ་ལུས་ནས་ཕྱིན་པས། ནང་ན་གཅིག་གིས་སྔོན་ཀླུ་མེས་དུས་ནས་ཟེར་བའི་རྒྱུ་མཚན་མང་པོ་ཞིག་བཤད་ཀྱིན་འདུག་པ་སུ་ཡིན་དགོངས་ཏེ་ནང་དུ་ཕེབས་པས་སྲོང་བཙན་གྱི་སྐུ་དེ་ཞལ་མེར་མེར་འཛུམ་ཞིང་བཞུགས་པ་གཟིགས། སླར་ཕེབས་ནས་མ་མཁྱེན་པ་ལྟར་མཛད་དེ། དེ་ནས་མང་པོ་ཞིག་གསུང་གིན་འདུག་པ་ཅི་ཡིན་ཞུས་པས། འདི་ད་རེས་ཙམ་མིན། སྲོང་བཙན་གྱི་སྐུ་འདིས་ང་ནམ་མཇལ་རེས་ཀྱིས་གསུང་འབྱོན་གིན་ཡོད་གསུང༌། འདིས་མཚོན་ཏེ་སངས་རྒྱས་བྱང་སེམས་པཎ་གྲུབ་ཆོས་སྲུང་དུ་མའི་གཟིགས་སྣང་ཐུན་མོང་བ་ཡང་མང་དུ་ཡོད་ལ། ཀུན་མཁྱེན་མཆོག་ནས་ཀྱང༌། དེ་འདྲའི་གཟིགས་སྣང་དང་སྐུ་འཕྲེང་སྔ་ཕྱི་སོགས་གསང་བའི་རྣམ་ཐར་གྱི་རིགས་རྗེ་འདི་ལ་ཅུང་ཟད་ཀྱང་སྦ་གསང་མི་མཛད་པ་ནི། རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་པའི་ཆོས་ཀྱི་བདག་པོར་ངེས་པའི་གཏན་ཚིགས་འཁྲུལ་པ་མེད་པའོ། །ཉིན་དེར་མདོ་སྨད་དུ་འབྱོན་རྒྱུའི་བསྐུལ་མ་དང་བསྟན་འགྲོའི་དོན་གྱི་ལུང་བསྟན་དུ་མ་སྩལ་བ་ཡིན་སྣང་སྟེ། དེ་ནས་མ་འགྱང་བར་


GTD004_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མདོ་སྨད་ཀྱི་སའི་ཚངས་པ་ཆེན་པོ་དགའ་ལྡན་ཨེར་ཏི་ནི་ཇུ་ནང་གིས་མི་སྣ་གཏོས་ཆེ་བ་མངགས་པ་རྣམས་འབྱོར། ཀུན་མཁྱེན་བླ་མ་མཆོག་མདོ་སྨད་ཀྱི་བསྟན་འགྲོའི་སྤྱི་དཔལ་དམ་པར་ཕེབས་དགོས་ཀྱི་ཞུ་བ་ནན་ཅན་ཕུལ་བར་ལོ་རྗེས་མར་ཕེབས་རྒྱུའི་ཞལ་བཞེས་མཛད། རྗེ་འདི་ལ་སྔར་ནས་གསུང་ཟུར་ཡང་ཡང་གནང་བ་ལྟར་ཕྱག་ཕྱིར་འབྱོན་དགོས་ཀྱི་བཀའ་ཕེབས་ཤིང༌། དེ་སྐོར་གྱི་ཉེར་བསྡོགས་འགང་ཆེའི་རིགས་རྣམས་ཁོང་ལ་གཏད་དེ་ཀུན་མཁྱེན་བླ་མ་ཉིད་ནས་དགུན་གྱི་རིང་ལམ་གྱི་གེགས་སེལ་དང༌། དགོན་པ་གསར་འདེབས་ཀྱི་དོན་ལ་དམིགས་པའི་ཐུགས་དམ་བཅད་རྒྱ་གནང༌། འབྱོན་ཁའི་ཚེ་ཕྱག་མཛོད་རབ་འབྱམས་པ་ངག་དབང་གློ་བུར་དུ་གྲོངས་པའི་རྐྱེན་གྱིས་རྗེ་འདི་ཕྱག་མཛོད་དུ་བསྐོས་ཏེ་ཕྱི་ནང་བསྟན་སྲིད་ཀྱི་བྱ་བ་ཐམས་ཅད་ཕྱག་ཏུ་གཏད། ཉིད་ཀྱི་དགོངས་པས་གང་བཅད་ལ་ཀུན་མཁྱེན་མཆོག་ནས་ཀྱང་བསྒྱུར་བཀོད་གཏན་མི་མཛད་ཅིང༌། བཀོད་ཁྱབ་གང་གནང་གི་མཚམས་ལས་དྲག་ཞན་སུ་ཡང་འདའ་མི་ནུས་པས། ལས་དོན་ཆེ་ཕྲ་ཐམས་ཅད་གྲ་འགྲིག་ཅིང་བབ་ཆགས་པ་མཐའ་རྗེས་གཙང་བས་རང་སྐྱིད་གཞན་སྨོན་གྱི་གནས་ཁོ་ནར་གྱུར། ཕེབས་ཁར་བྱང་རྩེ་མཁན་རིན་པོ་ཆེ་དགེ་འདུན་ཕུན་ཚོགས་ནས་ཉིད་ལ་ཇ་གྲལ་དང་ཕེབས་རྫོངས་ཟུར་དུ་བསྟར་ཏེ། ཀུན་མཁྱེན་བླ་མ་འདི་ནི་ངེས་པར་སངས་རྒྱས་འཇིག་རྟེན་དུ་བྱོན་པའམ། རྗེ་ཙོང་ཁ་པ་སླར་ཕེབས་པ་དང་ཁྱད་པར་མེད་མོད་ཀྱང༌། འཁོར་ཕུན་སུམ་ཚོགས་པ་གལ་ཆེ། མདོ་སྨད་དུ་ཕེབས་ན་ཡུལ་ལུགས་དང་བསྟུན་པའི་འཇིག་རྟེན་མཐུན་འཇུག །སྦྱིན་བདག་གི་ངོ་འཛིན། འཇམ་


GTD004_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

སར་འཇམ་པ། རྩུབ་སར་རྩུབ་པ། བྱ་བ་གང་ལ་ཡང་མཐའ་རྗེས་ཐོན་པ་ཞིག་བྱེད་དགོས། ལྷག་པར་ཕེབས་དོན་གྱི་གཙོ་བོ་མཆོད་ཡོན་ཐམས་ཅད་ཤུགས་ལང་ཡོད་པའི་ཐོག་འདིར་རྗེ་བླ་མའི་བསྟན་པ་ཡོངས་རྫོགས་ཀྱི་བཤད་སྒྲུབ་ཚང་བའི་དགོན་སྡེ་ཁྱད་པར་ཅན་ཞིག་གི་རྨང་གཞི་མྱུར་དུ་ཟིན་པ་གལ་ཆེ། ཞབས་འབྲིང་མང་ཡང་གཙོ་ཆེར་ཁྱེད་རང་ལ་ཐུག་ཡོད་པས། སྒྲིམས་དགོས་ཞེས་བསླབ་བྱ་རུས་པ་ཅན་མང་དུ་སྩལ། སྤྱིར་ཡང་མཁན་རིན་པོ་ཆེ་འདི་ནི་ཆོས་ཕྱོགས་ལ་འཇམ་པའི་དབྱངས་དང་ཞལ་མི་གཉིས་པར་མ་ཟད། འཇིག་རྟེན་ལ་ཡང་མེས་པོ་ཚངས་པའི་བློ་གྲོས་དང་འདྲ་བའི་སྤྱན་ལྟོས་ཀྱིས་རྗེ་འདི་ཡང་ཐམས་ཅད་ལ་མཁྱེན་པ་ཧ་ཅང་རྒྱས་པ་ཡིན་ཞེས་ངག་རྒྱུན་ལ་ཟེར། ལམ་ནས་བོད་སྐྱོང་ལྷ་བཟང་ཧན་གྱིས་ཀུན་མཁྱེན་བླ་མར་ཕེབས་རྫོང་གི་འབུལ་བ་རྒྱ་ཆེར་བཏེག་ཅིང༌། རྗེ་འདི་ལ་སྒེར་དུ་རྫོངས་ཆ་གྱ་ནོམ་པ་མཛད། སོག་ཆུ་ཁར་ཕེབས་པའི་ཚེ་ཆུ་ཤིན་ཏུ་བྲུབ་ནས། རབ་མ་ཐོད་པར་ཡོད་པ་ལ། ཀུན་མཁྱེན་མཆོག་ནས་ཕྱག་རྡོ་གནང་ཞིང་རྗེ་འདི་ལ། ཁྱོད་ནུས་པ་ཆེ་བས་ཆུ་ལ་རྡོ་རྒྱོབ་གསུངས་པ་ལྟར་ཉིད་ཀྱིས་རྡོ་ཁ་ཤས་ཆུ་ནང་དུ་འཕངས་པས། དེ་མ་ཐག་འདོམ་གང་ཙམ་བྲི་ནས་བདེ་བར་བརྒལ་ཐུབ་པ་བྱུང་བས་ཐམས་ཅད་ངོ་མཚར་དང་དད་པའི་ས་ལ་བཀོད། རིམ་གྱིས་ཕེབས་ནས་རྩེ་གཞུང་དུ་འབྱོར་མ་ཐག །ས་མོ་གླང་གི་ལོ་འདི་རྗེ་རིན་པོ་ཆེས་དགའ་ལྡན་ཕྱག་འདེབས་གནང་བའི་ལོ་ཡིན། རྟེན་འབྲེལ་གྱི་གནད་ཀྱིས་ལོ་འདིར་དགོན་པ་འདེབས་རྒྱུའི་སྐར་འཛིན་ཙམ་བྱེད་དགོས།


GTD004_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་རྒྱ་སྒར་དང་ཏོག་ཧི་སོགས་གནས་བཟང་བ་ཞིག་ཏུ་སོང་ལ་བཀྲ་ཤིས་གསོ་སྦྱོང་དང་ས་བརྟག་པ་བསླང་སོགས་གྱིས་ཞེས་རྗེ་འདི་སོགས་དགེ་བའི་བཤེས་གཉེན་ཆེན་པོ་ཁ་ཤས་གཏོང་བར་མཛད། དེའི་ཚེ་སོ་ཐར་གྱི་མདོ་འདོན་པ་པོ་ཡང་རྗེ་འདི་ལ་དམིགས་ཀྱིས་བསལ་ནས་བཀའ་ཕེབས་པ་ནི་བསྟན་པའི་རྨང་གཞི་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པའི་དགེ་མཚན་དུ་མངོན། དེར་མ་ཟད་རྒྱུན་དུ་བསྒྲུབ་བྱ་དུ་མར་བསྙེན་རྫོགས་གནང་བའི་ཚེ་ཡང་ཞབས་འབྲིང་དུ་དགེ་བའི་བཤེས་གཉེན་ཅི་ཙམ་ཡོད་ཀྱང༌། རྗེ་འདི་ལ་ལས་སློབ་བྱེད་དུ་བཅུག་པ་ནི་བསྟན་པའི་རྩ་བ་ཆོས་འདུལ་བའི་ཉམས་ལེན་དང༌། ཆོ་ག་ཕྱག་ལེན་བཤད་པའི་རྒྱུན་སོགས་ཆ་ཐམས་ཅད་ནས་བླ་མའི་ཐུགས་ཟིན་པའི་རྣམ་པར་ཐར་པ་ཤིན་ཏུ་འགང་ཆེ་བ་ཞིག་གོ །དེའི་རྗེས་མ་སོ་བརྒྱད་པ་ལྕགས་སྟག་ལ་བཀྲ་ཤིས་འཁྱིལ་དུ་དགོན་གནས་གཟིགས་པར་ཕེབས་སྐབས་ཀྱང་སྔོན་མ་ཅིག་ཡུམ་སྲས་ཀྱི་བག་ཆགས་སད་པས། རང་ཁྱིམ་ལ་སླེབ་པ་ལྟ་བུའི་སྤྲོ་ཉམས་དང་བག་ཕེབས་པ་བྱུང་སྟེ། འདིའི་གནས་ལུགས་བཤེས་གཉེན་ཆེན་པོ་རྗེ་ངག་དབང་བཀྲ་ཤིས་དང་ལྐོག་ཏུ་གསུང་འཕྲོས་ཀྱང་བྱུང་བར་སྣང༌། དེ་ནས་ཀུན་མཁྱེན་བླ་མའི་གྲགས་སྙན་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཀྱིས་ས་སྟེང་ཀུན་ཏུ་ཁྱབ་པའི་དབང་གིས་ཕྱོགས་རིས་མེད་ནས་བླ་མ་དགེ་བཤེས་དཔོན་ཆེ་ཆུང་སོགས་དབྱར་གྱི་ཆར་སྤྲིན་བཞིན་དུ་འདུས་པ་ཐམས་ཅད་ལ་འོས་བསྟུན་གྱི་གཞིས་ལེན། བླ་བྲང་འདུ་ཁང་སོགས་ཀྱི་ཨར་པོའི་བཀོད་ཁྱབ་དང་གནང་ཆ། གྲྭ་ཚང་གསར་ཚུགས་ཀྱི་བསྒྲིག་ལམ་


GTD004_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་སྙན་སྒྲོན་དང་ལས་སྣེ་རྣམས་ཀྱི་སྟེང་གནོན་ཞི་དྲག་འོས་འགབ་སོགས་མདོར་ན་ལུགས་གཉིས་ཆར་དང་འབྲེལ་བའི་ཕྱི་ནང་གི་བྱ་བྱེད་ཐམས་ཅད་ཀྱི་གཞུང་བསྲང་སྟེ་ཐབས་ཀྱི་སྒོ་གང་ཟབ་ནས་བསྒྲུབས་པས་མ་འགྱང་བར་དགོན་གནས་མཆོད་གཞིས་དང་བཅས་པའི་རྐང་ཚུགས་པ་བྱུང༌། དེ་ལྟར་ཞབས་འདེགས་ཀྱི་ལས་དོན་གཙོ་ཆེ་བ་རྣམས་རེ་ཞིག་ཚགས་སུ་ཚུད་ཅིང༌། སྐུ་ཁམས་ཅུང་ཟད་མ་བདེ་བ་དང་བཅས་ཕྱག་མཛོད་ཀྱི་ཁུར་ཕོག་སྟེ། ལོ་མང་པོའི་བར་དུ་སྐུ་མཚམས་གནང་ནས། བྱང་ཆུབ་ལམ་གྱི་རིམ་པ་དང་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་ཉིན་མཚན་ཁོར་ཡུག་ཏུ་གཞོལ་བར་མཛད་ཅིང༌། ལྷ་ཚོགས་དུ་མའི་ལྗགས་བསྙེན་ཡང་ཕལ་བའི་བློ་ཡུལ་ལས་འདས་པ་ལྟ་བུ་གནང༌། དེ་སྐབས་སུ་ཡང་ཀུན་མཁྱེན་མཆོག་ནས་སྐུ་དོན་གཞི་ཆེ་བའི་རིགས་མི་ཆེད་མངགས་ཀྱིས་དྲིས་གནང་སྟེ་དགོངས་པའི་གཏད་སོ་མཛད་པས་འཕྲིན་ལས་གདུགས་དཀར་གྱི་ཡུ་བ་ལྟ་བུར་ཡོད། དེ་ནས་ཀུན་མཁྱེན་བླ་མ་དག་པའི་ཞིང་དུ་དགོངས་པ་གཏད་མཚམས་སུ་གྲྭ་སློབ་རྣམས་ཅི་བྱ་གཏོལ་མེད་ལྟ་བུར་གྱུར་པ་ཐུགས་ཀྱིས་མ་བཟོད་པས་དགོངས་རྫོགས་སྒྲུབ་ཚུལ་སོགས་ཀྱི་བཀོད་ཁྱབ་དང་འགན་ཁུར་ཆེ་བར་བཞེས། སྐུ་གདུང་ཡིད་བཞིན་གྱི་ནོར་བུའི་མདུན་དུ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དབང་བཞིའི་བྱིན་རླབས་ཞུ་བ་དང༌། ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ནན་ཏན་མཛད། དེར་ཞག་ལྔའི་མཚམས་སུ་མནལ་ལམ་ལ་མི་མང་པོ་ཞིག་གིས་སྐུ་


GTD004_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་རིན་པོ་ཆེ་ཕེབས་ཀྱིན་འདུག་ཅེས་འུར་ལང་བས། ཉིད་ཀྱང་འབྱོན་པར་བརྩམས་པ་ན་སྡིག་པ་ར་ཙ་ཞིག་ཞབས་ལ་འཐམ་བྱུང་བ་རྡོག་རྫིས་བྱས་ནས་བསད་དེ་གཟིམ་ཆུང་ཕུགས་ལ་ཕེབས་པ་ན་སྐུ་ཞབས་མི་བཞུགས་པར་རྒྱལ་མཚན་གསར་པ་ཞིག་འདུག་པ་བརྟན་པོར་བྱས་ཏེ་སྙན་ཤལ་ཞིག་ཕུལ་ནས་འཇོག་པ་རྨིས། འདི་ནི་སླར་དམ་སྲིའི་བར་ཆད་སོགས་ཀྱི་དབང་དུ་མི་གཏོང་བར་མཆོག་སྤྲུལ་གདན་སར་ཕེབས་པའི་ཁུར་བཞེས་དགོས་པའི་ལྟས་སུ་གསལ། དེའི་རྗེས་སུ་ཡང་དགོན་པའི་སྤྱི་དོན་གལ་ཆེ་སྐབས་རེ་གཉིས་མ་གཏོགས་ལོ་གྲངས་བཅུ་སྐོར་ཙམ་གྱི་རིང་དགོན་པའི་ནང་དང་དབེན་པའི་རི་སུལ་དུ་མར་བཅད་རྒྱ་འབའ་ཞིག་མཛད། ཟབ་ལམ་རྡོ་རྗེ་རྣལ་འབྱོར་ཕུལ་དུ་ཕྱིན་པས་ཡི་དམ་གྱི་ལྷ་དུ་མ་ཞལ་གཟིགས་ཤིང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་འཕྲིན་ལས་གཡེལ་མེད་སྒྲུབ་པའི་གཡར་དམ་ཕུལ། སྐབས་ཤིག་མཚོ་སྔོན་ནང་ཞིག་གི་སྟབས་ཀྱིས་དཔོན་ཇུ་ནང་རྒྱ་ནག་ཏུ་ཕེབས། བསྟན་འཛིན་ཝང་གི་དམག་འོངས་ནས་ཇུ་ནང་གི་སྡེ་པ་དགོན་པའི་མཆོད་གཞིས་དང་བཅས་པ་ལ་རྒྱབ་པའི་དོན་དུ། ཁྲི་རིན་པོ་ཆེ་ངག་དབང་བཀྲ་ཤིས། རྗེ་འདི་དང་བཅས་པ་ཕེབས་ཏེ་བསྟན་འཛིན་ཝང་དང་ཕྲད། ཝང་ནས་ཁྱེད་ཚོ་ཇུ་ནང་གི་མཛོད་དང་སུ་རུག་གི་བདག་པོ་ཡིན་འདུག་ཅེས་མ་རངས་པའི་གཏམ་དང་དགོན་པར་དམག་འོང་རྒྱུའི་ཚིག་ཟུར་བཏང་བས། རྗེ་འདིས་འོ་ན་ཁྱོད་བསྟན་འཛིན་ག་ལ་ཡིན། བསྟན་པ་བཤིག་རྒྱུ་རེད་མོད། ངེད་རྣམས་ཇུ་ནང་ཕེབས་པའི་རྗེས་ལ་འགྲོ་མ་ཐུབ་ཀྱང་དེའི་ཤང་སུ་རུག་ལ་བདག་བྱེད་པ་བབ་འབྲེལ་


GTD004_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ངེད་ཚོའི་མི་སྡེ་སོགས་ཕྱིར་སྤྲོད་དགོས་ཞེས་ངོ་མ་བསྲུང་བར། གཞུང་བཟང་པོའི་དྲང་གཏམ་ཐལ་བྱུང་དུ་གསུངས་པས། ཝང་གིས་ཀྱང་རྗེ་འདིའི་སྐུ་དང་གསུང་གི་ཟིལ་མ་བཟོད་པས། ལན་ཚ་དྲག་ཞུ་མ་སྤོབས་པར་སླར་གྲོས་བྱེད་ཅེས་ལྷོད་བྱིན། དགུང་དེར་ཝང་ལ་ཤངས་ཁྲག་རྡོལ་ཞིང༌། ཇེ་སང་གདུག་པ་ཅན་འགའ་ཞིག་གཟེར་ཐུང་གིས་ཟིན་པས་ཁོང་རྣམས་ཀྱང་སོམ་ཉིའི་དྲ་བར་ཆུད་དེ་ཕྱི་ཉིན་ནས་བབ་ཕུལ་ཞིང༌། རུ་སྡེ་དེར་ཡོད་ཐམས་ཅད་ཕྱིར་སྤྲད་དེ་མི་མཐུན་པའི་གཡུལ་ལས་རྒྱལ་བའི་གྲུབ་པའི་མཚན་མ་མངོན་དུ་བསྟན། བསྟན་འཛིན་ཝང་ནས་གུས་འདུད་ལྷུར་བླངས་པ་ན། འགའ་ཞིག་གིས་བཀའ་ཤོག་ཅིག་ཀྱང་བླང་ན་ཞུས་པར་ཁོ་རང་ཚོ་གར་འགྲོ་ཅི་ཤེས་གསུངས་ནས་རྩོལ་བ་མ་མཛད་པ་ནི་འབྱུང་འགྱུར་རྗེན་པར་གཟིགས་པའི་གསུང་དུ་མངོན། དེ་རྗེས་ཙམ་ལ་རྒན་ཀྱ་པཎྚི་ཏས་ཀྱང་དགྲ་བསྡོང་ལག་སྦྲེལ་གྱི་རྣམ་པས། དགོན་པའི་གནས་ཀྱི་དོན་དུ་རྩོད་པ་བསླང་སྟེ་རྒྱའི་དཔོན་ཆེན་ཞིག་ཀྱང་བབ་པར། རྗེ་འདིས་ཟབ་ཅིང་བརླིང་པའི་བདེན་གཏམ་ཡིད་ལ་འབབ་པ་གཅིག་གཉིས་རེ་ཙམ་གྱིས་ཕ་རོལ་པོའི་སྤོབས་པ་རྨེག་མེད་དུ་བྱས་ཏེ་མིའུ་ཐུང་གོམ་པ་གསུམ་གྱིས་སྟོབས་ལྡན་འཛིན་མའི་འོག་ཏུ་བཅིང་བ་བཞིན་མཛད། སྐུ་ཞབས་ཞལ་མི་བཞུགས་ཤིང་སྦྱིན་བདག་རྣམས་དུས་ཟིང་གིས་འཐོར་ཏེ་གཏད་སོ་ཅི་ཡང་མེད་ལ་འགལ་རྐྱེན་རུ་འཛིང་བ་བྱུང་ཡང་ཁྲི་རིན་པོ་ཆེ་སོགས་བླ་སློབ་ཐམས་ཅད་ཀྱིས་འཆད་ཉན་གཙོར་འདོན་ལས་ཕྱི་ནང་གི་བསྟན་སྲིད་གང་ལ་


GTD004_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐུགས་གཡེང་མི་དགོས་པར། རྗེ་འདི་ལ་བློ་ཕུགས་གཏད་ཆོག་པས་བསྲུང་བ་ཁོར་ཡུག་རྡོ་རྗེའི་རི་བོ་བཞིན་དུ་བཞུགས། སྡེ་གཟར་འཇམ་མཚམས་སུ་ཇུ་ནང་ལ། ཧོ་ཤོད་ཆིན་ཝང་གི་ཐོབ་དང༌། མི་སྡེ་མདའ་ཚན་དུ་བསྒྲིགས་ཏེ་དངུལ་སྲང་ཁྲི། ནས་རྒྱ་བྱེ་ཁྲི་ཕྲག་བཅས་ཀྱི་ཕོགས་ཡོང་སྐབས། རྒྱ་དཔོན་རྣམས་ཀྱིས། དགོན་པས་ཀྱང་བླང་ཆོག་བྱས་པས། ཕལ་ཆེར་ནོར་གྱི་སྲེད་པས་དངོས་གྲུབ་ལྟ་བུར་རྩི་ཡང་རྗེ་འདིས་ལམ་ངན་གྲོག་མོར་འགྲོ་ཉེན་གྱི་དགག་བྱ་ཆེ་བར་གཟིགས་ནས་ལེན་དུ་མ་བཅུག །ལོ་དེར་ནམ་དུས་ངན་ཞིང་ཐམས་ཅད་རེ་བ་ཆེ་བས་ནས་བྲེ་ལྔ་བརྒྱ་ཙམ་བླང་ནས་ཕོགས་གནང་སྟེ། དེ་ཡང་རིན་སྤྲོད་ལེན་གྱི་ཡི་གེ་སོགས་རྗེས་གཙང་མཛད། དེ་སྐབས་ཕོགས་བླང་བའི་དགོན་པ་རྣམས་དེང་དུས་ཕོགས་འཇའ་ལུས་སུ་གྱུར་ཀྱང༌། དེ་ལ་བརྟེན་པའི་ཁྲལ་འཁྲི་རི་དྭགས་རྒྱར་ཚུད་པ་ལྟ་བུའི་སོས་མི་བདེ་བ་མཐོང་ཚེ་རྗེས་འཇུག་རྣམས་ཀྱིས་བཀའ་དྲིན་བརྗེད་དཀའ་བར་གདའ། སྐབས་སྔ་ཕྱིའི་མཛད་སྤྱོད་དེ་དག་ནི། ལྷོ་བྲག་གྲུབ་ཆེན་གྱིས། གདོང་ཐུག་དྲག་པོས་གཡུལ་ངོ་མི་བཟློག །རང་འདོད་ཆེ་བས་གཉེན་མི་འཁྱོང་། སེར་སྣ་ཆེ་བས་ནོར་མི་སོག་པས། འདུན་མ་རླབས་ཀྱིས་ཆོད། ཐབས་དང་བློ་ཁོག་སྐྱེད། ཐེག་པ་ས་གཞི་ལྟར་ཆེ་བ་གྱིས། དགོངས་པ་མཁའ་དང་མཉམ་པར་གྱིས། ཀུན་ཕན་ཉི་ཟླ་ལྟར་གྱིས། མི་འགྱུར་རི་བོ་ལྟར་གྱིས། མི་འཁྲུགས་པ་རྒྱ་མཚོ་ལྟར་གྱིས། ཞེས་ཉིད་ཀྱིས་གང་གསུངས་ཕྱག་དོན་དུ་བཀལ་བར་སྣང་ངོ༌། །ཟླ་དང་བྲལ་ལ་མཚོན་ཆ་མི་ལྡན་ཡང༌། །རྣམ་དཔྱོད་


GTD004_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་དཔུང་པ་ཆིག་རྐྱང་དེ། །རྒྱལ་བསྟན་འཛིན་བྱེད་མི་འགྱུར་ཀ་བ་དང༌། །བདུད་སྡེའི་གཡུལ་ལས་མཐར་བྱེད་རྟ་བབས་ཡིན། །དགུང་ལོ་ང་དགུ་བཞེས་པ་ལྕགས་ཕག་གི་ལོ། རྒྱུད་པ་དཔོན་སློབ་དགེ་འདུན་རྒྱལ་མཚན་ཞི་བར་གཤེགས་པས་བླ་མ་བསྐོ་བཞག་གི་མཚམས་ལ། ཁྲི་རིན་པོ་ཆེ་ནས་གྲོས་བཏབ་པ་ལྟར་རྒྱུད་གྲྭ་ཐམས་ཅད་མགྲིན་གཅིག་གི་སྒོ་ནས་གསོལ་བ་བཏབ་པར་ངས་འགྲོ་འདུག་གང་ཡང་མི་ནུས་པ་ཐམས་ཅད་ལ་རྒྱུས་ཡོད་བཞིན་དུ་དེ་ལྟར་ཟེར་ལུགས་མེད་གསུངས་ནས་ཞལ་བཞེས་མ་མཛད། འོ་ན་གསུང་ཆོས་ཉན་པར་ངེད་རྣམས་གཟིམས་ཁང་ར་བར་ཡོང་ཆོག །ད་རེས་ཁྲིར་མ་བཞུགས་ན་གྲྭ་ཚང་ཐུགས་ཀྱིས་དོར་བ་ཡིན་ཞེས་ཨུ་ཚུགས་མཐར་སྐྱེལ་ཞུས་པས་ངོ་མ་བཟློག་པར་རྒྱུད་གྲྭའི་ཁྲི་ལ་ཞབས་སེན་ཉེ་བར་བཀོད། དེ་ཡང་དགོན་པ་འདི་བསྟན་པ་ནམ་གནས་ཀྱི་བར་དུ་ཆོས་ཀྱི་འབྱུང་ཁུངས་བྱེད་དགོས་པས། སྲོལ་ངན་པ་འཛུག་མི་རུང་གསུང་སྟེ་སྐུ་ལུས་ཀྱིས་ལྕོགས་མི་ལྕོགས་ལ་མ་གཟིགས་པར་འཆད་ཉན་ཤིན་ཏུ་དམར་བ་མཛད། སྔར་འགྲེལ་པ་བཞི་སྦྲགས་མ་གསན་པས་དེ་མ་ཐག་ཁྲི་རིན་པོ་ཆེར་ཞུས་ཏེ། རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཀྱི་སྙིང་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་དགོངས་པ་བསྡུས་དོན་སེང་གེའི་ལྟ་སྟངས་ཀྱིས་སྤྱིའི་ཁོག་ཕུབ། དཀྱུས་མཆན་རུས་སྦལ་འགྲོས་ཀྱིས་ཚིག་དོན་ཞིབ་པར་བཤད། ཟུར་མཆན་དང་མཐའ་དཔྱོད་ཀྱི་མཚམས་མཚམས་ནས་ཚིག་དོན་གྱི་ཆ་ལ་དོགས་སློང་དགག་སྒྲུབ་ཀྱི་བདར་ཤ་


GTD004_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དེ་འཆད་པའི་ཚུལ་རྗེ་བླ་མའི་དགོངས་པ་དང་མཐུན་པའི་འཆད་ཉན་གནད་སྨིན་ཆ་ཚང་བ་ལོ་རེ་བཞིན་རྫོགས་པར་མཛད་པས། གདུལ་བྱའི་ཡིད་ཀྱི་ཞིང་སར་རྒྱུད་དོན་རིམ་གཉིས་ཀྱི་ས་བོན་གྲུང་པོ་ཐེབས་ངེས་པ་བྱུང༌། རྗེ་བདག་ཉིད་ཆེན་པོས་འཕྲོས་གང་ཡོད་ནས་གཡབ་སྟེ་བཤད་པ་དོན་ཆུང་བར་གསུངས་པ་བཞིན། མ་བཤད་ལོག་བཤད་ཧ་ཅང་བཤད་པ་གསུམ་པོ་སྐྱོན་ཡིན་གསུངས་ནས་འབྱམས་བཤད་ཐུག་མེད་ཀྱི་སྤྲོས་པ་མི་མཛད་ཀྱང༌། དཀའ་གནས་ཀྱི་འགག་སྡོམ་གང་ཆེ་སར་བཤད་པ་གོ་བདེ་ལ་འདུས་ཆེ་བ་རེ་མཛད་པས། བྱ་བརྒྱ་འུར་རྡོ་གཅིག་གི་དཔེ་བཞིན་གོང་འོག་ཐམས་ཅད་ལ་ངེས་པ་སྟེར་ཕུལ་ཆེ་ཞིང༌། གང་གསུང་ཡིད་ལ་འཇགས་པས་སྐྱེ་བོ་བློ་གྲོས་ཀྱི་ནོར་ཅན་རྣམས་ལྷག་པར་ཡིད་འཕྲོག་སྟེ་ཆོས་ཀྱི་རྗེས་སུ་འབྲང་བའི་མི་ལྡོག་པའི་དད་པ་བརྟན་པོ་ཐོབ། སྔར་རས་བྲིས་ལ་བརྟེན་པའི་བདག་འཇུག་ཙམ་ལས་མེད་ཀྱང༌། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་བྱེ་མ་སྙེད་ཀྱི་བསོད་ནམས་འཐོབ་པར་རྒྱུད་སྡེ་ལས་གསུངས་པས་ཕན་ཡོན་ཆེན་པོ་དང༌། དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པར་འགྱུར་བའི་གསང་སྔགས་ཉམས་ལེན་གྱི་རྩ་བ་ཞིག་ཏུ་དགོངས་ཏེ་སྨད་རྒྱུད་ལྟར་གྱིས་ཐིག་ཆོག་དང་བཅས་པའི་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་དང༌། འཇིགས་བྱེད་བཅུ་གསུམ་མ་གཉིས་ཀྱི་སྒྲུབ་མཆོད་བདུན་ཕྲག་རེ་རེ་སྟོན་ཆོས་གཉིས་པའི་སྟེང་འཆར་ཅན་དུ་བྱེད་དགོས་པའི་སྲོལ་བཙུགས། སྒྲུབ་མཆོད་སོགས་ཀྱི་གཏོང་


GTD004_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཆེ་ཕྲ་ཐམས་ཅད་ཤིན་ཏུ་སྤམ་མཐོ་ཞིང་དངོས་གཙང་བ་བྱས་པས་ཆོས་དང་ཟང་ཟིང་གཉིས་ཀའི་དགའ་སྟོན་གྱི་ཡོ་ལང་འགྲན་པ་བཞིན་དུ་གྱུར། འོན་ཀྱང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་བདག་ཉིད་ཆེན་པོར་གསུངས་པའི་ཚེ་ན་ཡང༌། འབྲས་བུ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་ལ། རྒྱུ་ཐབས་ཤེས་ཀྱི་ཉམས་ལེན་ཟུང་དུ་འབྲེལ་བ་དང༌། སྒྲུབ་པ་བར་ཆད་ཀྱི་དབང་དུ་མ་སོང་བ་དགོས་པས། ཡི་དམ་བདེ་གསང་འཇིགས་གསུམ་ཡ་མ་བྲལ་བ་དགོས་པར་གསུངས་ལ། སྔར་བདེ་མཆོག་གི་བཤད་སྒྲུབ་གང་ཡང་མ་ཚུགས་པར་འདུག་པ་ཐུགས་ཀྱིས་མ་བཟོད་པར། ཐབས་མཁས་ཀྱི་སྒོ་ནས་གླིང་བསྲེའི་བཤད་པའི་སྐབས་སུ། དོན་དམ་འོད་གསལ་གྱི་རིམ་པ་གཙོ་བོར་སྟོན་པ་རྣལ་འབྱོར་མ་རྒྱུད་སྤྱིའི་ཆེ་བ། རྣལ་འབྱོར་མ་རྒྱུད་བྱེ་བ་ཕྲག་བཅུ་དྲུག་གི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟ་བུ་འཁོར་ལོ་སྡོམ་པ་ཡིན་ཚུལ། དེ་ཡང་གནས་རི་རབ་ཀྱི་རྩེ་མོར་ཞལ་རང་རེ་ལྷོ་གླིང་འདིར་ཕྱོགས་ནས་བཞུགས་པས་དུས་མཐའ་འདིར་ལྷ་གཞན་ལས་བྱིན་རླབས་འཇུག་སླ་བའི་མྱུར་ཁྱད། ལྷག་པར་གནས་ཉེར་བཞིའི་དཔའ་བོ་དཔའ་མོ་རྣམས་དང་སྒྲུབ་པ་པོའི་ལུས་ཀྱི་ཆ་ཉེར་བཞིའི་རྩ་ཁམས་རྣམས་ངོ་བོ་དབྱེར་མེད་དུ་སྒྲུབ་ཚུལ། དེའི་དབང་གིས་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་པདྨའི་མཚོ་ལ་བུང་བ་བཞིན་དུ་འདུ་བས་དངོས་གྲུབ་ཆར་ལྟར་འབེབས་ཤིང་རྩ་ཁམས་རྣམས་བྱིན་གྱིས་བརླབས་པས་བདེ་སྟོང་གི་ཡེ་ཤེས་འཆར་སླ་བ་སོགས་ཀྱི་ཕན་ཡོན་དང༌། རྩ་རྒྱུད་དངོས་ཀྱི་དགོངས་དོན་དེ་ཉིད་བཅུ་བཞི་དང་སྦྱར་ཏེ་


GTD004_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་རིམ་པར་བསྒྲིག་ཚུལ་གྱི་བཤད་པ་མདོར་འདྲིལ་བ། ལྷ་སོ་སོའི་ཆ་ལུགས་ཀྱི་ཁྱད་པར། ལག་མཆོད་དང་རྡོ་རྗེའི་གླུ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་གནད་དུ་མ་དང་བཅས་ལེགས་བཤད་ནོར་བུའི་སྒོ་བརྒྱ་ཕྱེ་བས་ཐམས་ཅད་ངོ་མཚར་དུ་གྱུར་ཏེ་བླ་མ་འཁོར་ལོ་བདེ་མཆོག་དངོས་སུ་མཐོང་བའི་མོས་གུས་དང་རང་རང་གིས་ཀྱང་ཆོས་ཟབ་མོ་འདི་ལྟ་བུ་ཉམས་སུ་ལེན་རྒྱུ་བྱུང་ན་སྙམ་པའི་འདུན་པ་ཤུགས་དྲག་ལུས་ཀྱི་བ་སྤུ་གཡོ་བ་བྱུང༌། རྐྱེན་དེ་ཉིད་ཀྱིས་མཚམས་སྦྱར་ཏེ་རྟིང་བསྐུལ་སོགས་ལ་ཆེར་མ་ལྟོས་པར་ལོ་ཕྱི་མའི་དཔྱིད་ཆོས་གཉིས་པ་ནས་བདེ་མཆོག་ཚོགས་འདོན་དུ་ལེགས་པར་ཚུགས། དེ་ནས་བདེ་མཆོག་བསྐྱེད་རིམ་གྱི་བརྩི་བཞག་གནང་ཞིང༌། རྒྱུད་དོན་མངོན་དུ་གྱུར་པའི་བླ་མ་གོང་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གདམས་པ་མཁའ་འགྲོའི་ཁ་རླངས་ཐོལ་ལེ་བ། རྗེ་བཙུན་བླ་མ་རང་ཉིད་ཀྱི་ཐུགས་ཉམས་སུ་བསྟར་བའི་མྱོང་གྲུབ་ཀྱི་མན་ངག་དུ་མ་ལྷུག་པར་སྩལ་ཏེ་རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་བསྒྲེང་བར་མཛད། དེར་མ་ཟད་བུ་སྟོན་ཐམས་ཅད་མཁྱེན་པས་ཞྭ་ལུར་དཀྱིལ་འཁོར་མི་འདྲ་བ་སུམ་ཅུ་སྐོར་གྱི་ཆོག་གྲྭ་དང༌། རྗེ་བླ་མས་དགའ་ལྡན་དུ་སྒྲུབ་མཆོད་མང་པོ་མཉམ་དུ་བཙུགས་པའི་ཕྱག་བཞེས་བཞིན། རྒྱུད་ཁང་སྟེང་དུ་དུས་འཁོར་འཇམ་རྡོར་འཁོར་ཆེན་སོགས་ཀྱི་ཆོག་གྲྭ་ཡང་ཁུངས་བཙུན་འཛུག་པར་མཛད་པ་ནི། བསྟན་པ་ཡོངས་སུ་རྫོགས་པའི་ཁུར་བཞེས་པའི་རྣམ་ཐར་བླ་ན་མེད་པའོ། །ཀུན་མཁྱེན་གོང་མའི་དུས་ནས་ཐུགས་བསྐྱེད་ལྷན་ཅིག་པའི་རྟེན་འབྲེལ་ཤིན་ཏུ་ཟབ་པས་


GTD004_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྤྲུལ་སྐུ་དབུས་ནས་གདན་འདྲེན་ཞུ་དགོས་ཞེས་དཔོན་ཚང་ལ་གསུང་ནན་སྩལ་ཏེ་དེ་སྐོར་གྱི་སྦྱོར་བ་ཐམས་ཅད་ཀྱང་རྗེ་འདིས་ཐུགས་ཁུར་མཛད་པ་ཡིན་སྣང༌། རྒྱུད་ཁང་སྔ་མ་དངོས་ཞན་ཅིང་གོ་ཡུལ་དོག་པས་གསར་བསྐྲུན་གྱི་ཐུགས་བཞེད་བྱུང་ཡང༌། ཆ་རྐྱེན་མེད་པས་ཐེ་ཚོམ་གྱི་ངང་དུ་བཞུགས་སྐབས། དག་པའི་སྣང་བར་བཞེད་དོན་འགྲུབ་པའི་ལུང་བསྟན་བྱུང་བ་བཞིན་ལས་མགོ་བརྩམས། ཐིག་འདེབས་པའི་སར་རི་འབུར་ཞིག་ཡོད་པས་འགའ་ཞིག་འདིས་ལག་རུ་འགོག་ཅེས་གླེང་བར་ངས་བློ་རྩེ་གཏོད་ས་འདི་ཀ་ཡིན་གསུང༌། སླད་ནས་འདུ་ཁང་གི་གྱང་ས་ཐ་ན་ཀ་རྡོ་ཚུན་ཆད་གཏེར་རྡོལ་བ་བཞིན་དེའི་ཁུང་ནས་ལྷག་ལུས་མེད་པར་འགྲིགས་པས་ལས་བྱེད་རྣམས་ཤིན་ཏུ་ངོ་མཚར་སྐྱེས། ཤིང་ཆ་ཡོངས་རྫོགས་དད་འབུལ་གྱིས་འགྲིགས་ཤིང༌། མི་ཚང་སྟོབས་ལྡན་ཞིག་གིས་གཞིས་སྟོང་པའི་ནོར་རྫས་གང་ཡོད་ཉིད་ལ་ཕུལ་ཏེ་མཐུན་པའི་ཡོ་བྱད་ཀྱིས་ཕོངས་པ་མེད་པར་གྱུར། རྨི་ལམ་གསལ་པོ་ཅན་ལ་ལས་ཡུལ་གྱི་གཞི་བདག་ཐམས་ཅད་བླ་མ་སྡེ་པས་རྒྱུད་ཁང་འཕུག་པའི་གྲོགས་ལ་འགྲོ་དགོས་ཟེར་བ་རྨིས་ཏེ་དོན་ལ་གནས་པའི་རྟགས་ཡ་མཚན་པ་མང་དུ་བྱུང་འདུག་ཀྱང་བྲིར་མ་ལང༌། འདུ་ཁང་གྲུབ་པར་ཉེ་བའི་སྐབས་ཤིག་སྤེན་བད་ཀྱི་འོག་ནས་སེར་ཀ་བྱུང་བ་འཕྲལ་དུ་ཇེ་ཆེར་སོང་སྟེ་ཤོད་ཀྱི་རྐེད་ཙམ་ལ་སླེབ་པས་ཐམས་ཅད་བློ་མ་བདེ་བར་སྙན་འབུལ་ཞུས་པ་ན། ཕེབས་ནས་དེའི་མཚམས་སུ་ཕྱག་གིས་རེག །སྲུབ་འདམ་གྱིས་གཅོད་དུ་བཅུག་ནས་ད་སྐྱོན་མེད་གསུངས་པ་བཞིན་ཕྱིས་འདུ་ཁང་


GTD004_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་བསྐྱོད་ཀྱི་བར་དུ་སོར་གང་ཙམ་ཡང་ཁྱད་མ་ཞུགས་པ་ནི་བདེན་ཚིག་གྲུབ་པའི་མཚན་མར་སྣང༌། དེ་ལྟར་ཐོག་མའི་དུས་ཀྱི་ལུང་བསྟན་བཞིན་ཆོས་སྲུང་རྣམས་ཀྱིས་རྒྱུད་བསྐུལ་ཏེ་མི་དང་མི་མ་ཡིན་མཐའ་དག་གིས་མཐུན་སྒྲུབ་ལྷུར་བླང་བས། མ་འགྱངས་པར་འདུ་ཁང་ཀ་བ་ཉི་ཤུའི་སྟེང་ཤོད་ཡོངས་རྫོགས་དང་སྒོ་འཕྱོར། ཕུགས་ཀྱི་གཙང་ཁང་བཞི་ཐོག་སྤེན་བད་དང་བཅས་པ། ནང་དུ་འཇིགས་བྱེད་མགོན་ཆོས་རྣམས་ཀྱི་ལྡེམ་སྐུ་ཐོག་ཚད། ཐུབ་དབང་གི་སྐུ་དེ་མཚུངས་ལ་རིགས་ལྔ་ཡུམ་བཞིས་བསྐོར་བ་རྣམས་ཕྱག་ཚད་དང་ལྡན་ཞིང་རིང་བསྲེལ་རྣམ་བཞིས་བྱུར་བུར་གཏམས་པ་དང༌། གཞན་ཡང་རྒྱལ་བའི་བཀའ་འགྱུར་རོ་ཅོག་སོགས་སྐུ་གསུང་ཐུགས་ཀྱི་རྟེན། མདོ་ཕུགས་གཉིས་ཀར་གང་དགོས་ཀྱི་མཆོད་རྫས་ཡོ་བྱད་ཆ་ཚང་བ་ཚོན་རྩི་ལྡེབས་རིས་དང་བཅས་པ་ཁྱད་དུ་འཕགས་པ་ཉེ་ཞོ་མེད་པར་གྲུབ། སྤྱན་དབྱེའི་ཆོ་ག་རྒྱས་པར་བྱས་ཏེ་དམ་ཡེ་དབྱེར་མེད་དུ་བསྒྲུབས་པས་བྱིན་རླབས་ཀྱི་གཟི་འོད་འབུམ་ཕྲག་དུ་མས་འཇིག་རྟེན་ཀུན་ཏུ་ཁྱབ་པར་མཛད། ཉིན་གཅིག་ཆོས་རྒྱལ་གྱི་སྐུ་རིམ་པས་མདུན་དུ་བསྒུར་ནས་འོང་བས་མགོན་ཁང་པ་རྣམས་རྟབ་རྟབ་པོར་གྱུར་ཏེ་འཕྲལ་དུ་ཞུས་པར། དེ་མ་ཐག་ཕེབས་ནས་འཕྲིན་བཅོལ་མཛད་ཅིང་ལྕགས་ཐག་གིས་བརྟོད་དེ། ངས་འདི་ལ་འབྲས་སྤུངས་ཀྱི་ཆོས་རྒྱལ་ལྕགས་ཐག་མ་འདྲ་བ་ཞིག་འོང་དུ་རེ་བས་འདོད་དོན་འགྲུབ་པ་ཡིན་གསུངས་དགྱེས་ཚོར་དཔེ་མེད་མཛད། མཆོད་མཇལ་ཞིག་གི་ཚེ་ལྷ་མོའི་ལྡེབས་རིས་ལ་སྙན་ཤལ་ཕུལ་བ་ཕྱག་གིས་བཞེས། ཕྱིས་ལོ་གྲངས་བདུན་ཅུ་སྐོར་གྱི་མཚམས་


GTD004_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཙང་ཁང་ཞིག་གསོས་ཀྱི་སྐབས་སྙན་ཤལ་དེ་ཐོག་མར་ཤིང་སོགས་ཀྱིས་བསྒུལ་བསྐྱོད་བྱས་ཀྱང་མ་ལོན་འདུག་པ། རྗེས་སོར་ངེད་ཅག་རྣམས་ཀྱིས་ཨརྒའི་ཆོ་ག་བྱས་གྲུབ་པའི་མཚམས་ཤིག་ལ་རྐྱེན་ཅི་ཡང་མེད་པར་མཆོད་ཁྲིའི་སྟེང་དུ་ལྷུང་སྣང་བས་ཐམས་ཅད་ལྷག་པར་ཡིད་ཆེས་པ་བྱུང༌། གྲྭ་ཁང་རྟེན་བརྟེན་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་རླབས་པོ་ཆེའི་སྐབས་དེར་ཡང་ཐུགས་དམ་རྒྱུན་འཁྱེར། ཆོས་འཆད་ཉན། བསྒྲིགས་ལམ་གྱི་རྟིང་ནོན། དོན་གཉེར་ཅན་སོ་སོའི་མོས་པ་བཞིན་གྱི་ཆོས་བཀའ་དུ་མ་སོགས་བསྟན་པའི་བྱ་བ་སྒོ་ཐམས་ཅད་ནས་བསྒྲུབས་ཤིང༌། ཁྱད་པར་སྐབས་ཤིག་ནས་བཟུང་ཁྲི་རིན་པོ་ཆེ་སྐུ་བསྙུན་གྱིས་ཟིན་པས་ལོ་ངོ་གཉིས་ཙམ་སྨོན་ལམ་གསུང་ཆོས་གསོ་སྦྱོང་གཏོར་རྒྱག་སོགས་ཚོགས་ཆེན་བླ་མའི་གནང་སྒོ་ཕལ་ཆེར་ཡང་ཉིད་ནས་མཛད་དགོས་བྱུང༌། སྤྱིར་ཀུན་མཁྱེན་བླ་མའི་འཕྲིན་ལས་དང་གདན་ས་འདིའི་ཆོས་སྲིད་མཐའ་དག་ལ་བཀའ་དྲིན་བསམ་ལས་འདས་ཤིང༌། ལྷག་པར་ཡང་གསང་ཆེན་བསྟན་པའི་བཀའ་བབ་ཀྱི་དབང་གིས་རྒྱུད་གྲྭ་སྔར་མྱུ་གུ་ཐོན་ཙམ་ལས་མེད་པ་སྡོང་པོར་ལོང་བ་ནི་རྗེ་འདི་ཁོ་ནའི་བཀའ་དྲིན་ཡིན་ནོ། །གང་ཐུགས་དཀྱིལ་འཁོར་བྱེ་བ་སྤྲོ་བསྡུའི་སྒོ། །མགྲིན་པ་ལུང་རིགས་སྒྲ་སྙན་ཆོས་ཀྱི་སྒོ། །ཕྱག་ནི་མི་ཟད་གཏོང་བ་ཡངས་པའི་སྒོ། །སྒོ་གསུམ་ཕྱེ་བ་བསྟན་པའི་ལྷ་ཁང་ཡིན། །རྒྱལ་བྱེད་ཚལ་གྱི་འཛིན་མར་བཏབ་པའི་ཐིག །རྒྱལ་ཚབ་མགོན་གྱི་མདུན་སར་སྣང་བ་བཞིན། །རིག་འཛིན་


GTD004_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བའི་དགའ་ཚལ་བསྐྲུན་པ་ཡིས། །རིགས་ཀུན་བདག་པོའི་གཞལ་ཡས་མངོན་པར་གྲུབ། །དེ་ནས་ཁྲི་རིན་པོ་ཆེ་སྐུ་འདའ་ཁར་ཡང༌། རྗེ་འདི་ལ་ཁྱེད་ཀྱི་སྐུའི་ལྕོགས་རིང་རྒྱས་པའི་གཏོར་སྒྲུབ་དང༌། ལྕགས་མཁར་གཉིས་མ་ཆག་པ་གྱིས་ཞེས་དེ་རྗེས་ཁྲིར་བཞུགས་རྒྱུ་གཞིར་བཞག་ནས་གསུངས། འགའ་ཞིག་གིས་ཞུས་པ་ལ་ཡང༌། ངེད་ལས་ལྷག་པ་ཨ་ལག་བླ་མ་ཚང་ཡིན་མོད། ཁོང་ལ་གསོལ་བ་བཏབ་ན་ཁྱེད་ཚོ་ཐམས་ཅད་ལེགས་པོ་འོང་གསུངས། འོན་ཀྱང་བདུད་ཀྱི་གཉེན་དུ་གྱུར་པའི་སྐྱེ་བོ་སྲིན་བྱ་གོས་སེར་ཅན་འགའ་ཞིག་གིས། དཔལ་ལྡན་གསང་བའི་བདག་པོའི་མཐུ་སྟོབས་ཉི་མ་འབར་བའི་གདེངས་ཀ་མངོན་དུ་འཆར་བ་མ་བཟོད་པར་དོན་མེད་པའི་འཆལ་གཏམ་ཐན་སྐད་འུག་པའི་ཧུང་སྒྲ་སྣ་ཚོགས་བསྒྲགས་པ་ན། ཁྲི་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་སྐྱོ་སྟེ། ངས་ལུགས་གཉིས་ཀྱིས་དེ་ཙམ་བསྐྱངས་པའི་དྲིན་གཟོ་མེད་ཀྱང༌། སྐབས་འདི་ལ་ཐུག་ནས་སེམས་རྩ་དཀྲུགས་པ་ཨང་ཞེས་གཏིང་ནས་ཞེན་པ་ལོག་སྟེ་དག་པའི་ཞིང་དུ་གཤེགས། འོན་ཀྱང་དགེ་འདུན་མང་གིས་ཁྲི་རིན་པོ་ཆེའི་གསུང་སྟེང་བཞིན་འདུན་པ་ཆིག་དྲིལ་གྱིས་གསོལ་བ་ཡང་ཡང་བཏབ་ཅིང༌། མིའི་དབང་མོ་རྣམ་རྒྱལ་སྒྲོལ་མ་ཆེད་གཏད་ཀྱིས་ཕེབས་ནས་ཞུ་བ་ནན་ཆེར་ཕུལ་བས་ཞལ་བཞེས་མཛད། དགུང་ལོ་རེ་དྲུག་པ་ས་རྟའི་དབྱར་ཆོས་ཀྱི་ཐོག །རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་འདི་ཉིད་ཀྱི་ཆོས་ཁྲིར་མངའ་གསོལ་ཏེ་འདུས་པ་རྒྱ་མཚོའི་མགོན་དུ་གྱུར། སྤྱི་སྒེར་མཐའ་དག་གིས་ལེགས་འབུལ་རྒྱ་ཆེ་བ་བསྟར། རྒྱུད་པའི་


GTD004_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གནང་སྐབས་ཆོས་གྲྭའི་ལམ་ནས་ཡང་ཡང་སྐུ་ངལ་གསོ་དགོས་པ་ཞིག་ཡོད་ཀྱང༌། ཕྱིས་ཟོར་ཡང་དུ་སོང་སྟེ་ཚོགས་ཆོས་གྲྭ་གང་ལ་ཡང་ཕེབས་བཞུད་ཐོགས་པ་མེད་པས། ཐམས་ཅད་ཀྱིས་སྐྱེས་བུ་དམ་པ་ཐུགས་ཀྱི་འཕེན་པ་མ་གཏོགས་དགུང་ལོ་སོགས་ལ་ལྟོས་པ་མེད་ངེས་སུ་འདུག་ཅེས་ཡ་མཚན་དུ་གྱུར། རྗེ་འདིའི་ལུགས་གཉིས་ཀྱི་མཛད་པ་གང་ལ་ཡང་མགོ་མཇུག་མཚུངས་ཤིང་བབ་སྙོམས་པ་ཞིག་སྣང་བ་ནི་རང་བཞིན་ལྟ་བུ་ཡིན་པས་བརྩི་བཞག་འཆག་མེད་གནང་ཡང༌། མང་ཉུང་རྒྱས་བསྡུས་འཚམ་པ་མཛད་པར་འགའ་ཞིག་གིས་ཁྲི་རིན་པོ་ཆེའི་བརྩི་བཞག་ལྟ་བུ་མི་འོང་འདུག་ཟེར་བ་གསན་ནས། ཆོས་ཐོག་གཅིག་ལ་འཛིན་གྲྭ་བཅུ་གཉིས་པོ་རེ་རེ་ལ་ཤོག་བུ་བཞི་བཅུ་སྐོར་རེ་བཏང་བས་ཕལ་ཆེར་གྱིས་རྗེས་ཟིན་དཀའ་བར་སོང༌། ལམ་རིམ་གྱི་གསུང་བཤད་སོགས་ཀྱང༌། བློ་གྲོས་ལྡན་ལ་ཟབ་རྒྱ་ཆེ། །བློ་ཆུང་གོ་སླ་བཟུང་བདེ་བ། །ཞེས་པ་ལྟར་འཆད་ཚུལ་མཁས་པའི་དབང་གིས་བློ་མཐོ་དམན་ཀུན་གྱིས་གོ་བདེ་ཞིང༌། དོན་གྱིས་ཟབ་གནད་ཚང་བས་གོ་བ་སྟེར་ཕུལ་ཆེ་བ། ཚིག་གི་ན་ཡམ་ཙམ་མ་ཡིན་པར་མྱོང་སྟེང་དུ་བསྐོར་ཏེ་གནང་བས་ཐམས་ཅད་བློ་སྣ་བསྒྱུར་ཐུབ་པ་བྱུང༌། སྐབས་དེར་གྲྭ་ཚོགས་འཕེལ་རྒྱས་ཆེ་ཞིང༌། འཆད་ཉན་ཡང་ཉིན་སྐྱེད་ཞག་སྐྱེད་ལྟ་བུ་བྱུང་བས། སྔར་ཅལ་རྒྱུག་གི་རྗེས་སུ་འབྲང་ནས་མི་གུས་པ་ཕལ་ཆེར་ལ་ཡང་དད་པ་ཐུན་མོང་མ་ཡིན་པ་སྐྱེས། མདོ་སྔགས་གང་ལ་དོགས་པ་ཞུས་ཀྱང་དཀའ་གནས་རྣམས་ལྷག་པར་


GTD004_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཆ་མཛད་པས། མཁས་རློམ་གྱི་སྐྱེ་བོ་སུ་ཡང་རྗེ་འདིའི་དྲུང་དུ་སླེབ་པའི་ཚེ་སྨྲ་བའི་མགོ་འཕང་བསྟོད་ནུས་པ་འགའ་ཡང་མེད་དོ། །རིགས་གྲྭས་མཚོན་པའི་གཏོང་སྒོ་ཆེ་ཕྲ་ཐམས་ཅད་ཀྱང་ཆ་མཚུངས་ཤིང་དགེ་འདུན་གྱི་ཆ་རྐྱེན་དུ་འགྲོ་ངེས་མཛད་དེ་ལུགས་གཉིས་ཆར་ནས་བཀའ་དྲིན་ཟླ་མེད་པ་བསྐྱངས། དེ་ལྟར་སྐུ་ན་ཤིན་ཏུ་སྨིན་ཡང་འཆད་ཉན་གཏོང་སྒོ་སོགས་ཆོས་སྲིད་མཐའ་དག་གི་ཁུར་འཛིན་པ་ལ་སྐྱོ་ངལ་མེད་པ་ནི་ཐུགས་རྗེའི་གཞན་དབང་དུ་གྱུར་པའི་རྣམ་པར་ཐར་པ་ཡིན་ལ། ནུས་པའི་ཡོན་ཏན་ཆོས་སྐྱོང་བྲན་དུ་བཀོལ་བའི་ཚུལ་སོགས་ཐོར་བུ་གོང་དུ་སོང་ཟིན་ཅིང༌། གཞན་ཡང་འཆི་ནད་ཀྱིས་ཐེབས་ཏེ་མོ་སྨན་མཐའ་དག་གིས་བོར་ནས་ཉིད་ལ་སྐྱབས་བཙལ་བ་འགའ་ཞིག་ལ་ཁྱོད་ད་རེས་འཆིར་མི་འཇུག་ཅེས་ཐོག་མ་ནས་ཞལ་གྱིས་བཞེས་ཏེ་ཕྱག་དོན་དུ་བཀལ་བ་དང༌། ཀླུ་གདོན་གདུག་པ་ཅན་ཞིག་གིས་གཙེས་ནས་མི་མང་དུ་ཤི་བའི་སར་ཕེབས་ཏེ། རིམ་གྲོ་མཛད་པས་གཟུགས་དངོས་སུ་བསྟན་ཅིང་དམ་ལ་བཏགས་པས་ཤི་ཁ་ཆོད། ཕ་རོལ་ནུས་ལྡན་འགའ་ཞིག་གིས་རྦད་པས་གཟའ་བདུད་གཟུགས་དངོས་སུ་བསྟན་ནས་འོངས་ཏེ་གཟིམས་ཁང་ཉེ་འཁོར་དུ་ཞག་གཅིག་བསྡད་ཀྱང་གནོད་པ་མ་ཐེང་བར་སླར་ལོག །གཏོར་རྒྱག་ཞིག་གི་ཚེ་འཚུབ་ལྟས་ཀྱི་རྣམ་པས་མདུན་ནས་མེ་ལྕེ་ཚུར་ལོག་པས་སྐུ་རྒྱབ་ངོས་ཀྱི་ཐག་རིང་པོར་ཡོད་པའི་དངོས་པོ་དུ་མ་བསྲེག་ཀྱང༌། སྐུ་དངོས་ལ་མེའི་དཀྱིལ་ནས་གནོད་པ་ཅུང་ཟད་མ་བྱུང༌། གླིང་བསྲེའི་སྐབས་བཞུགས་ཁྲི་མཐོན་པོའི་སྟེང་ནས་གསོལ་དཀར་རྡོ་མཐིལ་གྱི་སྟེང་དུ་བརྡབ་པ་ཐིང་སྒྲ་


GTD004_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་རྒྱང་རིང་པོར་སོང་ཡང་སྣད་མ་ཞུགས་པར་རྡོ་ལ་རྗེས་གསལ་བར་བབ་པ་སོགས་གྲུབ་པའི་མཚན་མ་ཆེས་མང་ཡང་ཞིབ་ཏུ་བྲི་བར་མ་ལང༌། གཙོ་བོར་གྱུར་པ་ནག་ཕྱོགས་བདུད་རིགས་ཀྱི་གཡུལ་ངོ་བཅོམ་སྟེ་བསྟན་པའི་རྒྱལ་མཚན་བསྒྲེང་བའི་ཚུལ་ནི། ཀུན་མཁྱེན་མཆོག་གི་སྤྲུལ་སྐུའི་སྐོར་ལ། ཡིད་སྲུབ་ཀྱིས་རྒྱུད་བརླམ་པ་མང་བོས་འཐེན་འཁྱེར་སྣ་ཚོགས་ཀྱིས་ཟིང་ཆ་བསླང་སྟེ། གྲྭ་རིགས་ཕྱོགས་གཉིས་སུ་ཆད་ཅིང༌། ཡུལ་དུས་ལ་ལྟོས་པའི་ཁ་དྲག་དུ་མ་ཡང་མི་མཐུན་པའི་ཕྱོགས་སུ་འཁོར་ཏེ། བདུད་ལས་ཀྱི་ལེའུ་ནས་འབྱུང་བའི་སྦྱོར་ངན་མཐའ་དག་ལྷག་དང་བཅས་ལག་ལེན་དུ་བཏབ་པས་འགལ་རྐྱེན་རུ་འཛིང་བ་ལྟ་བུ་བྱུང༌། གཞན་ཞིག་ཡིན་ན་མཆོག་སྤྲུལ་གདན་འདྲེན་ལྟ་ཞོག་དགོན་གནས་ཆག་འཇིག་གི་ཚོད་དུ་སོང་ཡང༌། གྲུབ་པའི་དབང་ཕྱུག་ཉིད་ནས་ཅུང་ཟད་ཀྱང་བག་ཚ་བ་མེད་པར་རང་ཚུགས་བཟུང་སྟེ། ཞལ་ནས་ཀྱང་ཁྱོད་རེ་གཉིས་སྨོན་ལམ་ལོག་པར་བཏབ་ནས་འོང་བ་ཡིན་འདུག་སྟེ། ང་ཡང་ཁྱེད་ཅག་གི་གཉེན་པོར་སྨོན་ལམ་བཏབ་ནས་འོང་བ་ཡིན། དགོན་སྡེ་འདི་སླར་བསྟན་པའི་འབྱུང་ཁུངས་བྱེད་དགོས་པས་ང་ལོ་ཇི་ཙམ་རྒས་ཀྱང་འདི་བསྟན་པའི་བདག་པོ་ཞིག་གི་ཕྱག་ཏུ་མ་སྤྲད་བར་དུ་འཆི་རྒྱུ་མིན། ཁྱོད་ཚོས་སྣ་ཚོགས་ཤིག་བསམ་འདུག་ཀྱང་མི་འགྱང་བར་ཆོས་སྲུང་དམ་ཅན་རྣམས་ཀྱིས་རྟགས་བསྟན་ཡོང་ཞེས། བཙན་བརྗིད་བརླིང་བའི་ཚོགས་གཏམ་ཁ་ཤས་གནང་སྟེ་ནག་ཕྱོགས་སྤ་བཀོང་ཞིང་གཟུར་གནས་རྣམས་ལ་སྤྲོ་བ་བསྐྱེད། ཚོགས་གཏམ་རེ་གནང་རྒྱུའི་སྔ་དགུང་ཕ་རོལ་


GTD004_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁ་ཅིག་ལ་བུད་མེད་དྲེའུ་ཞོན་པས་བསྡིགས་པ་དང༌། གླང་སྔོན་པོ་འཇིགས་སུ་རུང་བས་བདས་པ་སོགས་ངེས་ཅན་དུ་རྨི་བ་འབྱུང་བས་རེ་དོགས་དང་སོམ་ཉིའི་དྲ་བར་ཚུད་ཀྱང༌། ལས་ཀྱི་དུག་ཆུས་མྱོས་པས་རང་གི་འདི་ཕྱི་གཉིས་ཀ་གཏན་བརླག་མ་བྱས་བར་དུ་སྦྱོར་བ་ངན་པའི་འཕྲོ་མ་བཏང་བར་སྣང༌། དེ་མཐུན་སྤྲུལ་སྐུའི་སྐོར་དབུས་སུ་ལྷ་དང་བླ་མར་ལུང་ཞུས་མངགས་པ་ཡང་ཕྱིར་འབྱོར་པས་ལུང་བསྟན་ཐམས་ཅད་དགོངས་པ་མཐུན་ཞིང༌། ལྷག་པར་གནས་ཆུང་དང༌། དགའ་གདོང་གཉིས་ནས་གངས་ཅན་འགྲོ་བའི་མགོན་པོ་བསྟན་པ་ཐམས་ཅད་ཀྱི་བདག་པོ་མྱུར་དུ་གདན་སར་ཕེབ་ཅིག །ཁྱོད་མི་མཐུན་པར་བྱེད་མཁན་ཚོ་ལ་ཆུ་སྲིན་གྱི་སྡེར་མོ་བཏབ་ཡོང་ཞེས་གྲུབ་པའི་དབང་ཕྱུག་གི་གསུང་རྟིང་དངོས་སུ་མནན་པས་ཐམས་ཅད་འཇིགས་ཆུམ་གྱིས་སོང༌། ལར་དེང་དུས་ཤིན་ཏུ་སྙིགས་མར་སོང་བའི་དབང་གིས་ཡོངས་གྲགས་ཧང་འགྲོས་དང་བསྟུན་པའི་བསྒྲིགས་མ་འབའ་ཞིག་གི་སྟེང་ནས་འགྲོ་བར་འདུག་ཀྱང་དེ་སྐབས་ཆོས་སྐྱོང་གཉིས་ནས་རྒྱལ་དབང་ཐམས་ཅད་མཁྱེན་པ་ལྟ་བུའི་ཆེ་བརྗོད་མཛད་པ་ནི། ངེས་པའི་དོན་དུ་བསྟན་པའི་བདག་པོར་འགྱུར་བར་དགོངས་པའི་གསུང་དུ་སྣང༌། དེ་ནས་ལུང་ཞུས་ཀྱི་ཡི་གེ་རྡོ་བཅལ་ཆེན་མོར་ཁྲོམ་བསྒྲགས་སུ་བྱས་པའི་ཞག་གཅིག་པོ་དེའི་ཁོངས་སུ་དཀྲུགས་ཤིང་བྱེད་མཁན་གཙོ་བོ་རྣམས་གནས་ནས་ཕྱུང༌། དེའི་རྗེས་སུ་ཕྱོགས་པ་རྣམས་ལ་ཡང་བསྒྱུར་སྦྱངས་གནད་ཐོག་ཏུ་འཕྲོད་པ་བཏང་ཞིང་ཆད་ལས་འོས་འགབ་ཀྱི་སྒོ་ནས་སླད་ཀྱི་བསྡམ་ར་རྗེས་གཙང་མཛད་དེ་རྩོད་པ་ཆོས་ཕྱོགས་སུ་ཞི་བས་དཀར་འཇམ་ཡུག་གཅིག་ཏུ་བཏང༌། ཡུལ་མདོ་སྨད་ཀྱི་


GTD004_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

མ་ག་དྷ་བཟང་མོ་རྣམ་རྒྱལ་སྒྲོལ་མ་སྐུ་འདས་ཤིང༌། དེ་ནས་མ་ཅིག་གི་ལུང་བསྟན་ལྟར་མཐུན་རྐྱེན་དང་འགལ་རྐྱེན་རེས་མོས་ཀྱི་ཚུལ་དུ་གྱུར་པས་དཔོན་བློན་ཕལ་ཆེར་རང་འདོད་མར་གྱི་བཤོས་བུ་རེ་བསླང་བ་ཡང་རྗེ་འདིའི་མཐུ་སྟོབས་ནུས་པའི་མེ་འོད་ཀྱིས་གདུངས་པས་དགོངས་བཞེད་མར་མེའི་གོང་བུ་གཅིག་ཏུ་འཁྱིལ་དགོས་པ་བྱུང༌། སྐྱབས་མགོན་མཆོག་གི་སྤྲུལ་སྐུ་གདན་འདྲེན་སྐབས་སུ་ཕྱོགས་སོ་སོར་བརྡའ་འགྲེམ་གྱིས་མདོ་སྨད་ལྷོ་རྒྱུད་ན་གནས་པའི་ཆེ་དགུ་མཐའ་དག་བསྡུས་ཏེ་བསུ་བའི་བཀོད་པ་དང༌། ཚ་བབ་ཞག་བབ་སོགས་ཀྱི་གྲ་སྒྲིགས། ཕེབས་ལམ་བཅོས་རྒྱུ་སོགས་ཕྱོགས་འདིར་སྔར་མ་གྲགས་པ་ལྟ་བུའི་བཀོད་ཁྱབ་ཆེན་པོའི་ལུགས་སྲོལ་དང་མཐུན་པར་མཛད། འཁྲུངས་ཡུལ་གྱི་སྐྱེལ་མ་རྣམས་ལ་ཟུར་ཕོགས་ལྟ་བུར་རྟ་ཕོ་ལྔ་བཅུ་སོགས་གནང་ཆ་སྤམ་མཐོ་བ་དང༌། གཞི་བྱེས་ཀུན་ལ་དགའ་སྟོན་རྒྱ་གང་ཆེ་བསྟར། སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་ནས་ཀྱང་བཀའ་ཆོས་སོགས་མཛད་པ་མཐའ་དག་བསམ་གྱིས་མི་ཁྱབ་པ་ཀུན་མཁྱེན་གོང་མ་ཇི་ལྟ་བ་བཞིན་བསྟན་པས་སྐྱེ་བོ་ཐམས་ཅད་དད་པའི་ས་ལ་བཀོད། དེའི་དབང་གིས་རྗེ་འདི་ལ་ལྷག་པར་ཡིད་ཆེས་ཀྱི་དད་པ་དང༌། བཀའ་དྲིན་དྲན་པའི་གུས་པ་ལྷུར་བྱེད་པ་བྱུང་བ་ནི་རྣམ་དཔྱོད་ཅན་རྣམས་ཀྱི་སྤྱི་སྲོལ་དང་མཐུན་ནོ། །ཉིད་ནས་ཀྱང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་སྐུའི་རྣམ་པ་ཙམ་བརྗེས་ཏེ་ཕེབས་པ་ལ་ཆོས་སྲིད་མཐའ་དག་གྲྭ་མ་ཉམས་པར་འབུལ་རྒྱུ་བྱུང་བས་འདོད་དོན་ཐམས་ཅད་གྲུབ་པ་ཡིན་ཞེས་དགྱེས་ཚོར་བླ་ན་


GTD004_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མཛད། དགུང་ལོ་དོན་གཉིས་པ་ལ་ད་ནི་མཆོག་སྤྲུལ་རིན་པོ་ཆེའི་མཛད་འཕྲིན་ལ་མཇལ་ཁ་ཞུས་ཏེ་ལོ་གཉིས་གསུམ་ཞིག་སོས་བདེར་སྡོད་རྒྱུ་ཡིན་གསུངས་ནས་ཁྲིའི་དགོངས་པ་ཞུས་ཏེ་ཟུར་བཞུགས་མཛད། དེ་ནས་ཤས་ཆེར་བཅད་རྒྱ་གནང་སྟེ་ཟབ་གསང་རྡོ་རྗེའི་རྣལ་འབྱོར་ལ་གཅིག་ཏུ་གཞོལ་བས་རིམ་གཉིས་ཀྱི་དགའ་སྟོན་མཆོག་ལ་ཡོངས་སུ་གཞོལ། མཚམས་མཚམས་སུ་སྐྱབས་མགོན་མཆོག་གི་དྲུང་དུ་ཕེབས་ནས། ཆོས་ཀྱི་གསུང་གླེང་མཛད་ཅིང་བསྟན་འགྲོའི་དོན་རྒྱ་ཆེ་བ་གནང་ཚུལ་གྱི་ཞལ་གདམས་གནད་ཆེ་བ་དུ་མ་སྙན་སྒྲོན་ཕུལ། སྐྱབས་མགོན་མཆོག་ནས་ཀྱང་རྗེ་འདིའི་གང་གསུང་ཚད་མར་མཛད་དེ། ཕྱིས་དུས་འཁོར་གྲྭ་ཚང་གསར་འདེབས་དང་འཆམ་ཆེན་འཛུག་སྐབས་སོགས་འགང་ཆེ་བ་དུ་མ་སྡེ་ཁྲི་རིན་པོ་ཆེའི་ཞལ་བཀོད་ཡིན་ཞེས་དོ་གལ་ཆེ་བར་གནང༌། གསུང་འཕྲོས་གཞན་ལ་བསྙད་ནས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་གྱི་ས་སྟེང་ཀུན་ཏུ་འཕྲིན་ལས་ཀྱིས་ཁྱབ་པར་ལུང་བསྟན་པ་སོགས་ཀྱང་ཕྱི་ནས་རིམ་པ་བཞིན་རྒྱ་མཚོའི་རླབས་ལྟར་ཅུང་ཟད་ཡོལ་བ་མེད་པར་དོན་སྟེང་དུ་ཁེལ་བས་བློ་གྲོས་ཅན་རྣམས་ལྷག་པར་ཡིད་ཆེས་པ་བྱུང་སྟེ་བདག་ཉིད་ཆེན་པོ་འདི་ནི་འབྱུང་འགྱུར་མཐའ་དག་རྗེན་པར་གཟིགས་པའི་ཡེ་ཤེས་ཀྱི་སྤྱན་མངའ་བ་ཞིག་ཏུ་ཐེ་ཚོམ་མི་འདུག་ཅེས་བསྔགས་པའི་རྒྱུད་མངས་བསྒྲེང་བ་ལ་བརྩོན་པར་གྱུར། མདོར་ན་ཀུན་མཁྱེན་བླ་མའི་སྐུ་འཕྲེང་སྔ་ཕྱི་གཉིས་ཀའི་འཕྲིན་ལས་ཀྱི་བྱེད་པོ་ཡིན་ནའང༌། ལྷག་པར་སྐུ་འཕྲེང་ཕྱི་མ་སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་


GTD004_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ནས་ཀྱི་ཐོག་མཐའ་བར་གསུམ་ཀའི་མཛད་བཟང་ཐམས་ཅད་ཀྱི་རྩ་བ་གཅིག་པུར་གྱུར་པ་ནི། སྔོན་ནས་ཐུགས་བསྐྱེད་ལྷན་ཅིག་པའི་ལེགས་སྨོན་གྱིས་ལུ་གུ་རྒྱུད་དུ་འབྲེལ་བའི་རྟེན་འབྲེལ་གྱི་དབང་ཁྱད་པར་ཅན་ཞིག་ཡིན་ཏེ། མ་ཅིག་གི་ལུང་བསྟན་དུ། སྟོང་སྡེ་ངག་གི་དབང་ཕྱུག་དང་གྲོལ་སྡེ་རྒྱལ་བའི་འབྱུང་གནས་གཉིས་ནི་ར་དང་ཁྲི་ཞེས་བྱ་བའི་ཡུལ་དུ་འབྱུང་བར་གསུངས་པས་ར་ཞེས་པ་སྣང་རར་ངོས་བཟུང་སྟེ་སྐྱབས་མགོན་རྡོ་རྗེ་འཆང་ཉིད་སྟོང་སྡེ་ངག་གི་དབང་ཕྱུག་གི་སྐྱེ་བར་འཁྲུངས་རབས་བཀའ་རྩོམ་དུ་ཞལ་གྱིས་བཞེས་ཤིང༌། གྲོལ་སྡེ་རྒྱལ་བའི་འབྱུང་གནས་ནི་རྗེ་འདི་ཡིན་ལ། ཁྲི་ཞེས་པ་ཁྲི་ཀར་ངོས་འཛིན་དགོས་ཞེས་ཚད་ལྡན་གྱི་དམ་པའི་གསུང་རྒྱུན་ལས་འབྱུང་ངོ༌། །བློ་ཆུང་འགའ་ཞིག་འོ་ན་ཀུན་མཁྱེན་གོང་མ་བུ་མོ་བསོད་ནམས་རྒྱན་དང་ཐུགས་རྒྱུད་གཅིག་པར་གསུངས་པས། སྐུ་སྔ་ཕྱིའི་འཁྲུངས་རབས་མ་འབྲེལ་བར་འགྱུར་སྙམ་ན། སྐྱོན་མེད་དེ་རིགས་གསུམ་མགོན་པོ་ཐུགས་རྒྱུད་གཅིག་ཀྱང་སོ་སོའི་སྤྲུལ་བ་སོ་སོར་ངོས་འཛིན་རྒྱུ་ཡོད་པ་ལྟར། སྤྲུལ་བ་པོ་གཉིས་རྒྱུད་གཅིག་ཅིང༌། སྤྲུལ་བ་གཉིས་ཀ་ཡང་རྒྱུད་གཅིག་ལ། འོན་ཀྱང་གཙོ་བོར་དེ་དང་དེས་སྤྲུལ་ཞེས་ཐ་དད་དུ་འབྱེད་པ་ནི་གདུལ་བྱའི་མོས་པ་མི་འདྲ་བའི་འབྲེལ་འཇོག་ཚུལ་དང༌། འཕྲིན་ལས་འཇུག་ཚུལ་མི་འདྲ་བའི་དབང་གིས་ཡིན་པས། བདག་ཉིད་ཆེན་པོ་རྣམས་ཀྱི་གསང་བའི་རྣམ་པར་ཐར་པ་དེ་ལྟ་བུ་མ་ཤེས་པར། རང་ཅག་སོ་སོ་སྐྱེ་བོ་རྟེན་ཐ་དད་པ་ཙམ་གྱིས་རྒྱུད་འབྲེལ་མེད་དུ་འགྲུབ་པའི་རིགས་འགྲོས་སྦྱོར་བ་དོན་མ་


GTD004_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེར་མ་ཟད་རྗེ་འདི་ནི་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་རྣམ་འཕྲུལ་དུ། རྡོ་རྗེ་འཆང་མཁན་ཆེན་དགེ་འདུན་རྒྱ་མཚོ་སོགས་སྐྱེས་མཆོག་ཚད་མར་གྱུར་པ་དུ་མས་གསུངས་ལ། དེ་ལྟར་ན་རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པའི་རང་གཟུགས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ངུར་སྨྲིག་འཆང་བའི་ཟོལ་ལ་བརྟེན་པར་ཡང་འགྲུབ་བོ། །གཞན་ཡང་ལྔ་བརྒྱ་ཐ་མའི་མཚམས་སུ་བསྟན་པ་བྱང་ནས་བྱང་དུ་དར་བར་གསུང་བའི་དུས་ཀྱི་ཐོག་མ་འདིར་མདོ་ཁམས་སྨད་ཀྱི་ལྗོངས་འདིར་བསྟན་པའི་རྨང་གཞི་གསར་དུ་འཛུག་པ་མ་བཟོད་པས་གནོད་བྱེད་ཕྲ་མོ་ཙམ་མ་ཡིན་པར། འདོད་པའི་ཁམས་ཀྱི་བདག་པོ་དགའ་རབ་དབང་ཕྱུག་དཔུང་དང་བཅས་པས་གནོད་པ་ཅི་ཙམ་བརྩམས་ཀྱང༌། མེ་ལྕེ་ལ་བུད་ཤིང་བསྣན་པ་ལྟར་གཟི་བྱིན་ལྷག་པར་རྒྱས་པ་ནི་སྔ་མའི་ལུང་གི་བསྟན་དོན་འཁྲུལ་མེད་དུ་ངེས་པ་སྟེར་བའི་འབྲས་བུའི་གཏན་ཚིགས་ཡིན་ནོ། །དེ་ནས་སྐུ་ཚེ་དེའི་ངོ་སྐལ་གྱི་བསྟན་འགྲོའི་དོན་དང༌། དངོས་ཀྱི་གདུལ་བྱའི་མཐའ་རྫོགས་ཏེ་དག་པའི་ཞིང་དུ་དགོངས་པ་གཏད་པས་ཅུང་ཟད་བསྙུན་ཚུལ་བསྟན། ཐུགས་དམ་རྒྱུན་འཁྱེར་སོགས་སྔར་རྒྱུན་དང་ཁྱད་པར་མེད་ཀྱང༌། མཛད་སྤྱོད་དང་གསུང་ཟུར་སོགས་ཐུགས་སྣ་བསྟུང་བའི་རྣམ་པ་དང༌། གོ་རྒྱུ་ཅན་མང་དུ་གསུངས་པས། སྐུ་འཁོར་རྣམས་ཐེ་ཚོམ་དུ་གྱུར་ཏེ་ཞབས་བརྟན་རྒྱ་གང་ཆེ་ཞིག་སྒྲུབ་རྩིས་བྱས་པར། ངེད་ཀྱི་ལུས་ལ་ན་ཚ་མངོན་ཅན་ཅི་ཡང་མེད་པས་དེ་འདྲ་མི་དགོས་གསུངས་ནས་བྱེད་དུ་མ་བཅུག །དེ་ནས་དགུང་ལོ་དོན་བཞི་པ་མེ་ཕོ་སྟག་གི་ལོ་ཆུ་སྟོད་ཀྱི་ཟླ་བའི་དམར་ཕྱོགས་


GTD004_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྫོགས་པ་དང་པོའི་ཉིན་རྟག་འཛིན་གྱི་འཆིང་བ་དམ་པོས་བཅིངས་པའི་སྐྱེ་བོ་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གཟུགས་སྐུ་རགས་པའི་བཀོད་པ་བསྡུས་ཏེ། ཡིད་ཀྱི་ལུས་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དུ་གཤེགས་སོ། །སྐུ་འདས་མ་ཐག་གི་ཚེ་དབུ་ཅུང་ཟད་མདུན་ལ་གུག་ནས་ཡོད་པ། ཁྲུས་གསོལ་སོགས་བྱས་པ་དང་རིམ་གྱིས་ཇེ་དྲང་དུ་སོང་བས་ལྷག་པར་ཡིད་ཆེས་ཤིང༌། གདུང་ཞུགས་འབུལ་གྱི་ཚེ་དབུའི་རུས་པ་ཅུང་ཟད་ཀྱང་མ་གྲུག་པར་བྱོན་པ་གྲྭ་མང་ལ་མཇལ་ཁ་བཏང༌། ཚེམས་བགྲང་བས་བཞི་བཅུ་ཁྲིག་གེ་བྱུང་སྟེ་ཐམས་ཅད་ཡིད་ཆེས་དང་དད་པའི་ས་ལ་བཀོད། གཞན་ཡང་ངོ་མཚར་བའི་ལྟས་དང་གདུང་རྟགས་ཡ་མཚན་པ་དུ་མ་བྱུང༌། ཞབས་འབྲིང་རྣམས་ཀྱིས་གཏོང་བའི་སྒོ་འཕར་ཕྱེ་སྟེ་དགོངས་རྫོགས་རྒྱ་ཆེར་བསྒྲུབས་ཤིང༌། གྲྭ་སློབ་ཐམས་ཅད་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་བྱས་ཏེ་དབང་བཞི་ལེན་པ་དང༌། ཁྲུས་གསོལ་སྨོན་ལམ། མཆོག་སྤྲུལ་མྱུར་དུ་འབྱོན་པའི་གསོལ་འདེབས་སོགས་རྣམ་དཀར་ལ་ཆིག་དྲིལ་དུ་འབད་པ་ལྷུར་བླངས་ཏེ་དགོངས་པ་རྫོགས་པར་བྱས། མ་འགྱང་བར་སྤྲུལ་བའི་སྐུ་མཁན་ཆེན་དགེ་འདུན་རྒྱ་མཚོའི་སྐུ་ཚར་འཁྲུངས། སྐྱབས་མགོན་མཆོག་ལ་ཆོས་སྲུང་དུ་མས་མནལ་ལམ་དུ་བསྐུལ་མ་བྱུང་ཞིང༌། བརྟག་སྒྲིལ་བྱས་པར་དང་པོ་སྔ་ཕྱི་ཅུང་ཟད་ལས་མ་དོད། ཡང་བསྐྱར་བྱས་པས་ཆ་མཉམ་དུ་བསྡད་པ་དང༌། དེར་དགེ་བཤེས་རིན་ཆེན་ཆོས་བཟང་ཞབས་ཕྱིར་ཡོད་པ་ཁོང་གིས། སྔ་མས་འཐུས་


GTD004_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཞེས་སྨྲས་མ་ཐག །རྐྱེན་ཅི་ཡང་མེད་པར་གཅིག་རྒྱངས་ཀྱིས་ཐོན་པ་ཕྱེ་བས་མནལ་ལམ་དང་མཐུན་པར་བྱུང༌། སྐྱབས་མགོན་མཆོག་དབུས་སུ་ཕེབས་ཁར་སྤྲུལ་སྐུ་གདན་སར་བཀོད་ནས་རབ་ཏུ་བྱུང་སྟེ་མཚན་འཇིགས་མེད་ལུང་རིགས་རྒྱ་མཚོར་བཏགས། སྐུ་ཚེ་དེར་མདོ་སྔགས་གཉིས་ཀར་གསན་སྦྱོང་མཐར་ཕྱིན་གནང་སྟེ་མཁས་བཙུན་བཟང་པོའི་བརྟུལ་ཞུགས་རྨད་དུ་བྱུང་བའི་རྣམ་ཐར་རྫོགས་པར་བསྐྱངས། མགོན་པའི་ཁྲིར་བཞུགས་ནས་གདན་སར་ཆོས་སྲིད་ཀྱི་འཛིན་སྐྱོང་ཡང་དག་པ་མཛད། དེའི་སྐུ་ཚེ་རྗེས་མ་སོག་ཡུལ་དུ་འཁྲུངས་པ་ཡང་སྐྱབས་མགོན་མཆོག་ནས་བདག་གནང་སྟེེ་ངོས་འཛིན་དང་རྟེན་འབྲེལ་གྱི་དབང་གིས་སྔ་མའི་སྐབས་ལྟར་སྐྱབས་མགོན་མཆོག་དབུས་ཕེབས་རྗེས་མའི་ཕེབས་ཁ་དངོས་གཞི་དེར་གདན་སར་བཀོད་དེ་རབ་ཏུ་བྱུང་ནས་མཚན་འཇམ་དབྱངས་ཐུབ་བསྟན་ཉི་མ་ཞེས་གནང་བ་སོགས་སྐུ་འཕྲེང་དུ་མར་འབྲེལ་བའི་མཚན་མ་སྔ་ཕྱིའི་རྒྱུ་འབྲས་མ་འཆོལ་བ་ཀུན་གྱི་མངོན་སུམ་དུ་གྱུར། སྤྲུལ་བའི་སྐུ་ནས་གསན་སྦྱོང་སོགས་རྣམ་པར་དཀར་བའི་མཛད་བཟང་གོང་དུ་འཕེལ་བཞིན་པ་འདི་ལགས་སོ། །སྨྲས་པ། གསང་ཆེན་ཆོས་ཀྱི་ནོར་བུའི་མཛོད་འཛིན་པ། །གསང་བའི་བདག་པོ་མི་ཡི་ཟློས་གར་མཁན། །གསང་འཛིན་གྲུབ་དབང་མཆོག་གི་ཐུན་མོང་དང༌། །གསང་བའི་རྣམ་པར་ཐར་པ་མདོར་བསྡུས་པ། །འགྲིག་འགྲིག་རྫུན་གྱི་ཕྲེང་བས་མ་བསླད་ཅིང༌། །སྙན་སྙན་གཅམ་བུའི་ཟོལ་བསྟོད་མ་ཡིན་པར། །ཡང་ཡང་དཔྱད་དེ་འཁྲུལ་བྲལ་སྙིང་པོའི་དོན། །གསལ་གསལ་ཚིག་གི་སྦྱོར་བས་མཚོན་པར་བྱས། །འདི་ཡི་དགེ་བས་མཁའ་ཁྱབ་


GTD004_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཀུན། །རྟག་ཏུ་དམ་པའི་མགོན་གྱིས་རྗེས་འཛིན་ཅིང༌། །ཟབ་གསང་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་ནས། ཟུང་འཇུག་དང་པོའི་མགོན་པོ་ཉིད་གྱུར་ཅིག །ཅེས་དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་པའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་གསང་ཆེན་ཆོས་ཀྱིས་བསྔགས་པའི་རོལ་མོ་ཞེས་བྱ་བ་འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པ་སྐད་ཚ་དཀའ་བཅུ་འཇིགས་མེད་རྒྱལ་མཚན་གྱིས་ཡང་ཡང་བསྐུལ་བའི་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་བྷིཀྵུ་རཏྣ་ཨཱནནྟའོ། །


previousསྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་གྱི་རྣམ་ཐར་གསང་ཆེན་བསྔགས་པའི་རོལ་མོ།next