Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
རྣམ་དག་གངས་རི་མའི་འགྲེལ་པ་རྨད་བྱུང་འཇུག་ངོགས།


 
previousརྣམ་དག་གངས་རི་མའི་འགྲེལ་པ་རྨད་བྱུང་འཇུག་ངོགས། no next

རྣམ་དག་གངས་རི་མའི་འགྲེལ་པ་རྨད་བྱུང་འཇུག་ངོགས།


GTD004_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བླ་མ་མངོན་པར་འཚང་རྒྱ་བའི་ཚུལ་དང་འབྲེལ་བར་བསྟོད་པ་རྣམ་དག་གངས་རི་མའི་འགྲེལ་པ་རྨད་བྱུང་བཀོད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


GTD004_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་གཅིག་འཇམ་དཔལ་རྡོ་རྗེས་མདོ་སྔགས་ཀྱི། །ཚུལ་གཉིས་ཤིང་རྟའི་སྲོལ་བཟང་དབྱེ་བའི་ཕྱིར། །བསླབ་གསུམ་ངུར་སྨྲིག་འཆང་བའི་སྐུར་བསྟན་པ། །སྐུ་བཞིའི་བདག་ཉིད་ཙོང་ཁ་པ་ལ་འདུད། །ལྔ་ཕྲག་སྙིགས་མ་བདོ་བའི་ཚེ་ཐུང་འདིར། །དྲུག་པ་རྡོ་རྗེ་འཆང་དབང་མྱུར་ལམ་གྱིས། །བདུན་ལྡན་ཟུང་འཇུག་དཔལ་ལ་སྦྱོར་བ་ཡི། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་སྙིང་པོར་བསྒྲིལ། །སྐྱེ་དགུའི་ཐར་ལམ་མཚོན་པའི་མིག་གཅིག་པུ། །སྟོབས་བཅུ་མངའ་བ་ཀུན་གྱི་གདུང་འཚོབ་དེའི། །བགྲང་ཡས་ཡོན་ཏན་ཕུང་པོའི་ཆ་ཤས་ཙམ། །བསྟོད་པའི་ཚིག་གི་དགོངས་དོན་འགྲེལ་ལ་སྤྲོ། །དེའང་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་དབྱེར་མ་མཆིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་གསུང་ལས་སྐྱེས་པའི་བུ་སློབ་མཁས་གྲུབ་གཉིས་འཛོམ་གྱི་དམ་


GTD004_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེས་བུ་ནམ་མཁའི་སྐར་ཚོགས་ལྟར་ཤིན་ཏུ་མང་ཡང༌། དེའི་ཁྲོད་ན་འཛམ་གླིང་མཁས་པའི་གཙུག་རྒྱན་མཁས་གྲུབ་སྨྲ་བའི་ཉི་མ་ནི། ཇི་སྐད་དུ་རྒྱན་ལས། བློན་པོ་ཆེན་པོ་ལྟ་བུར་ཕ་རོལ་ཕྱིན་ལ་འཇུག་བྱའི་ཕྱིར། །བྱང་ཆུབ་ཆེན་པོའི་ཕྱོགས་མཐུན་བརྡལ་ལ་རྟག་ཏུ་སྤྱན་བྱེད་ཕྱིར། །གསང་བའི་གནས་ནི་རྣམ་གསུམ་རྟག་ཏུ་ཡང་དག་འཛིན་པའི་ཕྱིར། །ཞེས་སོགས་ལྟར། རྗེ་བླ་མའི་རྣམ་ཐར་ཐུན་མོང་བ་མཁས་བཙུན་བཟང་གསུམ་དང༌། ཐུན་མོང་མ་ཡིན་པ་གསང་བ་གསུམ་གྱི་སྒྱུ་འཕྲུལ་དྲ་བ་མཐའ་དག་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་མངའ་བའི་ནང་གི་ཐུགས་སྲས་བླ་ན་མེད་པ་ཡིན་ཏེ། དེའི་ཕྱིར་རྗེ་བླ་མ་རང་གིས་ཀྱང༌། ལྷུན་པོའི་དྲུང་ན་གསེར་རི་ཇི་བཞིན་དུ། །འགྲན་ཟླ་མེད་པའི་དགེ་ལེགས་ཁྱོད་ལ་སྦྱིན། །ཞེས་གསུངས་སོ། །སྨྲ་བའི་ཉི་མ་དེ་ཉིད་ཀྱིས་མཛད་


GTD004_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེ་བླ་མའི་རྣམ་ཐར་ཐུན་མོང་དང་ཐུན་མོང་མ་ཡིན་པ། བསྟོད་པའི་རབ་བྱེད་འགའ་ཟུང་བཅས་བཞུགས་པ་ལས། འདིར་རྗེ་བླ་མའི་ཐུགས་བསྐྱེད་ཐུན་མོང་མ་ཡིན་པའི་གོ་ཆ་བཞེས་ཚུལ་ལས་བརྩམས་ཏེ་གང་དུ་མངོན་པར་འཚང་རྒྱ་བའི་བཀོད་པ་དང་སྦྱར་ཏེ་བསྟོད་པའི་རབ་ཏུ་བྱེད་པ་འདི་ཉིད་ཀྱི་དོན་ཉུང་ངུའི་ཚིག་གིས་འགྲེལ་བ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དགེ་བ་བསྔོ་བ་གསུམ། དང་པོ་ནི། ན་མོ་མཉྫུ་གྷོ་ཥཱ་ཡ། རྣམ་དག་གངས་རིའི་འཕྲེང་བས་ཡོངས་བསྐོར་བའི། །ཕྱོགས་འདིར་བདག་ཅག་མགོན་མེད་རྣམས་ཀྱི་མགོན། །བློ་དམན་བསམ་པའི་ངོ་དང་འཚམ་པའི་སྐུ། །སྟོན་མཛད་བླ་མ་མཆོག་ལ་བདག་ཕྱག་འཚལ། །ཞེས་གསུངས། དེའང་དོན་ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མ་མཆིས་པས། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་བྱས་ཏེ་མཆོད་པར་བརྗོད་པ་རྒྱ་གར་གྱི་སྐད་དུ་མཛད་དོ། །དེ་ནས་ཚིགས་བཅད་ཀྱི་དོན་ནི། འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ནང་ཡོད་པ་ཡིན། །ཞེས་དང༌། སློབ་དཔོན་པདྨས། འཇམ་དབྱངས་སྤྲུལ་བ་གདུལ་བྱ་བསྟན་པའི་བདག །མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་འབྱུང༌། །ཞེས་དང༌། མ་ཅིག་གི་ལུང་བསྟན་


GTD004_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འཕགས་པ་འཇམ་དབྱངས་དེ་ཉིད་མེ་མོ་བྱ་ལ་སྐུ་འཁྲུངས་ཏེ། སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད། ཅེས་སོགས་དང༌། མཁས་གྲུབ་རྗེའི་གསང་རྣམ་དུ། རིག་པའི་ཁུ་བྱུག་ལ་དཔལ་ལྡན་ཟླ་བས། རྗེ་བཙུན་འཇམ་དབྱངས་མཐའ་འཁོབ་ཏུ་དགེ་སློང་གི་རྣམ་པས་འབྱོན་པར་འདུག་པས། ཁྱོད་ཀྱང་དེར་སྐྱེ་བ་ལོང་ཞེས་བསྐུལ་ཚུལ་སོགས་བཀའ་བསྟན་ཚད་མར་གྱུར་པ་དུ་མས་འཇམ་དབྱངས་ཀྱི་རྣམ་འཕྲུལ་དུ་བསྟེན་པ་གྲགས་ཆེ་ལ། འཇམ་དབྱངས་ཞི་ཁྲོ་དོན་ལ་གཅིག་ཀྱང་ཐ་དད་པའི་ལྡོག་ཆ་ཙམ་ནས་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་སྤྲུལ་བར་བསྟན་པའང༌། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས། ད་ནི་ལྔ་བརྒྱ་ཐ་མའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །ལས་ངན་མཚམས་མེད་བྱེད་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང༌། །ཞེས་སོགས་རྒྱུད་ལུང་རྩོད་མེད་ཡིན་ལ། སྐྱོ་ལུགས་ནས་བརྒྱུད་པའི་གཏམ་རྒྱུད་ཀྱི་རྟོག་པ་དེ་རྭ་པ་དག་མི་བཞེད་ཀྱང༌། སྲད་རྒྱུད་གོང་མ་རྣམས་ཚད་མར་བྱེད་པ་དེར། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཡི་བསྟན་པ་འབྱུང་བའི་ཚེ། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །བཀའ་བསྒོས་ལས་རྣམས་ཚུལ་བཞིན་གྱིས། །ཞེས་པའང་ཆོས་རྒྱལ་ལྔ་བརྒྱ་ཐ་མའི་ཚེ་གཤིན་རྗེའི་གཤེད་རང་ཉིད་མིའི་གཟུགས་སུ་ཤར་བ་རྗེ་ཙོང་ཁ་


GTD004_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀའ་སྲོལ་འདིའི་བསྟན་སྲུང་གི་གཙོ་བོ་བྱེད་དགོས་པར་བཀའ་བསྒོས་པ་ཡིན་ཞེས་གསུང་རྒྱུན་ལ་འབྱུང་བས། འདིས་ཀྱང་རྗེ་བླ་མ་འཇམ་དཔལ་ཁྲོ་བོའི་རྣམ་རོལ་དུ་འགྲུབ་བོ། །གཞན་ཡང་ཆོས་རྗེ་དོན་གྲུབ་རིན་པོ་ཆེའི་མནལ་ལམ་དུ་རྡོ་རྗེ་འཇིགས་བྱེད་ཀྱིས་སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་ཡོང་གསུངས་པའི་ཕྱི་ལོ་དུས་ཚོད་དེར་འཁྲུངས་པ་དང༌། མཆིམས་བློ་བཟང་གྲགས་པས་ཆོས་རྗེ་དོན་རིན་པ་ལ་མདོ་སྨད་དུ་ཕེབས་ན་འཇིགས་བྱེད་དང་མཇལ་ཚུལ། དེའི་ཚེ་མཚན་ཡང་ངེད་ཀྱི་མིང་འདི་བཏགས་ན་རྟེན་འབྲེལ་ཡོད་ཚུལ་ལུང་བསྟན་པ་དང༌། ཐ་ན་ལྷུམས་སུ་ཞུགས་པའི་ཚེ་ཡབ་ཀྱི་རྨི་ལམ་དུ་རི་བོ་རྩེ་ལྔ་ནས་ཡིན་ཟེར་བའི་བཙུན་པ་མེ་ཏོག་གི་ཕྲེང་བས་བརྒྱན་ཅིང་གླེགས་བམ་བསྣམས་པ་ཞིག་གིས་གནས་གཡར་དགོས་ཟེར་བ་སོགས་སྔ་ཕྱིའི་རྟགས་མཚན་དུ་མས་ཀྱང་རྗེ་བཙུན་འཇམ་དབྱངས་དང་ངོ་བོ་གཅིག་པར་འགྲུབ་བོ། །དེར་མ་ཟད་ཡུམ་གྱི་རྨི་ལམ་དུ་ལྷ་དང་ལྷ་མོ་དུ་མས་སྤྱན་རས་གཟིགས་ལ་བསུ་བ་བྱེད་ཟེར་ནས་གསེར་སྐུ་ཞིག་ནམ་མཁའ་ནས་སྤྱན་དྲངས་པ་རང་ལ་ཐིམ་པར་རྨིས་པས་སྤྱན་རས་གཟིགས་དང༌། ཡབ་ཀྱིས་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་ཟེར་བའི་གསེར་གྱི་རྡོ་རྗེ་ཞིག་ཡུམ་ལ་ཐིམ་པར་རྨིས་པས་ཕྱག་རྡོར་དུ་འགྲུབ་ཚུལ་རྟོགས་ལྡན་པས་རྣམ་ཐར་ཟུར་འདེབས་སུ་གསུངས། སྤྱིར་འཇམ་དབྱངས་ཀྱི་སྤྲུལ་བར་ཚད་མའི་ལུང་གིས་བསྒྲུབས་པ་དེ་ཉིད་ཀྱིས་རིགས་གཞན་གཉིས་ཀྱང་ཤུགས་ལ་འགྲུབ་སྟེ། བཀའ་གདམས་གླེགས་བམ་གྱི་ལྷའི་རྒྱལ་པོའི་སྐྱེས་རབས་ལས། དེ་ཡང་རིགས་གསུམ་མགོན་པོ་ལས། །ཐ་དད་ཉིད་དུ་ག་


GTD004_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྱུར། །སེམས་ཅན་ཀུན་ལ་སྤྱན་རས་གཟིགས། །འདི་ནི་སྙིང་རྗེ་བྱམས་པའི་རིགས། །ང་ནི་སྙིང་རྗེ་ཆེན་པོ་ཉིད། །ང་ལ་སྤྱན་རས་གཟིགས་ཞེས་གྲགས། །ལུས་ངག་ཡིད་གསུམ་ཞི་འཇམ་པས། །འགྲོ་བ་ཀུན་གྱི་དཔལ་དུ་གྱུར། །འཇམ་པའི་དཔལ་དུའང་འགལ་བ་མེད། །ཀུན་མཁྱེན་ཤེས་རབ་ཆེ་བའི་རིགས། །ཕྱག་སྟོང་རེ་ན་མི་རྟོག་པའི། །རྡོ་རྗེ་དཔའ་བོ་རེ་བཟུང་སྟེ། །གདུལ་དཀའ་འདུལ་བ་ང་ཡིན་ན། །ཕྱག་ན་རྡོ་རྗེར་འགལ་བ་མེད། །དེ་ནི་དཔའ་བོ་དྲག་པོའི་རིགས། །དེ་གསུམ་རིགས་གསུམ་མགོན་པོ་ཉིད། །ཕྱོགས་སུ་མ་ཟད་དངོས་ཡིན་ནོ། །ཞེས་རིགས་གསུམ་མགོན་པོ་ནི་སྐུའི་རྣམ་པ་ཐ་དད་པ་ཙམ་ལས་དངོས་པོའི་གནས་ཚོད་རྒྱལ་བ་ཐམས་ཅད་ཀྱི་གཞན་དོན་སྒྲུབ་པའི་ཐབས་ཀྱི་གཙོ་བོ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། སྐྱོབ་པའི་ནུས་མཐུ་གསུམ་ཡིན་པས་དེ་གསུམ་ངོ་བོ་གཅིག་ཏུ་ཚོགས་པ་ལས་ཡ་བྲལ་དུ་འགྲོ་བ་ནམ་ཡང་མི་སྲིད་པའི་ཕྱིར་རོ། །དེས་ན་འཇམ་མགོན་རྒྱལ་བ་གཉིས་པ་འདི་ནི་སྲས་བཅས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་པ་རིགས་གསུམ་མགོན་པོ་དང་ངོ་བོ་དབྱེར་མ་མཆིས་ཀྱང༌། སྐུའི་རྣམ་པ་དེ་ཉིད་བློ་དང་སྐལ་བ་དམན་པའི་གདུལ་བྱ་རྣམས་ཀྱིས་མཐོང་མི་ནུས་པས། དེ་དག་གི་སྐལ་བ་དང་འཚམ་པར་བྱིས་པའམ་ཐ་མལ་པའི་སྐུའི་རྣམ་པར་བསྟན་ནས་མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་ཡོངས་སུ་རྫོགས་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ཅིང་སྒོམ་པས་ཉམས་སུ་བཞེས། དེ་ཉིད་


GTD004_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་རྣམས་ལ་ཇི་ལྟ་བ་བཞིན་དུ་འདོམས་པར་མཛད་དེ། སངས་རྒྱས་དངོས་སུ་བྱོན་ཀྱང་དེ་ལས་ལྷག་པའི་གདམས་པ་སྟོན་རྒྱུ་མེད་པ་དེ་ལྟ་བུའི་ཚུལ་གྱིས་བསྟན་པ་རིན་པོ་ཆེ་ལ་མ་རྟོགས་ལོག་རྟོག་གི་དྲི་མ་མ་ལུས་པར་བསལ་ནས། ཡང་དག་པའི་ལམ་བཟང་ཉིན་མོ་བཞིན་དུ་གསལ་བར་མཛད་པའི་སྟོབས་ཀྱིས་རྗེ་བཙུན་བྱམས་པ་མགོན་པོས། རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བ་ཞིག་འོང་བར་ཤེས་པར་བྱོས་ཤིག །ཅེས་སེང་གེའི་སྒྲས་དབུགས་དབྱུང་ཞིང་རྒྱལ་བ་རང་ཉིད་ཀྱིས་ཀྱང༌། སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཞེས་ལུང་བསྟན་ཏེ། དེས་ན་མགོན་མེད་རྣམས་ཀྱི་མགོན་མཛད་ཚུལ་ཡང༌། མཁས་གྲུབ་སྨྲ་བའི་ཉི་མས། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉིན་མོར་མཛད། ཅེས་བསྟན་པའི་སྙིང་པོ་མིང་གི་ལྷག་མ་ཙམ་དུ་གྱུར་ཏེ། རྣམ་གྲོལ་དོན་དུ་གཉེར་བ་རྣམས་ལོང་བ་ལོང་ཁྲིད་མེད་པ་བཞིན་འཁྱམས་པ་ན། སླར་ཡང་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པའི་ཆ་མཐའ་དག་ཅུང་ཟད་ཀྱང་ཉམས་པ་མེད་པར་འཇིག་རྟེན་ཀུན་ཏུ་རྒྱས་པར་མཛད་པ་འདི་ཉིད་ཡིན་ཏེ། ཚུལ་དེ་ནི་རྒྱན་ལས། དགེ་བའི་བཤེས་ཀྱི་མགོན་བཅས་པ། །ཞེས་པ་ལྟར་བཤེས་གཉེན་དམ་པའི་མགོན་གྱིས་ཡོངས་སུ་འཛིན་ཚུལ་ཡིན་ནོ། །འདི་ལ་དགོངས་ཏེ་ལུས་ལས་ཀྱང༌། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །


GTD004_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ངེས་པའི་དོན་དུ་སྔར་ནས་སངས་རྒྱས་ཟིན་ཀྱང༌། གདུལ་བྱའི་སྐལ་པ་བཞིན་ལ་ལར་གསར་དུ་ཐུགས་བསྐྱེད་པ་དང༌། ལ་ལར་སྤྱོད་པ་ལ་སློབ་པ། ལ་ལར་གསར་དུ་འཚང་རྒྱ་བ། ལ་ལར་མྱ་ངན་ལས་འདའ་བ་སོགས་སྤྲུལ་བའི་བཀོད་པ་ཆུ་ཟླ་དང་གཟུགས་བརྙན་བཞིན་འཁོར་བ་ཇི་སྲིད་བར་དུ་སྟོན་པར་མཛད་དོ། །ཞེས་པ་ནི་འོག་མ་ཀུན་གྱི་མདོར་བསྟན་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་ཚུལ། ཁྱད་པར་དུ་འཕགས་པའི་སྤྱོད་པ་ཐུན་མོང་མ་ཡིན་པ་ལ་བསླབ་ཚུལ། བསླབ་པའི་འབྲས་བུ་མངོན་པར་འཚང་རྒྱ་བའི་ཚུལ་གསུམ། དང་པོ་ནི། ཁྱོད་ནི་སྐུ་ཚེ་དུ་མའི་སྔ་རོལ་ཏུ། །རྗེ་བཙུན་འཇམ་དབྱངས་སྲས་ཀྱི་ཐུ་བོར་གྱུར། །ཅེས་སོགས་ཤོ་ལོ་ཀ་གཅིག་བྱུང༌། དེའང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང༌། །ཞེས་པ་ལྟར། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་རག་ལས་པར་དགོངས་ནས། སྐུ་ཚེ་དུ་མར་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་མང་པོ་ཚུལ་བཞིན་དུ་བསྟེན། ཁྱད་པར་དུ་རྗེ་བཙུན་འཇམ་དབྱངས་རིགས་ཀྱི་ཅོད་པན་དུ་བཟུང་སྟེ་ནམ་ཡང་འབྲལ་བ་མེད་པར་གཙུག་ཏུ་བསྟེན་ནས་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས་པས་སྲས་ཀྱི་ཐུ་བོར་གྱུར་ཏེ། འདི་ཙམ་ཞིག་ནི་རྗེ་བླ་མ་རང་གིས་ཀྱང༌། དམར་སེར་རལ་པའི་ཟུར་ཕུད་


GTD004_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་མཛེས་པའི། །འཇམ་དབྱངས་དེ་ཡིས་ཚེ་རབས་ཀུན་ཏུ་བདག །དགྱེས་བཞིན་རྗེས་སུ་བཟུང་བའི་དྲིན་ལས་ནི། །ཞེས་སོགས་གཞུང་ཆེན་མོའི་བཀའ་རྩོམ་ཕལ་ཆེ་བའི་མགོ་མཇུག་ཏུ་ཞལ་གྱིས་བཞེས་པ་མང་ངོ༌། །དེའི་རྒྱུ་མཚན་ཡང༌། རྗེ་བཙུན་འཇམ་དབྱངས་རང་གི་ཐུན་མོང་མ་ཡིན་པའི་ཡོངས་འཛིན་དུ་བསྟན་པར་མ་ཟད། སྤྱིར་སངས་རྒྱས་ཐམས་ཅད་སློབ་པའི་གནས་སྐབས་སུ་རྗེ་བཙུན་འཇམ་དབྱངས་ལ་བརྟེན་པ་ཁོ་ན་ཡིན་པར་དཔལ་ལྡན་ཟླ་བས་འཇུག་འགྲེལ་ལས་གསུངས་ཤིང༌། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལས། བཅོམ་ལྡན་འདས་ཐམས་ཅད་སངས་རྒྱས་པ་ན། ཞེས་སོགས་སངས་རྒྱས་ཐམས་ཅད་འཚང་རྒྱ་བའི་ཚེ་བདུད་འདུལ་བ་གཤིན་རྗེའི་གཤེད་ལ་བརྟེན་པར་གསུངས་པ་བཞིན་དགྲ་ནག་ལས་ཀྱང་གསུངས་ཤིང༌། མཚན་བརྗོད་དུ། སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་པའི་དོན་ཡང་དེ་དག་མཐུན་པར་འཇམ་དཔལ་གྲགས་པས་བཤད་པས། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྔར་འཇམ་དཔལ་ཞི་ཁྲོ་འདི་དག་ལ་མ་བརྟེན་པ་མི་སྲིད་པ་ལ་དགོངས་ནས་རྒྱལ་བ་ཀུན་གྱི་ཡབ་གཅིག་ཅེས་གསུངས་པ་ཡིན་ནོ། །འོ་ན་གོང་དུ་རྗེ་བཙུན་འཇམ་དབྱངས་དངོས་ཡིན་པར་ནན་ཏན་ཏུ་བསྒྲུབས་པ་མ་ཡིན་ནམ། འདིར་དེའི་གདུལ་བྱར་བཤད་པ་འགལ་ལོ་སྙམ་ན། དེ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་མ་ཕྱེད་པའི་སྐྱོན་ཡིན་པས། གདུང་བྱ་ཐུན་མོང་བ་ལ་སྣང་ཚུལ་རྒྱུད་ཐ་དད་དང་གདུལ་བྱ་འདུལ་བྱེད་གཙོ་འཁོར་


GTD004_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་སྣང་ཡང༌། གནས་ཚོད་ལ་དོན་ངོ་བོ་གཅིག་པ་དུ་མ་ཡོད་པའི་ཕྱིར། ཀྱཻ་རྡོ་རྗེའི་རྒྱུད་བརྟག་པ་ཕྱི་མའི་ལེའུ་གཉིས་པ་ལས། འཆད་པ་པོ་ང་ཆོས་ཀྱང༌ང། །རང་གི་ཚོགས་ལྡན་ཉན་པོ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ཞེས་གཙོ་བོར་ཆོས་ལོངས་སྤྲུལ་གསུམ་ངོ་བོ་གཅིག་པའི་དོན་ཡིན་ཀྱང༌། ཁུངས་ཐུབ་དུ་མས་བླ་སློབ་ལྟ་བུ་ལའང་རྒྱུད་གཅིག་པ་མི་འགལ་བའི་ཁུངས་སུ་མཛད་པ་དགོངས་པར་གནས་དགོས་པས་སོ། །བཤེས་གཉེན་དེ་ལ་བརྟེན་ནས་ལམ་ལ་བསླབ་ཚུལ་ཡང༌། གཟུངས་སྤོབས་མངོན་ཤེས་ཏིང་འཛིན་དུ་མ་ལ། །དབང་འབྱོར་ཆོས་ཀུན་རྣམ་དཔྱོད་སྤྱན་གྱིས་གཟིགས། །ཞེས་ཆོས་དོན་སྔགས་ཀྱི་གཟུངས་ལ་སོགས་པའི་སྒོ་ནས་གསུང་རབ་ཀུན་གྱི་ཚིག་དོན་མི་བརྗེད་པར་འཛིན་ཅིང༌། དེ་ཉིད་གཞན་ལ་ཐོགས་པ་མེད་པར་སྟོན་པའི་སྤོབས་པ་རྣམ་པར་དག་པ་དང༌། གདུལ་བྱའི་དབང་པོ་དང་སྐལ་བ་ཇི་ལྟ་བ་བཞིན་གཟིགས་པའི་གསུམ་རིག་པའི་མངོན་ཤེས་དང༌། དཔའ་བར་འགྲོ་བ། ནམ་མཁའ་མཛོད། དྲི་མ་མེད་པ། སེང་གེ་རྣམ་པར་རོལ་པ་སོགས་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་དབང་འབྱོར་བས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏོ། །སྤྱོད་པ་ཕྱིན་དྲུག་ལ་བསླབ་པ་ཁྱད་པར་མེད་ཀྱང་འདིར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཆ་ནས་སྨོས་པ་ནི། སྤྱིར་དེ་ཉིད་ཕྱིན་དྲུག་གི་གཙོ་བོ་ཡིན་པར་མ་ཟད། འཇམ་དབྱངས་ཞི་ཁྲོ་རྣམས་ལ་བསྟོད་པ་སོགས་ཀྱི་སྐབས་དུ་མར་ཐུགས་གཙོ་


GTD004_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བྱས་པ་དང་རྒྱུ་མཚན་མཚུངས་སོ། །གཉིས་པ་ཁྱད་པར་དུ་འཕགས་པའི་སྤྱོད་པ་ཐུན་མོང་མ་ཡིན་པ་ལ་བསླབ་ཚུལ་ལ་བཞི། ཐོག་མར་རྒྱལ་བ་དབང་པོའི་ཏོག་དང་མཇལ་ཚུལ། དེས་མདོ་སྔགས་ཟུང་འབྲེལ་གྱི་སྤྱོད་པ་ལ་མཆོག་ཏུ་བསྔགས་ཚུལ། དེ་ལ་བརྟེན་ནས་ལྷག་བསམ་ཐུན་མོང་མ་ཡིན་པ་འཁྲུངས་ཏེ་དམ་བཅའ་མཛད་ཚུལ། དེ་ནས་རྒྱལ་བ་སྲས་བཅས་ཀྱིས་ཆེད་དུ་བསྔགས་ཤིང་ལུང་བསྟན་ཚུལ་ལོ། །དང་པོ་ནི། ནམ་ཞིག་དེ་བཞིན་གཤེགས་པ་དབང་པོའི་ཏོག །རྣམ་མང་འཁོར་གྱི་དབུས་ན་ཐེག་པ་མཆོག །སྟོན་མཛད་མདུན་ས་ཆེ་དེར་འཇམ་པའི་དབྱངས། །རྒྱལ་སྲས་རྒྱ་མཚོའི་འཁོར་དང་བཅས་ཏེ་གཤེགས། །ཞེས་བྱུང༌། དེ་ལ་ཐོག་མར་རྒྱལ་བ་དབང་པོའི་ཏོག་དུས་ནམ་གྱི་ཚེ་བྱོན་པ་དང༌། ཞིང་དང་མཛད་པའི་ཁྱད་པར་སོགས་ཇི་ལྟར་ཡིན་སྙམ་ན། དེ་ནི་ཡབ་སྲས་མཇལ་བའི་མདོ་ཀླུ་སྒྲུབ་ཀྱིས་མདོ་ཀུན་བཏུས་སུ་དྲངས་པ་ལས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ། བགྲང་དུ་མེད་པ། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། གཞལ་དུ་མེད་པ། བརྗོད་དུ་མེད་པ་འདས་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་སངས་རྒྱས་ཀྱི་ཞིང་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་འཁོད་པའི་སེམས་ཅན་རྣམས་ཀྱང་བདེ་བ་ལྔ་ཐོབ་པར་གྱུར་ཏེ། འདི་ལྟར། ལ་ལ་ནི་འདོད་པའི་བདེ་བ་དང་


GTD004_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་གྱུར་ཏོ། །ལ་ལ་ནི་ཁྱིམ་ནས་འབྱུང་བའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་བསམ་གཏན་གྱི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་སྙོམས་པར་འཇུག་པའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང་ལྡན་པར་གྱུར་ཏོ། །དེ་དག་བདེ་བ་དེ་ལའང་སྤྱོད་ལ། དེ་དག་ལའང་མངོན་པར་ཞེན་པ་མེད་པར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། བུང་བ་མེ་ཏོག་གི་ཁུ་བས་ཉེ་བར་འཚོ་འང་དེ་ལ་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་ལ་ཡོངས་སུ་སྤྱོད་ཀྱང་དེ་ལ་མངོན་པར་ཞེན་པ་མེད་དོ། །འདི་ལྟ་སྟེ་དཔེར་ན། བར་སྣང་ལ་རྒྱུ་བའི་བྱ་ནི་བར་སྣང་ལ་རྒྱུའང་དེ་ལ་མངོན་པར་ཆགས་པའང་མེད་དོ། །དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་དེ་ལ་ལོངས་སུ་སྤྱོད་ཀྱང་དེ་ལ་མངོན་པར་ཞེན་པ་མེད་དོ། །འཇམ་དཔལ་གྱིས་གསོལ་པ། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བགྱི་བར་གྱུར་པ་དེ་ནི། བཅོམ་ལྡན་འདས་ཉིད་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དབང་པོའི་ཏོག་བགྱི་བར་གྱུར་པར་ང་འཚལ་ཏོ། །ཞེས་དུས་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་དང༌། ཞིང་གི་བཀོད་པ་རྒྱ་ཁྱོན་སོགས་བསམ་གྱིས་མི་ཁྱབ་པ། གདུལ་བྱ་ཐམས་ཅད་ཀྱང་མཚན་འཛིན་གྱི་དམིགས་པའི་གཏད་སོ་ཞིག་སྟེ་ཡང་དག་པའི་ལྟ་བ་རྙེད་པ། བདེ་བ་ལྔ་ཅི་རིགས་ལ་གཞོལ་བ་ཤ་སྟག་ཡིན་པར་གསུངས་སོ། །དེའི་ཚེ་ནའང་རྗེ་བཙུན་གྱི་བཀས་བསྐུལ་ཏེ་བདག་ཉིད་ཆེན་པོ་འདི་ལ་སོགས་པ་འཁོར་གྱི་ཚོགས་


GTD004_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་དང་བཅས་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་གཤེགས་སོ། །འདིའང་རྒྱལ་བ་དབང་པོའི་ཏོག་དང་མཇལ་བ། མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་སྤེལ་བ་སོགས་ཀུན་གྱི་རྐྱེན་རྗེ་བཙུན་གྱིས་གནང་བ་ཤེས་པའི་ཕྱིར་འདི་ལྟར་གསུངས་པ་ཡིན་གྱི། འཇམ་པའི་དབྱངས་ཞེས་རྗེ་བླ་མའི་སྐྱེ་བར་བཟུང་ནས་དེ་ཉིད་འཁོར་དང་བཅས་ཏེ་བྱོན་པ་ལ་བཤད་ན་སྐབས་དང་མ་འབྲེལ་ཞིང༌། འདིའི་རྩ་བ་རྟོགས་ལྡན་པའི་གསུང་དུ། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་དྲུང་དུ་རྗེ་བཙུན་དང་འཁོར་མང་པོ་དང་བཅས་བྱོན་ཏོ། །ཞེས་དང་སྒྲས་ཕྱེ་ནས་གསུངས་སོ། །གཉིས་པ་དེས་མདོ་སྔགས་ཟུང་འབྲེལ་གྱི་སྤྱོད་པ་ལ་མཆོག་ཏུ་བསྔགས་ཚུལ་ནི། དེ་ཚེ་རྒྱལ་བ་དེ་ཡིས་ཚངས་དབྱངས་ཀྱིས། །རྒྱལ་སྲས་དཔའ་བོ་ལུས་དང་སྲོག་ལ་ཡང༌། །ལྟོས་པ་མེད་པར་མ་དག་ཞིང་རྣམས་སུ། །རྡོ་རྗེ་ཐེག་པའི་ལམ་བཟང་འདབ་བརྒྱ་པ། །སྟོང་ཉིད་གཏམ་གྱི་དྲི་བཟང་རྫོགས་པ་ཡིས། །ཡོངས་སུ་འགེངས་ལ་ཞུགས་པ་གང་ཡིན་པ། །དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཀུན་གྱི། །རབ་དང་ཕུལ་ཞེས་རྒྱ་ཆེར་བསྔགས་པ་ལས། །ཞེས་བྱུང༌། དོན་ནི། དེའི་ཚེ་རྒྱལ་བ་དབང་པོའི་ཏོག་དེ་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་ངོས་སྐལ་གྱི་གདུལ་བྱའི་གཙོ་བོ་བདག་ཉིད་ཆེན་པོ་འདི་ལ་སོགས་པ་འཁོར་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་ཤ་སྟག་གིས་ཡོངས་སུ་བསྐོར་བ་དེ་དག་གི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་དང༌། མོས་པ་རྗེས་སུ་གཟིགས་ཏེ་ཡན་ལག་ལྔ་དང་ལྡན་པའི་ཚངས་པའི་དབྱངས་ཀྱི་སྒོ་ནས་འདི་ལྟར། བླ་ན་མེད་པའི་བྱང་ཆུབ་མཆོག་གི་རིགས་སུ་


GTD004_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་པ་རྒྱལ་བའི་སྲས་པོ། མཁའ་ཁྱབ་ཀྱི་འགྲོ་བའི་དོན་ཁུར་དུ་ཁྱེར་ཏེ། ལུས་སྲོག་ཡལ་བར་འདོར་བ་ལའང་ཞུམ་པ་མེད་པའི་དཔའ་བོ་རྣམས་ཀྱི་བྱ་དཀའ་པའི་སྤྱོད་པ་མཐའ་དག་ལ་ཆེད་དུ་བསྔགས་ཤིང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཀུན་གྱི་ནང་ན་རབ་དང་ཕུལ་དང་རྩེ་མོར་གྱུར་པ་ནི། སྙིགས་མ་ལྔ་ཤིན་ཏུ་བདོ་བའི་མ་དག་པའི་ཞིང་ཁམས་རྣམས་སུ་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་བཟང་འདབ་བརྒྱ་པ་སྟེ་པདྨོའི་ཚལ་ཆེན་པོ་སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པར་བསྟན་ནས་བརྗོད་དོན་ཡང་དག་པའི་ལྟ་བའི་དྲི་བཟང་ངད་པ་ཆིལ་ལེ་བས་རྣམ་པ་ཐམས་ཅད་དུ་རྫོགས་པར་ཟིན་པ་དེ་ལྟ་བུས་ཕྱོགས་ཀྱི་འཁོར་ལོ་ཡོངས་སུ་འགེངས་པར་བྱེད་པ་འདི་ཉིད་ཡིན་ནོ་ཞེས་ཡང་ནས་ཡང་དུ་བསྔགས་བརྗོད་རྒྱ་ཆེར་མཛད་དོ། །འོ་ན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཕྱིན་དྲུག་བསྡུ་བཞི་སོགས་མཐའ་ཡས་པ་ཞིག་ཡོད་པས། དེའི་ནང་ནས་འདི་ཙམ་ཞིག་གཙོ་བོར་བསྔགས་པ་ཅི་ཡིན་སྙམ་ན། འདི་ནི་དེའི་ནང་ནས་ཕྱོགས་རེ་བ་ཞིག་མིན་གྱི། ཕྱིན་དྲུག་བསྡུ་བཞིའི་སྤྱོད་པ་ཐམས་ཅད་བསྡུས་པ་ཡིན་པར་མ་ཟད། མདོ་ཕྱོགས་སུ་བཤད་པ་དེ་ལས་བརྒྱ་འགྱུར་གྱི་ལྷག་དང་བཅས་པ་ཡིན་ཏེ། སྙིམ་པའི་མེ་ཏོག་ལས། ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང༌། དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེའང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ། དེ་ཉིད་ནི་རྡོ་རྗེ་ཡིན་ནོ། །རྡོ་རྗེའང་དེ་ཡིན་ལ་ཐེག་པའང་དེ་ཡིན་པས་རྡོ་རྗེ་ཐེག་པ་སྟེ་ཞེས་དང༌། སམྦུ་ཊ་ལས། དེ་ཕྱིར་དེ་རྒྱས་


GTD004_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །ཅེས་སོགས་གྲངས་མེད་གསུམ་གྱི་ཚོགས་མཐའ་ཡས་པ་ཐམས་ཅད་ཀྱང་འདིར་འདུམ་སླ་བར་གསུངས་སོ། །རྒྱུ་མཚན་དེ་དག་གི་གནད་ཀྱིས། རྣམ་སྣང་མངོན་བྱང་ལས་ཀྱང༌། ཐེག་པ་ཆེན་པོ་ཆེར་འབྱུང་བ། །ཞེས་སོགས་དང༌། སྤྱོད་མཆོག་འདི་ལ་གང་རྣམས་ཀྱིས། །ཞེས་རྒྱལ་བས་གསུངས་པའི་སྤྱོད་པ་མཐའ་དག་བསྡུས་ན། དམན་པ་ལ་མོས་པར་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པར་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་མོས་པར་ཆགས་བཅས་གསང་སྔགས་ཀྱི་སྤྱོད་པ་གསུམ་དུ་ཡོད་པའི་ཕྱི་མ་ཆེས་མཆོག་ཏུ་གསུངས་ཏེ། མདོ་ཕྱོགས་ཀྱི་སྡེ་སྣོད་ཀུན་ལ་ཤེར་མདོ་མཆོག་ཏུ་བསྔགས་པ་ཡུལ་སྟོང་ཉིད་བསྟན་ཚུལ་གྱིས་ཡིན་ཞིང༌། སྔགས་ལས་དེའི་སྟེང་དུ་ཡུལ་ཅན་ཁྱད་པར་ཅན་ཡང་མ་སྦས་པར་སྟོན་པས་བསྟན་པའི་ཡང་རྩེ་དང་སྙིང་པོར་འགྲུབ་ལ། བསྟན་པ་ནི་ལུས་ཅན་ཀུན་གྱི་སྡུག་བསྔལ་སེལ་བའི་སྨན་གཅིག་པུར་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་གསང་སྔགས་ཀྱི་ཉམས་ལེན་དེ་ཐམས་ཅད་མེད་དུ་མི་རུང་བར་ཡང་དག་པའི་ལྟ་བས་ཟིན་དགོས་པའི་རྒྱུ་མཚན་ཡང༌། རིམ་ལྔ་ལས། རྡོ་རྗེ་ཐེག་པར་རྣལ་འབྱོར་པས། །དེ་ཉིད་གང་གང་དམིགས་བྱ་བ། །དེ་དེ་སྒྱུ་མ་ཁོ་ནར་གསུངས། །ཞེས་སྔགས་ཀྱི་ཟབ་ཁྱད་ཐམས་ཅད་འབྱུང་བའང་ཕར་ཕྱིན་ཐེག་པར་བཤད་པའི་ཡུལ་སྟོང་པ་ཉིད་ཀྱི་དོན་དེ་ལེགས་པར་ཁོང་དུ་ཆུད་པ་ལ་རག་ལས་ཤིང༌། དེ་ལ་རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་སོགས་ལྟར། རགས་པའི་མི་རྟག་སྡུག་


GTD004_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཚུན་ཆད་ངེས་པ་སྔོན་དུ་འགྲོ་དགོས་པས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གོ་རིམ། མདོ་སྔགས་ཡ་མ་བྲལ་བས་གསུང་རབ་མ་ལུས་གདམས་ངག་ཏུ་འཁྱེར་དགོས་པ་སོགས་ཀྱི་རྒྱུ་མཚན་དེ་ཡིན་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་དུ་འདྲེས་པར་གྱུར་པའོ། །ཞེས་སོགས་ཤིན་ཏུ་མང་ངོ༌། །གསུམ་པ་དེ་ལ་བརྟེན་ནས་ལྷག་བསམ་ཐུན་མོང་མ་ཡིན་པ་འཁྲུངས་ཏེ་དམ་བཅའ་མཛད་ཚུལ་ནི། བདག་ཉིད་ཆེ་ཁྱོད་སྙིང་སྟོབས་འོ་མའི་མཚོ། །ཆེས་ཆེར་བསྐྱོད་པའི་རླབས་ཕྲེང་གཡོས་པ་ཡིས། །རྒྱལ་བའི་འཁོར་མང་དབུས་ནས་མྱུར་བར་ལངས། །མ་ཞུམ་ཤིན་ཏུ་མཐོ་བའི་སྒྲ་དབྱངས་ཀྱིས། །བདག་ནི་གྲངས་མེད་མ་དག་ཞིང་རྣམས་སུ། །སྟོང་ཉིད་ལྟ་དང་ཉེར་འབྲེལ་སྔགས་ཀྱི་ལམ། །ལུས་དང་སྲོག་ལ་མི་ལྟ་འདོམས་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་བཟང་རྒྱས་བྱ་ཞེས། །དམ་བཅས་སྨོན་ལམ་བཏབ་པའི་མོད་ཉིད་ལ། །ཞེས་བྱུང༌། དེའང་ཐོག་མར་སེམས་བསྐྱེད་པ་དང༌། སེམས་བསྐྱེད་གོང་དུ་འཕེལ་བ་སོགས་ཀྱི་རྒྱུ་ལ་མདོ་སྡེ་རྒྱན་ལས་སྟོབས་ལྔ་གསུངས་ཤིང༌། བྱང་སར་རྒྱུ་བཞི་རྐྱེན་བཞི་སོགས་ཀྱིས་ཁ་བསྐངས་པའང་ཕལ་ཆེར་ཚང་སྟེ། རྒྱལ་བ་དང་རྗེ་བཙུན་གྱི་མཐུ་ལ་བརྟེན་ནས་སངས་རྒྱས་ཀྱི་ཡོན་ཏན། ཐེག་པ་མཆོག་གི་ཆོས་ཟབ་མོའི་ཁྱད་ཆོས་རྣམས་མཐོང་བའི་དད་པ། སྙིགས་མའི་ངང་ཚུལ། བསྟན་པའི་འཕེལ་འགྲིབ་སོགས་ལ་བརྟེན་ནས་སྐྱོ་ཤས་དང་བརྩེ་བ་ལྷག་པར་འཕེལ་བས།


GTD004_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ཚོགས་རྒྱ་མཚོ་ལྟ་བུ་དེའི་དབུས་ནས་མྱུར་བར་བཞེངས་ཏེ། རྒྱལ་བ་སྲས་དང་བཅས་པ་དཔང་དུ་བཞག་ལ། བདག་གིས་དེང་ནས་བརྩམས་ཏེ་མ་དག་པའི་ཞིང་གྲངས་མེད་པ་རྣམས་སུ་ཟབ་མོ་དབུ་མའི་ལམ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ལམ་བཟང་འདི་ཉིད་གདུལ་བྱ་སོ་སོའི་སྐལ་བ་བཞིན་དུ་བསྟན་ནས། རང་གི་ལུས་སྲོག་ལའང་ལྟོས་པ་མེད་པར་ཐབས་ཚུལ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས། རྒྱལ་བ་དགྱེས་པའི་ལམ་བཟང་པོ་འདི་ཉིད་འཇིག་རྟེན་ཀུན་ཏུ་རྒྱས་པར་བྱའོ་ཞེས་ལྡོག་པ་མེད་པའི་དམ་བཅའ་དང༌། ཇི་ལྟར་དམ་བཅས་བཞིན་འགྲུབ་པའི་སྨོན་ལམ་ནན་ཏན་དུ་མཛད་དོ། །འདིར་རྒྱལ་བ་དགྱེས་པའི་ལམ་ཞེས་པ། སྤྱིར་དཀར་པོའི་ཆོས་ཐམས་ཅད་རྒྱལ་བ་དགྱེས་བྱེད་ཡིན་མོད་ཀྱང༌། ཡང་དག་པའི་ལྟ་བ་ལ་གཙོ་བོར་འཇུག་སྟེ། དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། །ཞེས་དང༌། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པ། །ཞེས་སོགས་སྐབས་དུ་མར་སྟོང་ཉིད་ཀྱི་ལྟ་བ་ཁོ་ན་ལ་སྦྱར་རོ། །དེའི་རྒྱུ་མཚན་ཡང༌། སངས་རྒྱས་རྣམས་ཀྱིས་དང་པོར་ཐུགས་བསྐྱེད་པ་ནས་བཟུང༌། མཐར་འཇིག་རྟེན་དུ་ཆོས་འཁོར་བསྐོར་བ་ཐམས་ཅད་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་འདི་གདོན་པའི་ཆེད་ཡིན་ལ། སྟོང་ཉིད་ཀྱི་ལྟ་བ་ནི་འཁོར་བ་ལས་གྲོལ་བྱེད་དངོས་ཡིན་པས། དེ་ནམ་རྒྱུད་ལ་སྐྱེས་པ་ན་གང་ཟག་དེ་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པ་གྲུབ་པ་ཡིན་པས། དེའི་ཕྱིར་རྒྱལ་བ་དགྱེས་པའི་ལམ་ཞེས་བཤད་པ་ཡིན་ནོ། །དེའི་སྟེང་དུ་གསང་སྔགས་ཀྱི་ཟབ་ཁྱད་བསྣན་ན་ལྷག་པར་ཡང་རྒྱལ་བ་དགྱེས་པའི་


GTD004_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་འགྱུར་ཏེ། སྤྱིར་འཁོར་བའི་རྩ་བ་མདོ་ཕྱོགས་སུ་བདག་འཛིན་གཅིག་པུ་ལས་མ་བཤད་ཅིང༌། དེ་སྤངས་པས་འཁོར་བ་ལས་གྲོལ་བ་ཙམ་འབྱུང་ཡང༌། འཁོར་བ་ཕྲ་རགས་ཀྱི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ལ་སྔགས་ནས་བཤད་པའི་འཁོར་རྩ་ཐུན་མོང་མ་ཡིན་པ་སྤོང་དགོས་ཏེ། རིམ་ལྔ་གསལ་སྒྲོན་ལས། ཐུན་མོང་བའི་འཁོར་བའི་འཇུག་རིམ་ཤེས་ན། དེའི་རྩ་བ་བདག་འཛིན་ལྡོག་དགོས་པར་ཤེས་ནས། བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པ་ཚོལ་བ་ཞིག་འོང་ལ། ཐུན་མོང་མ་ཡིན་པའི་རླུང་གི་དབང་གིས་འཁོར་བར་འཇུག་རིམ་ཤེས་ན་ཀུན་རྟོག་གཡོ་བའི་རླུང་ལྡོག་དགོས་པར་མཐོང་ནས། དེ་འགོག་པའི་ཐབས་ལུས་ལ་གནད་དུ་བསྣུན་པའི་གདམས་པ་ཕུ་ཐག་ཆོད་པ་ཞིག་འོང༌། ཞེས་གསུངས་སོ། །རླུང་གིས་འཁོར་རྩ་བྱས་ཏེ་འཁོར་ཚུལ་རྡོར་ཕྲེང་ལས། ལས་ཀྱི་རླུང་ནི་སྣ་ཚོགས་པ། །ཞེས་པ་ནས། དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །ཞེས་སོགས་མང་སྟེ་རྒྱུད་འགྲེལ་རྣམས་སུ་བལྟའོ། །དེ་ལྟར་ཡང་དག་པའི་ལྟ་བའི་སྒོ་ནས་ལུས་ཅན་མཐའ་དག་འཁོར་བ་ལས་སྒྲོལ་བར་མ་ཟད། མྱུར་ལམ་གསང་ཆེན་གྱི་ཐེག་པ་འདི་དང་སྦྱར་ཏེ་དུས་ཤིན་ཏུ་ཉེ་བར་འཁོར་བའི་རྩ་བ་མཐའ་དག་དྲུངས་ཕྱུང་ནས་བདེ་ཆེན་སངས་རྒྱས་ཀྱི་ས་ལ་འགོད་པར་གསུངས་པ་སྟེ། རྣམ་དཔྱོད་ཅན་རྣམས་ལ་ཤེས་པར་བྱ་བ་མང་དུ་ཡོད་དོ། །བཞི་པ་རྒྱལ་བ་སྲས་བཅས་ཀྱིས་ཆེད་དུ་བསྔགས་ཤིང་ལུང་བསྟན་པའི་ཚུལ་ནི། རྒྱལ་བ་དབང་པོའི་ཏོག་དང་ཕྱོགས་བཅུ་ཡི། །རྒྱལ་བ་མ་ལུས་དབྱངས་དང་མགྲིན་གཅིག་ཏུ། །ལེགས་


GTD004_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཁྱོད་ནི་སྙིང་སྟོབས་ཆེན་པོ་ཞེས། །ཞེས་པ་ནས། རྒྱལ་བ་སྲས་བཅས་ཀུན་ལ་མཐུན་པར་གྲགས། །ཞེས་པའི་བར་བྱུང༌། དོན་ནི། དེ་ལྟར་གཞན་ཕན་གཅིག་ཏུ་དཀར་བའི་རང་བཞིན་སྙིང་སྟོབས་མཆོག་གི་འོ་མཚོ་གྱེན་དུ་འཕྱུར་ཏེ། ནང་གི་རང་བཞིན་གསལ་བར་བྱེད་པའི་དམ་བཅའ་བའི་དབྱངས་ཀྱི་རླབས་ཕྲེང་ཆལ་ཆིལ་དུ་གཡོས་པའི་མོད་ལ། རྒྱལ་བ་དབང་པོའི་ཏོག་ལ་སོགས་པའི་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་གི་སྒོ་ནས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོའོ་ཞེས་དབུགས་དབྱུང་ཞིང་མཚན་གསོལ་བ་དེ་ནས་བཟུང་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་ཉིད་ཆེན་པོ་འདིའི་མཚན་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་ཞེས་གྲགས་སོ། །ཁྱད་པར་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་ཚུལ་ནི། དེ་ནས་དེར་ནི་བདེ་གཤེགས་དབང་པོའི་ཏོག །སྐུ་ལས་འོད་ཟེར་བྱེ་བ་འབུམ་འགྱེད་ཅིང༌། །འཛུམ་ལྡན་ཞལ་གྱིས་བདག་གི་དགེ་བའི་བཤེས། །སྙིང་སྟོབས་ཆེ་དེ་འདི་ལྟར་ལུང་བསྟན་མཛད། །ཅེས་གསུངས། དེའང་བྱང་ཆུབ་མཆོག་ཏུ་ལུང་སྟོན་པའི་ཚེ་ཤས་ཆེར་མཆོག་གི་སྤྲུལ་སྐུའི་རྣམ་པས་ལུང་སྟོན་པ་ནི་རྟེན་འབྲེལ་གྱི་ཆེ་བ་ཡིན་པས། གསང་སྔགས་ཀྱི་དབང་བསྐུར་རྣམས་ལའང་ལུང་བསྟན་དབུགས་དབྱུང་གི་ཚེ་བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་གྱིས་བྱེད་པར་བཤད་རྒྱུད་རྡོར་ཕྲེང་ལས་གསུངས་པ་ལྟར། ཉི་ཤུ་པ་དང་ཟུང་འཇུག་གསལ་བ། ལོ་དྲིལ་གྱི་དཀྱིལ་ཆོག་གཉིས་སོགས་ཐམས་ཅད་མཐུན་ནོ། །དེས་འོད་ཟེར་


GTD004_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་འགྱེད་པའང༌། འདུལ་བ་ལུང་སོགས་དུ་མར་སྟོན་པས་འཛུམ་པ་མཛད་ཅིང་སྐུ་ལས་འོད་ཟེར་བཀྱེ་སྟེ་སླར་སྐུའི་ཆ་སྟོད་སྨད་དུ་ཐིམ་པ་ལ་དཔག་ནས་དྲི་བ་ཞུས་པ་ན་བཟང་ངན་སོ་སོར་ལུང་བསྟན་ཚུལ་མང་དུ་འབྱུང་བ་ལྟར། འདིའང་བདག་ཉིད་ཆེན་པོ་འདི་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་པའི་མཚན་མ་ཡིན་ནོ། །ལུང་བསྟན་ཚུལ་དངོས་ནི། ཁྱོད་ནི་དེང་ནས་བརྩམས་ཏེ་མ་དག་པའི། །གྲངས་མེད་ཞིང་དུ་རྡོ་རྗེ་ཐེག་པའི་ལམ། །ཟབ་མོ་དབུ་མའི་ལྟ་བས་ཡོངས་བཟུང་བ། །རྒྱས་བྱེད་རླབས་ཆེན་སྤྱོད་པ་རྫོགས་བྱས་ཏེ། །སངས་རྒྱས་ཞིང་མང་བརྒལ་བའི་བྱང་ཤར་མཚམས། །ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །དེ་བཞིན་གཤེགས་པ་སེང་གེའི་ང་རོ་ཞེས། །མངོན་པར་རྫོགས་པར་མྱུར་དུ་འཚང་རྒྱ་འགྱུར། །ཞེས་གསུངས། འདིའི་དོན་ཚིག་གི་དངོས་ཟིན་ཙམ་གོ་བར་སླའང༌། བློ་ལྡན་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་གནས་འདི་དག་ལ་རང་རེའི་རྗེ་བླ་མ་ཞེས་རྨོངས་ཞེན་ཙམ་མ་ཡིན་པར་རྒྱུ་མཚན་མཐོང་བའི་ཡིད་ཆེས་ཀྱི་ངེས་པ་བརྟན་པོ་རྙེད་ནས་དགེ་ལྡན་བཀའ་བརྒྱུད་ཀྱི་རང་ལུགས་ལ་མོས་གུས་གཏིང་ཚུགས་པས་གཞན་ལ་འགྲམ་ཆུ་མི་ལྡང་བ་ཞིག་བྱེད་དགོས་སོ། །དེ་ལ་ཐོག་མར་ལུང་གིས་སྒྲུབ་པ་ནི། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་གསང་བའི་བདག་པོ་ལ་རྗེ་བླ་མའི་སྐུ་ཚེ་སྔ་ཕྱི། རྟོགས་པའི་མཐོ་དམན་སོགས་ཞུས་པར་འགའ་ཞིག་གསུངས་ཏེ། འཚང་ནམ་རྒྱ་འཇམ་དབྱངས་ཀྱིས་སྟོན་པར་འགྱུར་རོ་ཞེས་གསུངས་


GTD004_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། ཤར་པ་རིན་པོ་ཆེའམ་གནས་བརྟན་རིན་ཆེན་རྒྱལ་མཚན་དང་རྒྱལ་ཚབ་འདུལ་འཛིན་སོགས་ཀྱིས་བསྐུལ་ཏེ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོར་འཇམ་དབྱངས་ལ་ཞུར་བཅུག་པས། དེ་ཉིད་ཀྱིས་རྗེ་བཙུན་ལ་གསོལ་བ་ཡང་ཡང་བཏབ་སྟེ་བཀའ་སྩལ་པ་བཞིན་ཡོས་ལོ་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་ཡི་གེར་བཀོད་པ་ལས། སྙིང་སྟོབས་ཕུལ་དུ་ཕྱིན་པའི་སེམས་དཔའ་ཆེན་པོ་འདི་ཉིད། སྔོན་ཚེ་རྗེ་བཙུན་འཇམ་དབྱངས་ཀྱིས་ཡང་དང་ཡང་དུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཛད་དེ། ཕྱི་ནང་གི་རིག་པའི་གནས་རྣམས་ལ་ཐོགས་མེད་དུ་སྨྲ་བའི་སྤོབས་པའང་ཐོབ། མངོན་པར་ཤེས་པ་ལྔ་ལ་མངའ་བརྙེས། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་དྲུང་དུ་རྗེ་བཙུན་དང་འཁོར་མང་པོ་དང་བཅས་ཏེ་བྱོན། དེའི་ཚེ་དེ་བཞིན་གཤེགས་པ་དབང་པོའི་ཏོག་གིས་ལུས་སྲོག་ལ་མི་བལྟ་བར་ལྟ་བ་རྣམ་དག་དང་འབྲེལ་བའི་སྔགས་མ་དག་པའི་ཞིང་རྣམས་སུ་རྒྱས་པར་བྱེད་པ་ནི་མྱུར་དུ་འཚང་རྒྱའོ། །ཞེས་སོགས་ཀྱིས་བསྔགས་པ་མང་དུ་བརྗོད། དེའི་ཚེ་སེམས་དཔའ་ཆེན་པོ་དེ་ཉིད་འཁོར་རྒྱ་མཚོ་ལྟ་བུའི་དབུས་ནས་བཞེངས་ཏེ། མ་དག་པའི་ཞིང་རྣམས་སུ་ལྟ་བ་རྣམ་དག་དང་འབྲེལ་བའི་སྔགས་ལུས་སྲོག་ལ་མི་བལྟ་བར་བདག་གིས་རྒྱས་པར་བྱེད་ནུས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས། དེའི་མོད་ལ་དེ་བཞིན་གཤེགས་པ་དབང་པོའི་ཏོག་དང་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྨོན་ལམ་གནང༌། དེ་བཞིན་གཤེགས་པ་དེ་ཡི་མཐུས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ཀྱང་ཐུགས་ཀྱི་དགོངས་


GTD004_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྔར་བཞིན་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་སྙིང་སྟོབས་ཕུལ་དུ་བྱུང་བའི་ཞེས་མགྲིན་གཅིག་ཏུ་བརྗོད། དེའི་ཚེ་སྙིང་སྟོབས་ཕུལ་དུ་བྱུང་བའི་སེམས་དཔའ་འདི་ཉིད་ནི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའི་བྱང་ཤར་མཚམས་སུ་ངོ་མཚར་རྨད་དུ་བྱུང་བའི་བཀོད་པ་སྣ་ཚོགས་པས་མཛེས་པ་ཞེས་བྱ་བའི་ཞིང་དུ་སེང་གེའི་ང་རོ་ཞེས་བྱ་བར་འཚང་རྒྱའོ། །ཞེས་ལུང་བསྟན་ལ། ཞེས་གསུངས་སོ། །འདི་ནི་མཁས་གྲུབ་ཐམས་ཅད་མཁྱེན་པས་འདིར་གསུངས་པའི་བཤད་བྱ་རྩ་བ་ལྟ་བུ་ཡིན་ལ། གཞན་ཡང་མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མཚན་ཅན་འབྱུང༌། །འཁོར་ནི་རྣམ་བཞི་རབ་བསྡུས་ནས། །སྟོན་པའི་མདོ་བཞིན་གསུང་སྒྲོགས་པ། །ལྷ་ཁང་ཀ་བ་ཤིང་ལོ་ཅན། །ང་ཡི་སྐུ་གཟུགས་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པར་བྱེད། །ང་ལ་གསོལ་བ་རབ་བཏབ་ནས། །བསྟན་པ་ལོ་སྟོང་བར་དུ་གནས། །འདི་ནས་འཕོས་ནས་བྱང་ཤར་གྱི། །ངོ་མཚར་བཀོད་མཛེས་འཇིག་རྟེན་དུ། །སེང་གེའི་ང་རོ་ཞེས་བྱར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་དང༌། ལབ་སྒྲོན་གྱི་ལུང་བསྟན་ལས། ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ། །སྙིགས་དུས་ལོག་སྤྱོད་བོད་ཡུལ་བྱུང་བའི་ཚེ། །དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། །གང་གི་ཞིང་དུ་སེང་གེའི་ང་རོར་གྲགས། །ཁྲིམས་འཆལ་ལོག་སྤྱོད་སྤོབས་པ་ཟིལ་གནོན་པས། །ཁྲིམས་འཆལ་བག་མེད་ཡང་དག་ཁྲིམས་ལ་སྦྱོར། །


GTD004_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་ཕྱུང་ནས། །གདུལ་བྱར་གྱུར་པའི་སྐལ་ལྡན་ཚིམ་པར་མཛད། །ཅེས་མཛད་པ་འཕྲིན་ལས་དང་བཅས་པ་ཤིན་ཏུ་གསལ་བར་གསུངས་སོ། །འོན་ཀྱང་མ་འོངས་པ་ན་དེ་ལྟར་འཚང་རྒྱ་བར་ལུང་བསྟན་པ་ལ་ཡིད་ཆེས་རྣལ་མ་སྐྱེ་མི་སྐྱེ་ད་ལྟ་མདོ་སྔགས་ཀྱི་བསྟན་པ་གསལ་བར་བྱེད་པ་སོགས་ཀྱི་ལུང་བསྟན་ཐོག་ཏུ་བབས་པ་འདི་དག་ལ་ངེས་པ་རྙེད་དགོས་ཤིང༌། དེ་ལ་རྗེ་བླ་མས་སྔ་མ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་བསྟན་པ་འཛིན་སྐྱོང་བཤད་སྒྲུབ་ཀྱི་སྒོ་ནས་དག་ཐེར་མཛད་ཚུལ་དགེ་ལྡན་རང་ལུགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཤེས་ན། གཟོད་བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ་ཡིད་ཆེས་རྙེད་པ་བྱ་བ་དེ་འབྱུང་ངོ༌། །འདི་ནི་བསྟན་པ་དང་སྟོན་པ་ཚད་མར་སྒྲུབ་པ་ཀུན་གྱི་སྤྱི་སྲོལ་རྨད་དུ་བྱུང་བ་ཡིན་ཏེ། བཞི་བརྒྱ་བ་ལས། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེས་གྱུར་པ། །དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །དེ་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་དང༌། ཚད་མ་རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལའང་རྗེས་སུ་དཔག་པ་ཡིན། །ཞེས་མ་འོངས་པའི་ལས་ཀྱི་འབྲས་བུ་སོགས་ཤིན་ལྐོག་གི་གནས་གསུངས་པ་རྣམས་ལ་ཐེ་ཚོམ་སྐྱེས་པའི་ཚེ་བདེན་བཞིའི་བླང་དོར་དང་ཆོས་ཉིད་སོགས་ཇི་ལྟར་བསྟན་པ་ལ་ཚད་མའི་གནོད་པ་འཇུག་མི་འཇུག་བརྟགས་ཏེ། གཙོ་བོའི་དོན་དེ་དག་འཁྲུལ་མེད་དུ་ངེས་ན་གཞན་རྣམས་ཀྱང་དེ་ལ་རྗེས་སུ་དཔག་ནས་འཁྲུལ་མེད་དུ་ཡིད་ཆེས་པར་གསུངས་སོ། །འོན་ཀྱང་དེ་ལྟ་


GTD004_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ངེས་པ་བསྐྱེད་པ་རྗེ་བླ་མའི་གསུང་རབ་རྣམས་ལ་རྟག་སྦྱོར་གུས་སྦྱོར་གྱི་བརྩོན་པས་ཡུན་རིང་དུ་སྦྱངས་པ་ལས་སྐྱེ་དགོས་ཀྱི། ལེགས་བཤད་ནམ་མཁའི་སྐར་ཚོགས་ལྟ་བུ་དེ་ཐམས་ཅད་བརྗོད་པར་ག་ལ་ནུས། འདིར་ཟུར་ཙམ་གྱི་ཁ་བྱང་ལྟ་བུ་ཞིག་སྨོས་ན། དེའང་བསྟན་པ་ཐམས་ཅད་བསྡུས་པ་སྡེ་སྣོད་གསུམ་གྱི་བརྗོད་དོན་བསླབ་པ་གསུམ་མམ། བོད་ཀྱི་བརྡ་སྦྱོར་ཚུལ་ལྟར་ལྟ་སྒོམ་སྤྱོད་གསུམ་དུ་གནས་པའི་ལྟ་བའི་དབང་དུ་བྱས་ན་བོད་སྔ་རབས་པ་ཁ་ཅིག །སྟོང་ཉིད་ཀྱི་དོན་གཏན་མེད་དུ་བཟུང་ནས་ལས་འབྲས་སོགས་ལ་སྐུར་བ་འདེབས། ཁ་ཅིག །སྟོང་ཉིད་བདེན་གྲུབ་དང་དེ་ཀུན་རྫོབ་པའི་ཆོས་ཀྱིས་སྟོང་པས་གཞན་སྟོང་གནས་ལུགས་མཐར་ཐུག་ཟེར། ཁ་ཅིག་ཅི་བྱས་ཀྱང་རིགས་པའི་གནོད་བྱེད་མ་ཁེགས་པས་ཡོད་མིན་མེད་མིན་ཟེར། ཁ་ཅིག་རང་བཞིན་ཁྱད་པར་གསུམ་ལྡན་ཞིག་དགག་བྱ་ཕྲ་མོར་ཁས་བླངས་ནས་དེ་ཙམ་ཁེགས་པས་སྟོང་ཉིད་རྟོགས་པར་འདོད། ཁ་ཅིག་དཔྱད་པ་ཐམས་ཅད་གཡེང་བ་ཡིན་པས། ཅི་ཡང་ཡིད་ལ་མི་བྱེད་པར་ཤེས་པའི་ངོ་བོ་སོ་མ་རང་བབས་སུ་བཞག་ན་ཆོས་ཉིད་བསྒོམ་པ་ཡིན་ཟེར་བ་སོགས་དགག་བྱ་ཐལ་ཆེ་ཆུང་གི་བློས་བྱས་དང༌། ཉི་ཚེ་བའི་སྟོང་པ་ཙམ་ལས་སྣང་སྟོང་འགལ་མེད་དུ་འཇོག་མཚམས་མ་ཤེས་པ་རྗེ་བླ་མས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས་སྣང་བས་ཡོད་མཐའ་སེལ་ཞིང༌། སྟོང་པས་མེད་མཐའ་སེལ་བ་སྟོང་པ་དང་རྟེན་འབྱུང་ཟུང་དུ་འཇུག་པ་དབུ་མ་ཐལ་འགྱུར་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་འདི་ཉིད་གསལ་བར་མཛད། ཏིང་ངེ་འཛིན་གྱི་བསླབ་


GTD004_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་སྒོམ་པའི་དབང་དུ་བྱས་ན། བོད་ཀྱི་བསམ་གཏན་པ་ཕལ་ཆེར་བྱིང་རྨུག་གི་དབྱེ་བ་མ་ཕྱེད་ཅིང༌། བྱིང་བ་དང་སྒོམ་རྣམ་དག་གི་མཚམས་མ་ཟིན་པར་གློད་རབ་ལ་སྒོམ་རབ་ཅེས་བྱིང་བ་འབའ་ཞིག་གསོག་པ་དང༌། ཁ་ཅིག་བྲིས་སྐུ་ལྟ་བུ་ལ་ཅེར་བལྟས་ཀྱིས་ཏིང་ངེ་འཛིན་སྒྲུབ་པར་རློམ་པ་དང༌། འཇོག་སྒོམ་ཁོ་ན་ལས་དཔྱད་པའི་རིགས་ཏིང་འཛིན་འགྲུབ་པའི་གེགས་སུ་བཟུང་སྟེ་ལྷག་མཐོང་སྒྲུབ་ཚུལ་གཞི་ནས་སྟོར་བ་སོགས་སྐྱོན་མང་དུ་བྱུང་བ་ལ་རྗེ་བླ་མས་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལ་བརྟེན་ནས་སྟོབས་དྲུག་ཡིད་བྱེད་བཞི་སོགས་ཀྱིས་སྒྲུབ་ཚུལ། བྱིང་རྒོད་ཕྲ་རགས་ཀྱི་མཚམས། དྲན་ཤེས་སྐྱོང་ཚུལ། དཔྱད་འཇོག་ཟུང་དུ་འབྲེལ་ཚུལ་སོགས་སྔ་མ་རྣམས་ཀྱིས་མ་ཐོན་པའི་གནད་དུ་མ་ཞིག་གསལ་བར་མཛད། ཚུལ་ཁྲིམས་ཀྱི་ངོ་བོ་སྤྱོད་པའི་དབང་དུ་བྱས་ན་བོད་ཀྱི་རྟོགས་པ་མཐོན་པོར་རློམ་པ་དུ་མ་ཞིག་གིས་ཆང་དང་ཕྱི་དྲོའི་ཁ་ཟས་སོགས་བཀག་པ་ཐེག་དམན་གྱི་དབང་དུ་བྱས་པ་ཡིན་པས། ཐེག་པ་གོང་མ་སེམས་ཀྱི་རང་ངོ་ཤེས་པ་རྣམས་དེ་འདྲ་ལ་འཛེམ་མི་དགོས་ཟེར་ནས་རབ་བྱུང་གི་ཀུན་སྤྱོད་དག་ལ་ཅིར་ཡང་མི་རྩི་ཞིང༌། དེའི་རྟགས་དང་ཆ་ལུགས་ཚུན་ཆད་ཀྱང་འདོར་བར་བྱེད། ཆུང་དུས་གཉེན་བཤེས་སོགས་ཀྱིས་བཙུན་གྲལ་བཅུག་པ་ཁུར་དུ་སོང་བའི་བསོད་ཆུང་འདོད་པས་གཟིར་ཏེ། བསླབ་པ་བསྐྱུར་འདོད་པ་རྣམས་ཆོས་ལ་ཁ་གཡར་ནས་དེའི་རྗེས་སུ་ཞུགས་ཤིང་དམ་པའི་ཆོས་འདུལ་བ་སུན་ཕྱུང་སྟེ་བསྟན་པའི་གཟུགས་བརྙན་ཙམ་དུ་གྱུར་པ་ན་རྗེ་བླ་མས་བསྟན་པ་གནས་མིི་གནས་འདུལ་ཁྲིམས་ཡོད་མེད་ལ་ལྟོས་པར་བསྟན་པའི་


GTD004_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་སངས་རྒྱས་བཅོམ་ལྡན་འདས་རང་གིས་གསུངས་པ་ལྟར། བསྟན་པའི་གཞི་མ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་རག་ལས་པར་གཟིགས་ནས་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་ཞིང་ཕྲ་བ་མཐའ་དག་ཕྱག་ལེན་དུ་བཏབ། སྔགས་ལ་འཇུག་པའི་ཚེའང༌། ཕྱི་རུ་ཉན་ཐོས་སྤྱོད་བསྐྱངས་ཤིང༌། །ནང་དུ་འདུས་པ་ལ་རབ་དགའ། །ཞེས་རྡོ་རྗེ་འཆང་ཉིད་ཀྱིས་རྒྱུད་སྡེ་ལས་གསུངས་པ་བཞིན། འདུལ་བའི་ཀུན་སྤྱོད་ལ་གནས་བཞིན་པའི་ངང་ནས་རིམ་གཉིས་ཀྱི་རྣལ་འབྱོར་ལ་འཇུག་པའི་སྲོལ་བཟང་པོ་ཕྱེ་སྟེ། བློ་མཆོག་དམན་ཀུན་ལ་སྨན་གདགས་པར་མཛད་དོ། །གཞུང་སོ་སོ་ལ་མཚོན་ནའང༌། རྣམ་འགྲེལ་ལྟ་བུ་སྔར་ནང་པའི་བསྟན་བཅོས་ཙམ་དུའང་མ་གོ་བ་རྗེ་བླ་མས་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་དྲི་མ་མེད་པའི་རིགས་པས་གཏན་ལ་འབེབས་པའི་ལེགས་བཤད་འགྲན་ཟླ་མེད་པ་ཡིན་ཚུལ་གསལ་བར་མཛད་དེ་ཐར་འདོད་ཡོངས་ཀྱི་བློ་མིག་ཕྱེས། ཕར་ཕྱིན་དེ་སྔོན་ནས་དར་རྒྱས་ཆེ་བའི་ལུགས་ཡིན་འདུག་ཀྱང་རྗེ་བླ་མ་སྐུ་ན་ཕྲ་མོའི་དུས་ལེགས་བཤད་གསེར་ཕྲེང་བརྩམས་པས་སྔ་མ་ཀུན་ཟིལ་གྱིས་གནོན་ནུས་པ་བྱུང་སྟེ། སྟག་ཚང་པས། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཞེས་བསྟོད་པ་བྱས། འདུལ་བའང་སྔ་སོར་མེ་ཏོག་ཕྲེང་རྒྱུད་གཙོ་བོར་བྱེད་ཀྱང༌། ལུང་སྡེ་བཞིའི་དགོངས་དོན་མཐའ་ཆོད་པ་ལ་མདོ་རྩ་བ་ཁྱད་པར་དུ་འཕགས་ཚུལ་


GTD004_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འདིས་གསལ་བར་བྱས་པས་དེ་ཕྱིན་ཆད་མདོ་རྩའི་འཆད་ཉན་ལྷག་པར་རྒྱས། དབུ་མ་དང་སྔགས་གཉིས་རང་གི་ཐུགས་བསྐྱེད་ཀྱི་ཁུར་དུ་བཞེས་པའི་ཕྱག་མཚན་གཙོ་བོ་ཡིན་ཞིང༌། དབུ་མའི་བརྗོད་དོན་ལྟ་བ་རྣམ་དག་གི་སྲོལ་ཕྱེ་ཚུལ་གོང་དུ་སྨོས་པ་དེ་ཡིན་ལ། གཞུང་བཤད་ཀྱི་དབང་དུ་བྱས་ནའང་ཀརྨ་དཀོན་གཞོན་གྱིས་ཚོགས་གཏམ་བྱས་པ་ལྟར། དབུ་མ་ཞེས་པའི་མིང་ཙམ་ཡང་ཆེར་མ་གྲགས་པ་རེད་མདའ་བ་དང་རྗེ་འདི་གཉིས་ཀྱིས་ས་འོག་གི་གཏེར་བཞིན་བཏོན་ཏེ་འཆད་ཉན་ཐང་མར་བདལ། གསང་སྔགས་ཀྱི་ཟབ་གནད་ཕལ་ཆེར་རྗེ་འདིས་གསལ་བར་མཛད་པ་ཁོ་ན་ཡིན་ཏེ། སྟག་ཚང་པས། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་གསུངས་པ་བཞིན་ཏེ། མདོར་ན་རྟོགས་བརྗོད་འདུན་ལེགས་མ་ནས་ཇི་ལྟར་འབྱུང་བ་བཞིན་རྒྱུད་སྡེ་བཞི་སོ་སོའི་རྩ་བཤད་ཀྱི་རྒྱུད་ཐམས་ཅད་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་གཏན་ལ་ཕབ། ཁྱད་པར་དུ་གསང་བདེ་འཇིགས་གསུམ། དུས་ཀྱི་འཁོར་ལོ་སོགས་རང་རང་གི་རྩ་བཤད་སྦྱར་ཏེ་རྒྱུད་ཀྱི་འགང་གཤོག་ཚུལ། འཕགས་བོད་ཀྱི་བཤད་སྲོལ་ཐ་དད་པ་ཇི་སྙེད་ཡོད་པ་དང༌། ཐ་ན་འགྱུར་མི་འདྲ་བའི་ཟུར་ཕྲ་མོ་ཚུན་ལ་དག་ཐེར་མཛད་ཚུལ་འགྲེལ་པ་བཞི་སྦྲགས་སོགས་སུ་བལྟས་པས་ཤེས། དོན་གྱི་གཙོ་ཆེ་ཤོས་རགས་པ་ཙམ་མཚོན་ན། འཇུག་སྒོ་དབང་གི་སྐབས་སུ་དབང་བཞི་པ་ལ་སྔ་མ་རྣམས་གཏད་སོ་ཞིག་


GTD004_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་བ་རྗེ་འདིས་ཟུང་འཇུག་གི་དོན་ངོ་སྤྲད་པའི་སྒོ་ནས་བསྐུར་ཚུལ་རྒྱུད་དོན་རྗེན་པར་བསྟན། སྨིན་བྱེད་བསྐྱེད་རིམ་གྱི་སྐབས་སུ་སྔ་མ་མང་པོས་ལྷའི་རྣལ་འབྱོར་ཙམ་དང་བསྐྱེད་རིམ་གྱི་དབྱེ་བ་མ་ཕྱེད་ཅིང༌། ལ་ལས་བསྐྱེད་རིམ་མཆོག་འགྲུབ་པའི་རྒྱུར་མི་འགྱུར་བར་འདོད་པ་སོགས་བྱུང་ཡང༌། སྦྱང་གཞི་མངལ་སྐྱེས་ཀྱི་དབང་དུ་བྱས་པ་དགོས་པ་ཆེ་ཚུལ། བསྐྱེད་རིམ་ལ་གཞི་ལམ་འབྲས་བུ་ཀུན་དང་རྣམ་པ་མཐུན་པ་དགོས་ཤིང༌། ལྷག་པར་རྫོགས་རིམ་ཟབ་མོའི་སྨིན་བྱེད་དུ་འགྲོ་ཚུལ་རེ་མེད་མི་རུང་དུ་དགོས་པར་རྗེ་འདིས་གསུངས་སོ། །རྫོགས་རིམ་གྱི་རིམ་པ་གཞན་རྣམས་ལའང་མ་རྟོགས་ལོག་རྟོག་གི་དྲི་མ་བསལ་བ་མང་ཞིང༌། ལྷག་པར་སྒྱུ་ལུས་ཀྱི་རྣམ་བཞག་སྔ་མ་མང་པོས་བདེན་སྟོང་སྒྱུ་མ་ལྟ་བུ་ཟེར་བ་དང༌། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ཟེར་བ་སོགས་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་ལ་གྲགས་པའི་སྤྱི་དོན་གྱི་སྒྱུ་མ་ཙམ་ལས། སྦས་དོན་དང་མཐར་ཐུག་གི་སྒྱུ་མའི་དོན་ངོས་མ་ཟིན་པ་རྗེ་བླ་མ་འབའ་ཞིག་གིས་རྒྱུད་དང་འཕགས་པ་ཡབ་སྲས་ཀྱི་དགོངས་པ་བཞིན་གངས་རིའི་ལྗོངས་འདིར་གསལ་བར་མཛད་དེ། ཀུན་གཟིགས་ལྔ་པ་ཆེན་པོས། སྒྱུ་ལུས་སིནྡྷུ་ཝ་རའི་འདབ་མའི་ཁ། །མཁས་རློམ་ཉི་ཟླའི་འོད་ཀྱིས་ཕྱེད་མིན་པ། །ལེགས་གསུངས་སྐེད་མེད་ཁ་ཡི་གཟེགས་མའི་ཆང༌། །འཐོར་ཚེ་འདབ་བརྒྱ་པ་དེ་རང་དབང་ཅི། །ཞེས་གསུངས་པ་ལྟར་རོ། །ཟུང་འཇུག་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ཟུང་འཇུག་ཙམ་ལས། དེ་ཉིད་ཡ་གྱལ་གཅིག་ཏུ་བྱས་


GTD004_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་འཇོག་ཤེས་པ་མ་བྱུང་ངོ༌། །མདོར་ན་སྔགས་རིམ་ཆེན་མོར་ཀྱཻ་རྡོར་གྱི་སྐོར་ས་ཆེན་གོང་མ་རྣམས་ཀྱི་བཞེད་སྲོལ་ལ་མ་བཤད་པ་དང་ལོག་པར་བཤད་པའི་དྲི་མ་བསལ་རྒྱུ་མེད་པ་མ་གཏོགས། རྒྱུད་དོན་ཕལ་ཆེར་ལ་བོད་སྔ་མའི་བཤད་རྒྱུན་གཞི་ནས་དག་ཐེར་བྱེད་མི་དགོས་པ་མ་བྱུང་བར་གསུངས་མོད། ཀྱཻ་རྡོར་ལའང་བདག་བྱིན་བརླབ་ཀྱི་སྐོར་བརྟག་པ་ཕྱི་མའི་གཉིས་པ་དང༌། གུར་གྱི་ལེའུ་བཞི་པ་དང་བཅུ་བཞི་པ་སོགས་རྩ་བཤད་གུང་བསྒྲིག་པའི་བཤད་སྲོལ་གཞན་གྱིས་མ་ཐོན་པ་རྗེ་བླ་མའི་བཀའ་དྲིན་གྱིས་མཁས་གྲུབ་སྨྲ་བའི་ཉི་མས་གསལ་བར་བྱས་པ་ཡིན་ནོ། །དེ་ལྟར་ན་མདོ་སྔགས་བཤད་པ་དང་སྒྲུབ་པ། འཆད་རྩོད་རྩོམ་གསུམ། བསླབ་གསུམ་རིམ་གཉིས་ཀྱི་ཉམས་ལེན་སོགས་བསྟན་པ་འཛིན་སྐྱོང་སྤེལ་བའི་སྒོ་གང་ལའང་རྗེ་བླ་མ་འདིས་གཞན་སུས་ཀྱང་དེ་ལས་ལྷག་པར་བྱེད་ཚུལ་མེད་པ་རེ་མ་མཛད་པ་གཅིག་ཀྱང་མེད་པས། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །ཞེས་པ་དེ་ནི་ངེས་པར་རང་བཞིན་བརྗོད་པ་ཡིན་ཏེ། ལྔ་པ་ཆེན་པོས་མཛད་པའི་དམིགས་བརྩེ་མའི་ཊཱིཀྐ་ལས། དེ་ཙམ་གྱིས་མཁས་པ་ཐམས་ཅད་ཀྱི་གཙུག་ན་མངོན་པར་མཐོ་བར་མི་འགྱུར་ཏེ། བཀའ་གདམས་ཀྱི་སྐུ་མཆེད་གསུམ་དང༌། གླང་ཤར་སོགས་བདག་པས་གཞན་གཅེས་འཛིན་པའི་སེམས་དཔའ། ལྕེ་འབྲོག་མར་མི་སོགས་སྐུ་ཚེ་དེའམ་བར་དོར་ཟུང་འཇུག་བརྙེས་པའི་གྲུབ་ཐོབ། རྔོག་བུ་སོགས་གནས་ལྔ་རིག་པ་མཁྱེན་པའི་བླ་མ་མཐའ་


GTD004_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་པ་བྱུང་བས་སོ་ཞེ་ན། རིགས་པ་དེ་ནི་འཇུག་པ་མ་ཡིན་ཏེ། བཤད་མ་ཐག་པའི་མཁས་གྲུབ་དེ་དག་ཕྱོགས་གཅིག་ཏུ་བསྡོམས་ན་དམ་པ་འདིའི་ཡོན་ཏན་དང་མཚུངས་ནའང༌། རེ་རེ་བཞིན་ནས་དོད་མི་སྙོམས་པའི་རྒྱུ་མཚན། བསྟན་པ་སྔ་དར་ལ་ལོ་པཎ་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང༌། ཕྱི་དར་ལ་བཀའ་གདམས་གོང་མ་སོགས་རྒྱལ་བའི་སྲས་པོ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་འདི་ལ་མི་མངའ་འང་འདི་ཉིད་ཀྱི་ཐ་སྙད་དང་གསང་སྔགས་ཡོངས་སུ་རྫོགས་པ་དེ་དག་ལ་མེད་པས་སོ། །དེ་བཞིན་དུ་སྔ་དར་གྱི་རྗེ་འབངས་ཉེར་ལྔ་དང༌། ཕྱི་དར་གྱི་ལོ་ཆེན་འབྲོག་མི། དཀར་པོ་རྣམ་གསུམ། མར་མི་སོགས་གྲུབ་པའི་དབང་ཕྱུག་དེ་དག་གི་བསྐྱེད་རྫོགས་ཀྱི་ཡོན་ཏན་གྱི་ཆ་ནས་ཕན་ཚུན་སྙོམས་ནའང༌། སོ་སོར་ཐར་པའི་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་དང༌། གྲུབ་མཐའ་རྣམ་བཞིའི་བཞེད་གཞུང༌། སྒྲ་ཚད་སོགས་ཤེས་བྱ་ཇི་སྙེད་པའི་ཡོན་ཏན་གྱི་ཆ་ནས་མཆོག་དམན་ཡོད་དོ། །དེ་བཞིན་དུ་རྔོག་ཤོང་དཔང་བུ་སྟོན་སོགས་གནས་ལྔ་རིག་པ་མཁྱེན་པ་རྣམས་ཀྱིས་ཐོས་བསམ་ལ་སྒྲོ་འདོགས་བཅད་པའི་ཆ་ནས་ཁྱད་པར་མེད་ཀྱང༌། བླ་མ་མགོན་པོ་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་བཞེད་པ་དངོས་བསྟན་སྟོང་ཉིད་ཀྱི་ལྟ་བ་དང་དཔལ་གསང་བ་འདུས་པའི་སྒྱུ་ལུས་སོགས་གནད་གསང་ཟབ་མོ་སྔོན་ཆད་མཁས་པ་དང་གྲུབ་པ་རྣམས་ཀྱི་མཁྱེན་པའི་ཡུལ་དུ་མ་འཚལ་བ་


GTD004_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་དམ་པ་འདི་ཉིད་ཀྱིས་གཏན་ལ་ཕབ་པ་མངོན་སུམ་གྱིས་གྲུབ་པ་འདིའོ། །ཞེས་གྲུབ་མཐའ་རིས་མེད་ཀྱི་གནས་ལུགས་ཕྱོགས་ཞེན་ཙམ་མ་ཡིན་པར་བསྲེགས་བཅད་བརྡར་བའི་གསེར་བཞིན་ལེགས་པར་ཁུངས་བཅད་དེ་གསུངས་པ་ཡིན་ནོ། །དེར་མ་ཟད་སོ་སོ་ནས་ཁྱད་པར་ཡོད་ཚུལ་ཞིབ་ཏུ་བྱེད་ན་མཁས་གྲུབ་རྗེས་མཛད་པའི་ལྟ་ཁྲིད་ལས། སེམས་དཔའ་ཆེན་པོ་པོ་ཏོ་བ་དང་སྤྱན་སྔ་བ་དང་མཆད་ཁ་པའི་གསུང་བགྲོས་ལ་སོགས་པ་སྔ་ཕྱི་དུ་མ་དང༌། དགེ་བསྙེན་ཆེན་པོ་ཁམ་པ་ལུང་པའི་གསུང་གི་རྗེས་སུ་འབྲངས་པ་བཤེས་གཉེན་ཆེན་པོ་གྲོ་ལུང་པའི་བསྟན་རིམ་ཆེ་ཆུང་ལ་སོགས་པ་དེ་དག་ཐམས་ཅད་ལའང་རྒྱལ་བ་དགྱེས་པའི་ལམ་གྱི་རིམ་པ། གསུང་རབ་ཆེན་མོ་དག་གི་རྗེས་སུ་འབྲང་བ། དམ་པ་བརྒྱུད་པའི་གསུང་གིས་བརྒྱན་པ། མཁས་པ་དགའ་བ་སྐྱེད་པའི་འཇུག་ངོགས་རྨད་དུ་བྱུང་བ་ཡོད་མོད་ཀྱི། དེ་ལྟ་ནའང་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་གི་གདམས་པའི་གསུང་རབ་གླེགས་བམ་དུ་མཛད་པ་འདི་དག་ལ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པ་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྲོ་བའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གྲངས་དང་གོ་རིམ་ལ་སོགས་པ་དང༌། ད་ལྟ་རྒྱུད་ལ་བསྐོར་བའི་དམིགས་རྣམ་གྱི་རིམ་པ་མྱོང་ཐོག་ཏུ་འཁྱེར་ཚུལ་སོགས་ལམ་གྱི་ལུས་སྤྱི་དང་ཡན་ལག་སོ་སོ་ཐམས་ཅད་ལ་སྔོན་ཆད་གངས་རིའི་ཁྲོད་འདིར་སུས་ཀྱང་མ་ཐོན་པའི་ཐུན་མོང་མ་ཡིན་པའི་ཕུལ་དུ་བྱུང་བའི་ཁྱད་པར་བླ་ན་མེད་པའི་ཚུལ་ལ་བློ་སྐྱོན་མ་ཞུགས་པའི་དཔྱོད་པ་ཞིབ་


GTD004_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་ངེས་པ་རྙེད་པ་དང༌། ཞེས་བྱང་ཆུབ་ལམ་རིམ་གྱི་ཁྱད་ཆོས་གསུངས་པས་མཚོན་ཏེ་རྗེའི་ལེགས་བཤད་རྣམས་རེ་རེ་བཞིན། གཞན་ལས་ཁྱད་པར་དུ་འཕགས་ཚུལ་བརྗོད་པར་བྱ་བ་མང་མོད་ཀྱང་མ་སྤྲོས་སོ། །དེ་དག་གིས་མཚོན་ནས་སྐུ་ཚེ་འདི་ལ་རྒྱལ་བའི་བསྟན་པ་འཛིན་ཚུལ་ཇི་ལྟར་ལུང་བསྟན་པ་བཞིན་དུ་བྱུང་བར་ངེས་པ་ནི། དེའི་ཤུགས་ཀྱིས་དེ་དང་རྒྱུ་མཐུན་པ་སྐུ་ཚེ་སྔ་ཕྱི་རྣམས་ལའང་སྤྱོད་པ་ཕུལ་དུ་བྱུང་བ་དེ་ལྟ་བུར་བསླབ་ཚུལ་ནས་བཟུང་སྟེ་མཐར་འཚང་རྒྱ་བའི་བར་དུ་ལུང་བསྟན་པ་ཐམས་ཅད་ལ་ཐེ་ཚོམ་མེད་པའི་ངེས་པ་བདེ་བླག་ཏུ་རྙེད་པར་འགྱུར་རོ། །གསུམ་པ་བསླབ་པའི་འབྲས་བུ་མངོན་པར་སངས་རྒྱས་ཚུལ་ནི། ཞེས་གསུངས་དེ་ལྟར་འདི་ཉིད་སངས་རྒྱས་པའི། །རྒྱལ་བ་སེང་གེའི་ང་རོའི་སྐུ་ཚེ་ནི། །བསྐལ་པ་དཔག་མེད་ཐ་མལ་སྐུ་ཡི་ཚད། །དཔག་ཚད་གཅིག་པ་མརྒད་མདོག་ལྟ་བུ། །དཔག་ཚད་དུ་མའི་འོད་ལྡན་ཕྱག་གཡས་ནི། །ཆོས་འཆད་གཡོན་པ་མཉམ་གཞག་ལ་གནས་པ། །བདུད་རྩིས་གང་བའི་ལྷུང་བཟེད་དེ་དབུས་ནས། །བདུད་རྩིའི་འོད་ལྡན་མཆོད་སྡོང་ཆེར་འཕགས་ཤིང༌། །གྲངས་མེད་འོད་ཟེར་འགྱེད་པ་ལྷག་གེར་གསལ། །ཞིང་དེའི་གདུལ་བྱ་དབང་པོ་མཆོག་རྣམས་ཀྱིས། །མཆོད་སྡོང་དེ་ཉིད་མཐོང་བའི་མོད་ཙམ་ལ། །ཐེག་མཆོག་ལམ་བཟང་རྒྱུད་ལ་མངོན་དུ་བྱེད། །འབྲིང་དང་ཐ་མའི་གདུལ་བྱའང་རྒྱལ་བ་དེས། །སྔགས་ཚུལ་སྟོང་ཉིད་གཏམ་དང་ཉེར་འབྲེལ་བ། །འདོམས་པའི་གསུང་གི་བདུད་རྩི་འཐུངས་ཙམ་ལས། །དེ་ཡི་


GTD004_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ལ་ལམ་བཟང་མངོན་དུ་བྱེད། །ཞིང་དེའི་གདུལ་བྱ་ཀུན་ཀྱང་སྔགས་ཀྱི་ཚུལ། །ཟབ་མོ་དབུ་མའི་ལྟ་དང་ཉེར་འབྲེལ་བ། །ཁོང་དུ་ཆུད་པའི་མཐུ་ལས་སྲིད་པ་གཞན། །ཉིང་མཚམས་མི་སྦྱོར་རྒྱལ་སྲས་ཤ་སྟག་གོ །ཞེས་བྱུང༌། འདི་ལ་རྒྱལ་བ་དེ་ཉིད་ཀྱི་སྐུའི་བཀོད་པའི་ཁྱད་པར་དང༌། དེའི་ཞིང་གི་སྣོད་བཅུད་ཀྱི་འབྱོར་པའི་ཁྱད་པར་ཇི་ལྟ་བུ་ཡིན་སྙམ་ན། སྤྱིར་འདི་དག་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་རྣམ་པ་གཅིག་ཏུ་འདི་ཙམ་ཡོད་ཅིང༌། དེ་ལས་ལྷག་པ་མེད་དོ་ཞེས་ཁ་ཚོན་གཅོད་མི་ནུས་སོ། །དེའི་རྒྱུ་མཚན་ཡང༌། དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་བཅོ་ལྔ་པ་འཇམ་དཔལ་གྱི་ཞིང་གི་བཀོད་པ་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མི་དེའི་སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆས་རྒྱ་མཚོ་ཆེན་པོ་ལས་ཆུའི་ཐིགས་པ་གཅིག་བླངས་པ་དེ་ཙམ་དུ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པར་བལྟའོ། །རྒྱ་མཚོ་ཆེན་པོ་ན་ཆུའི་ལྷག་མ་ཇི་སྙེད་ཅིག་ཡོད་པ་དེ་ཙམ་དུ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པར་བལྟའོ། །ཞེས་དང༌། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པའི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དང༌། ད་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཟེར་ཡོན་ཏན་


GTD004_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་མང་བ་རྒྱ་མཚོའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་ཡིན་པ་དེ་གཉིས་མཚུངས་ཏེ་ལྷག་ཆད་མེད་དོ། །ཞེས་གསུངས་ལ། དེ་བཞིན་གཤེགས་པ་དེ་ཉིད་དང་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུའི་ཚད་སོགས་སྣོད་བཅུད་ཀྱི་འབྱོར་པའི་ཁྱད་པར་ཡང༌། དེ་ཉིད་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མང་བ་རྒྱ་མཚོའི་རྒྱལ་པོ་དེའང་སྐུ་ཐ་མལ་པ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་མངའ་བ་སྟེ། འཛམ་བུ་ཆུ་བོའི་གསེར་གྱི་རི་བོ་ལྟར་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དཔག་ཚད་བཞི་ཁྲི་ཉིས་སྟོང་ཙམ་དུ་གྱུར་པ་ཤ་སྟག་གིས་བསྐོར་ཅིང་མདུན་གྱིས་བྱས་ཏེ། བྱང་ཆུབ་ཀྱི་ཤིང་ཡོན་ཏན་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་དྲུང་ན་སེང་གེའི་ཁྲི་ལ་བཞུགས་ཤིང༌། སྤྲུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་སྤྲུལ་བ་མཛད་དེ། སྤྲུལ་བ་དེ་དག་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་མཐོང་ངོ༌། །ཞེས་དང༌། སངས་རྒྱས་ཀྱི་ཞིང་དེ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གང་ཞིང་ནོར་བུ་རིན་པོ་ཆེ་ཀུན་ཏུ་བསྟན་པ་དང་འདྲ་ལ། རིན་པོ་ཆེ་དེ་དག་ཀྱང་ཕྱོགས་བཅུའི་འཇིག་རྟེན་ན་དཀོན་ལ་སྔན་ཆད་མ་མཐོང་ཞིང་མི་སྲིད་པ་ཤ་སྟག་སྟེ། དེ་དག་གི་མིང་བརྗོད་ནའང་ལོ་བྱེ་བ་བརྒྱ་སྟོང་ཐོགས་པར་འགྱུར་བ་དེ་ལྟ་བུའི་ནོར་བུ་རིན་པོ་ཆེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བར་འགྱུར་ཏེ། ཞེས་སོགས་མཐའ་ཡས་པ་ཞིག་


GTD004_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ། རྗེ་བླ་མས་ཞིང་མཆོག་སྒོ་འབྱེད་ཀྱི་མཇུག་ཏུ་རང་ཉིད་གང་དུ་མངོན་པར་འཚང་རྒྱ་བའི་ཞིང་གི་དོན་དུ་སྨོན་ལམ་མཛད་པ་ལས་ཀུན་གཟིགས་ཀྱི་ཞིང་གི་བཀོད་པ་རྣམས་གསུངས་པའི་མཇུག་ཏུ། དག་པའི་ཞིང་གཞན་དུ་མ་ལས་ཁྱད་པར་དུ་འཕགས་པའི་ཞིང་དེ་བས་ཀྱང་ཆེས་ཤིན་ཏུ་ཐ་གྲུ་ཆེ་བ། ཆེས་ཤིན་ཏུ་ཡངས་པ། ཆེས་ཤིན་ཏུ་གྱ་ནོམ་པ། ཞིང་དེས་ཆ་ཤས་ཙམ་དུའང་བསྒྲུན་པར་མི་ནུས་པའི་ཞིང་དེ་ལྟ་བུ་ཞིག་ཏུ་གྱུར་ཅིག །ཅེས་སྨོན་ལམ་མཛད་པའང་དེ་བཞིན་དུ་འགྲུབ་པར་ངེས་པས་མཐའ་གཅིག་ཏུ་བརྗོད་དཀའ་འང༌། འདིར་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་འདི་ལ་ཚུལ་བཞིན་བསླབ་པའི་གདུལ་བྱ་ཐུན་མོང་བ་ཤས་ཆེར་གྱི་སྐལ་བ་དང་འཚམ་པར། སྐུ་དང་ཞིང་ཁམས་མཛད་པ་སོགས་སྟོན་ཚུལ་དེའི་དབང་དུ་བྱས་ནས་བཀོད་པར་སྣང་བས། དེ་ལྟར་དུ་དངོས་ཟིན་གྱི་དོན་ཙམ་འགྲེལ་ན། འདི་ནས་བྱང་ཤར་མཚམས་སུ་སངས་རྒྱས་ཀྱི་ཞིང་ངོ་མཚར་རྨད་བྱུང་བཀོད་པས་མཛེས་པ་ཞེས་བྱ་བ་སྣོད་བཅུད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་དེའི་དབུས་སུ་བྱང་ཆུབ་ཀྱི་ལྗོན་ཤིང་ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་གཡུར་དུ་ཟ་བའི་དྲུང་ན་རིན་པོ་ཆེའི་རང་བཞིན་གྱི་སེང་གེའི་ཁྲིའི་སྟེང་དུ། རྒྱལ་བ་སེང་གེ་ང་རོ་སྐུ་མདོག་ལྗང་གུ་མར་གད་ཀྱི་ལྷུན་པོ་ལ་མཚན་དཔེས་སྤྲས་པ་ལྟ་བུ། རྒྱུན་པའི་སྐུ་འཕང་དུ་དཔག་ཚད་གཅིག་པ། ཞལ་གྱི་དཀྱུས་རྒྱང་གྲགས་ཙམ་དང་ལྡན་ཞིང༌། སྐུ་ལས་འོད་ཀྱི་དྲ་བ་དཔག་ཚད་དུ་མའི་ཁྱོན་ལ་ཕྱོགས་བཅུར་འཕྲོ་བ། སྐུ་ཚེ་བསྐལ་པ་དཔག་ཏུ་མེད་པར་བཞུགས་པ། ཕྱག་གཡས་ཆོས་འཆད། གཡོན་མཉམ་


GTD004_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་གི་སྟེང་དུ་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པའི་དབུས་ན་མཆོད་སྡོང་གྲུ་བཞི་པ། དབུས་མངོན་པར་མཐོ་བས་ལྷམ་མེར་འཕགས་ཤིང༌། མཆོད་སྡོང་དེ་ཉིད་ལས་ཀྱང་བདུད་རྩི་ཁ་དོག་ལྔ་ལྡན་ལྟ་བུའི་འོད་ཟེར་སྣ་ལྔ་པའི་ཕྲེང་བ་དཔག་ཏུ་མེད་པ་ཕྱོགས་ཀུན་ཏུ་འཕྲོ་བ། ཞིང་དེའི་གདུལ་བྱ་དབང་པོ་རབ་རྣམས་ཚིག་གི་ལམ་ནས་ཆོས་སྟོན་མི་དགོས་པར་མཆོད་སྡོང་དེ་མཐོང་བའི་མོད་ལ་ལྟ་བ་རྣམ་དག་དང་འབྲེལ་བའི་སྔགས་ཀྱི་ལམ་མངོན་དུ་བྱེད། དབང་པོ་འབྲིང་དང་ཐ་མ་རྣམས་ཀྱང་གསུང་གི་བདུད་རྩི་ལ་བརྟེན་ནས་མདོ་སྔགས་ཀྱི་ལམ་བཟང་མངོན་དུ་བྱེད་ཅིང༌། སླར་ལས་ཉོན་གྱི་དབང་གིས་སྲིད་པར་ཉིང་མཚམས་མི་སྦྱོར་བར་ངེས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་ནོ། །འོ་ན་དགའ་ལྡན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོ་ཞེས་བྱ་བར་འགྱུར་བར་བཤད་པ་དང་འདི་མི་འགལ་ལམ་སྙམ་ན་སྐྱོན་མེད་དེ། དེ་ནི་གདུལ་བྱ་རིགས་མཆོག་དམན་ཐུན་མོང་ལ་ཕན་གདགས་པའི་ཕྱིར་དུ་དེར་བྱང་སེམས་ཀྱི་སྐྱེ་བ་བཟུང་བ་ཡིན་ལ། འདི་ནི་མདོ་སྡགས་ཟུང་འབྲེལ་གྱི་ཉམས་ལེན་ཚུལ་བཞིན་བྱས་པས་ཐེག་མཆོག་རིགས་ཀྱི་ནུས་པ་ཡོངས་སུ་སྨིན་པ་ལ་སྟོན་ཚུལ་ཡིན་ཞིང༌། དེར་མ་ཟད་སངས་རྒྱས་རེ་རེ་ལ་ཐུགས་བསྐྱེད་ཚུལ་དང༌། སངས་རྒྱས་ཚུལ་གྱི་བཤད་པ་མི་འདྲ་བ་མང་དུ་འབྱུང་བ་ལྟར། རྗེ་བླ་མ་སངས་རྒྱས་ཚུལ་ལའང་སེང་གེའི་ང་རོར་འཚང་རྒྱ་བ་དང༌། ཡང་འཇམ་དབྱངས་ཀྱི་ལུང་བསྟན་གཅིག་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་དབང་པོ་ཞེས་བྱ་བར་འཚང་


GTD004_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བ་དང༌། མ་ཅིག་གིས། མ་འོངས་བསྐལ་བཟང་སངས་རྒྱས་བདུན་པ་ཡིན། །ཞེས་བྱམས་མགོན་ནས་བགྲང་བའི་བདུན་པ་སྤྱན་ལེགས་སུ་འཚང་རྒྱ་བར་གསུངས་པ་སོགས་དང༌། ཐུན་མོང་མ་ཡིན་པ་གོང་དུ་བཤད་པ་ལྟར་རྗེ་བཙུན་འཇམ་དབྱངས་དང་ངོ་བོ་གཅིག་པས་བསྐལ་པ་དཔག་མེད་ཀྱི་སྔོན་ནས་སངས་རྒྱས་པ་དང༌། ཡང་བསྐལ་པ་དཔག་མེད་ཀྱི་སྔ་རོལ་ཏུ་དབང་པོའི་ཏོག་གི་སྤྱན་སྔར་མཇལ་ཚུལ་འདིའི་སྒོ་ནས་བསྒྲུབས་ནའང་དེའི་དུས་ནས་བཟུང་སྟེ་གསང་སྔགས་ཀྱི་མྱུར་ལམ་ལ་ཚུལ་བཞིན་དུ་སློབ་པའི་གདུལ་བྱ་ཤིན་ཏུ་དབང་རྣོན་ཞིག་ཡིན་པས་བསྐལ་པ་ཆེས་མང་པོའི་སྔར་ནས་སངས་རྒྱས་ཟིན་པར་གྲུབ་པའི་ཕྱིར། དགེ་ལྡན་བཀའ་བརྒྱུད་ཀྱི་རྣམ་ཐར་ཁ་བྱང་པཎ་ཆེན་ཆོས་རྒྱན་གྱིས་མཛད་པ་ལས། རྗེ་བླ་མ་འདི་ཉིད་བསྐལ་པ་མང་པོའི་སྔོན་ནས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མཛད་པར་ངེས་ཏེ། བདེ་གཤེགས་དབང་པོའི་ཏོག་བྱོན་པའི་དུས་བླ་མེད་ཀྱི་སྔགས་ལམ་ལ་གནས་པར་གྲུབ་པ་གང་ཞིག །སོ་སྐྱེ་རང་བཞིན་པའང་དབང་བཞི་པ་ཐོབ་ལ་དམ་ཚིག་དང་སྡོམ་པ་མ་ཉམས་ན་བསྒོམ་པ་སོགས་མ་བྱས་ཀྱང༌། སྙིགས་དུས་ཀྱི་སྐྱེ་བ་བཅུ་དྲུག་ཚུན་ལ་ངེས་པར་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་རྒྱུད་སྡེ་རྣམས་སུ་གསུངས་པས་འགྱུར་མེད་ལུང་རིགས་ཀྱིས་གྲུབ་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། །གསུམ་པ་དགེ་བ་བསྔོ་བ་ནི། དེ་ལྟར་འཚང་རྒྱ་བདག་ཅག་རྣམས་ཀྱི་སྐྱབས། །འདྲེན་མཆོག་དེ་ཡི་ཐུགས་ཀྱི་བཅུད་ཕྱུང་བ། །རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་ལེགས་རྟོགས་ནས། །བཀའ་བཞིན་སྒྲུབ་པ་སྙིང་པོར་བྱེད་པ་དང༌། །སྐྱེ་བ་ཀུན་ཏུ་ལུས་དང་སྲོག་ལ་ཡང༌། །མི་བལྟ་སྔགས་ཀྱི་ཆོས་


GTD004_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཀུན་བཟུང་ནས། །རྒྱལ་བ་སེང་གེའི་ང་རོར་སངས་རྒྱས་པ། །དེ་ཡི་འཁོར་གྱི་དང་པོར་བདག་གྱུར་ཅིག །ཅེས་བྱུང༌། དེའང་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་ལྟ་བུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡིན་པས། དེ་ཉིད་གང་དུ་མངོན་པར་འཚང་རྒྱ་བའི་ཞིང་དེར་སྐྱེ་བ་ཞིག་ངེས་པར་དོན་དུ་གཉེར་དགོས་ཏེ། སྤྱིར་སངས་རྒྱས་ཀྱི་ཞིང་དེ་དང་དེར་སྐྱེ་མི་སྐྱེ་རང་གི་ལས་འབྲེལ་ཡོད་མེད་ལ་རག་ལས་པ་དང༌། རང་ཅག་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་ཆེ་ཕྲ་ཅི་བྱས་ཀྱང་རྗེ་བླ་མའི་བསྟན་པ་འདིའི་སྟེང་ནས་བྱེད་དགོས་པས་གཞན་ཐམས་ཅད་ལས་འདི་ལ་ལས་འབྲེལ་ཆེ་བ་མངོན་སུམ་ལྟ་བུར་གྲུབ་བོ། །འོན་ཀྱང་དགེ་རྩ་རྣམས་སྨོན་པས་དེར་ཁ་བསྒྱུར་དགོས་ཏེ། རྟོགས་ལྡན་པ་ལའང་འཇམ་དབྱངས་ཀྱིས་ཞིང་དེར་སྐྱེ་འདོད་ན་ད་ལྟ་ནས་ཞིང་གི་རྣམ་པ་བསྒོམ་སྟེ་སྨོན་ལམ་འདེབས་དགོས་གསུངས་པ་བཞིན། ཁོང་གིས་བརྩོན་པ་དྲག་པོ་མཛད་པས་ཞག་བཅུ་གཅིག་ཏུ་རྒྱལ་བ་སེང་གེ་ང་རོའི་སྣང་བ་གསལ་བར་བྱུང་ཞེས་གསུངས་ཤིང༌། སྔར་དྲངས་པའི་མདོ་ལུང་དུའང༌། སེང་གེ་ང་རོ་ཞེས་བྱར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞེས་པ་གནད་ཤིན་ཏུ་ཆེའོ། །དེས་ན་པཎ་ཆེན་གྱི་བླ་མ་མཆོད་པའི་ཆོ་གར་ཡང༌། ཕྱག་གཡས་ཆོས་འཆད་གཡོན་པ་མཉམ་གཞག་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པར་བྱས་པ་འདིའང༌། རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྗེ་བདག་ཉིད་ཆེན་པོ་དང་ངོ་བོ་དབྱེར་མེད་དུ་བྱེད་པར་མ་ཟད། རྗེ་བླ་མ་གང་དུ་མངོན་པར་སངས་རྒྱས་པ་རྒྱལ་བ་སེང་གེ་ང་རོའི་ཕྱག་མཚན་དུ་བྱས་


GTD004_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མ་འོངས་པ་ཞིང་དེར་སྐྱེ་བ་སོགས་ཀྱི་རྒྱུ་ལ་སྦྱོར་བའི་ཐབས་མཁས་ཀྱི་གནད་ཆེན་པོ་ཡིན་པར་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱིས་གསུངས་སོ། །དེའང་སྨོན་ལམ་བཏབ་པ་ཁོ་ནས་ཆོག་པ་མ་ཡིན་པར། སྨོན་པས་ཁ་བསྒྱུར་རྒྱུའི་རྒྱུ་ཚོགས་རྣམ་དག་ཅིག་བསྒྲུབ་དགོས། རྒྱུའི་གཙོ་བོ་བླ་མའི་རྣམ་ཐར་དང་མཐུན་པར་མདོ་སྔགས་ཟུང་འབྲེལ་གྱི་ལམ་བཟང་པོ་རང་རྒྱུད་ལ་ཉམས་སུ་ལེན་ཞིང༌། སྐལ་ལྡན་གཞན་ལ་སྤེལ་བ་སོགས་ཀྱི་སྤྱོད་པ་རྣམ་པར་དག་པ་ལ་སྐྱེ་བ་དུ་མར་སློབ་དགོས། སྐྱེ་བ་ཕྱི་མ་རྣམས་སུ་དེ་འདྲ་འབྱུང་བ་ད་ལྟའི་སྐྱེ་བ་འདིར་ལུས་སྲོག་ཐེད་ལ་བོར་ཏེ། ཡང་དག་པའི་ལམ་ཉམས་སུ་ལེན་ཚུལ་རྗེ་བླ་མས་ཅི་གསུང་བཀའ་བཞིན་དུ་སྒྲུབ་པའི་མཆོད་པའི་སྒོ་ནས་ཐུགས་ཀྱི་བཞེད་པ་སྐོང་བ་ཞིག་དགོས་ཏེ། འདི་དག་སྔ་མ་སྔ་མ་ཡོད་ན་ཕྱི་མ་ཕྱི་མ་འབྱུང་ལ། མེད་ན་མི་འབྱུང་བས་རྗེས་སུ་འགྲོ་ལྡོག་ངེས་པའི་ཚུལ་བསམ་སྟེ་སྨོན་པའི་དོན་ཚིག་སྤྱི་ཙམ་དུ་མ་ལུས་པའི་ཕྱག་ལེན་ལ་ཐེབས་པ་གལ་ཆེའོ། །སྦྱར་བྱང་ནི། ཅེས་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་སྟོན་པའི་སྤྲུལ་བའི་སྐུའི་བཀོད་པ་མཐའ་ཡས་པ་ལས་ཕྱོགས་གཅིག་གི་ཚུལ་ལས་བརྩམས་ཏེ་མདོར་བསྡུས་པར་བརྗོད་ནས་སྨོན་ལམ་དུ་བྱ་བའི་ཚིགས་སུ་བཅད་པ་གོ་བདེ་བར་སྦྱར་བ་འདི་ནི་རྗེ་རིན་པོ་ཆེ་དེ་ཉིད་ལ་མི་ཕྱེད་པའི་དད་པ་བརྟན་པོ་ལ་སོགས་པའི་ཡོན་ཏན་དུ་མས་ཉེ་བར་བརྒྱན་པ་དྲུང་ནམ་མཁའ་དཔལ་འབྱོར་པའི་གསུང་གིས་ཉེ་བར་བསྐུལ་ཏེ་བཙུན་པ་དགེ་ལེགས་དཔལ་བཟང་པོས་སྦྱར་བའོ། །


GTD004_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཏེ་གོ་སླའོ། །དེ་ལྟར་རྗེ་བླ་མ་ལ་བསྟོད་པའི་རབ་བྱེད་ཀྱི་དགོངས་དོན་འབྲུ་གནོན་གྱི་ལུགས་སུ་མ་བྱས་པར་བརྗོད་དོན་འགང་ཆེ་བའི་གནད་རྣམས་ཉུང་ངུའི་ཚིག་གིས་བཀྲལ་བ་ཡིན་མོད། འོན་ཀྱང་སྔར་ས་གསུམ་མ་དང་མི་འགྱུར་མཆོག་ཡངས་མའི་ཊཱིཀྐ། ཁྱད་པར་དུ་རྟོགས་བརྗོད་འདུན་ལེགས་མའི་ཊཱིཀྐ་བྱམས་པ་རིན་པོ་ཆེས་མཛད་པ་སོགས་ལེགས་བཤད་རྨད་དུ་བྱུང་བར་སྣང་ཡང་རྗེས་སུ་སློབ་མཁན་ལྟ་ཞོག །དཔེ་ཀློག་མཁན་ཙམ་ཡང་དཀོན་པར་སྣང་ལ། ལྷག་པར་ད་ལྟ་ཀུན་གཟིགས་ལྔ་པ་ཆེན་པོས། གུར་གུམ་ཚོས་ཀྱིས་བཙོས་པའི་ལྭ་བའི་ཞྭས། །རང་རེའི་བསྟན་པ་འཛིན་ན་ཆེས་ལེགས་ཀྱི། །ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་ཚོགས། །རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང༌། །གསུངས་པ་ལྟར། དགེ་ལྡན་པ་ཞེས་པའི་རྟགས་སུ་ཞྭ་སེར་ཙམ་ལས་ཕ་བླ་མའི་རང་ལུགས་འདིའི་ཁྱད་ཆོས་རྣམས་ཤེས་མཁན་དང་འཛིན་མཁན་ཡོང་རིགས་མི་འདུག་པས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་སྙིང་ལ་རུས་པ་བཅུག་སྟེ་འབད་དགོས་སོ། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་


GTD004_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ལུས་མེད་མཐའ་ཐོག་རྩོམ་པ་དེང་གི་དུས། །ཚིགས་བཅད་དམ་དུམ་འབྱོར་ཡང་མཁས་པའི་གསུང༌། །འདི་འདྲ་ཡིད་ལ་བརྣག་པས་རང་གཞན་གྱི། །གཏན་འདུན་འཕྱུག་མེད་མཛོད་ཅིག་གྲོགས་པོ་དག །འདིས་མཚོན་དགེ་ཚོགས་ཡོངས་འདུའི་ས་བོན་ནི། །རྨད་བྱུང་བཀོད་པའི་ཚལ་དུ་སྨིན་པ་ལས། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཁྱོན་ཡངས་ཀྱིས། །འགྲོ་ལ་ཕན་བདེའི་གྲིབ་བསིལ་སྦྱིན་གྱུར་ཅིག །ཅེས་རྣམ་དག་གངས་རི་མར་གྲགས་པའི་འགྲེལ་པ་རྨད་བྱུང་བཀོད་པའི་འཇུག་ངོགས་ཞེས་བྱ་བ་འདི་ནི། ཙཱུན་སོ་ཉིད་ཤོག་ནས་རྣམ་དཔྱོད་ཡངས་པ་དཀའ་བཅུ་བསོད་ནམས་དཔལ་འབྱོར་གྱིས་ཡང་ཡང་བསྐུལ་བའི་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་བློ་དང་ལྡན་པ་དཀོན་མཆོག་ཀུན་དགའོ།། །


previousརྣམ་དག་གངས་རི་མའི་འགྲེལ་པ་རྨད་བྱུང་འཇུག་ངོགས། no next