Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
ཀུན་གཟིགས་ལྔ་པ་ཆེན་པོས་རྗེ་བླ་མར་བསྟོད་པའི་དོན་འགྲེལ།
   
   
   
   
   
   
   
   
   
   
   
   
   


 
previousཀུན་གཟིགས་ལྔ་པ་ཆེན་པོས་རྗེ་བླ་མར་བསྟོད་པའི་དོན་འགྲེལ།next

ཀུན་གཟིགས་ལྔ་པ་ཆེན་པོས་རྗེ་བླ་མར་བསྟོད་པའི་དོན་འགྲེལ།


GTD005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པའི་རྗེ་རིན་པོ་ཆེའི་ བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་དོན་འགྲེལ་དབྱར་སྐྱེས་སྒྲ་བརྒྱ་ཞེས་བྱ་བ་བཞུགས་སོ། །


GTD005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དབང་ཐ་མལ་ཚུལ་བཟུང་སྟེ། །མཁས་གྲུབ་ཀུན་གྱི་མཛད་པའི་ཁུར་བསྣམས་ནས། །ཐུབ་བསྟན་སྲོག་འཛིན་རྒྱལ་བ་གཉིས་པ་ལ། །གུས་པས་བཏུད་ནས་དེ་ཚུལ་མདོ་ཙམ་གླེང༌། །དེའང་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟོད་ཚིག་འདི་ཉིད་ཀྱི་དོན་ལ་གཉིས། དད་པ་བསྐྱེད་དེ་བསྟོད་པ་དང༌། འདུན་པ་བསྐྱེད་དེ་སྨོན་པའོ། །དང་པོ་ལ་མངོན་པར་བྱང་ཆུབ་པའི་ཚུལ། དེ་ནས་གཞན་དོན་དུ་སྤྲུལ་བའི་བཀོད་པ་བསྟན་པའི་ཚུལ། སྤྲུལ་ནས་བསྟན་པའི་བྱ་བ་མཛད་པའི་ཚུལ་ལོ། །དང་པོ་ནི། མི་འགྱུར་མཆོག་ཏུ་ཡངས་པའི་བདེ་བ་ཆེ། །བླ་མེད་ཡེ་ཤེས་བདུད་རྩིའི་སྙིང་པོ་ཅན། །སྐུ་གསུམ་གསང་བ་རྒྱན་གྱི་འཁོར་ལོའི་མཛོད། །སྟོབས་བཅུའི་དཔལ་མངའ་རྒྱལ་བ་གཉིས་པར་འདུད། །ཅེས་པ་སྟེ། ཀུན་རྟོག་གཡོ་བའི་རླུང་དང་བྲལ་བས་ནམ་དུའང་མི་འགྱུར་ཞིང༌། འགྲོ་བའི་དོན་དུ་དག་པའི་རྟེན་དང་བརྟེན་པ་མཐའ་དག་པར་འཆར་བས་མཆོག་ཏུ་ཡངས་པའམ། ཐབས་ཀྱི་རྣམ་པ་རྒྱ་ཆེ་བ་འབྲས་བུའི་ཐེག་པའི་ཐུན་མོང་མ་ཡིན་པ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང༌། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་བླ་ན་མེད་པའི་ཡེ་ཤེས་སྲིད་པའི་སྡུག་བསྔལ་གྱི་འཆིང་བ་འཕྲོག་པའི་སྨན་གཅིག་པུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡང་དག་པའི་ལྟ་བ། འཆི་མེད་ཐར་པའི་གོ་འཕང་སྦྱིན་པའི་བདུད་རྩིའི་སྙིང་པོ་ཅན་


GTD005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ་འམ། ལམ་འབྲས་སོགས་ལས་འབྱུང་བ་ལྟར། སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཞན་གྱི་བློ་ལས་འདས་པས་ན་གསང་བ་དང༌། འཇིག་རྟེན་མཐའ་དག་གི་དོན་དུ་འགྱུར་བས་ན་རྒྱན། གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བ་མ་སྟོངས་བར་དུ་འཇུག་པས་འཁོར་ལོ་སྟེ། ཡུལ་དང་དུས་ཉི་ཚེ་བ་ཙམ་མ་ཡིན་པར། དོན་གཉིས་ཕུན་སུམ་ཚོགས་པའི་རྣམ་པ་ཐམས་ཅད་ཀྱི་མཛོད་དུ་གྱུར་ཅིང༌། གནས་དང་གནས་མིན་མཁྱེན་པ་སོགས་སྟོབས་བཅུའི་སྒོ་ནས་འགྲོ་བ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བའི་ཐབས་ཚུལ་ཡོངས་སུ་རྫོགས་པའི་དཔལ་ལ་མངའ་འབྱོར་བ། རྒྱལ་བའི་བསྟན་པ་འདི་ལ་རྒྱལ་བ་གཉིས་པར་གྲགས་པ་དོན་དུ་གནས་པའི་རྗེ་བླ་མ་ལ་སྒོ་གསུམ་གུས་པས་འདུད་པར་མཛད་པའོ། །འདིས་ནི་རྒྱུའི་ཐེག་པའི་ཤེས་རབ་དང༌། འབྲས་བུའི་ཐེག་པའི་ཐབས་དབྱེར་མི་ཕྱེད་པར་སྦྱོར་བའི་ཚུལ་བསྟན་ལ། རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ཡང་དག་པའི་ལྟ་བའི་སྙིང་པོ་ཅན་གྱི་རྡོ་རྗེ་ཐེག་པའི་ལམ་བཟང་འཛིན་ཅིང་སྤེལ་བར་གསུངས་པ་དང་ཡང་འབྲེལ་ཞིང་། བླ་མེད་སྤྱིའི་ལུགས་ཀྱི་བདེ་སྟོང་དབྱེར་མི་ཕྱེད་པ་དང་། དུས་ཀྱི་འཁོར་ལོའི་ཐུན་མོང་མ་ཡིན་པ་རྣམ་མེད་ཀྱི་བདེ་བ་ཆེན་པོ་དང༌། སྟོང་པ་སྟོང་གཟུགས་ཀྱི་སྐུ་གཉིས་དབྱེར་མེད་པའི་བདེ་སྟོང་དབྱེར་མེད་ཅེས་བཏགས་ཀྱང༌། རྒྱུད་སྡེ་གཞན་དང་སྒོ་བསྟུན་ན། བདེན་གཉིས་ངོ་བོ་


GTD005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མི་ཕྱེད་པའི་ཟུང་འཇུག་དངོས་ཀྱི་དོན་དུ་སོང་བ་དེ་ཉིད་དང་ཡང་སྦྱར་དུ་རུང་ངོ༌། །གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དོན་དང་ཐ་སྙད་ནི་ལམ་འབྲས་སུ་གསལ་ལ། སྟོབས་བཅུས་གཞན་དོན་སྒྲུབ་ཚུལ་དཔྱིས་ཕྱིན་པ་བྱང་ས་དང་འཇུག་འགྲེལ་སོགས་སུ་ཤེས་པར་བྱའོ། །གཉིས་པ་གཞན་དོན་དུ་སྤྲུལ་བའི་བཀོད་པ་བསྟན་ཚུལ་ལ། དག་པའི་ཞིང་གི་བཀོད་པ་རྒྱ་མཚོའི་རྡུལ། །ཡེ་ཤེས་རང་སྣང་ལས་གྲུབ་འོག་མིན་གྱི། །ངོ་མཚར་སྒྱུ་མའི་རོལ་རྩེད་ཐེམ་སྐས་ལས། །རྒྱལ་སྲས་དམ་པའི་རྣམ་པར་བདེ་བར་བྱོན། །ཅེས་རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོའི་རྣམ་པར་བསྟན་ཚུལ་དང༌། རྣམ་འདྲེན་ཀུན་གྱི་མཁྱེན་པའི་ཕུང་པོ་གང༌། །གཅིག་གྱུར་འཇམ་མགོན་མི་ཡི་སྲིད་པའི་གར། །བསམ་བཞིན་རྣམ་པར་རོལ་བའི་མཛད་པ་ལ། །བསྐལ་བཟང་རྒྱལ་བ་སྟོང་གིས་བསྒྲུན་དུ་མེད། །ཅེས་རྒྱལ་སྲས་འཇམ་དཔལ་གཞོན་ནུ་དེ་ཉིད་སླར་ཡང་མིའི་སྲིད་པར་རོལ་བའི་ཡང་སྤྲུལ་གྱི་ཚུལ་བསྟན་ཏོ། །གསུམ་པ་སྤྲུལ་ནས་བསྟན་པའི་བྱ་བ་མཛད་ཚུལ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། བློ་གྲོས་ལང་ཚོ་དར་བའི་མིག་སྟོང་ཅན། །མཁས་བཙུན་བཟང་པོའི་ས་སྲུང་ལ་ཞོན་ཏེ། །འཆད་རྩོད་རྩོམ་པའི་རྡོ་རྗེ་རྩེ་བརྒྱ་པས། །རྒོལ་ངན་ས་འཛིན་བཅོམ་པའི་གྲགས་པ་འབར། །ཞེས་འཇམ་དཔལ་ཞི་ཁྲོ་ལ་གསུངས་པ་བཞིན། རྗེའི་རྣམ་ཐར་གཙོ་བོའང་ཆོས་རྣམ་འབྱེད་ཀྱི་སྟེང་ནས་འཇོག་དགོས་པས། སྐྱེས་སྦྱང་གི་མཁྱེན་རབ་མཚུངས་ཟླ་མེད་པའི་ཚུལ་དང༌། མཁས་བཙུན་བཟང་གསུམ་ཡ་མ་བྲལ་ཞིང༌། འཆད་རྩོད་རྩོམ་པ་ཟུང་དུ་འཇུག་པ་དང༌། བསྟན་པ་དྲི་མར་བྱེད་པའི་སྨྲ་ངན་མཐའ་དག་བཅོམ་


GTD005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྐང་པ་བཞིས་རིམ་བཞིན་བསྟན་ཏོ། །གཉིས་པ་རྒྱས་བཤད་ལ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ལུང་རྟོགས་ཡོན་ཏན་བརྙེས་ཚུལ། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་མཛད་ཚུལ་གཉིས། དང་པོ་ནི། མངལ་རྒྱའི་བྲང་འགྲོའི་མདུད་གྲོལ་དྲི་བྲལ་སྐུའི། །མ་ལ་ཡར་སྐྱེས་ལྕུག་ཕྲན་གཞོན་ནུ་དག །ན་ཚོད་ཕྲ་ཡང་ཕན་བདེའི་དྲི་བསུང་ནི། །ནམ་ཡང་ཟད་མི་ཤེས་པའི་གཏེར་ཆེན་པོ། །སྲིད་འབྱོར་གློག་གི་བུ་མོའི་གར་མཁན་མ། །སྡུག་བསྔལ་མུན་པར་མལ་འཆའི་མཚང་རིག་སྟེ། །འཁོར་བ་མཚན་མོའི་མཐའ་ལས་ངེས་འབྱུང་བའི། །ཚངས་སྤྱོད་དཔལ་གྱི་སྐྱ་རེངས་དང་པོ་ཤར། །ཞེས་ཤོ་ལོ་ཀ་གཉིས་ཀྱིས་རིགས་ཕུན་སུམ་ཚོགས་པར་བལྟམས་ཚུལ་དང་། བསྟན་པའི་སྒོར་ཞུགས་ཚུལ་བསྟན། གཞོན་ནུའི་ལུས་ཅན་རྒན་པོའི་བློ་འཆང་བའི། །རྒྱལ་བསྟན་གྱེན་དུ་འདེགས་པའི་སྙིང་སྟོབས་ཀྱིས། །ཐོས་བསམ་སྒོམ་པའི་ས་ཆེན་དབུས་གཙང་གི །ལྗོངས་སུ་བདེ་བར་གཤེགས་པ་འདི་རྨད་བྱུང༌། །མང་ཐོས་དགྱེས་དགུར་སྤྱོད་ལ་ཆེས་སྲེད་པས། །ཤེས་བྱའི་ལུས་ཕྲར་སྤྱད་དེ་བཅལ་ཟིན་པ། །སླར་ཡང་ཐོས་བརྩོན་མི་ཕྱེད་མཛའ་གཅུགས་ཀྱིས། །འཁྱུད་པའི་སྐལ་བཟང་འདི་ཀོས་དམ་དུ་བཅིངས། །ཞེས་ཚིགས་བཅད་གཉིས་ཀྱིས་བསྟན་པའི་འབྱུང་གནས་དབུས་འགྱུར་འཆང་དུ་བྱོན་ཚུལ་དང༌། རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར་གཞི་ནས་ཐོས་པ་བརྩམས་ཚུལ་བསྟན་ཏེ་གོ་སླའོ། །ཐོས་པ་མཛད་ཚུལ་དངོས་ནི། ནང་དོན་རིག་པའི་འོ་མཚོ་རབ་འཁྱིལ་བར། །རྣམ་འབྱེད་ཤེས་


GTD005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ལག་ལྡན་ཉེར་ཞུགས་པས། །ཐ་སྙད་རིག་པའི་མེ་ཏོག་ཚོགས་ཀྱི་རྩེར། །བློ་གྲོས་སོར་མོས་རེག་མིན་གང་དུ་མཆིས། །ཞེས་ཀ་རཱི་ཀ་ལྔ་བཅུ་པ་ནས། དཔལ་ལྡན་འདུས་པའི་བར་གྱི་ནང་རིག་པ་མདོ་རྒྱུད་མཐའ་དག་ལ་རིས་སུ་མ་ཆད་པར་སྦྱངས་པས་མཁྱེན་རབ་ཀྱི་ཀློང་རྡོལ་བ་ན། སྒྲ་སྙན་སྡེབ་སྦྱོར་སྨན་ལ་སོགས་པ་ཐ་སྙད་པའི་རིག་གནས་རྣམས་མཁྱེན་པའི་ཆ་ཤས་རེ་རེས་ཀྱང་ཞར་བྱུང་ཙམ་ལ་བདེ་བླག་ཏུ་རྟོགས་པའི་ཚུལ་བསྟན་ཏོ། །བསམ་པས་སྒྲོ་འདོགས་བཅད་དེ་ཟླ་མེད་པའི་མཁས་པའི་གོ་འཕང་ཐོབ་པ་ན། སྡེ་སྣོད་འཛིན་པའི་འཁོར་དུ་མ་དང་གྲགས་པ་ཤིན་ཏུ་རྒྱས་པར་གྱུར་ཀྱང༌། འདོད་ཡོན་བདུད་ཀྱི་གཡབ་མོར་གཟིགས་ཏེ། དེའི་རྗེས་སུ་མི་གཡེང་བར་བསྟན་པ་འབའ་ཞིག་གི་དོན་དུ་གཞོལ་བའི་ཚུལ་ནི། འཇམ་མགོན་མཁྱེན་པར་ཆགས་པའི་རྣམ་དཔྱོད་ཀྱིས། །གཞུང་ལུགས་རྒྱ་མཚོ་རྟོགས་ལ་མཚར་དུ་ཅི། །ཁམས་གསུམ་ལས་རྒྱལ་ལུས་མེད་མདའ་ལྔ་ཡིས། །ཆེས་སྲབ་བླ་གོས་འབུགས་པར་ནུས་མིན་མཚར། །ཞེས་པས་བསྟན་ནམ་སྙམ། དེ་ལྟར་ཆོས་བརྒྱད་ཀྱི་དྲི་མ་མེད་པར་སྐལ་བ་དང་ལྡན་པ་རྣམས་ལ་གཞུང་ཆེན་པོའི་བཤད་པ་མཛད་ཚུལ་ལ་གཉིས་ལས། མདོ་ཕྱོགས་ཀྱི་བཤད་པ་མཛད་ཚུལ་ནི། སྡེ་སྣོད་ཀུན་སྦྱངས་ཡང་དག་གྲུབ་པའི་འབྲས། །དཀའ་ཆེན་དུ་མར་འབྱམས་ཀླས་བཤད་པས་ཅི། །རིང་མོ་ཉིད་ནས་ཇི་ལྟ་ཇི་སྙེད་ཀྱི། །ཆོས་ཀུན་ཐུགས་སུ་ཆུད་ཟིན་མ་ཡིན་ནམ། །ཞེས་དང༌། སྔགས་ཕྱོགས་ཀྱི་བཤད་པ་མཛད་ཚུལ། བདེ་སྟོང་རང་བཞིན་རྒྱས་པའི་དབང་པོའི་གཞུ། །ཟུང་འཇུག་གུར་ཁྱིམ་རྣམ་པར་བཀྲ་བ་ནས། །


GTD005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་ཆོས་ཀྱི་རྒྱུད་མང་བསྒྲགས་པའི་ཆེ། །ས་ར་ཧ་དེ་མཁའ་སྤྱོད་གནས་སུ་བྲོས། །ཞེས་གསུངས་སོ། །ཤེས་བྱ་རིག་པའི་གནས་ལྔ་པོ་མཐའ་དག་ལ་ཐོས་བསམ་ཇི་ལྟར་མཛད་པ་ཐམས་ཅད་ཀྱང་ཁ་ཕྱིར་བལྟས་སུ་མ་སོང་བར་རྒྱུད་སྟེང་དུ་སྦྱར་བས། གཞུང་ལུགས་མཐའ་དག་རྣམ་གྲོལ་སྒྲུབ་པའི་གདམས་ངག་ཏུ་ཤར་བའི་ཚུལ་ནི། ཁེངས་ལྡན་གནས་ལྔ་རིག་པའི་ལུས་ཕྲ་མ། །རྣམ་དཔྱོད་ཟུར་མིག་ལྕགས་ཀྱུས་ཉེར་བཏབ་ཚེ། །འཁྱུད་མིན་མཛའ་བས་མགུལ་པར་དམ་བཅིངས་ཏེ། །གོས་པ་མེད་པར་མཁྱེན་པའི་ཀློང་དུ་སིམ། །ཞེས་པས་བསྟན་ཏོ། །བསྒོམས་པས་གསུང་རབ་ཀྱི་དེ་ཉིད་མངོན་དུ་གྱུར་པའི་ཚུལ་ལ། མདོ་ཕྱོགས་ཀྱི་ཟབ་གནད་མཐར་ཐུག་པ་སྟོང་པ་དང་རྟེན་འབྱུང་གི་དེ་ཉིད་ཇི་ལྟ་བ་བཞིན་གཟིགས་པའི་ཚུལ་སྟོན་པ་ནི། རང་བཞིན་དག་པའི་ཐུགས་ཀྱི་ཤེལ་དཀར་དུ། །ཆོས་ཀུན་སྒྱུ་མར་སྣང་བའི་རྣམ་རོལ་གཟུགས། །རྒྱུ་དང་འབྲས་བུར་ངེས་པའི་གཟིགས་མོ་ལ། །དུས་གསུམ་རྒྱལ་བ་ཕལ་ཆེར་ཡེངས་སམ་སྙམ། །ཞེས་དང༌། སྔགས་ཀྱི་ཟབ་གནད་མཐར་ཐུག་པ་སྒྱུ་ལུས་ཀྱི་རྣམ་གཞག་མཁས་རློམ་གཞན་རྣམས་སྤྱི་དོན་གྱི་སྒྱུ་མ་ཙམ་ལས། སྦས་དོན་དང་མཐར་ཐུག་གི་སྒྱུ་མ་ཇི་ལྟ་བ་བཞིན་འཇོག་མ་ཤེས་པ་རྣམས། མེ་ཏོག་སིནྡྷུ་ཝཱ་ར་དེ་ཉི་ཟླའི་འོད་ཀྱིས་འབྱེད་མི་ཐུབ་ཀྱང༌། མཛེས་མའི་འགྲམ་ཆང་གིས་འབྱེད་པ་ལྟར། རྗེ་ཉིད་གཅིག་པུས་ཇི་ལྟ་བ་བཞིན་གཟིགས་ཤིང་ཕྱེ་བའི་ཚུལ། སྒྱུ་ལུས་སིནྡྷུ་ཝཱ་རའི་འདབ་མའི་སྒོ། །མཁས་རློམ་ཉི་ཟླའི་འོད་ཀྱིས་ཕྱེད་མིན་པ། །ལེགས་གསུང་རྐེད་མེད་ཁ་ཡི་ཟེགས་


GTD005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆང༌། །འཐོར་ཚེ་འདབ་བརྒྱ་པ་དེ་རང་དབང་ཅི། །ཞེས་གསུངས་སོ། །ཐུན་མོང་སྣང་ཚོད་དང་མཐུན་པར་ལྷག་པའི་ལྷའི་ཞལ་གཟིགས་པ་སོགས་གྲུབ་པའི་གོ་འཕང་གསར་དུ་བརྙེས་ཚུལ་དང༌། ངེས་དོན་ཐུན་མོང་མ་ཡིན་པ་ལྟར་ན་དེ་ལ་མི་ལྟོས་པའི་ཁྱད་པར་གཉིས་གཉིས་སྦྱར་ཏེ་བཤད་ཚུལ་གསུམ་ལས། དང་པོ་སྣང་ཚོད་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་ལྟ་བའི་དཀའ་གནད་སོགས་ཐེ་ཚོམ་གྱི་དྲ་བ་བཅད་ཀྱང༌། གནས་ཚོད་ལ་འཇམ་དཔལ་ཉིད་དང་ངོ་བོ་དབྱེར་མི་ཕྱེད་པའི་ཚུལ། འཇམ་དབྱངས་བཤེས་གཉེན་རོལ་པར་ངེས་རྙེད་ནས། །ཁྱོད་བློའི་རི་དྭགས་དཀའ་གནད་སྒྲོག་གི་རྒྱར། །བཅིངས་རྣམས་ཟུར་ཕུད་ལྔ་པའི་གསུང་མཚོན་གྱིས། །བཅད་ལ་མཚར་དུ་འཛིན་པ་བྱིས་པའི་བློ། །ཞེས་པས་བསྟན། རྒྱན་དྲུག །མཆོག་གཉིས། སངས་རྒྱས་བསྐྱངས། ལཱུ་དྲིལ། ཇོ་བོ་ཡབ་སྲས་སོགས་པཎ་གྲུབ་དུ་མས་བྱིན་གྱིས་བརླབས་པས་དེ་དག་གི་དགོངས་པ་ཐུགས་སུ་ཆུད་པའི་ཚུལ་བསྟན་ཀྱང༌། ངེས་དོན་སྲས་བཅས་རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་བཀོད་པ་དང་ཆབས་ཅིག་པའི་ཚུལ། རྣམ་འདྲེན་སྲས་བཅས་གྲངས་མེད་ཚོགས་རྣམས་དང༌། །ལྷན་ཅིག་གསང་གསུམ་བཀོད་པས་དུས་འདའ་ན། །འཕགས་མཆོག་པཎ་གྲུབ་འགའ་ཟུང་གཟིགས་ཞེས་པའི། །བསྟོད་བསྔགས་མགོན་འདིའི་ཆེ་བའི་འོས་སུ་མིན། །ཞེས་གསུངས། སྣང་ཚོད་ལ་རྡོ་རྗེ་འཇིགས་བྱེད་གཙུག་ཏོར་རྣམ་རྒྱལ། སྒྲོལ་མ་དཀར་ལྗང་སོགས་ལྷག་པའི་ལྷ་དུ་མའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པར་བསྟན་ལ། ངེས་པའི་དོན་དུ་རང་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་དག་སྤྲོ་ཞིང་སྡུད་པའི་བྱེད་པོར་གྲུབ་པའི་ཚུལ་ནི། རིགས་


GTD005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་བདག་དབང་པོར་མངོན་གྲུབ་པའི། །དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུར་མངའ་འབྱོར་ན། །ལྷག་པའི་ལྷ་འགས་བྱིན་གྱིས་བརླབས་སོ་ཞེས། །བསྔགས་བརྗོད་དར་དིར་སྒྲོག་ལ་རེ་བ་བསྐྱུངས། །ཞེས་གསུངས་སོ། །དེ་ལྟར་མདོ་སྔགས་ཀྱི་བསྟན་པའི་གནད་མཐའ་དག་ལ་འཁྲུལ་པའི་ཆ་ཕྲ་མོ་ཙམ་ཡང་མེད་པ་གངས་ཅན་གྱི་ལྗོངས་འདིར་སྔོན་ཆད་གཞན་གྱིས་དབྱེ་བར་མ་ནུས་པའི་གྲུབ་མཐའ་རྣམ་པར་དག་པའི་ཤིང་རྟའི་སྲོལ་ཕྱེ་བའི་ཚུལ། མཁས་གྲུབ་ཆེར་རློམ་ཕལ་གྱིས་ཁུགས་མིན་པའི། །མཐའ་བྲལ་ལྟ་དང་རིམ་གཉིས་དཀའ་གནས་གཞུ། །ལེགས་བཤད་རྒྱུད་ཀྱིས་བཀུག་འདི་ཐུན་མོང་གི །གདུལ་བའི་སྣང་ངོར་བསྟན་པའི་མཛད་པའི་དཔྱིད། །ཅེས་གསུངས་ལ། དེ་ལྟར་རང་དང་གཞན་གྱི་གྲུབ་མཐའི་སྐྱོན་ཡོན་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་ཀྱང༌། གཞན་ལ་སྡང་ཞུགས་མེད་པར་མ་ཟད། གཞན་དག་གི་གྲུབ་མཐའི་མ་ནོར་བའི་ཆ་ཐམས་ཅད་ཀྱང་རང་ལུགས་ཀྱི་ཡན་ལག་ཏུ་ཁྱེར་ཏེ་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཚུལ། ངེས་པའི་དོན་དུ་སྤངས་རྟོགས་ཕུན་ཚོགས་ཀྱི། །ཡོན་ཏན་རྫོགས་པའི་དཔལ་སྟུག་གདོང་ལྔའི་དབང༌། །འཁྲུལ་བའི་གཅན་གཟན་དྲེགས་པའི་ང་རོ་ལ། །དགྲ་ཟླར་མི་སེམས་རང་གི་ངང་ཚུལ་ཡིན། །ཞེས་གསུངས་སོ། །གཉིས་པ་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་བསྒྲུབ་ཚུལ་ལ། དང་པོ་མཁྱེན་པའི་ཡོན་ཏན་ནི། རྒྱ་ཆེན་མཁྱེན་པའི་སྲང་ལ་ཤེས་བྱ་ཡི། །གནས་ལུགས་མཐའ་དག་བཅལ་ཚེ་རྡུལ་ཕྲན་ལྟར། །གྱུར་པས་སྐྱེངས་ཏེ་ཆོས་ཀུན་འཆི་


GTD005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཙོ། །སྟོང་ཉིད་བཤོལ་མེད་མངལ་དུ་ཡུད་ཀྱིས་བྲོས། །ཞེས་ཀུན་བྱང་གི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའི་ཚུལ། བརྒྱ་བྱིན་བཤོལ་མེད་བྱི་བོ་བྱས། །ཞེས་མིག་སྟོང་བྱུང་བའི་གཏམ་རྒྱུད་ཀྱི་དཔེ་དང་སྦྱར་ནས་གསུངས་སོ། །དེ་བཞིན་དུ་བརྩེ་བའི་ཡོན་ཏན་ཡང༌། བརྩེ་ཆེན་ལྷག་པའི་བསམ་པའི་ལྕིད་ཀྱི་ཁུར། །ནོར་འཛིན་བུ་མོས་མ་བཟོད་རྔུལ་བའི་ཆུ། །ཆེས་ཆེར་བབས་ལ་ཁྱབ་འཇུག་ཞབས་བསིལ་དུ། །སྐལ་ལྡན་ཤིང་རྟས་ཕབ་ཅེས་སྒྲོས་སུ་གླེང༌། །ཞེས་འགྲོ་བ་རིས་མེད་པ་མཐའ་དག་གི་དོན་རང་གིར་བཞེས་པའི་ལྷག་བསམ་གྱི་ཁུར་ལྕི་བ་གཟུགས་སུ་གྲུབ་ན་ཡངས་པའི་ས་ཆེན་པོ་འདིས་ཀྱང་ཐེག་དཀའ་བ་ལྟ་བུར་ཡོང་ཚུལ། སྐལ་ལྡན་ཤིང་རྟས་གངྒཱ་ཕབ་པའི་གཏམ་རྒྱུད་དང་སྦྱར་ཏེ་རབ་བཏགས་ཀྱི་དཔེས་གསུངས་སོ། །ནུས་པའི་ཡོན་ཏན་བདུད་སྡེ་ཐལ་བར་བརླག་ཚུལ་ནི། དུས་དགྲའི་ནུས་མཐུར་གྲུབ་པའི་ཐོག་མདའ་ཡིས། །ནག་ཕྱོགས་བྲག་རི་བཅོམ་དང་ལྷན་ཅིག་ཏུ། །འདོད་ལྷའི་ལུས་ཀྱང་ཚིག་པར་མགྲིན་སྔོན་གྱིས། །མིག་མེས་བསྲེགས་ཞེས་རིག་བྱེད་གཏམ་དུ་མཆིས། །ཞེས་སྔོན་དབང་ཕྱུག་ཆེན་པོས་མིག་དབུས་མ་མེའི་མིག་གིས་འདོད་ལྷ་བསྲེགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་ཏེ་བཤད་དོ། །རྒྱུ་དེ་གསུམ་གྱི་སྒོ་ནས་བསྟན་འགྲོའི་དོན་བསྒྲུབ་ཚུལ་ཡང༌། གང་གིས་ཐར་པར་དྲངས་མིན་སྐྱེས་བུ་ནི། །མེད་ཕྱིར་རྒྱལ་རྣམས་རང་གི་གདུལ་བྱ་དག །མ་རྙེད་ཞི་བའི་དབྱིངས་སུ་མནལ་བ་ལ། །གདུལ་དཀའི་སྙིགས་མ་ལྔ་བདོར་སྒྲོ་ཡིས་བཏགས། །ཞེས་སྐལ་ལྡན་གདུལ་བྱ་རྣམས་གང་ལ་གང་


GTD005_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འཚམ་དུ་ཡང་དག་པའི་ལམ་ལ་སྦྱར་ཏེ། རྒྱལ་བ་ཀུན་གྱི་མཛད་པའི་ཁུར་རྗེ་ཉིད་གཅིག་པུས་བདག་གིར་བཞེས་པའི་ཚུལ་གྱིས་མདོར་བསྟན་ཅིང༌། དེའི་ནང་ནས་བྱེ་བྲག་ཏུ་ལུང་གི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤེལ་བ་ལ་འགྲན་ཟླ་མེད་ཚུལ། སྲིད་ཞིའི་ཁམས་ན་འཆད་རྩོད་རྩོམ་པ་ཡི། །དཔེ་ཟླར་འོས་པ་ཚོལ་ཕྱིར་ཉི་ཟླ་ཟུང༌། །དལ་མེད་མཁའ་ལ་རྒྱུ་ཡང་མ་རྙེད་པས། །ངལ་ཏེ་ཐུན་མཚམས་སྒེག་མོའི་ཕང་བར་ཉལ། །ཞེས་ཉི་ཟླ་ཟུང་གིས་དེའི་འགྲན་ཟླར་འོས་པ་ཞིག་བཙལ་ཏེ་མ་རྙེད་ཅེས་རབ་བཏགས་ཀྱི་སྒོ་ནས་གསུངས་སོ། །དེ་ནས་རྟོགས་པའི་བསྟན་པ་ལ་གཉིས་ལས། ཐུན་མོང་བ་ལམ་བསླབ་པ་གསུམ་ལ་གདུལ་བྱ་འགོད་ཚུལ་སྟོན་པ་ཐུབ་པའི་དབང་པོ་དང་དབྱེར་མེད་པ་ནི། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་པའི་གཞིར། །མཐའ་ཡས་ལུས་ཅན་མ་ལུས་ངེས་སྦྱོར་བའི། །མཛད་པ་མཆོག་འདིས་ཁྱོད་དང་ཟས་གཙང་སྲས། །ཐ་དད་དབྱེ་བའི་གོ་སྐབས་རྟོགས་ནུས་མིན། །ཞེས་གསུངས་ཤིང༌། ཐུན་མོང་མ་ཡིན་པ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་གསང་སྔགས་ཀྱི་མྱུར་ལམ་ལ་འཁྲིད་པར་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པའི་ཚུལ། བསྐལ་བརྒྱར་བསྒྲུབ་བྱ་སྙིགས་དུས་ཚེ་གཅིག་ལ། །ཟུང་འཇུག་སྐུ་བཞིའི་ལམ་དུ་འགྲོ་བ་ཀུན། །འཁྲིད་ལ་ཁྱོད་དང་ཁྱབ་བདག་རྡོ་རྗ་ེའཆང༌། །སྤྲུལ་ལོངས་རྟགས་ཀྱིས་མ་འདྲེས་ངེས་པ་རྙེད། །ཅེས་པས་བསྟན་ཏོ། །གསུམ་པ་དོན་བསྡུ་བ་ནི། ཐབས་ཤེས་རིན་ཆེན་སྣ་བདུན་ལ་བརྟེན་ནས། །ལུང་རྟོགས་བསྟན་པའི་གླིང་བཞིར་དབང་སྒྱུར་བའི། །དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་


GTD005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཀུན་མཁྱེན་ཙོང་ཁ་པ་ལ་གསོལ་བ་འདེབས། །ཞེས་པ་སྟེ། གསེར་གྱི་འཁོར་ལོས་སྒྱུར་བས་གླིང་བཞི་མཐའ་དག་ལ་འདོད་དགུར་དབང་བསྒྱུར་བ་བཞིན། ཐབས་ཁྱད་པར་ཅན་རིང་ནས་གོམས་པའི་རླབས་པོ་ཆེའི་ཐུགས་བསྐྱེད་དང༌། བསྟན་པའི་གནད་མཐའ་དག་ལ་ལྐོག་ཏུ་མ་གྱུར་པའི་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པའི་མངའ་བདག་གཅིག་པུར་གྲུབ་པ། གཟུ་བོར་གནས་ཤིང་ཆོས་ཀྱི་མིག་དང་ལྡན་པ་རྣམས་ཀྱི་མངོན་སུམ་དུ་གྲུབ་པའི་རང་བཞིན་བརྗོད་པའོ། །གཉིས་པ་འདུན་པ་བསྐྱེད་དེ་སྨོན་པ་ལ། ཐོག་མར་ངེས་ལེགས་ཀྱི་རྒྱུར་གྱུར་པ་མངོན་མཐོའི་གོ་འཕང་དལ་རྟེན་བརྒྱུད་མར་འཐོབ་པའི་ཕྱིར་སྨོན་པ་ནི། དེང་ནས་ཚེ་རབས་ལྷ་ཡི་ལམ་ཡངས་པར། །མི་ཁོམ་སྐྱོན་གྱི་ཆུ་འཛིན་དང་བྲལ་བའི། །དལ་བརྒྱད་འབྱོར་བཅུའི་བསིལ་ཟེར་རབ་སྤྲོས་པས། །གཏན་བདེའི་ག་བུར་ཐིགས་པར་ལོངས་སྤྱོད་ཤོག །ཅེས་དང༌། མི་དགེ་བའི་བཤེས་གཉེན་དང་སྐད་ཅིག་ཀྱང་མི་འགྲོགས་པར། ཡོངས་འཛིན་མཚན་ཉིད་དང་ལྡན་པས་རྗེས་སུ་འཛིན་པར་སྨོན་པ་ནི། འཁྲུལ་པའི་ཁུང་བུར་ལོག་སྨྲའི་ལྕེ་རྐྱོང་བའི། །ལྟར་སྣང་བཤེས་གཉེན་སྦྲུལ་གྱིས་མི་གཙེ་ཞིང༌། །ཡང་དག་ལམ་སྟོན་ཡོངས་འཛིན་ཀླུ་དབང་གི །གཙུག་རྒྱན་ཡིད་བཞིན་ནོར་བུ་ཐོབ་པར་ཤོག །ཅེས་པའོ། །དེ་ལྟ་བུའི་བཤེས་གཉེན་དམ་པས་རྗེས་སུ་བཟུང་སྟེ། གང་ལ་སློབ་པའི་ཡུལ་གྱི་བསྟན་པའང༌། ཕྱི་རུ་ཉན་ཐོས་སྤྱོད་སྐྱོང་ཞིང༌། །ནང་དུ་འདུས་པ་ལ་རབ་དགའ། །ཞེས་རྒྱལ་བ་རང་ཉིད་ཀྱིས་ཇི་ལྟར་བསྔགས་པ་བཞིན། ལམ་ཐུན་མོང་དང་ཐུན་


GTD005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་པ་མཐའ་དག་གི་གནད་ཚང་བ་རྒྱལ་བའི་བསྟན་པའི་སྙིང་པོ་རྗེ་བླ་མའི་བཀའ་སྲོལ་དྲི་མ་མེད་པ་འདི་ཉིད་དང་མཇལ་བར་སྨོན་པ་ནི། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་པ་སྟེ་གནད་ཤིན་ཏུ་ཆེའོ། །བསྟན་པ་དེ་ལའང་མཇལ་བའི་མིང་ཙམ་གྱིས་མི་ཆོག་པར་རང་གིས་ཉམས་སུ་ལོན་པ་ཞིག་དགོས་པས། རྗོད་བྱེད་གསུང་རབ་མཐའ་དག་ལ་ཐོས་པ་ངོམས་པ་མེད་པར་བྱས་ཏེ། འཆད་ཉན་གྱི་སྒོ་ནས་སྤེལ་བར་སྨོན་པ་ནི། གང་གི་ལེགས་བཤད་འཆི་མེད་བདུད་རྩིའི་ཚོགས། །འཐུང་ལ་ནམ་ཡང་ངོམས་པ་མ་མཆིས་ཤིང༌། །དེ་དོན་འཆད་དང་སྤེལ་བའི་རྒྱུད་མང་སྒྲ །སྲིད་རྩེའི་བར་དུ་སྒྲོག་པའི་དཔལ་ཐོབ་ཤོག །ཅེས་སོ། །དེའི་བརྗོད་དོན་ཡང་དག་པའི་ལམ་ལ་སློབ་པ་ལ། ཐུན་མོང་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ནང་ནས་ཆུང་ངུ་དང་ཐུན་མོང་བ་མངོན་མཐོའི་རྒྱུ་དགེ་བ་བཅུ་ལ་སློབ་པའི་ཕྱིར་སྨོན་པ། སྐྱེ་མང་ཉེར་བརྒྱུད་མུན་པ་སྟུག་པོའི་ནང༌། །འདི་སྣང་བདེ་བ་གློག་འོད་སྐད་ཅིག་མར། །རྟོགས་ནས་མངོན་མཐོའི་སྒྲོན་མེ་ཉེར་འདེགས་པའི། །དགེ་བའི་རྩི་བཅུད་གྲུབ་པར་བྱིན་གྱིས་རློབས། །ཞེས་དང༌། སྲིད་པ་ལས་ཡིད་འབྱུང་བ་འབྲིང་དང་ཐུན་མོང་བ་ནི། སྲིད་པའི་བདེ་བ་དབྱར་གྱི་ཆུ་གཏེར་ཆེ། །སྡུག་བསྔལ་མྱ་ངམ་ཐང་དུ་འགྱུར་ཤེས་ནས། །ལྡོག་མེད་ཐེག་གསུམ་འཕགས་པའི་གོ་འཕང་གི །མི་ཟད་རྒྱ་མཚོ་ཆེ་ལ་


GTD005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་ཤོག །ཅེས་པས་བསྟན། སྙིང་རྗེའི་གཞན་དབང་དུ་གྱུར་ནས་ཕྱིན་དྲུག་གི་སྤྱོད་པ་སྒྲུབ་པ་སྐྱེས་བུ་ཆེན་པོའི་ལམ་ལ་སློབ་པའི་ཕྱིར་སྨོན་པ། ཞི་བདེའི་མུན་པར་མར་གྱུར་འགྲོ་བའི་གཟུགས། །མ་མཐོང་རྣམ་པར་གྲོལ་བའི་ཚུལ་ཤེས་ཏེ། །ཕྱིན་དྲུག་སྤྱོད་པའི་འོད་སྟོང་རབ་སྤྲོས་ནས། །ཀུན་མཁྱེན་ཡེ་ཤེས་སྣང་བ་རྒྱས་པར་ཤོག །ཅེས་པའོ། །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ཏེ། ཐུན་མོང་མ་ཡིན་པ་གསང་ཆེན་རིམ་གཉིས་ཀྱི་རྣལ་འབྱོར་ལ་སློབ་པའི་ཕྱིར་སྨོན་པ། གྲངས་མེད་བསྐལ་གསུམ་ཀུན་གསལ་རྫོགས་དཀའི་ཚོགས། །རྟ་ལྗང་རླུང་ཤུགས་རིམ་གཉིས་འཁྲུལ་འཁོར་གྱིས། །སྙིགས་དུས་ཚེ་ཐུང་ཆུ་ཚོད་དྲུག་ཅུ་ལ། །ལྷུན་གྲུབ་འབད་མེད་བགྲོད་པར་བྱིན་གྱིས་རློབས། །ཞེས་པ་ཡིན་ལ། འདིའི་མཇུག་སྨོན་པའི་ཚིག་ཏུ་མ་བྱས་པར། བྱིན་གྱིས་རློབས་ཞེས་འབྱུང་བ་ནི། ལམ་གྱི་རྟོགས་པ་དེ་དག་སྐྱེ་བའང་རྗེ་བླ་མའི་ཐུགས་རྗེའི་བྱིན་གྱིས་རང་གི་ཤེས་རྒྱུད་བརླབས་པའམ། བསྒྱུར་དགོས་པར་ཤེས་པའི་ཆེད་ཡིན་ཏེ། འདིས་ནི་གོང་མ་ཀུན་ལའང་གོ་བར་བྱའོ། །དེ་ཡན་ཆད་ཀྱིས་སྤྱིར་སྨོན་པའི་དོན་ཆ་ཚང་བར་སོང་ཡང་། ཁྱད་པར་དུ་རྗེ་བླ་མའི་བསྟན་པ་ཕྱོགས་མཐར་རྒྱས་པ་ནི་ལྷག་པར་ཐུགས་ལ་བརྣག་པའི་དོན་ཡིན་པས། དེ་ལ་ཆེད་དུ་དམིགས་ཏེ་ཡུལ་དུས་མཐའ་དག་ཏུ་རྒྱས་པའི་ཕྱིར་སྨོན་པའི་ཤོ་ལོ་ཀ་གསུམ་མཛད་པའི་དང་པོ། ཁྱད་པར་མགོན་ཁྱོད་བསྟན་པ་ཡིད་བཞིན་ནོར། །ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་བཀོད་ནས། །རིང་ལུགས་དཔལ་འབྱོར་སྐལ་བཟང་འགྲོ་ཀུན་གྱིས། །མི་ཟད་དགའ་སྟོན་སྤྱོད་ལ་ནུས་ལྡན་ཤོག །ཅེས་མཐའ་དབུས་ཀུན་ཏུ།


GTD005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བླ་མའི་སྲོལ་འཛིན་གྱི་སྐྱེས་མཆོག་མང་དུ་བྱུང་སྟེ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་འགྱུར་བ་དང༌། འཁོར་བའི་སྐྱེ་སྲིད་འདབ་ཆགས་བགྲོད་པའི་འགྲོས། །སྣ་ཚོགས་མཐོ་དམན་བར་མར་རྒྱུ་བའི་ཚེ། །འཇམ་དཔལ་སྙིང་པོས་རྗེས་སུ་ཉེར་བཟུང་བའི། །གྲིབ་མ་གཉིས་པས་རྗེས་སུ་འབྲང་བར་ཤོག །ཅེས་པ་ཀུན་གཟིགས་ལྔ་པ་ཆེན་པོ་རང་ཉིད་ཀྱི་སྐུ་ཚེའི་འཕྲེང་བ་ཀུན་ཏུ་རྗེའི་བསྟན་པ་འདི་ཉིད་འཛིན་ཅིང་སྤེལ་བའི་དོན་དུ་ཡིན་ལ། ཆོས་ཕུང་སྤྲིན་གྱི་ལུས་ཕྲའི་ཕང་པ་ནས། །རྒྱལ་བ་གཉིས་པའི་བསྟན་ལ་འབྲུག་གི་སྒྲ། །བཟང་པོའི་བསྐལ་པ་དབྱར་དུས་ཇི་སྲིད་དུ། །མི་འགྱུར་རྡོ་རྗེའི་དཔལ་དུ་འགྲུབ་གྱུར་ཅིག། །ཅེས་པ་ནི་ཚུལ་དེ་དག་གི་སྒོ་ནས་ལུས་ཅན་ཡོངས་ཀྱི་ཕན་བདེ་མ་ལུས་པའི་འབྱུང་གནས་བསྟན་པའི་ཡང་སྙིང་རྗེ་བླ་མའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་བསྐལ་པའི་མཐའི་བར་དུ་མི་ཉམས་པར་གནས་པའི་ཕྱིར་དུ་སྨོན་པ་མཛད་པ་སྟེ། དཔལ་ཕྲེང་གི་ཞུས་པར་དམ་ཆོས་འཛིན་པའི་སྨོན་ལམ་ནི་ཡང་དག་པའི་སྨོན་ལམ་མཐའ་དག་གི་སྡོམས་སུ་གསུངས་པ་བཞིན་ནོ། །སྦྱར་བྱང་གོ་སླ། འདིར་འབད་དགེ་བས་རྟག་ཏུ་དལ་འབྱོར་གྱི། །རྟེན་ཐོབ་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །བསྟན་པའི་སྙིང་པོ་ཐོས་བསམ་སྒོམ་པ་ཡིས། །ཕྲ་རགས་སྲིད་མཚོའི་ཕ་རོལ་ཕྱིན་གྱུར་ཅིག །དེའང་བསྟོད་པ་འདི་ཉིད་སྔར་འདི་ཕྱོགས་སུ་དར་སོ་ཆུང་བའི་དབང་གིས་བློ་འཛིན་ཀློག་པ་སོགས་མ་མྱོང་ཡང༌། ཉེ་ཆར་སུ་ཉིད་གཡས་རུའི་ཤོག་ནས་ཆོས་དང་དོན་དང་ངེས་ཚིག་འབྱེད་པའི་བློ་མིག་ཅན་ཀུ་ཤྲི་འཇིགས་མེད་བློ་བཟང༌


GTD005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནན་ཆེར་བསྐུལ་བར་བརྟེན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཆ་ཚང་བར་མཐར་ཆགས་སུ་ཚར་གཅིག་ཀློག་པ་དང་བསྟུན། སྤྱི་ཁོགས་ཀྱི་ས་བཅད་བློ་ལ་ཤར་ཚོད་ཙམ་ཞིག་ཇ་སྦྱོར་གཉིས་ཀྱི་རིང་ལ་ཐོལ་བྱུང་གི་ཚུལ་དུ་བྲིས་པ་ཡིན་པས། རྣམ་དཔྱོད་ཅན་རྣམས་ཀྱིས་དཔྱོད་པའི་གཞི་ཙམ་མཛད་དེ། གཞུང་གཞན་དང་གུང་བསྒྲིག་ནས་ཞིབ་དཔྱོད་མཐའ་ཆོད་པར་མཛད་ན་ལེགས་སོ།། །།


previousཀུན་གཟིགས་ལྔ་པ་ཆེན་པོས་རྗེ་བླ་མར་བསྟོད་པའི་དོན་འགྲེལ།next