Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
བདེ་བ་ཅན་དུ་སྨོན་ལམ་འདེབས་ཚུལ།
   
   
   
   
   
   
   
   
   
   
   
   


 
previousབདེ་བ་ཅན་དུ་སྨོན་ལམ་འདེབས་ཚུལ།next

བདེ་བ་ཅན་དུ་སྨོན་ལམ་འདེབས་ཚུལ།


GTD005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་སེམས་པ་དང་སྦྲགས་ཏེ་སྨོན་ལམ་འདེབས་ཚུལ་བྱིན་རླབས་མྱུར་འཇུག་བཞུགས་སོ། །


GTD005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨ་མི་ཏོངྦྷ་ཝཱ་ཡ། བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་དང་འབྲེལ་བར་ཞིང་གི་ཡོན་ཏན་སེམས་པ་དང་སྦྲགས་ཏེ་སྨོན་ལམ་འདེབས་ཚུལ་ནི། བདེ་སྨོན་གྱི་གོང་ངམ། འཕོ་བའི་དམིགས་པ་གཙོ་བོར་བྱེད་ན། མདོ་ལས། དེ་ལ་དད་པ་ཞིང་དེར་སྐྱེ། །ཞེས་ཞིང་གང་དུ་འཕོ་འང་དེར་སྐྱེ་བའི་འདུན་པ་དེའི་རྒྱུའི་གཙོ་བོར་གསུངས་པས། འོད་དཔག་མེད་སྤྱི་བོར་སྤྱན་དྲངས་ཏེ་རྩ་དང་ཐིག་ལེ་གསལ་བཏབ་ཟིན་ནས་གསོལ་འདེབས་ཀྱི་གོང་དེར་བྱ་ལ། དེའང་གཡམ་ལ་རྒྱུག་ཙམ་མ་ཡིན་པར་བློ་གཏིང་ནས་འཁུལ་བའི་གདུང་ཤུགས་དང་བཅས། འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །བསླུ་མེད་བདེན་པར་གསུང་བའི་མདོ་སྡེ་ལས། །གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་བཤེགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་ཀྱི་རྣམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང༌། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་དེ་ཡི། །ཡོན་ཏན་ཐོས་ནས་མགུ་དང་དད་སྐྱེད་ལ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་སྐྱེད། །གསུངས་ཕྱིར་དུས་གསུམ་དགེ་ཚོགས་ཅི་མཆིས་པ། །གཅིག་ཏུ་བསྡོམས་ཏེ་ཞིང་མཆོག་དེར་སྐྱེས་ནས། །འོད་དཔག་མེད་མགོན་གསུང་གི་


GTD005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལ། །འདོད་དགུར་སྤྱོད་པའི་རྒྱུ་རུ་བསྔོ་བར་བྱ། །མི་མཇེད་ཞིང་ནས་ནུབ་ཀྱི་ཕྱོགས་ཉིད་དུ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཀྱི། །ཞིང་ཁམས་རྣམས་ནི་འདས་པར་གྱུར་པ་ན། །རྨད་བྱུང་བདེ་བ་ཅན་ཞེས་བྱ་བ་ཡོད། །དེ་ནི་ས་གཞི་རིན་ཆེན་དུ་མས་སྤྲས། །ཤིན་ཏུ་ཉམས་དགའ་ལག་མཐིལ་ལྟ་བུར་མཉམ། །རིན་ཆེན་ལས་གྲུབ་རི་བོ་མ་གཏོགས་པ། །ནག་པོའི་རི་རྣམས་ཀུན་གྱིས་དབེན་ཞིང་གཙང༌། །མཛེས་ཤིང་ཡིད་འོང་རྣམ་དག་ཞིང་གི་མཐའ། །རིན་ཆེན་བདུན་གྱི་ཆུ་ཤིང་ལྗོན་པ་དང༌། །རིན་ཆེན་ཏ་ལའི་ཤིང་གི་འཕྲེང་བ་ཡིས། །ཡོངས་སུ་བསྐོར་བས་སྐར་མས་ཟླ་བ་བཞིན། །བདག་སོགས་ཀུན་གྱི་རྣམ་དཀར་དགེ་ཚོགས་ཀྱང༌། །ཁྱོད་ཀྱི་དགེ་ཚོགས་རྒྱ་མཚོ་དང་འདྲེས་མཐུས། །མི་གཙང་སྡུག་བསྔལ་ཉེས་ཚོགས་མཐར་བསྐྲད་དེ། །ལྗོན་མཛེས་རིན་ཆེན་རི་བོས་བསྐོར་བའི་མཐིལ། །མེ་ལོང་ངོས་ལྟར་མཉམ་ལ་དྭངས་ཤིང་གསལ། །ཕྱོགས་མཚམས་ཀུན་ཏུ་གོ་སྐབས་ཆེས་ཡངས་པས། །མིག་དང་ཡིད་ལ་སྤྲོ་བའི་མཆོག་སྦྱིན་པ། །ཞིང་མཆོག་བདེ་བ་ཅན་དེར་སྐྱེ་བར་ཤོག །གསེར་དངུལ་བཻ་ཌཱུརྻྻ་དང་ཤེལ་དང་སྤུག །མུ་ཏིག་དམར་པོ་རྡོ་ཡི་སྙིང་པོ་སྟེ། །རིན་ཆེན་བདུན་ལས་གྲུབ་པའི་ལྗོན་པ་ལ། །ཡིད་ལ་བསམ་དགུའི་རྒྱན་བཟང་དཔག་མེད་འཕྱང༌། །ཤིང་གི་རྩ་བ་སྡོང་བུ་ཡལ་ག་སོགས། །འཇམ་ཞིང་རེག་ན་བདེ་སྟེར་དྲི་ཞིམ་ལྡན། །དྲི་ཡི་བཞོན་པས་བསྐྱོད་ཚེ་རྣར་སྙན་པའི། །མཉན་པས་ཆོག་


GTD005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་པའི་སྒྲ་རྣམས་འབྱུང༌། །དཔག་བསམ་ལྗོན་པའི་ཚོགས་ཀྱིས་རྩོལ་མེད་དུ། །བྱིན་པའི་ལྷ་ཡི་གོས་དང་རྒྱན་གྱིས་སྤྲས། །མེ་ཏོག་སིལ་མར་བཀྲམ་བྱས་འཛིན་མའི་ངོས། །མནན་ན་ནེམ་པས་ལུས་སེམས་བདེ་དགའ་སྐྱེད། །ཁྱད་པར་དྲི་ཞིམ་རླུང་གིས་བསྐུལ་བ་ལས། །ནོར་བུའི་ཡལ་འདབ་བསྐྱོད་པའི་སྙན་འགྱུར་དབྱངས། །རྣ་བའི་བཅུད་ལེན་ཟབ་མོའི་དོན་ལྡན་པས། །རྟག་ཏུ་ཆོས་ཀྱི་འདུ་ཤེས་སྐྱེད་གྱུར་ཅིག །དག་པའི་སེམས་ཅན་རྣམས་ཀྱི་ཉེར་འཚོའི་གཞི། །ཡིད་འཛིན་ཏ་མ་ལ་དང་ཨ་ཀ་རུ། །རྒྱ་སྤོས་ཙནྡན་སྦྲུལ་སྙིང་གིས་བསྒོས་པའི། །ཉལ་འགྲོའི་རྒྱུན་རྣམས་སྒྲ་སྙན་སྒྲོག་ཅིང་འབབ། །དྭངས་བསིལ་ཆབ་ཀྱིས་དྲི་མ་ཀུན་སྦྱོང་ཞིང༌། །མུ་ཏིག་ལྦུ་བ་འཐོར་བའི་རླབས་འཕྲེང་དང༌། །འཇོ་སྒེག་གར་གྱིས་རྩེན་པའི་བྱ་ཚོགས་ཀྱང༌། །གདངས་སྙན་ཆོས་ཀྱི་སྒྲ་ཡིས་སིམ་བྱེད་ཤོག །རབ་འབྱམས་སྨོན་ལམ་སྟོབས་ལས་འོངས་པ་ཡི། །རིན་ཆེན་པདྨོས་བསྐྲུན་པའི་འོད་ཟེར་རྩེར། །དམ་ཆོས་སྦྲང་རྩིའི་དགའ་སྟོན་འགྱེད་པ་ཡི། །སྤྲུལ་སྐུས་གདུལ་བྱའི་བུང་བ་ཚིམ་པར་མཛད། །དཔག་ཚད་དུ་མའི་ཁྱོན་འགེངས་འདབ་མའི་རྩེར། །བྱེ་བ་བརྒྱ་སྟོང་སོ་དྲུག་གྲངས་སྙེད་ཀྱི། །རྒྱལ་རྣམས་འཇའ་ཚོན་འོད་ཕྲེང་ལ་གནས་པས། །དགྱེས་པའི་ཞལ་བསྟན་གསུང་གིས་དབུགས་འབྱིན་ཤོག །ཡིད་ཀྱི་རེ་བ་རྫོགས་བྱེད་ལོངས་སྤྱོད་རྫོགས། །ཕུན་ཚོགས་འབྱོར་པས་ས་དང་བར་སྣང་ཀུན། །མི་མཉམ་མེད་པར་ཡོངས་སུ་དཀྲིགས་པ་ནི། །གསེར་གྱི་གཞི་ལ་ཆུ་གཏེར་ཆེན་པོ་བཞིན། །ཁང་བཟང་གདན་ཁྲི་བླ་བྲེ་རྣམ་བཀྲ་ཞིང༌། །མཆོད་རྫས་སྣ་ཚོགས་ཐོགས་པའི་ལྷ་མོའི་ཚོགས། །མཁོ་དགུའི་དངོས་པོ་མ་ཚང་མེད་བསྟབས་པས། །ཟག་


GTD005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དགའ་བདེའི་དཔལ་ལ་རོལ་གྱུར་ཅིག །དག་པའི་སེམས་ཅན་ལས་བཟང་གིས་སྤྲུལ་བ། །མཚན་དཔེའི་རྒྱན་གྱིས་ལུས་ནི་རབ་ཏུ་མཛེས། །ཡོན་ཏན་དུ་མས་རྒྱུད་ནི་ལེགས་པར་གཏམས། །གནས་སྐབས་ཀུན་ཏུ་ཆོས་ཀྱི་དགའ་བས་འཚོ། །གློག་བཞིན་འཁྱུག་པའི་ཐོགས་མེད་རྫུ་འཕྲུལ་གྱིས། །ཞིང་མང་བགྲོད་ནས་རྒྱལ་བའི་སྤྱན་སྔ་རུ། །རབ་འབྱམས་ཚོགས་གཉིས་བསྐྲུན་ནས་སླར་ཡང་ནི། །རང་གི་ཞིང་དུ་དགའ་བདེས་རོལ་པར་མཛད། །དེ་ལྟའི་གྲོགས་མཆོག་མངོན་ཤེས་ལྔ་ལྡན་ཞིང༌། །རྒྱལ་བ་ཀུན་ལ་བསོད་ནམས་ལྷག་པར་བྱས། །གསུང་གི་བདུད་རྩི་མྱང་བས་ཉིན་རེ་བཞིན། །བླ་མེད་བྱང་ཆུབ་ས་ལ་ཉེར་འགྲོ་བ། །དེ་དག་རྣམས་དང་སྤྱོད་ཚུལ་ལྟ་བ་ཀུན། །མཚུངས་པར་སྤྱད་དེ་བློ་དང་བརྩོན་པའི་ཤུགས། །ཉ་གང་ཟླ་བའི་ཟེར་གྱིས་རེག་པ་ཡི། །དབྱར་གྱི་ཆུ་གཏེར་ཇི་བཞིན་རྒྱས་གྱུར་ཅིག །ཁྱད་པར་སྣང་མཐའ་ཡས་པའི་ཐུགས་ཀྱི་སྲས། །ཕྱག་ན་པདྨ་རྡོ་རྗེ་འཛིན་པ་སོགས། །ཡེ་ཤེས་རྒྱ་མཚོ་སེམས་ཅན་རྒྱ་མཚོའི་ཕྱིར། །སྙིང་སྟོབས་རྒྱ་མཚོས་མ་ཞུམ་གོ་བགོས་ཤིང༌། །རྒྱལ་བ་རྒྱ་མཚོའི་དྲུང་དུ་ཐུགས་བསྐྱེད་ནས། །ཐོས་པ་རྒྱ་མཚོ་ཚོལ་བས་ངོམས་པ་མེད། །མ་ལུས་ཆོས་ཚོལ་ཚུལ་ལ་རབ་ཏུ་མཁས། །འཇིག་རྟེན་འདས་པའི་གཏམ་གྱི་སྙིང་པོ་རྟོགས། །ཆོས་ཀྱི་གཏམ་ལ་ནམ་ཡང་འཇིགས་པ་མེད། །རྟག་ཏུ་སེམས་ཅན་གྲོལ་བར་བྱེད་ལ་བརྩོན། །དེ་ནི་འདྲེན་པའི་གཙོ་བོ་འོད་དཔག་མེད། །ཐུབ་མཆོག་དེ་ཡི་རིགས་སུ་སྐྱེས་གྱུར་པ། །རྒྱལ་བའི་གདུང་འཚོབ་གྲགས་ལྡན་དཔའ་བོ་ཆེ། །དག་པའི་ཞིང་གི་རྒྱལ་སྲས་རྣམས་ཡིན་ནོ། །བརྩེ་ལྡན་དེ་དག་རྣམས་ཀྱིས་བུ་


GTD005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །བསྐྱངས་པས་མི་མཐུན་བདུད་ལས་རྣམ་རྒྱལ་ཞིང༌། །འདུས་པ་གཅིག་ཀྱང་བགྲང་གིས་མི་ལང་བའི། །ཉན་ཐོས་ཚོགས་རྣམས་མཐའ་དག་ཟིལ་མནན་ཏེ། །རབ་འབྱམས་ཞིང་དུ་སྤྲུལ་བའི་ཟློས་གར་གྱིས། །ལུས་ཅན་རྨོངས་པའི་མུན་པ་དྲུངས་འབྱིན་པའི། །མདོ་སྔགས་ཟུང་འཇུག་ཆོས་ཀྱི་སྒྲོན་མེ་སྦར། །ཆོས་ཀྱི་དུང་བུས་ཆོས་ཀྱི་རྔ་ཆེན་བརྡུང༌། །ཆོས་ཀྱི་རྒྱལ་མཚན་སྲིད་པའི་རྩེར་བསྒྲེངས་ཏེ། །རྒྱལ་བ་ཀུན་གྱི་བཞེད་པ་སྐོང་གྱུར་ཅིག །ཞིང་མཆོག་དེ་ཡི་ནོར་འཛིན་ལྟེ་བ་ན། །སྣ་ཚོགས་ནོར་བུའི་རྒྱན་སྒྲས་དཔག་བསམ་ཤིང༌། །དཔག་ཚད་སྟོང་དང་དྲུག་བརྒྱར་མངོན་མཐོ་ཞིག །ཡལ་འདབ་ཁོར་ཡུག་རྒྱང་གྲགས་ལྔ་བརྒྱར་ཁེབས། །ལོ་འབྲས་མེ་ཏོག་བཞད་པའི་དྲི་བསུང་རྒྱས། །མཐོང་ཐོས་རེག་པས་ཉོན་མོངས་གདུང་སེལ་བ། །དེ་ཡི་རྩ་བར་ཡིད་འཕྲོག་མ་ཡཱུ་རས། །བཏེགས་པའི་ཁྲི་འཕང་མངོན་མཐོར་པད་ཟླའི་སྟེང༌། །རྒྱལ་བའི་དབང་པོ་བྱི་རུའི་ལྷུན་པོ་བཞིན། །མཚན་དཔེའི་དཔལ་འབར་གཟི་བྱིན་ལྷང་ངེ་བ། །ཡན་ལག་དྲུག་ཅུའི་དབྱངས་ལྡན་ཆོས་ཀྱི་ཆར། །མཁྱེན་བརྩེའི་སྤྲིན་གྱི་ཕུང་པོ་ལས་ཐོན་པས། །རྒྱལ་སྲས་སློབ་མར་བཅས་པའི་འཁོར་གྱི་ཚོགས། །རབ་འབྱམས་ཞིང་ནས་ལྷགས་དང་དེར་བཞུགས་པ། །མཐའ་དག་སྨིན་ཅིང་གྲོལ་བར་མཛད་བཞིན་དུ། །བགྲང་ཡས་བསྐལ་པར་འཚོ་ཞིང་གཞེས་པར་བཞུགས། །བདེ་བ་ཅན་གྱི་ཞིང་ན་འགྲོ་བའི་སྐྱབས། །ལྗོན་པའི་དབང་པོའི་དྲུང་ན་འོད་དཔག་མེད། །རྒྱ་ཆེན་འཁོར་གྱི་དབུས་ན་བརྗིད་པའི་སྐུ། །མཐའ་ཡས་བསོད་ནམས་ཕུང་པོ་ཁྱོད་ལ་འདུད། །འདྲེན་པ་ཁྱོད་ཀྱི་འོད་ཀྱི་ཚོགས། །འཇིག་རྟེན་ཁམས་སུ་ཤོང་གྱུར་པ། །ཀྱེ་མ་རྒྱལ་


GTD005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞིང་གི་ནི། །རྒྱ་ཁྱོན་ཁོངས་དག་ཤིན་ཏུ་ཡངས། །རྒྱལ་བ་ཀུན་གྱི་ཞིང་གི་ཡོན་ཏན་རྣམས། །ཁྱོད་ཉིད་གཅིག་པུས་བདག་གིར་མཛད་པས་ན། །མི་མཇེད་ཞིང་གི་སེམས་ཅན་འདི་དག་རྣམས། །སྙིགས་མ་ལྔ་ཡི་ཉེས་པས་སྦགས་སམ་སྙམ། །རབ་མཐོ་རི་ཡི་དབང་པོ་དེ། །རབ་རྒྱས་ཟླ་བའི་བཞིན་ལྡན་ཞིང༌། །རབ་མཛེས་ཨུཏྤལ་སྔོན་པོའི་མིག །རབ་ཏུ་ལྡན་ན་ཁྱོད་དང་མཚུངས། །མཁྱེན་བརྩེའི་ཡོན་ཏན་དུ་མའི་དཔལ་འབར་ཞིང༌། །འཁོར་ཚོགས་དབུས་སུ་ལེགས་བཤད་དགའ་སྟོན་འགྱེད། །སྲིད་མཐའི་བར་དུ་གཞན་གྱི་དོན་བཞུགས་པ། །གནས་སྐབས་ཀུན་ཏུ་ཁྱོད་ཀྱིས་འགྲོ་ཀུན་སྐྱོངས། །མགོན་པོ་ཁྱོད་ཀྱི་མཚན་ཙམ་འཛིན་པ་ཡང༌། །ཞིང་ཁམས་གང་དུ་གནས་ཀྱང་མི་བསྐྱུད་པར། །བདེ་ལྡན་ཞིང་དུ་འདྲེན་པར་དམ་བཅས་པ། །གྲུབ་པའི་བདེན་པ་བདག་ལ་བསྟན་དུ་གསོལ། །ཁྱོད་ཀྱི་ཐུགས་རྗེའི་དྲི་བཞོན་གྱིས་བསྐུལ་བས། །བདག་གི་དགེ་བའི་གྲུ་གཟིངས་འདིར་བརྟེན་ནས། །ཕ་མ་འབྲེལ་ཐོགས་རིགས་དྲུག་འགྲོ་ཀུན་ཀྱང༌། །བདེ་ལྡན་ནོར་བུའི་གླིང་དེར་སྐྱེལ་བར་ཤོག །བགྲང་ཡས་བསྐལ་པར་བསགས་པའི་སྣོད་བཅུད་ཀྱི། །འབྱོར་པའི་ཡོན་ཏན་མཁའ་དང་མཉམ་པ་དེར། །བདག་སོགས་ལུས་ཅན་ཡོངས་ཀྱིས་ཅི་དགའ་རུ། །སྤྱོད་པའི་བགོ་སྐལ་བཟང་པོ་མྱུར་ཐོབ་ཤོག །དེ་ནས་བླ་མའི་རྣལ་འབྱོར་གྱི་འཕྲོ་མཐུད་ལ། སྨོན་ལམ་གྱི་གྲངས་སུ་ཚིགས་བཅད་ཀྱི་རིམ་པ་འདི་དག་བསྐྱང་བར་བྱས་ཀྱང་རུང་ངོ༌། །ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་ངག་དབང་དོན་གྲུབ་དང་དགེ་སློང་
དཀོན་མཆོག་ཆོས་གྲགས་གཉིས་ཀྱིས་བསྐུལ་བའི་ངོར། བྱིན་རླབས་ཀྱི་ཁྱད་ཀྱིས་ཞིང་གི་ཡོན་ཏན་ཕལ་ཆེར་རྗེའི་གསུང་གི་ཚིགས་བཅད་རང་སོར་བཞག་ནས་དེ་དང་མཐུན་པའི་སྨོན་ལམ་གྱིས་ཟུར་བརྒྱན། རྗེའི་གསུང་གི་ཚིག་ལྷུག་པ་ནས་ཀྱང་འགའ་ཞིག་ཁ་བསྐང་སྟེ་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་རཏྣ་ཨཱ་ནནྟའོ།། །།


previousབདེ་བ་ཅན་དུ་སྨོན་ལམ་འདེབས་ཚུལ།next