Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ས་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ས་ཆོག next

དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ས་ཆོག


GTD006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ས་ཆོག་གི་སྟངས་སྟབས་རྣམས་གསལ་བར་ཕྱེ་བ་བདུད་སྡེ་འཇོམས་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །


GTD006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། མཐའ་ཡས་སྲིད་པའི་འཁོར་ལོའི་རྒྱུ་བ་ཀུན། །བདེ་སྟོང་ཡེ་ཤེས་འཁོར་ལོས་བཅད་པའི་མཐར། །དག་པ་རབ་འབྱམས་འཁོར་ལོའི་གར་བསྒྱུར་བ། །བཅོམ་ལྡན་འཁོར་ལོ་ཆེན་པོས་དེང་འདིར་སྐྱོངས། །སྒོ་གསུམ་མི་དགེའི་གར་སྟབས་བསྒྱུར་བ་ཡིས། །ཉམ་ངའི་གཡང་དུ་འཆེལ་ལས་ཕྱིར་ཕྱོགས་ཏེ། །ལྷ་སྔགས་ཏིང་འཛིན་རོལ་བའི་གར་དང་བཅས། །བདེ་ཆེན་ཐར་པའི་གྲོང་དུ་བགྲོད་པར་རིགས། །དེའང་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་སྒྲུབ་མཆོད་སོགས་ཀྱི་སྐབས་སུ་ཤིན་ཏུ་མཁོ་བའི་ས་ཆོག་གི་གར་སོགས་ཀྱི་རྣམ་གཞག་བཤད་པ་ལ། སྤྱིར་སྔགས་ཀྱི་རྣལ་འབྱོར་པས་དངོས་གྲུབ་རྣམ་གཉིས་སྒྲུབ་པ་ལ་ཕྱག་རྒྱའམ་གར་གྱི་རིམ་པ་འདི་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ཉིད་བསྡུས་པ་ལས། གར་དང་གླུ་དང་རོ་དང་ཟས། །སྤྱོད་ལམ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་


GTD006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕུལ་ན་ནི། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །ཞེས་ལས་ཀྱི་དངོས་གྲུབ་ལ་དབང་བར་གསུངས་ཤིང༌། དེའི་བཤད་རྒྱུད་དཔལ་མཆོག་ལས། སེམས་ནི་སྟོང་པ་སྒྱུ་མར་མཚུངས། །ལུས་དང་བྲལ་བས་མི་འགྲུབ་སྟེ། །ལུས་དེ་ཡང་ནི་རྩིག་པ་འདྲ། །བྱ་བ་མེད་ཅིང་སེམས་དང་བྲལ། །ལུས་ཀྱང་སེམས་དང་བྲལ་བ་དང༌། །སེམས་ཀྱང་ལུས་དང་བྲལ་བ་ནི། །འགྲུབ་པ་མ་ཡིན་དེ་བཞིན་འདིའི། །ཕྱག་རྒྱ་རྣལ་འབྱོར་ཆོ་གར་བརྗོད། །ཅེས་ནང་དུ་སེམས་ཏིང་ངེ་འཛིན་ལ་གནས་པ་དང༌། ཕྱི་ལུས་ཀྱི་ཕྱག་རྒྱའི་གར་སྟབས་གཉི་ག་ཟུང་དུ་འབྲེལ་དགོས་པར་གསུངས་ཏེ། ཕྱག་ན་རྡོ་རྗེའི་ལས་རིམ་ལས། དེ་ཡང་ཏིང་འཛིན་རྒྱལ་པོ་འདྲ། །བྲམ་ཟེ་སྔགས་ཀྱི་ནུས་པ་མཐུན། །རྗེ་རིགས་ཕྱག་རྒྱ་ཉིད་དང་མཐུན། །ཞེས་ཏིང་ངེ་འཛིན་ནི་དབང་སྒྱུར་བའི་རྒྱལ་པོ་དང༌། སྔགས་ནི་དེའི་ནུས་པ་སྐྱེད་


GTD006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྲམ་ཟེ་དང༌། ཕྱག་རྒྱ་ནི་དངོས་སུ་བྱ་བ་བྱེད་མཁན་གྱི་རྒྱལ་པོའི་ལས་བྱེད་དང་བློན་པོའི་གཙོ་བོ་ལྟ་བུར་གསུངས་སོ། །དེའི་རྒྱུ་མཚན་གྱིས་དེ་ཉིད་བསྡུས་པར་ཕྱག་རྒྱ་དང་གླུའི་མཆོད་པ་དང༌། སྟངས་སྟབས་ཀྱི་ཚུལ་དང༌། ཟློས་གར་གྱི་སྦྱོར་བ་སོགས་མང་དུ་གསུངས་ལ། དཔལ་མཆོག་ལས་ཀྱང་སྐྱིལ་ཀྲུང་སོགས་ཀྱི་འདུག་སྟངས་དང་གར་གྱི་ཉམས་དགུ་སོགས་རྒྱས་པར་བསྟན་ཏོ། །སྔགས་ཀྱི་རྡོ་རྗེ་སློབ་དཔོན་བྱེད་པ་ལ་ཡང༌། འདི་དག་ངེས་པར་ཤེས་དགོས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་ཐ་མ་ལས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང༌། །ཞེས་ཕྱག་རྒྱ་དང༌། སྟངས་སྟབས་དང༌། འདུག་སྟངས་གསུམ་ལ་མཁས་པ་དེ་དེ་ཉིད་བཅུའི་གྲངས་གསུམ་དུ་འདྲེན་པར་མཛད་དོ། །ལྷའི་ང་རྒྱལ་ལ་གནས་པས་གར་བྱས་ན་མྱུར་དུ་ཐར་བའི་གོ་འཕང་འགྲུབ་པ་ནི། ཀྱེ་རྡོ་རྗེའི་བརྟག་པ་དང་པོའི་དྲུག་པ་ལས། ཐར་པའི་རྒྱུར་ནི་གར་བྱ་སྟེ། །དེ་ཚེ་རྡོ་རྗེ་རྐང་པའི་གར། །ཡོ་གི་མཉམ་པར་བཞག་པས་བྱེད། །ཅེས་གསུངས་ཤིང༌། གནས་སྐབས་ཀྱི་བར་ཆད་སེལ་བའི་སྲུང་བ་ལའང་ཆེས་མཆོག་ཏུ་འགྱུར་བའི་ཚུལ། བརྟག་པ་ཕྱི་མའི་བཞི་པ་ལས། གླུ་དང་གར་ནི་འདི་དག་གིས། །ལེགས་པར་གླུ་བླང་གར་ཡང་བྱ། །འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང༌། །དེ་བཞིན་བདག་ཀྱང་བསྲུང་བ་ཉིད། །འདིས་ནི་འཇིག་རྟེན་དབང་དུ་བྱེད། །འདིས་ནི་སྔགས་ཀྱི་བཟླས་པ་ཉིད།།


GTD006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང༌། རྒྱུད་རྡོ་རྗེ་རྩེ་མོ་ལས། གང་གིས་ཕྱག་རྒྱ་བཅིང་གྱུར་པ། །དེ་ནི་སྲོག་ཆགས་གདུག་ཀུན་དང༌། །འགྲོ་བ་སྡིག་ཅན་ཐམས་ཅད་ལ། །རྟག་ཏུ་རྒྱས་ནི་བཏབ་པར་འགྱུར། །ཞེས་པ་སྟེ། དེའི་རྒྱུ་མཚན་གླུ་གར་འདི་དག་ཡི་དམ་ལྷའི་ཐུགས་རྒྱུད་སྐུལ་བྱེད་ཀྱི་བསྙེན་པ་ལྟ་བུ་ཡིན་པས། ལྷ་རྣམས་ཀྱང་དེ་ལས་མི་འདའ་བར་གདུལ་བྱའི་རྒྱུད་བྱིན་གྱིས་རློབས་ལ། དེས་བྱིན་གྱིས་བརླབས་ན་གཞན་གྱི་ཉེར་འཚེས་མི་ཚུགས་པའི་ཕྱིར་ཏེ། གོང་དུ་དྲངས་པའི་ལུང༌། འདི་ནི་སྔགས་ཀྱི་བཟླས་པ་ཉིད། །ཅེས་པའི་ཐད་ཀྱི་བརྟག་གཉིས་རྣམ་བཤད་ལས། སྔགས་ཀྱི་བཟླས་པ་ཉིད་དང་འདྲ་བར་ལྷའི་ཐུགས་བསྐུལ་ཞིང༌། ཞེས་དང༌། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པ་ལས། དེ་བཞིན་རྒྱལ་བ་ཉིད་རྣམས་ཀྱང༌། །ཕྱག་རྒྱ་འདའ་བར་ཡོང་མི་མཛད། །ཅེས་པ་ལྟར་རོ། །དེས་ན་ས་ཆོག་གི་སྐབས་འདིར་གར་གྱི་རིམ་པ་ནན་ཏན་དུ་གསུངས་པ་ནི་བགེགས་སྔར་ཡོད་གཞོམ་ཞིང་སླར་མི་འཇུག་པའི་ཕྱིར་ཡིན་ཏེ། རྒྱུ་མཚན་འདི་ལ་དགོངས་ནས་ཀླུ་བྱང་གིས། ཕྱི་ནས་བགེགས་ནི་ཉེར་ཞི་དང༌། །ཞེས་ལྷའི་རྣལ་འབྱོར་བསྒོམ་པ་ནས་བཟུང་ཕུར་གདབ་སྲུང་འཁོར་དང་བཅས་པའི་བར་འདི་ཐམས་ཅད་ཆོ་ག་ཉི་ཤུའི་ནང་ནས་གསུམ་པ་བགེགས་ཞི་བའི་ཆོ་གར་མཛད་དོ། །དེའང་སའི་ཆོ་ག་ལ། ས་བརྟག་པ། བསླང་བ། སྦྱང་བ། བཟུང་བ། བསྲུང་ཞིང་


GTD006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པ་དང་ལྔར་ཡོད་ཀྱང༌། སྔར་ས་ཆོག་བྱས་པའི་གཙུག་ལག་ཁང་རྙིང་པར་རྡུལ་ཚོན་བྱེད་ནའང་ས་བརྟག་བསླང་གཉིས་མི་དགོས་ལ། སྦྱང་བའང་མི་དགོས་པར་གསུངས་པ་ནི་ས་བརྐོས་ཏེ་ཟུག་རྔུ་དབྱུང་བའི་ས་སེལ་གྱི་སྦྱང་བ་མི་དགོས་པ་ཡིན་གྱི། སྔགས་དང་ཏིང་ངེ་འཛིན་སོགས་ཀྱིས་སྦྱངས་པ་མི་དགོས་པ་མིན་པས། དེ་མན་ཆད་བྱེད་ཚུལ་ནི་འདུལ་འཛིན་གྱི་དཀྱིལ་ཆོག་དངོས་གྲུབ་འབྱུང་གནས་ལས་གསུངས་པ་བཞིན། ཡུངས་ཆུ་ཐལ་བ་རྣམས་འཁྱིལ་བའི་སྔགས་ལན་བདུན་བཟླས་ཏེ་ས་གཞི་ལ་གཡས་སྐོར་དུ་གཏོར། བ་བྱུང་བྱུགས་ཤིང་དྲིའི་ཆུས་གཏོར། སྒོའི་སློབ་མ་རྣམས་ཕྱོགས་བཞིར་འཁོད། དབུས་སུ་རང་ཉིད་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལ། ལག་པ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན་གྱི་ཕྱག་རྒྱས་ས་ལ་རེག་སྟེ། ཨོཾ་བྷུ་ཁཾ་ས་གཞི་ནམ་མཁའི་རང་བཞིན་སྟོང་པ་ཉིད་དུ་གྱུར་པར་བསམས་ལ། ཧཱུཾ་ལཾ་ཧཱུཾ་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་པར་བསམ། ཨོཾ་མེ་དྷི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ། རྡོ་རྗེའི་རང་བཞིན་དུ་བཅིང་བར་གྱུར། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། རྡོ་རྗེ་ཁྲོ་བོས་བགེགས་རྣམས་བཅོམ་པར་གྱུར། ཨོཾ་ཨཱཿ ཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། རྡོ་རྗེ་གསུམ་གྱིས་སའི་ཉེས་སྐྱོན་སྦྱངས་ཤིང་བསྲུང་བར་གྱུར་པར་བསམ། སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དང་རོ་གཅིག་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམས། ཨོཾ་ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧྲྀ་ད་ཡ་མཧཱ་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་ཡབ་ཀྱི་སྙིང་པོ་ཡི་གེ་ཉེར་གཅིག་པ་ལན་བདུན་བརྗོད་ནས། གནས་འདིར་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་


GTD006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བར་བྱའོ། །ཞེས་བརྗོད་ཅིང་དེ་ལྟར་བསམ་ནས་བློས་བཟུང་ངོ་། །དེ་ནས་དཔོན་སློབ་རྣམས་ཀྱིས་སྔོན་འགྲོའི་གཏོར་མ་ནས་བཟླས་པའི་བར་སྒྲུབ་ཐབས་ལྟར་བསྒོམ། གཡས་སྙེམས་པ་དང་བཅས་པས་རྡོ་རྗེ་བཟུང༌། གཡོན་དྲིལ་བུ་གསིལ་ཞིང༌། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །བདག་ནི་དམ་ཚིག་ལྷ་རྣམས་དང༌། །མཉམ་པར་འགྱུར་བར་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །བདག་ནི་ཕྱིར་མི་ལྡོག་པར་འགྱུར། །བདག་དེང་དེ་བཞིན་གཤེགས་པ་ཡི། །རིགས་སུ་སྐྱེ་བར་གདོན་མི་ཟ། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་བརྗོད། དེ་ནས། རྒྱལ་བ་སྲས་བཅས་ནམ་མཁར་དམིགས་ནས་གཡས་རྡོ་རྗེ་དང་སྤོས་ཕོར། གཡོན་དྲིལ་བུ་གསིལ་ཞིང༌། ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་ཆེ་གེ་རྡོ་རྗེ་ཡིས། །འཁོར་ལོ་ཆེན་པོའི་དཀྱིལ་འཁོར་བྲི། །སངས་རྒྱས་ཀུན་དེང་གཤེགས་སུ་གསོལ། །དངོས་གྲུབ་འདིར་ནི་སྩལ་ཏུ་གསོལ། །ཞེས་པ་ལན་གསུམ་གྱིས་སྙན་མནན། དེ་ནས་སློབ་དཔོན་རང་ཉིད་གཙོ་བོའི་ང་རྒྱལ་ལ་གནས་པས་རྡོར་དྲིལ་བཟུང་སྟེ་འགྱིང་སྟབས་སུ་གནས་ཤིང༌། སྒོའི་སློབ་མ་བཞིས་ཕྱོགས་སོ་སོ་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་བཤམས། མངོན་རྟོགས་བཞིན་བསང་སྦྱངས་བྱིན་གྱིས་བརླབས་ཏེ་


GTD006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཀས་ཐུན་མོང་དུ་དབུལ། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །རྣམ་ཤེས་ཞེ་སྡང་རྣམ་དག་ཅིང༌། །མི་བསྐྱོད་རྡོ་རྗེའི་བདག་ཉིད་དཔལ། །ཞལ་གསུམ་ཕྱག་དྲུག་རྡོ་རྗེ་འཛིན། །གདུག་པ་ཚར་གཅོད་ཡབ་ཡུམ་སྐུ། །རིགས་བཞི་ཀླུ་ཡིས་རྒྱན་དུ་བྱས། །སྣ་ཚོགས་པདྨའི་གདན་སྟེང་ན། །ཚངས་པ་དབང་པོ་བདུད་བཞི་རྣམས། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་རྗེས་གནང་མཐུ་སྟོབས་ཅན། །རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཅེས་རྐང་པ་རེ་རེ་ལ་རྡོ་རྗེ་གསོར་ཞིང་རྐང་པ་གཉིས་པར་དྲིལ་བུ་དཀྲོལ་ཏེ་དལ་བུས་གདངས་དང་བཅས་ཏེ་བསྟོད། སྒོའི་སློབ་མ་བཞི་ཀ་ལངས་ལ། ཤར་གྱི་སློབ་མས་ས་གཞི་མས་མཎྜལ་དབུལ། འཇིགས་བྱེད་ཀྱི་སྐབས་སྒོའི་སློབ་མ་རྣམས་གཏི་མུག་གཤིན་རྗེ་གཤེད་སོགས་སུ་བསྐྱེད་པ་ལྟར་ན་ཁྲོ་བོ་བདུད་ལས་རྒྱལ་བྱེད་སོགས་སུ་སྒོམ་དགོས་ཀྱང༌། འདུལ་འཛིན་གྱི་དཀྱིལ་ཆོག་ལས་ཁྲོ་བོ་བཞིའི་ཡུམ་རྣམས་སུ་བསམ་པར་གསུངས་པ་ནི། ཛ་བ་རི་པའི་དཀྱིལ་ཆོག་ལས། ལྷ་མོ་བཞི་ཡི་ཏིང་འཛིན་ཞུགས། །ཚུལ་བཞིན་དང་ནི་ལྡན་པ་ཡིས། །ཕྱོགས་བཞི་ནས་ནི་གསོལ་བ་གདབ། །ཅེས་པའི་དགོངས་པའོ། །དེ་ནས་ཤར་གྱི་སློབ་མ་རྡོར་དྲིལ་འཛིན་པས། རང་ཉིད་སྐད་ཅིག་གིས་ལྷ་མོ་འོད་ཟེར་ཅན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་སྤུ་གྲི་དང་ཐོད་པ་འཛིན་པར་གྱུར་ཏེ། ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཏུ་གསོལ་བ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག། །


GTD006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་རྐང་པ་དང་པོར་རྡོ་རྗེ་གསོར། གཉིས་པར་དྲིལ་གསིལ། གསུམ་པར་པད་ཀོར། བཞི་པར་ཐལ་མོ་སྦྱར་ཏེ་མགོ་དུད་པ་དང་བཅས་གསོལ་བ་གདབ། དེ་ནས་ལྷོ་ཕྱོགས་པས་མཎྜལ་ཕུལ། རང་ཉིད་སྐད་ཅིག་གིས་ལྷ་མོ་མདངས་ཅན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་ཟངས་གྲི་དང་ཐོད་པ་འཛིན་པར་གྱུར་ཏེ། ནམ་མཁར་ཞེས་པ་ནས། གསོལ་བ་ནི། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་མས་མནྜལ་ཕུལ། རང་ཉིད་སྐད་ཅིག་གིས་སྒྲ་གཅན་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སྟ་རེ་དང་ཐོད་པ་འཛིན་པར་གྱུར་ཏེ། ནམ་མཁར་ནས། གསོལ་བ་ནི། ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས་མནྜལ་ཕུལ་ལ། རང་ཉིད་སྐད་ཅིག་གིས་ལྷ་མོ་རླུང་འབྱིན་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་ཐོད་པ་འཛིན་པར་གྱུར་ཏེ། ནས། གསོལ་བ་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་ཕྱོགས་སོ་སོ་ནས་གསོལ་བ་གདབ། གསོལ་འདེབས་ཀྱི་ཚིགས་བཅད་འདི་དག་འདུས་པའི་ལེའུ་བཞི་པ་ནས་འབྱུང་ཡང༌། ཕ་རྒྱུད་མ་རྒྱུད་གང་ལའང་སྦྱར་ཆོག་པ་འཕྲེང་བའི་དགོངས་པ་ཡིན་པར་སྔགས་རིམ་


GTD006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་བཞིན་འདི་དང་བདེ་མཆོག་དུས་འཁོར་སོགས་ཕལ་ཆེར་མཐུན་ནོ། །འོན་ཀྱང་ཕྱག་རྡོར་གྱི་སྐོར་ནས་སྒོས་སུ་གསུངས་པའི་གསོལ་འདེབས་བྱ་བར་སྤྲོ་ན་སྟོང་ཉིད་ཏིང་འཛིན་རྡོ་རྗེ་དང༌། འགྲོ་བཟང་སྙིང་པོས་ཕྱག་རྡོར་གྱི་སྐོར་རྣམས་ལས་འཁོར་ཆེན་ལ་ཁ་བསྐང་བ་དུ་མ་འབྱུང་བར་འདུག་པས། འདིར་ཡང་སྟོང་ཉིད་ཏིང་འཛིན་རྡོ་རྗེས་གསུངས་པ་ལྟར་ཕྱོགས་སོ་སོ་ནས། གསང་བའི་བདག་པོ་བརྩོན་ཆེན་པོ། །སངས་རྒྱས་སྐུ་དང་འདྲ་བའི་ལུས། །གཏི་མུག་རྡོ་རྗེའི་རང་བཞིན་ཅན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །ཞེས་དང། གསང་བའི་བདག་པོ་བརྩོན་ཆེན་པོ། །སངས་རྒྱས་གསུང་དང་འདྲ་བའི་ངག །འདོད་ཆགས་རྡོ་རྗེའི་རང་བཞིན་བདག །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །ཞེས་དང༌། གསང་བའི་བདག་པོ་བརྩོན་ཆེན་པོ། །སངས་རྒྱས་ཐུགས་དང་འདྲ་བའི་ཡིད། །ཞེ་སྡང་རྡོ་རྗེའི་རང་བཞིན་བདག །རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ། །ཞེས་དང༌། གསང་བའི་བདག་པོ་བརྩོན་ཆེན་པོ། །སངས་རྒྱས་མཛད་དང་འདྲ་བའི་ལས། །ཕྲག་དོག་རྡོ་རྗེའི་རང་བཞིན་ཅན། །རྡོ་རྗེ་ལས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཐུན་མོང་དུ་མནྜལ་ཕུལ་ཏེ། མགོན་པོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་ལ་སྨན་སླད་དུ། །གདུག་པ་ཅན་རྣམས་འདུལ་བྱེད་པའི། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསོལ་བ་གདབ། ཚིགས་བཅད་ཕྱི་མས་ཐུན་མོང་དུ་གསོལ་བ་གདབ་པ་འདི་སྔ་མ་ལྟར་བྱས་ནའང་མཇུག་ཏུ་སྦྱར་ན་ལེགས་སམ་སྙམ། ཀླུ་སྒྲུབ་དང་འགྲོ་བཟང་སྙིང་པོས་གཅིག་ཏུ་བསྡེབས་ཟེར་བའི་དཀྱིལ་ཆོག་ཅིག་ཏུ། རྡོ་རྗེ་གོས་སྔོན་རིགས་ཀྱི་གཙོ། །མཉམ་པའི་ངང་ལས་འབར་བའི་སྐུ། །


GTD006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་ཆེན་པོ་ཚར་གཅོད་ཕྱིར། །རྡོ་རྗེ་རིགས་ཀྱི་ས་བཟུང་མཛོད། །རིན་ཆེན་གོས་སྔོན་རིགས་ཀྱི་གཙོ། །མཉམ་པའི་ངང་ལས་འབར་བའི་སྐུ། །ང་རྒྱལ་ཅན་རྣམས་གཞོམ་པའི་ཕྱིར། །རིན་ཆེན་རིགས་ཀྱི་ས་བཟུང་མཛོད། །པདྨའི་གོས་སྔོན་རིགས་ཀྱི་གཙོ། །མཉམ་པའི་ངང་ལས་འབར་བའི་སྐུ། །འདོད་ཆགས་ཅན་རྣམས་གདུལ་བའི་ཕྱིར། །པདྨའི་རིགས་ཀྱི་ས་བཟུང་མཛོད། །ལས་ཀྱི་གོས་སྔོན་རིགས་ཀྱི་གཙོ། །མཉམ་པའི་ངང་ལས་འབར་བའི་སྐུ། །ཕྲག་དོག་ཅན་རྣམས་གདུལ་བའི་ཕྱིར། །ལས་ཀྱི་རིགས་ཀྱི་ས་བཟུང་མཛོད། །ཅེས་པ་འདིའི་སྒོ་ནས་བྱས་ཀྱང་ཚིག་འབྲེལ་ཆགས་པར་སྣང༌། སྤྲོས་པ་ལ་དགའ་ན་སྔ་མའི་ཕྱག་འཚལ་གྱི་ཚིགས་བཅད་རེའི་མཇུག་ཏུ་ཕྱི་མའི་གསོལ་གདབ་ཀྱི་ཚིགས་བཅད་རེ་སྦྲེལ་ཏེ་བྱས་ན་ལེགས། གསོལ་གདབ་ཟིན་པ་ན་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བརྐྱངས་ཏེ་རྩེ་སྦྱར་བ་འོག་ཏུ་བསྟན་ནས་སྤྱི་བོར་བཟུང་སྟེ། ཧཱུཾ་བཛྲ་ཨུཏྟིཥྛ། ཞེས་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་འདེགས། རྭ་པའི་བླ་མ་འགའ་ཞིག་གུང་མོའི་རྩེ་སྤྲད་ལྷག་མ་རྣམས་བསྣོལ་ལ་སྤྱི་བོར་བཅིངས་ལ། ཨོཾ་བཛྲ་ཨུཥྚི་ཡ་ཧཱུཾ་ཞེས་འདོགས་པར་བཤད་པའི་སྔགས་དང་ཕྱག་རྒྱ་གཉིས་ཀ་མ་དག་པར་བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་ཏུ་གསུངས་ལ། ཕྱག་རྒྱ་སྔ་མ་ཡིན་ཀྱང་མཐེའུ་ཆུང་སྦྲེལ་བར་ཁ་ཅིག་འདོད་པའང་མ་དག་པར་སྔགས་རིམ་ལས་གསུངས་ཏེ། འདི་གཏོར་མ་ལྷ་བཏེག་སོགས་ལའང་འདྲའོ། །དེ་ནས་སྐྱིལ་ཀྲུང་བཤིག་ལ་ལངས་ཏེ་ཤར་དུ་ཕྱོགས་པས་མཉམ་པའི་རྐང་སྟབས་བྱས་ལ་མགོ་བོར་ཐལ་མོ་སྦྱར་ཏེ། ཨོ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏན།


GTD006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱ། མཉམ་པའི་རྐང་སྟབས་ནི་སྔགས་རིམ་ལས། མཉམ་པ་ནི་རྐང་པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་སྟེ། རྐང་པའི་མཐེ་བོང་དང་རྟིང་པ་གཉིས་གཅེར་བ་ཞེས་མཐེ་བོང་གཉིས་རྩིབས་སྦྱར། རྟིང་པ་གཉིས་རྩིབས་སྦྱར་ཏེ་གཤིབས་ནས་སྡོད་པ་ལ་གསུངས་པ་ནི་འདིའི་ཐད་ཀྱི་འཕྲེང་བར། རྐང་པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་ནི་མཉམ་པའི་རྐང་སྟབས་སོ། །ཞེས་གསུངས་ཡོད་པ་སོར་མོ་ཐམས་ཅད་སྦྱར་བ་ལྟ་བུར་གོ་ན་ལངས་ནས་སྡོད་ཚུལ་མེད་པས་མཐེ་བོང་གཉིས་སྦྱར་ན་ཆོག་པས་ཞིབ་ཆ་བཏོན་པར་སྣང༌། དེ་ནས་རང་ཉིད་གཙོ་བོ་ལས་ཕྱེ་བའི་ཕྱག་ན་རྡོ་རྗེ་སྐུ་མདོག་སེར་སྤྲིན་ལྟར་གནག་ཅིང་ཤིན་ཏུ་ཁྲོས་པའི་ཉམས་ཅན་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའི་མིག་གཡས་པ་མ་ལས་ཉི་མ་གཡོན་པ་ཊ་ལས་ཟླ་བ། མིག་འབྲས་ཧཱུཾ་ལས་དུས་མཐའི་མེ་ལྟར་འབར་བ་ལས་ཁྲོ་བོའི་རྡོ་རྗེ་ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་སྐྲད་པར་གྱུར་བསམས་ལ། རྐང་པ་གཡས་བརྐྱང་དང་ལག་པ་གཡོན་དྲིལ་བུ་སྙིང་གར་བཟུང། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་གདེངས་ནས་མེ་མཚམས་སུ་བལྟས་ཏེ་ལུས་གཡོན་དུ་མེ་མཚམས་མཐོང་གི་བར་དུ་གཅུ་ཞིང༌། ཨོཾ་ཀྲོ་དྷ་དྲིཥྚི་ཧཱི། ཞེས་བརྗོད། རྐང་པ་གཡོན་བརྐྱང་དང་ལག་པ་གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྙིང་གར་བཞག་པ། གཡོན་བརྐྱངས་ཏེ་དྲིལ་བུ་གསིལ་ཞིང་གཡོན་དུ་བལྟས་ནས་ལུས་དབང་ལྡན་མཐོང་གི་བར་དུ་གཅུ་ཞིང༌། ཨོཾ་ཀྲོ་དྷ་དྲིཥྚི་ཧཱི། ཞེས་བརྗོད། དེའི་ཚེ་མིག་གཉིས་ཀྱི་འབྲས་བུ་ཧཱུཾ་ལས་བསྐལ་པའི་མེ་ལྟར་འབར་བ་ལས་འོད་


GTD006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱི་ཕུང་པོ་སྤྲོས་པས་བགེགས་ཐམས་ཅད་བསྲེགས་པ་དང༌། མིག་གཡོན་པ་ཊ་ལས་ཟླ་བར་བསྐྱེད་པ་ལས་བདུད་རྩི་བབ་པས་འཁོར་གྱི་ཁྲོ་བོའི་ཚོགས་རྣམས་མཆོད་ཅིང་ཚིམ་པར་བསམ་ལ། འཕགས་འོད་ཀྱི་ནག་པོའི་དཀྱིལ་ཆོག་ཏུ་མེ་འོད་ཀྱིས་བགེགས་རྣམས་བསྲེགས་པ་དང་བདུད་རྩིས་གསོ་བར་གསུངས་ཀྱང་སྐབས་གཞན་ཡིན་པས་འདི་དང་མི་འདྲའོ། །དེ་ནས་ཤར་རམ་དབང་ལྡན་དུ་ཕྱོགས་ལ་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང༌། ང་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་རང་ཉིད་དང༌། །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །ང་ནི་སྟོབས་ཆེན་རྡོ་རྗེ་ཅན། །ང་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བསྟན་པ་ང༌། །ང་ནི་བདག་པོ་རྡོ་རྗེ་ཆེ། །བྱིན་གྱིས་བརླབས་པ་མི་འདོར་རོ། །ཞེས་ང་རྒྱལ་བཟུང༌། དེ་ནས་རྐང་མཐིལ་གཉིས་སུ་ཨ་ཨ་ལས་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེ། ཞེས་བརྗོད་ཅིང་དེ་ལྟར་བསམས་ཏེ་འགྱིང་བ་དང་བཅས་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་དབང་ལྡན་དུ་རྡོ་རྗེའི་འགྲོས་ཀྱིས་ཕྱིན་ལ། དེ་ནས་བརྩམས་ཏེ་སློབ་མ་དང་ལྷན་ཅིག་དཀྱིལ་འཁོར་གྱི་གཞིར་གཡས་སྐོར་དུ་རྡོ་རྗེའི་རྐང་སྟབས་ཀྱིས་འགྲོ། དེའང་བགེགས་ལ་བཀའ་བསྒོ་བ་ནི་སྐོར་བའི་རྗེས་སུ་བྱེད་པར་དཔལ་འཛིན་དང་ཉིན་མོ་འབྱུང་གནས་སོགས་ཀྱིས་བཤད་ལ། སྔོན་དུ་བྱེད་པར་ལྭ་བ་པ་དང་དཱ་རི་ཀ་པ་སོགས་ཀྱིས་བཤད་པས། སྔོན་དུ་ལན་གཅིག་བསྐོར་ནས་བཀའ་བསྒོས་པའི་འོག་ཏུ་རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་དང་སྟངས་སྟབས་རྣམས་བྱས་ན་འཕྲེང་བའི་དགོངས་པ་དང་མཐུན་པར་སྔགས་རིམ་ལས་གསུངས་སོ། །རྡོ་རྗེའི་


GTD006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་སྟབས་ཞེས་པའང་མཐའ་གཅིག་ཏུ་རྡོ་རྗེ་འབྲི་དགོས་པ་མིན་པར་རྐང་མཐིལ་རྡོ་རྗེའི་མེ་དཔུང་འཕྲོ་བ་རེ་རེས་མཚན་པས་བགེགས་རྣམས་བསྲེག་ཅིང་བྱེར་བར་བསམ་སྟེ་འགྲོ་བའང་རྡོ་རྗེའི་འགྲོས་སུ་འཇོག་པ་ནག་པོ་སྤྱོད་པ་དང་འཕྲེང་བའིའང་དགོངས་པ་ཡིན་པས་སྐོར་ཐེངས་སྔ་མ་འདི་ལ་མི་འབྲི་བར་དམིགས་པ་དེ་ཉིད་དང༌། ངག་ཏུ་ཧཱུཾ་བཟླ་ཞིང་ལག་པ་པད་ཀོར་གྱི་ཕྱག་རྒྱ་དང་བཅས་རྔམ་ཞིང་བརྗིད་པའི་སྟབས་ཀྱིས་སོང་སྟེ། ཤར་སྒོའི་ཐད་དུ་སླེབ་པ་ན་སློབ་དཔོན་དཀྱིལ་འཁོར་ལ་ཕྱོགས་ཤིང༌། སློབ་མ་གཞི་གས་སློབ་དཔོན་ལ་བསྐོར་ཏེ་འདུག་ཅིང་གཞི་བཅའ་སྔོན་དུ་འགྲོ་བས་རྐང་སྟབས་རྣམས་བྱེད་དགོས། དེའང་གཡས་བརྐྱང་གི་རྐང་སྟབས་བྱ་བ་ལ་གཡོན་སྔོན་དུ་འགྲོ་བའི་གཞི་བཅའ་བྱེད་དགོས་པས་དེའི་ཚུལ་ནི། རྐང་པ་གཡོན་པ་སྔོན་དུ་བཞག །དེ་ནས་གཡས་པ་དེའི་འགྲམ་དུ་བཀོད། དེ་ནས་གཡས་པ་བཏེག་སྟེ་གཡོན་པའི་སྣ་ལ་ཅུང་ཟད་བསྐོར་ནས་གཡོན་པའི་རྒྱབ་ཏུ་བཞག་པའམ། འདུལ་འཛིན་གྱི་གསུང་ལྟར། ལག་པ་གཡས་པས་རྡོ་རྗེ་གྱེན་དུ་བཟུང་བའི་སྟེང་དུ་གཡོན་པས་དྲིལ་བུ་གསིལ། ངག་ཏུ་ཧཱུཾ་ཞེས་བརྗོད་ཅིང་རྐང་པ་གཡོན་འགྱིང་བ་དང་བཅས་པས་གཡས་པའི་མདུན་དུ་འཕྲེད་ལ་བཞག །དེ་ནས་དེ་བཞིན་དུ་རྐང་པ་གཡས་པ་གཡོན་པའི་མདུན་བསྐོར་ཏེ་རྒྱབ་ཏུ་བཞག །དེ་ནས་གཡོན་པས་གཡས་པའི་མདུན་བསྐོར་ཏེ་རྒྱབ་ཏུ་བཞག །དེ་ནས་སྟངས་སྟབས་དངོས་ལ་འཇུག་པ་གང་རིགས་བྱ་སྔགས་ཀྱི་མགོ་ལེན་པ་ན་གཡོན་པ་རང་སར་གནས་བཞིན་པ་ལ་གཡས་པ་རྐྱོང་དགོས་པས། ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་བཟུང་ནས་ངག་ཏུ། ཨོཾ་ཁ་བཛྲ་དྷྲིཀ་བཛྲ་ཧཱུཾ་ཀཱ་ར་བཛྲ་ཧཱུཾ་ཕཊ། ཅེས་དབྱངས་དང་བཅས་ཏེ་


GTD006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བཞིན་པར་སློབ་དཔོན་གྱི་རྡོ་རྗེ་གཡོན་ཕྱོགས་ཀྱི་སློབ་མའི་དྲིལ་བུའི་ནང་དང༌། དེའི་རྡོ་རྗེ་སློབ་དཔོན་གྱི་དྲིལ་བུའི་ནང་དུ་གཞུག་པའི་ཁ་སྦྱོར་བྱ། དེ་བཞིན་དུ་མདུན་དང་གཡས་དང་རྒྱབ་ཀྱི་སློབ་མ་ལ་བྱེད་ཅིང༌། ཕྱི་མ་གསུམ་གའི་ཚེ་དབྱངས་མེད་པར་སྔགས་བསྒྲིགས་ནས་བརྗོད། དེ་བཞིན་དུ་སྒོ་གཞན་གསུམ་ལ་སླེབ་པ་ན་གཞི་བཅའ་སྔོན་དུ་འགྲོ་བའི་ཁ་སྦྱོར་བཞི་བཞི་བྱས་ལ་དབང་ལྡན་ནས་ཁ་ནང་དུ་བལྟས་ཏེ་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང༌། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ཡང་དག་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་བྱུང་དགས་བྱས་ཏེ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །ཞེས་ལན་གསུམ་བཀའ་བསྒོས་ལ། ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་བསྐྲད་ཅིང་དཀྱིལ་འཁོར་གྱི་ས་གཞི་ཡང་དབང་ཆེན་གྱི་སྟེང་གི་བར་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས། བཀའ་བསྒོ་འདི་ནི་འདུས་པའི་ལེའུ་བཅུ་གསུམ་པ་ནས་ཡིན་ལ། ཁ་སྦྱོར་དང་སྒྱུ་དྲ་ལས་བཀའ་བསྒོ་རིང་བ་ཞིག་གསུང༌། འགྲོ་བཟང་སྙིང་པོས། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ཞེས་སོགས་ཀྱིས་བཀའ་བསྒོ་བར་བཤད་པས་གང་བྱས་ཀྱང་རུང་ངོ༌། །དེ་ནས་རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དང་གསུམ་པ་དང་རྩེ་ལྔ་པ་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེ་རིམ་པ་བཞིན་བསམས་ཏེ་ཤར་གྱི་སློབ་མ་མཛེས་ལྡན་མར་གསལ་བ་


GTD006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་གཡས་བརྐྱང་སོགས་བྱ་བར་འདུལ་འཛིན་གྱིས་གསུངས་པ་སྔགས་རིམ་གྱི་སྐོར་བ་བྱེད་ཚུལ་དེ་དང་ཤིན་ཏུ་འགྲིག་པས། སྐོར་བ་དང་པོའི་ཚེ་རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་རེ་རེས་མཚན་པར་གྱུར་པར་བསམས། ངག་ཏུ་ཧཱུཾ་བརྗོད་པར་རྡོ་རྗེ་མཁའ་འགྲོ་སོགས་དུ་མ་ལས་གསུངས་ཤིང༌། ལ་ལར་ཧཱུཾ་རིང་པོའི་སྔགས་ཞེས་ཀྱང་འབྱུང་བས་ལག་པ་གཉི་གས་རྡོར་དྲིལ་བཟུང་ནས་དཀུར་བརྟེན། རྐང་པ་གཡས་པ་མདུན་དུ་འཇོག་པས་རྒྱབ་རྭ་བྲི་བ་དང་ཧཱུཾ་ཞེས་བརྗོད། གདངས་དེའི་མུ་ནས་ཨཱུ་ཞེས་བརྗོད་པ་ན་གཡོན་པ་དེའི་མདུན་ནས་འཕྲེད་ལ་བཀོད་པས་རྡོ་རྗེའི་ལྟེ་བ་བྲི། དེ་ནས་མ་ཞེས་ཟེར་བ་ན་གཡས་པ་དེའི་མདུན་དུ་བཀོད་པས་མདུན་རྭ་བྲི། ཧཱུ་ཨུ་མ་ཞེས་འབྲུ་གསལ་པོ་སོ་སོར་ཕྲལ་ནས་མི་བྱེད་པར་ཧཱུཾ་གི་གདངས་རིང་པོ་གཅིག་འོང་བ་བྱེད། འདུལ་འཛིན་གྱི་གསུང་ལས། རྐང་པ་གཡས་གཡོན་ཕྱོགས་ནས་གཡས་སུ་མདུན་དུ་བསྐོར་ལ་གཤིབས་ཏེ་རྡོ་རྗེའི་ལྟེ་བ་འདྲི། དེ་ནས་མིག་རྒྱབ་ཏུ་བལྟ་ཞིང་རྐང་པ་གཡས་ཕྱོགས་སུ་བཞག་སྟེ་རྒྱབ་ཀྱི་རྭ་འདྲི། དེ་ནས་མིག་མདུན་དུ་བལྟ་ཞིང༌། རྐང་པ་གཡས་མདུན་དུ་བཞག་སྟེ་མདུན་གྱི་རྭ་འདྲི། གསུངས་པ་བཞིན་ལྟེ་བ་སྔོན་དུ་འདྲི་ནའང་སྔགས་བརྗོད་ཚུལ་སྔ་མའི་རིགས་འགྲོས་བྱེད། སླར་ཡང་གདངས་ཤིན་ཏུ་རིང་པོའི་ཧཱུཾ་བརྗོད་ལ་གཡོན་དང་པོར་བཀོད་པས་རྒྱབ་རྭ་དང་གཡས་དེའི་མདུན་ནས་འཕྲེད་ལ་བཀོད་པས་ལྟེ་བ་བྲི་བ་སོགས་གཡས་གཡོན་སྤེལ་མར་བྱེད། མཚམས་མཚམས་སུ་གདོང་ཕྱིར་བསྒྱུར་མིག་བཟློག་སྟེ་ཁྲོ་བོའི་ལྟ་སྟངས་ཀྱིས་རྒྱབ་ཏུ་བལྟ་བ་དང་རྔམ་པའི་ཚུལ་གྱིས་མདུན་དུ་གཙིགས་


GTD006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བལྟ། ཚུལ་དེས་སྐོར་བ་གཅིག་འཁོར་ནས་ཤར་སྒོའི་ཐད་དུ་སླེབ་པ་ན་གཡོན་སྔོན་འགྲོའི་གཞི་བཅའ་སྔོན་དུ་བཏང་ལ། སློབ་དཔོན་གྱིས་རྐང་པ་གཡོན་པའི་བྱིན་པ་བསྐུམ་ནས་མཐོ་ལྔའི་བར་དུ་རྐང་པ་གཡས་པ་འགྱིང་བ་དང་བཅས་པར་དྲང་པོར་བརྐྱངས་པའི་གཡས་བརྐྱང་དང༌། སློབ་མ་མཛེས་ལྡན་མའི་ང་རྒྱལ་འཛིན་ཅིང་གཡོན་བརྐྱང་བྱེད། སྐོར་བ་གཉིས་པར་རྩེ་གསུམ་པའི་འགྲོས་སོགས་བྱེད་པ་ལ་སྔགས་ཀྱི་ཚིག་ཅིག་དང་བསྒྲིག་རྒྱུ་མེད་པར་འགྲོས་འགྲིག་པ་ཞིག་མི་འོང་ཞིང༌། བཅུ་གསུམ་མའི་དཀྱིལ་ཆོག་ཏུ་ཧྲཱིཿ ཥྚྲཱིཿ ལ་སོགས་པ་བརྗོད་པར་གསུངས་པའི་རིགས་འགྲོས་ཀྱིས་འདིར་ཡང་གཙོ་བོའི་སྔགས་ཡི་གེ་ཉེར་གཅིག་པ་དང་སྦྲེལ་ན་རུང་བར་མངོན་པས། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་རེ་རེས་མཚན་པར་གྱུར་པར་བསམས་ཏེ་གཡས་རྡོ་རྗེ་དཀུར་བརྟེན། གཡོན་དྲིལ་བུ་སྙིང་གར་དཀྲོལ་ཞིང་གདངས་དང་བཅས་ཏེ་ཨོཾ་ཞེས་བརྗོད་ལ་རྐང་པ་གཡས་པ་ལྟ་ཟུར་གཡས་ཀྱི་ཐད་ཀྱི་རྒྱབ་ཏུ་འཇོག་པས་རྒྱབ་ཀྱི་གཡས་རྭ་དང༌། ནཱི་ལཾ་ཞེས་བརྗོད་ལ་ལྟ་ཟུར་གཡོན་གྱི་ཐད་དུ་འཇོག་པས་གཡོན་རྭ། རྒྱབ་ཀྱི་དབུས་དྲང་པོར་རྭ་སྔ་མ་གཉིས་ལས་ཅུང་ཟད་རིང་བར་གོམ་པ་བསྲིངས་ནས་བཀོད་དེ་བྷ་ར་ཞེས་བརྗོད་པས་དབུས་རྭ་འདྲི། དེ་བཞིན་དུ་མདུན་གྱི་གཡས་ངོས་སུ་བཀོད་ནས་དྷཱ་ར། གཡོན་ངོས་སུ་བཀོད་ནས་བཛྲ། དབུས་སུ་ཅུང་ཟད་རིང་བར་བཀོད་དེ་པཱ་ཎི་ཞེས་བརྗོད་ལ་མདུན་རྭ་གསུམ་འདྲི། དེ་ནས་རྐང་པ་གཡོན་པ་བརྟན་པར་གནས་ཤིང༌། གཡས་པ་བཏེག་སྟེ་རྐང་པ་གཡོན་པའི་ཕྱི་ཟུར་ནས་གཡས་སྐོར་དུ་


GTD006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་ཇི་ལྟར་འཚམས་པར་བསྐོར་བས་ལྟེ་བ་འདྲི་བ་དང༌། ངག་ཏུ་ཧྲྀ་ད་ཡ་ཞེས་བརྗོད་ཅིང་ལག་པ་པད་ཀོར་གྱི་ཕྱག་རྒྱ་བྱེད། དེ་ནས་ལག་པ་གཉིས་དཀུར་བརྟེན་ཏེ་གཡས་སྐོར་གྱིས་རྒྱབ་ཏུ་ཕྱོགས་ལ་མཧཱ་ཀྲོ་དྷ་ཞེས་བརྗོད་ཅིང་བཞིན་བསྒྱུར་ཏེ་ཁྲོ་བོའི་ལྟ་སྟངས་ཀྱིས་བལྟ། དེ་ནས་མདུན་དུ་འཁོར་ཏེ་སཏྭ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་སྔར་བཞིན་བལྟ། སྐབས་འདིར་རྐང་པ་གཡས་གཡོན་འཁྲིལ་ཏེ་འཁོར་ཚུལ་སོགས་བཤད་པ་ཡོད་ཀྱང་ཇི་བཞིན་འོང་དཀའ་ལ། ཕྱིར་འཁོར་བ་དང་རྒྱབ་མདུན་དུ་བལྟ་བ་གཉིས་འཕྲེང་བའི་དགོངས་པ་ཡིན་པས་མེད་མི་རུང་དུ་དགོས་སོ། །རྡོ་རྗེ་བྲིས་ཟིན་པ་དང་ཤིན་ཏུ་མྱུར་བར་རྔམ་པའི་ཚུལ་གྱིས་གོམ་པ་གཉིས་གསུམ་སོགས་ཇི་ཙམ་དགོས་པ་ལོང་སྐབས་དང་ས་ཁྱོན་ལ་དཔག་སྟེ་བྱེད་པ་ནི་འཕྲེང་བར། དེ་ནས་རྒྱུག་པའི་གར་བྱས་ནས། ཞེས་པའི་དགོངས་པ་ཡིན་ནོ། །སླར་ཡང་ཨོཾ་ཞེས་བརྗོད་ལ་རྐང་པ་གཡོན་པས་རྒྱབ་ཀྱི་གཡོན་རྭ་ཐོག་མར་འདྲི་བ་སོགས་གཡས་གཡོན་བརྗེ་བ་ཙམ་མ་གཏོགས་རྭ་དང་ལྟེ་བ་འདྲི་ལུགས་ཕྱིར་འཁོར་ཚུལ་སོགས་འདྲ། དེ་ལྟར་རེས་མོས་ཀྱི་ཚུལ་དུ་སོང་སྟེ་སྐོར་བ་གཉིས་པ་འཁོར་ནས་ལྷོ་སྒོའི་ཐད་དུ་སླེབ་པ་ན་གཡས་སྔོན་འགྲོའི་གཞི་བཅའ་དང་སློབ་དཔོན་སྔར་གཡས་བརྐྱང་བྱེད་ཚུལ་བཤད་པ་དེ་ལས་བཟློག་པའི་གཡོན་བརྐྱང་དང་སློབ་མ་གཡས་བརྐྱང་བྱེད། དེ་ནས་སྐོར་བ་གསུམ་པ་ལ་རྡོ་རྗེ་རྩེ་ལྔ་པའི་འགྲོས་ནི། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རེ་རེས་མཚན་པར་གྱུར་པར་བསམ་ལ། ཨོཾ་ཞེས་རྒྱབ་ཀྱི་གཡས་རྭ། ནཱི་ཞེས་གཡོན་རྭ། ལཾ་ཞེས་གཡས་རྭའི་ནང་ལོགས་སོགས་དཀྱིལ་དྲང་པོར་ཅུང་མ་སླེབ་པར་འོག་རྭ། བྷ་


GTD006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དཀྱིལ་དྲང་པོར་ཅུང་ཟད་གོམ་པ་བསྲིང་བས་དབུས་རྭ། དེ་དང་གཡོན་རྭའི་བར་མཚམས་སུ་ར་ཞེས་སྟེང་རྭ་འདྲི། དེ་བཞིན་དུ་མདུན་ངོས་སུ་དྷཱ་ར་དང་བ་དང་ཛྲ་དང་པཱ་དང་ཎི་རྣམས་ཀྱིས་མདུན་གྱི་གཡས་གཡོན་འོག་དབུས་སྟེང་གི་རྭ་རྣམས་འདྲི། ལྷག་མས་ལྟེ་བ་སྐོར་ལུགས་དང་འཁོར་ཚུལ་སོགས་འདྲ། སྐོར་བ་གསུམ་པའི་མཐར་ནུབ་སྒོའི་ཐད་དུ་གཡོན་སྔོན་འགྲོའི་གཞི་བཅའ། སློབ་དཔོན་དང་སློབ་མ་སྟངས་སྟབས་མཐུན་པར་རྐང་པ་གཉིས་ཀྱི་བར་དུ་སོར་ཉེར་དྲུག་ཡོད་པ་བྱས་ན་ས་རྐང་སོར་རྣམས་ལོགས་སུ་བསྟན་ཞིང་པུས་མོ་གཉིས་དྲང་པོར་བྱས་པ་ས་གའི་རྐང་སྟབས་བྱེད། བཞི་པ་སྣ་ཚོགས་རྡོ་རྗེའི་འགྲོས་ནི། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེས་མཚན་པར་གྱུར་པར་བསམས་ཏེ། ཡི་གེ་རེ་རེ་བཞིན་དྲག་པོའི་གདངས་དང་བཅས་དལ་གྱིས་བརྗོད་པ་རྔ་པོ་ཆེ་དལ་གྱིས་ཆིག་བརྡུང་བྱས་པ་ལྟ་བུའི་ཚིག་རེ་དང་སྦྱར་ཏེ་རྐང་པ་གཡས་པས་མདུན་གྱི་རྭ་ལྔ་དང་གཡས་ཀྱི་རྭ་ལྔ། གཡོན་པས་རྒྱབ་ཀྱི་རྭ་ལྔ་དང་གཡོན་གྱི་རྭ་ལྔ་བྲིས་ལ། ཕཊ་ཅེས་བརྗོད་དེ་ལྟེ་བ་བསྐོར། དེ་ནས་རྒྱབ་མདུན་དུ་སྔར་ལྟར་བལྟ་ཞིང༌། སྐོར་བ་འཁོར་ནས་བྱང་སྒོའི་ཐད་དུ་སླེབ་པ་དང་གཡས་སྔོན་འགྲོའི་གཞི་བཅའ་དང༌། རྐང་པ་གཉིས་ཀྱི་བར་དུ་ཁྲུ་དོ་བ་ངང་པའི་གཤོག་པ་ལྟར་བྱས་པའི་ཟླུམ་པོའི་རྐང་སྟབས་དཔོན་སློབ་གཉི་གས་མཐུན་པར་བྱེད། དེ་ནས་དབང་ལྡན་གྱི་ཐད་དུ་སོང་སྟེ་སློབ་དཔོན་རང་ཉིད་དང་པོ་དབུས་ནས་དབང་ལྡན་དུ་ཡོད་པའི་ཤུལ་དེ་ཉིད་ནས་རྡོ་རྗེའི་འགྲོས་ཀྱི་དམིགས་པས་དབུས་སུ་ཕྱིན་ལ་གཡོན་སྔོན་འགྲོའི་


GTD006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བཅའ་དང་བཅས་གོང་དུ་བཤད་པ་བཞིན་གྱི་མཉམ་པའི་རྐང་སྟབས་བྱའོ། །སྟངས་སྟབས་འདི་དག་ལ་དགོས་པའི་ཁྱད་ཆོས་སྤྱིར་སྟོན་པ་ན། ཕྲེང་བའི་དཔེ་ལ་ལར། ཇི་ལྟར་རིག་པར་རྒྱ་མཚོའི་རླབས་དང༌། རི་བོ་འདེགས་པ་དང༌། རོལ་པའི་བསྐྱོད་པ་དང༌། ཁྲོ་བོའི་བསྐྱོད་པ་དང༌། གོམ་པ་བགྲོད་པ་དང༌། ཚུལ་བཞི་དང་ཞེས་འབྱུང་བ་རྣམས་ནི་ཡི་གེ་མ་དག་པར་སྣང་སྟེ་དཔེ་གཞན་དང༌། ཀྲྀ་ཡ་ས་མུཉྩར། ཇི་ལྟར་རིག་པར་རྒྱ་མཚོའི་རླབས་དང༌། རི་བོ་འདེགས་པ་དང༌། རོལ་པའི་བསྐྱོད་པ་དང༌། ཁྲོ་བོའི་བསྐྱོད་པ་སྟེ་གོམ་པ་བགྲོད་པའི་ཚུལ་བཞི། ཞེས་པ་ལྟར་འདོན་དགོས་ལ། དེའང་ལུས་འབར་བ་ན། རི་བོ་འདེགས་པ་བཞིན་ཤུགས་བྱུང་སྟེ་ཡར་འཕེན་པ་དང༌། ཕྱོགས་སོ་སོར་བསྐྱོད་པ་ན་ཁོ་ལག་ཡངས་ཤིང་ལྷོད་ཆགས་པ་ཆེམ་ཆེམ་གཡོ་བས་རྒྱ་མཚོའི་རླབས་ལྟ་བུ་དང༌། རྐེད་སྐབས་ལྡེམ་ཞིང་མགྲིན་པ་ཀྱོག་སྟེ་མགོ་བོ་བསྒྱུར་བ་ན་ཆུང་བཞིན་དུ་སྒེག་ཅིང་རོལ་པའི་ཉམས་དང༌། བཞིན་བསྒྱུར་ཅིང་དྲག་ཏུ་བལྟས་ཏེ་དཔའ་བོ་དགྲའི་སྟེང་དུ་འཕྱོང་བ་ལྟ་བུར་རྔམ་པའི་ཚུལ་དུ་བྱེད་པ་ཁྲོ་བོའི་བསྐྱོད་པ་རྣམས་སྐབས་ཐོབ་སོ་སོར་སྦྱོར་ཚུལ་ཤེས་དགོས་སོ། །འདི་ནི་འཕྲེང་བར་གཡས་བརྐྱང་ལ་སོགས་པ་བཅུ་གསུམ་པོ་འདི་དག་བྱེད་པ་ན་ཇི་ལྟར་རིག་པར་ཞེས་རྒྱ་མཚོའི་རླབས་སོགས་བཞི་ག་སྟངས་སྟབས་སྤྱི་ལ་ཐུན་མོང་དུ་སྦྱོར་རྒྱུའི་དབང་དུ་བྱས་པ་ཡིན་ལ། རྒྱ་མཚོའི་རླབས་འགྲོས་སོགས་སྒོས་སུ་བྱེད་ཚུལ་ཞིག་ཡོད་པ་ནི་གཞན་དུ་གསལ་ལོ། །སྤྱིར་སྟངས་སྟབས་དང་གར་གྱི་ཚུལ་ལ་གོང་དུ་བཤད་པ་ལྔའི་སྟེང་དུ་སྐྱེས་པའི་རྐང་སྟབས་སོགས་བརྒྱད་བསྣན་པའི་


GTD006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་སྟབས་བཅུ་གསུམ། བསྣུན་པའི་ཀུན་ཏུ་བསྐྱོད་པ་ལ་སོགས་པའམ། སངས་རྒྱས་སྟོབས་ཀྱི་ཀུན་བསྐྱོད་སོགས་ཀུན་ཏུ་བསྐྱོད་པ་དགུ། རྡོ་རྗེ་བསྒྲེངས་པ་ལ་སོགས་པ་དྲུག།།རལ་གྲིའི་ཚུལ་ལ་སོགས་པའི་ཚུལ་བཅུ་གསུམ་མམ་ཉེར་བརྒྱད། རྡོ་རྗེའི་གདན་ལ་སོགས་པ་གདན་བཅུ། གར་གྱི་ཉམས་དགུ། གླུ་གར་གྱི་མཆོད་པ་དུ་མ་བཅས་སྒྱུ་འཕྲུལ་དྲ་བ་དང༌། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད། དེ་ཉིད་བསྡུས་པ། དཔལ་མཆོག་རྡོ་རྗེ་འབྱུང་བ་སོགས་རྒྱུད་དང༌། དཀྱིལ་ཆོག་ཉི་ཤུ་པ། ཕྲེང་ཀྲྀ་གཉིས། མན་སྙེ། བུ་སྟོན་གྱི་རྡོ་རྗེ་འབྱུང་བའི་འགྲེལ་པ་སོགས་ལས་རྒྱ་ཆེར་གསུངས་ཀྱང༌། འདི་དག་ཇི་བཞིན་གནད་དུ་འགྲོ་བ་ལ་ནང་གི་རྣལ་འབྱོར་གོམས་ཤིང་ལུས་ཟོར་ཡང་བ། ཕྱག་ལེན་མཐོང་བརྒྱུད་ཀྱིས་འདྲིས་པར་བྱས་པ། ལུས་སེམས་གཉི་ག་ལས་སུ་རུང་བ་ཞིག་དགོས་ཀྱི། ཕྱིའི་གར་སྟབས་ཚུལ་བཞིན་མི་ཡོང་བའི་སྟེང་དུ་དེ་ལ་མགོ་མྱོས་ནས་སེམས་ཀྱི་འཁྱེར་སོ་ཅི་ཡང་མེད་པར་སོང་ན་དོན་མེད་དེ། འདིའི་བརྐྱང་བསྐུམ་ལ་སོགས་པ་ནི་རྟག་ཆད་འཁོར་འདས་ཀྱི་མཐའ་སྤངས་ཏེ་ཟུང་འཇུག་དབུ་མར་གནས་པ་དང༌། རྡོ་རྗེའི་འགྲོས་རྣམས་བདེ་བ་ཆེན་པོར་རོ་གཅིག་པ་དང༌། རྣམ་ཐར་གསུམ། ཡེ་ཤེས་ལྔ། འཇིག་ལྟ་ཉི་ཤུ་བཅོམ་སྟེ་ལས་བཞི་ལྷུན་གྱིས་གྲུབ་པ་སོགས་ལྡོག་ཆ་ནས་འབྱེད་པ་དང༌། ཁ་སྦྱོར་རྣམས་ཀྱང་བདེ་སྟོང་གཉིས་དང༌། སྐུ་དག་པ་སྒྱུ་མའི་སྐུ་དང༌། ཐུགས་དག་པ་འོད་གསལ་གྱི་ཡེ་ཤེས་ཏེ་བདེན་གཉིས་མཉམ་པར་སྦྱོར་བའི་དོན་ཡིན་ལ། དེ་ཐམས་ཅད་འཆར་མ་ཐུབ་ཀྱང་ལྷའི་


GTD006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལ་གནས་པ་དང་བདེ་སྟོང་གི་ངོ་བོར་མོས་པ་ཙམ་ཞིག་མེད་མི་རུང་དུ་དགོས་ཏེ། རྒྱུད་བརྟག་གཉིས་ལས། དེ་ཚེ་རྡོ་རྗེ་རྐང་པའི་གར། །ཡོ་གིས་མཉམ་པར་བཞག་པས་བྱེད། །ཅེས་དང༌། བརྟག་པ་ཕྱི་མ་ལས། དྲན་པ་མི་འཕྲོག་རྣལ་འབྱོར་ལས། །ཧེ་རུ་ཀཿ ཡི་གཟུགས་ཀྱི་གར། །ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །ཅེས་དང༌། བརྟག་གཉིས་རྣམ་བཤད་ལས། ཧེ་རུ་ཀའི་གཟུགས་ཀྱིས་གནས་པའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་ལས། དྲན་པ་མི་འཕྲོག་པ་སྟེ་མ་ཡེངས་པའི་སེམས་ཀྱིས་གར་བྱ་ལ། དེའང་ཆགས་བྲལ་མིན་པ་ལྷན་སྐྱེས་གོམས་པའི་སེམས་ཀྱིས་ནི་འདོད་ཆགས་བདེ་བ་ཆེན་པོའི་སེམས་ཀྱིས་འཁོར་གསུམ་མི་དམིགས་པར་བསྒོམ་པ་ཉིད་ཀྱིས་གར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་སྟངས་སྟབས་འདི་དག་མོས་པས་བྱས་ཀྱང་བགེགས་བསྲུང་བའི་དགོས་དོན་དེས་འགྲུབ་ནུས་པས་བསམ་གཏན་གྱིས་ཆོག་པར་འཕྲེང་བ་ལས་གསུངས་ཤིང༌། རྗེ་ཡབ་སྲས་ཀྱིས་ཀྱང་རྐང་སྟབས་རགས་བསྡུས་ཙམ་ཞིག་གསུངས་པ་ཡིན་ནོ། །ས་ཆོག་གི་གར་འདི་དག་ནི་རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་གང་ལའང་སྦྱར་ཆོག་པ་རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་ཡིན་ཞིང༌། མཆོད་པའི་གར་ནི་ཡོ་གའི་གར་མཆོད་བཅུ་དྲུག །འཁོར་ལོ་སྡོམ་པའི་རིག་མ་བཅུ་དྲུག་གི་གར་ལྟ་བུ་རང་རང་གི་སྒོས་ཆོས་ཡིན་གྱི་གཞན་ལ་སྦྱོར་བར་མ་གསུངས་ལ། འཁོར་ཆེན་རང་སྒོས་ཀྱི་དེ་འདྲའི་བཤད་པ་དང་ཕྱག་ལེན་མ་མཐོང་བས་མཆོད་པ་རྣམས་ལ་བླ་མེད་སྤྱི་འགྲོས་ཀྱི་ཕྱག་རྒྱ་སོགས་ཚུལ་དང་མཐུན་པར་བྱས་ན་དེས་འཐུས་སོ། །སྨྲས་པ། བདེ་བ་ཆེན་པོའི་ཆུ་འཛིན་ཕུང་པོ་


GTD006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་དབྱིངས་སུ་འཁྲིགས་པ་ལས། །གཏུམ་ཆེན་ཁྲོ་བོ་འབར་བའི་ཉམས་འགྱུར་གློག་དམར་འཁྲུག་པའི་རོལ་གར་གྱིས། །མ་རུངས་བདུད་སྡེའི་སྙིང་རྩ་འགེམས་ཤིང་བྱིན་རླབས་གྲུ་ཆར་འཇོ་བ་ཡིས། །སྐལ་བཟང་ཞིང་པའི་རེ་སྐོང་ངོ་མཚར་ཞི་ཁྲོའི་མཛད་པ་ལྷན་ཅིག་སྟོན། །གང་སྐུའི་སྣང་བ་ནོར་བུ་ཀེ་ཏ་ཀཿ །དྲི་བཅས་སེམས་ཀྱི་ཆུ་མཚོར་ཞུགས་པའི་མོད། །ཕྱི་ནང་ཉེར་འཚེའི་རྙོག་མ་དམིགས་མེད་དུ། །དྭངས་པས་དངོས་གྲུབ་རྣམ་གཉིས་གཟི་འོད་འབར། །དེ་དག་བཀོད་པ་རྒྱུད་དང་མན་ངག་བཞིན། །སྤེལ་བའི་རྣམ་དཀར་ལུས་ཀྱི་རྩལ་རྫོགས་ཏེ། །དཔལ་ལྡན་ལྕང་ལོ་ཅན་གྱི་ཕོ་བྲང་དུ། །དཔའ་བོའི་ཚོགས་དང་ལྷན་ཅིག་གར་བྱེད་ཤོག །ཅེས་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ས་ཆོག་གི་སྟངས་སྟབས་རྣམས་གསལ་བར་ཕྱེ་བ་བདུད་སྡེ་འཇོམས་པའི་ཟློས་གར་ཞེས་བྱ་བ་ནི་དགེ་ལྡན་བསྟན་པའི་གསལ་བྱེད་མེར་གེན་པཎྚི་ཏ་ཧོ་ཐོག་ཐུ་བློ་བཟང་དཔལ་འབྱོར་ལྷུན་གྲུབ་ཀྱིས་བསྐུལ་བ་བཞིན། ྋ་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousདཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ས་ཆོག next