Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ། next

མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ།


GTD006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཉི་མ་རྗེ་བཙུན་དམ་པས་མཛད་པའི་མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ་ཟབ་མོ་སྣང་བ་ཞེས་བྱ་བ་བཞུགས་སོ། །


GTD006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པས་སྲིད་པའི་འདམ་རྫབ་ལས་གྲོལ་འོད་གསལ་འདབ་སྟོང་རྒྱས་པའི་རྩེར། །ཐུགས་རྗེས་ཞི་ལ་དགའ་བ་རིང་སྤངས་ལོངས་སྤྱོད་རྫོགས་པའི་ཡིད་བཞིན་ནོར། །རང་བྱུང་སྐུ་དང་སྒྲིབ་བྲལ་ཡེ་ཤེས་གཉིས་སུ་མི་ཕྱེད་རྡོ་རྗེའི་བདག །ཟུང་དུ་འཇུག་པ་སྲིད་ཞིའི་དཔལ་གྱུར་དང་པོའི་མགོན་པོ་དེ་ལ་འདུད། །རབ་འབྱམས་དཀྱིལ་འཁོར་བདག་པོ་རྡོ་རྗེ་འཆང༌། །འགྲོ་ལ་བརྩེ་བའི་སྤྱན་རས་ཀྱིས་གཟིགས་ཀྱང༌། །མ་ཚིམ་མི་ཡི་གཟུགས་བཟུང་བླ་མ་རྗེ། །རྣམ་གསུམ་དབྱེར་མེད་སྙིང་གི་ཟེའུ་འབྲུར་བཞུགས། །ལྷ་དང་བླ་མ་འོ་ཆུ་ཐ་དད་པ། །རྟོག་པས་གསར་དུ་བསྲེས་མིན་ལྷན་སྐྱེས་སུ། །འོད་དང་སྒྲོན་མ་ལྟ་བུར་དབྱེར་མེད་པའི། །རྣལ་འབྱོར་སྒྲུབ་ལ་གཞོལ་རྣམས་སྐལ་བ་བཟང༌། །རྡོ་རྗེ་འཆང་གསུང་རྒྱུད་སྡེ་རྣམ་བཞིའི་བཅུད། །རྡོ་རྗེའི་ཚིག་གིས་ཉུང་ངུར་བསྡུས་པའི་དོན། །རྡོ་རྗེ་ལྟ་བུར་མི་ཕྱེད་རྟོགས་དཀའ་ཡང༌། །རྡོ་རྗེ་ཐེག་པའི་གཞུང་བརྒྱའི་


GTD006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་བཞིན། །འཆད་ལ་ཡི་དམ་མཁའ་འགྲོས་གནང་བ་སྩོལ། །བླ་མ་ལྷག་པའི་ལྷ་ཡིས་བློ་གྲོས་སྐྱེད། །ཆོས་སྲུང་དམ་ཅན་རྒྱ་མཚོས་བར་ཆད་སྲུངས། །སྐལ་ལྡན་བློ་གསལ་ཚོགས་ཀྱིས་གུས་པས་ཉོན། །དེའང་རིང་མོ་ཞིག་ནས་ཚོགས་གཉིས་རླབས་པོ་ཆེའི་སྤྱོད་པ་ཡོངས་སུ་རྫོགས་ཏེ། སྤངས་པ་དང་རྟོགས་པའི་ཡོན་ཏན་མ་ལུས་པ་མངོན་པར་བྱང་ཆུབ་ཏུ་ཟིན་ཀྱང༌། ཟག་མེད་ཀྱི་དགའ་བའི་དབྱིངས་སུ་ཞེན་པ་རིང་དུ་དོར་ཏེ། བདག་པས་གཞན་གཅེས་པའི་ཐུགས་བསྐྱེད་བླ་ན་མེད་པའི་གཞན་དབང་དུ་གྱུར་པ་ལ་བརྟེན་ནས་སྤྲུལ་བའི་བཀོད་པ་ཆུ་ཟླ་དང་གཟུགས་བརྙན་བཞིན་དུ་བསྟན་ཏེ། འགྲོ་བ་མ་ལུས་པའི་དོན་ཁུར་དུ་བཞེས་པའི་བདག་ཉིད་ཆེན་པོ་བྱང་ཕྱོགས་བསྟན་པའི་ཉི་མ་གཅིག་པུ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའམ། ཡོ་གི་ཛྙཱ་ན་བཛྲ་སྟེ་


GTD006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་ཡེ་ཤེས་རྡོ་རྗེ་ཞེས་གྲགས་པའི་གདུགས་དཀར་སྲིད་པ་གསུམ་གྱི་བླ་ན་འཁོར་བའི་འདྲེན་མཆོག་དམ་པ་འདི་ཉིད་ནི། སྔོན་ཐུབ་པའི་དབང་པོའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་དང༌། དེ་ནས་རྒྱལ་བའི་ལུང་གིས་ཟིན་པའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་འཕགས་བོད་དུ་སྐྱེ་བའི་ཕྲེང་བ་མང་དུ་བཞེས་ཏེ། བསྟན་འགྲོའི་ཕན་བདེའི་སྲོག་ཟུངས་གཅིག་པུར་གྱུར་པའི་ཚུལ་རགས་པ་ཙམ་ནི། ཏཱ་ར་ནཱ་ཐའི་འཁྲུངས་རབས་གསོལ་འདེབས་ཕུན་ཚོགས་སྐུ་གསུམ་མར་གསལ་བ་བཞིན་ཡིན་ལ། ཁྱད་པར་དུ་འདི་ཉིད་ཀྱི་སྐུ་འཕྲེང་སྔ་མར་ཤིན་ཏུ་གྲགས་ཆེ་བ་གྲུབ་ཆེན་ནག་པོ་སྤྱོད་པ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་འགྱུར་རྙིང་ལས། ཁ་ཊྭཱཾ་ག་དང་རུས་རྒྱན་ཅང་ཏེའུ་ཆང་སྣོད་ཐོགས་པ་ནག་པོའི་མིང་ཅན་འབྱུང་བར་འགྱུར། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་དཔལ་ལྡན་འབྲས་སྤུངས་ནས་སྤྱན་དྲངས་པའི་དཔལ་མགོན་པོའི་རྒྱུད་བརྒྱད་ཡོད་པ་ལས་གཞན་བདུན་གྱི་སྙིང་པོ་ལྟ་བུ་མགོན་པོ་མངོན་འབྱུང་ཞེས་བྱ་བ་རྩོད་མེད་ཀྱི་རྒྱུད་རྭ་ཆོས་རབ་ཀྱིས་བསྒྱུར་བ་ལས། ཡུལ་ཨུ་རུ་བི་ཤར་ཡང་མཚུངས་པར་ངེས་པའོ། །དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དང་ལྡན་ཞིང་སྦྱོར་བ་ལ་བརྩོན་པ་རཱ་མ་ཎའི་བཀའི་འཇུག་པ་དང་མཚུངས་པ། སྡེ་ཚན་དང་པོའི་དང་པོ་དབྱངས་ཡིག་དང་པོས་བརྒྱན་པ། བདུན་པའི་


GTD006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཅུང་ཟད་ན་ལ་ཞོན་པའི་མིང་ཅན་རྣལ་འབྱོར་དབང་པོ་སྐྱེས་བུའི་མཆོག་གཅིག་པོ་འདིས་རལ་གྲི་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པར་འགྱུར་རོ། །འཛམ་བུའི་གླིང་དུ་མ་བྱུང་ཞིང་འབྱུང་བར་མི་འགྱུར་རོ། དེའི་སློབ་མ་རྣལ་འབྱོར་དྲུག་གིས་ལུས་ཀྱི་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་ཡུལ་དང༌། ནག་པོའི་སྐད་དོད་ཀཧྣ་པ་ཞེས་ཐུན་མོང་མ་ཡིན་པའི་མཚན་དང༌། དངོས་གྲུབ་ཇི་ལྟར་འགྲུབ་ཚུལ། སློབ་མའི་གཙོ་བོ་བཟང་པོའི་ཞབས། དགེ་ཚུལ་ཚེམ་བུ་པ་སོགས་འཇའ་ལུས་རྡོ་རྗེའི་སྐུར་སོང་བའི་སློབ་མའི་གཙོ་བོ་དྲུག་དང་བཅས་པ་ལུང་བསྟན་པའི་བདག་ཉིད་ཆེན་པོ་དེ་ཉིད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཉིན་མོ་བཞིན་དུ་གསལ་བར་མཛད་པས་ཙརྱཱ་པའི་སྡེ་ཞེས་འཕྲིན་ལས་རྒྱ་མཚོའི་གོས་ཅན་ཀུན་ཏུ་ཁྱབ་པར་གྱུར། དེ་བཞིན་དུ་འཇམ་དབྱངས་ཆོས་རྗེར་གྱུར་པ་ན་རྗེ་བླ་མའི་གསུང་ཕལ་ཆེར་གྱིས་མཚོན་པའི་གཞུང་ཆེན་པོ་བརྒྱ་དང་སུམ་ཅུ་སྐོར་ཐུགས་ལ་བཟུང་སྟེ་བཤད་པ་མཛད་པ་སོགས་རྣམ་ཐར་ཡ་མཚན་ཆེ་བ་མང་ཞིང༌། ཁྱད་པར་དུ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཕྱག་འདེབས་མཛད་དེ། ད་ལྟའི་བར་དུ་ཞྭ་སེར་གྱི་བསྟན་པའི་འབྱུང་ཁུངས་འགྲན་ཟླ་མེད་པར་གྱུར་པའི་བཀའ་དྲིན་བསམ་


GTD006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་ལ། དེ་རྗེས་ཀུན་དགའ་གྲོལ་མཆོག་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐྱེ་བ་བཞེས་ཏེ་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་བསམ་ལས་འདས་པ་མཛད་ཚུལ་ཕྱི་ནང་གསང་བའི་རྣམ་པར་ཐར་པ་མང་དུ་བཞུགས་པ་བཞིན་ཡིན་ནོ། །ཁྱད་པར་སྐུ་འཕྲེང་འདི་ཉིད་ལ་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་ཕྱོགས་མཐར་སྤེལ་བའི་ཕྱིར་དམ་ཆོས་འཛིན་པའི་སྨོན་ལམ་རྒྱ་ཆེན་པོ་ཡང་ཡང་མཛད་པའི་འབྲས་བུ་དུས་སུ་བབ་པ་ལ་བརྟེན་ནས། བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་གྲུར་གསང་གསུམ་སྒྱུ་མའི་རོལ་པ་མངོན་པར་བསྟན་ཏེ། ལུང་སྡེ་སྣོད་གསུམ་དང༌། ཐུན་མོང་མ་ཡིན་པ་གསང་ཆེན་རྒྱུད་སྡེ་བཞི། ལམ་བསླབ་པ་གསུམ་དང༌། ཐུན་མོང་མ་ཡིན་པ་མཚན་བཅས་མཚན་མེད་རིམ་པ་གཉིས་སོགས་མདོ་སྔགས་བཤད་སྒྲུབ་ཟུང་དུ་འཇུག་པའི་ལུགས་མཆོག་རྨད་དུ་བྱུང་བ་གསེར་མདོག་ཅོད་པན་འཆང་བའི་སྲོལ་བཟང་དྲི་མ་མེད་པ་འདི་ཉིད་ཉིན་མོ་བཞིན་དུ་གསལ་བར་མཛད་དེ། སྐལ་བཟང་ཐར་འདོད་ཡོངས་ལ་ཕན་པ་དང་བདེ་བའི་བཀའ་དྲིན་གྱིས་ཁྱབ་པར་མཛད་པའི་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་སྲས་བཅས་རྒྱལ་བ་ཀུན་གྱིས་བསྔགས་པའི་མེ་ཏོག་གིས་མངོན་པར་མཆོད་པའི་གནས་བླ་ན་མེད་པ་ཡིན་ལ། ཁྱད་པར་དུ་མགོན་པོ་གང་གི་གསུང་གི་མཛད་པའི་ཆ་ཤས་སུ་གྱུར་པ་མ་ཎིའི་སྒྲུབ་ཐབས་ཟབ་མོ་ཞེས་རྗོད་བྱེད་ཀྱི་ཚིག་ཉུང་ལ། བརྗོད་བྱའི་དོན་མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་གནད་འདུས་པ། བློ་མཆོག་དམན་བར་མ་མཐའ་དག་གིས་ཉམས་སུ་བླངས་བདེ་ཞིང༌། ཕན་ཡོན་བསམ་གྱིས་མི་ཁྱབ་པའི་གདམས་ངག་རྨད་དུ་བྱུང་བ་འདི་ཉིད་ནི་འདིར་


GTD006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གང་བཤད་པར་བྱ་བའི་ཆོས་སོ། །དེ་ལ་ཐོག་མར་སྒྲུབ་ཐབས་འདི་ཉིད་ཀྱི་མཚན་ལ་མ་ཎིའི་སྒྲུབ་ཐབས་ཟབ་མོ་ཞེས་བཏགས་པའི་དོན་འདི་ལེགས་པར་གོ་ན་གཞུང་དངོས་གཞིའི་བརྗོད་དོན་འགྲོ་ལུགས་ཀྱི་སྤྱིའི་ཁོག་ཤེས་པར་ནུས་ཏེ། སྤྱིར་བསྟན་བཅོས་སོ་སོ་ལ་མིང་འདོགས་ཚུལ། ཡུལ་དང༌། ཞུ་བ་པོ་དང༌། གཞུང་ཚད་སོགས་ཀྱི་སྒོ་ནས་འདོགས་ཚུལ་སྣ་ཚོགས་ཡོད་ཀྱང༌། གཙོ་བོར་གྱུར་པ་བརྗོད་བྱའི་སྒོ་ནས་བཏགས་པ་ནི་དཔྱོད་ལྡན་མགོ་སྨོས་ལས་གོ་བ་རྣམས་འཇུག་པའི་ཐབས་བླ་ན་མེད་པའི་མཆོག་ཏུ་བསྔགས་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྟོག་བདུན་རྣམ་བཤད་ལས། རྒྱུད་ཀྱི་སྒྲས་རྩ་རྒྱུད་འདིའི་དབུ་ཞབས་ཀྱི་དོན་མ་ལུས་པ་བསྡུས་ནས་བསྟན་པ། ཞེས་གསུངས་པ་ལྟར་རོ། །དེས་ན་འདིར་ཟབ་མོ་ཞེས་གསུངས་པས། ཟབ་མོར་འགྲོ་ཚུལ་དེ་ཉིད་ལེགས་པར་ཁོང་དུ་ཆུད་དགོས་ཏེ། སྤྱིར་བྱེ་བྲག་སྨྲ་བས་ཀྱང༌། ཆོས་ཉིད་དག་ནི་ཟབ་པ་ཡིན། །ཞེས་པ་ལྟ་བུ་ཐེག་དམན་གྱི་གཞུང་དང༌། མདོ་སྡེ་རྒྱན་ལས། ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །རྣམ་མི་རྟོག་དང་ཡོངས་སུ་སྨིན། །འདི་ལ་དེ་གཉིས་བསྟན་པས་ན། །དེ་ཕྱིར་བླ་ན་མེད་པའི་ཐབས། །ཞེས་པ་ལྟ་བུ་ཐེག་ཆེན་ཐུན་མོང་བའི་ལུགས་ལའང་ཟབ་རྒྱས་སུ་འཇོག་ཚུལ་ཞིག་ཡོད་མོད་ཀྱང༌། དེ་ནི་གསང་སྔགས་ལ་ཟབ་ལམ་རྡོ་རྗེ་ཐེག་པ་ཞེས་བཤད་པའི་སྐབས་ཀྱི་ཟབ་མོའི་དོན་དང་གཏན་མི་གཅིག་སྟེ་སྤྱོད་བསྡུས་ལས། དམན་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྟོགས་པར་མཛད་ཅིང༌། འདོད་ཆགས་དང་བྲལ་བའི་སྤྱོད་པ་བསྟན་པ་དང༌། ཡང་རྒྱ་ཆེན་པོ་ལ་


GTD006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པ་རྣམས་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་པ་ཆོས་ལ་བདག་མེད་པ་རྟོགས་པར་མཛད་ཅིང༌། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བསྟན་པར་མཛད་པ་དང༌། ཡང་འཁོར་ལོ་བསྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་ནས་ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱི་སྤྱོད་པ་དེ་རྟོགས་པར་བྱ་བའི་ཕྱིར་འདོད་ཆགས་ཀྱི་ཆོས་སྟོན་པར་མཛད་པ་ཡིན་ནོ། །ཞེས་གསུངས་པ་ལྟར། ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་པ་མན་ཆད་ཀྱི་བློར་མི་ཤོང་བས། དེ་དག་ལ་ལྟོས་ཏེ་ཟབ་མོར་འགྲོ་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ལ་བརྟེན་ནས་ཟབ་མོའི་ཐེག་པའམ། གསང་བའི་ཐེག་པ་ཞེས་བཏགས་པ་ཡིན་ཏེ། སྔགས་རིམ་ལས། སྣོད་མིན་གྱི་ཡུལ་མིན་པས། དེ་ལ་མི་བསྟན་པས་ན་གསང་བའོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསང་བར་འཇོག་པའི་བརྗོད་བྱའི་གཙོ་བོའང༌། ཐབས་བདེ་བ་ཆེན་པོའམ་ལྷའི་རྣལ་དབྱོར་དང༌། ཤེས་རབ་སྟོང་པ་ཉིད་དབྱེར་མི་ཕྱེད་པའི་རྡོ་རྗེའི་རྣལ་འབྱོར་ཉིད་ལ་བྱེད་དེ། སྔགས་རིམ་ལས། ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པ་ཡིན་ལ། ཞེས་དང༌། མཐའ་གཉིས་སེལ་བ་ལས་ཀྱང༌། དབྱེར་མེད་པ་དང༌། འབྲས་བུ་ཉིད་ལམ་དུ་གྱུར་པ་དང༌། ཐབས་ཀྱི་ཆེ་བ་དང༌། ཤིན་ཏུ་གསང་བར་བྱ་བའི་ཕྱིར། རྡོ་རྗེའི་ཐེག་པ་དང༌། འབྲས་བུའི་ཐེག་པ་དང༌། ཐབས་ཀྱི་ཐེག་པ་དང༌། གསང་བའི་ཐེག་པ་ཞེས་བྱའོ། །ཞེས་རྡོ་རྗེ་ཐེག་པ་སྤྱིའི་ཟབ་ཁྱད་ལ་སྦྱར་བ་དང༌། དྲི་མེད་འོད་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཆེན་པོ་ཡིན་པ་ནི་རྡོ་


GTD006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་པའི་དགོངས་པ་དབང་མདོར་བསྟན་ལས། སྟོང་ཉིད་གཟུང་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེས་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་བླ་མེད་ལ་སྒོས་སུ་སྦྱར་བའི་རྡོ་རྗེ་ཐེག་པའི་དོན་དུ་བྱས་སོ། །སྔ་མའི་དབང་དུ་བྱས་ཏེ་ཡེ་ཤེས་ཞབས་ཀྱི་བདག་སྒྲུབ་པའི་ཐབས་ལས་ཀྱང༌། རང་གི་ངོ་བོ་ཉིད་ཀྱི་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་འབྲས་བུ་ནི་རང་གི་རང་བཞིན་ལས་བསྒྲུབ་པར་བྱ་བ་ཡིན་ལ། ཞེས་གསུངས་པའི་གནད་ལེགས་པར་ངེས་དགོས་ཏེ། སྤྱིར་ཐོབ་པར་བྱ་བའི་འབྲས་བུ་ལ་ཟབ་པ་ཆོས་ཀྱི་སྐུའི་བདག་ཉིད་ཅན་དང༌། རྒྱ་ཆེ་བ་མཚན་དཔེས་བརྒྱན་པའི་བདག་ཉིད་ཅན་ཞིག་སྟེ་གཉིས་ཡོད་པས། རྒྱུ་དུས་ནའང་དེ་དང་རྣམ་པ་མཐུན་པར་ཟབ་རྒྱས་གཉིས་ཚོགས་ཀྱི་ལམ་ལ་སློབ་དགོས་པ་སྔགས་རིམ་ལས། སྤྱིར་ཐུན་མོང་མ་ཡིན་པའི་འབྲས་བུ་བསྒྲུབ་བྱ་དེ་ཅི་འདྲ་ཞིག་ཡིན་པ་ངོས་མ་ཟིན་ན་བསྐྱེད་རྫོགས་ཀྱི་ལམ་རྣམས་འཕྱུག་ལ། དེ་ལ་དཔེས་ནས་དེ་སྒྲུབ་པའི་ལམ་ཤེས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་འདྲ་བའི་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པའི་ཟབ་གནད་ཨེ་ཝཾ་གྱི་དོན་གང་ལ་ཡོད་པ་དེར་ཟབ་མོ་རྡོ་རྗེ་ཐེག་པའི་དོན་ཚང་ཞིང༌། དེ་ཉིད་བརྗོད་བྱར་མི་སྟོན་ན་སྔགས་ཀྱི་གནད་མི་ཚང་བས། རྒྱུད་རྡོ་རྗེ་འཕྲེང་བ་ལས། རྒྱུད་ཀུན་གྱི་ནི་དོན་བསྡུ་བ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །


GTD006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དེ་བཞིན་གཤེགས་པའི་རྒྱུ། །ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་གཉིས་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་མེད། །ཅེས་དང༌། མཐའ་དཔྱོད་མྱུ་གུ་ལས། དེ་འདྲ་བའི་གཉིས་སུ་མེད་པའི་ཡེ་ཤེས་དེ་རྒྱུད་གང་ལས་བརྗོད་པ་དེ་ལ་ནི་དེ་ཉིད་མཆོག་ཡོད་ལ། དེ་མི་སྟོན་ན་མེད་པ་ཡིན་ཏེ། ཞེས་གསུངས། དེ་འདྲ་བའི་བདེ་སྟོང་དབྱེར་མེད་ཀྱི་ལམ་དེ་ཉིད་རྒྱུད་སྡེ་འོག་མའི་སྐབས་ན་དངོས་སུ་མེད་ཀྱང༌། དགོངས་པ་མཐར་ཐུག་གི་དོན་དེར་གནས་པས། དེ་དང་ཆ་མཐུན་གྱི་ལམ་བསྟན་པའི་སྒོ་ནས་དེ་ཉིད་དངོས་ལ་འཁྲིད་པའི་ཚུལ། རིམ་ལྔ་གསལ་སྒྲོན་ལས། གང་ལ་བསམས་ནས་གསུངས་པའི་དགོངས་གཞིའི་དོན་རྣལ་འབྱོར་བླ་མེད་པའི་ལམ་ཐུན་མོང་མ་ཡིན་པ་ཡིན་ཅིང༌། དེ་ལ་བསམས་ནས་སྒྲ་གཞན་གྱིས་བསྟན་པའི་སྒྲས་ཟིན་གྱི་དོན་དེ་རྒྱུད་སྡེ་འོག་མའི་ལམ་ལའང་མི་འགལ་བ་ཡིན་ཏེ། འདི་སྐབས་མང་པོ་ཞིག་ཏུ་གསུང་རབ་འགྲེལ་པ་ལ་ཤིན་ཏུ་མཁོ་བ་ཞིག་སྣང་ངོ༌། །ཞེས་གསུངས་པ་ལྟར། དཔེར་ན་རྒྱུད་སྡེ་འོག་མའི་སྐབས་སུ་ཟབ་གསལ་གཉིས་མེད་ཀྱི་སྒྲས་བསྟན་པ་དང༌། བླ་མེད་ཀྱི་སྐབས་སུ་གྲོལ་བའི་ཐིག་ལེ་ལས། དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཞེས་པ་ལྟ་བུ་ཟབ་གསལ་གཉིས་མེད་དུ་མིང་འདྲའང༌། ཕྱི་མ་བླ་མེད་ཀྱི་ལམ་མཐར་ཐུག་ཡིན་པས་སྔ་མ་དང་དོན་མི་གཅིག་ལ། འོན་ཀྱང་དེ་ཉིད་རིམ་གྱིས་འདི་ལ་འཁྲིད་བྱེད་ཡིན་པའི་དབང་གིས་མིང་གཅིག་ཏུ་བསྟན་པ་བཞིན་ནོ། །དེ་དག་གི་དོན་མདོར་བསྡུ་ན། སྐབས་འདིའི་ཟབ་མོ་ཞེས་པ་དང༌། སྤྱིར་རྡོ་རྗེ་ཐེག་པ་ཞེས་པའི་རྡོ་རྗེ་དོན་འདྲ་ལ། དེ་སྔགས་སྤྱིའི་


GTD006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ན་ཟབ་གསལ་གཉིས་སུ་མི་ཕྱེད་པ་དང༌། བླ་མེད་སྒོས་ཀྱི་དབང་དུ་བྱས་ན་བདེ་སྟོང་གཉིས་སུ་མེད་པ་ལ་འཇུག་པ་དེ་གང་གི་དབང་དུ་བྱས་ཀྱང། མ་ཎི་པདྨེ་ཞེས་པ་ལ་དེ་ཉིད་ཚང་བའི་ཚུལ་ལེགས་པར་ཤེས་པའི་སྒོ་ནས་སྒྲུབ་ཐབས་ཉམས་སུ་ལེན་པའི་ཚེ་རྣམ་པ་ཐམས་ཅད་དུ་དེ་གཉིས་ཡ་མ་བྲལ་བ་ལ་སློབ་པར་བྱེད་དགོས་པ་ཤེས་པའི་ཕྱིར་དུ་ཐོག་མ་ཉིད་ནས་མཚན་དེ་ལྟར་སྨོས་པའི་རྒྱུ་མཚན་དཔྱིས་ཕྱིན་པར་རྟོགས་ན་ལུས་ཀྱི་གནད་ལའང་ངེས་པ་བདེ་བླག་ཏུ་སྟེར་བར་འགྱུར་བས། ལུང་ལས་ཀྱང༌། མ་གསུངས་པ་ཉིད་རྒྱ་ཆེར་གསུངས། །ཞེས་པ་ལྟར། འདིར་ཟབ་ཚུལ་སོགས་ཅི་ཡང་མ་སྨོས་པར་ཟབ་མོ་ཞེས་པ་ཙམ་ཞིག་གསུངས་པ་འདི་ནི་དོན་ཤིན་ཏུ་རྒྱ་ཆེའོ། །དེ་ལྟ་བུའི་ཤིན་ཏུ་ཟབ་མོའི་གནས་འདི་ཉིད་སྔོན་ཆད་མཁས་པ་གཞན་གྱིས་ཞིབ་ཏུ་བཀྲལ་བ་མི་སྣང་བས། བདག་ལྟ་བུས་མཐའ་ཆོད་པར་རང་དབང་དུ་འགྲེལ་པར་ག་ལ་ནུས། འོན་ཀྱང་འགྲེལ་ཆེན་དྲི་མེད་འོད་ལས། མཁའ་ལ་མྱུར་འགྲོ་མཁའ་འགྲོའི་བདག་པོ་འགྲོ་ཡི་འདབ་ཆགས་གཞན་པ་འགྲོ་བ་མིན་ནམ་ཅི། །ཞེས་གསུངས་པ་ལྟར། མཁའ་ལྡིང་དབང་པོ་གང་ལ་བགྲོད་པའི་ལམ་དེར་བྱེའུས་རྩོལ་བ་དང་འདྲ་བར། དམ་པའི་གསུང་གི་རྗེས་སུ་འབྲང་སྟེ་ཡང་དག་པའི་ལམ་ལ་བག་ཆགས་འཇོག་ཅིང་རང་བློ་གོམས་པར་བྱ་བའི་ཕྱིར་ཅི་ནུས་སུ་འགྲེལ་པ་ལ་གསུམ། མཆོད་པར་བརྗོད་པ། གཞུང་གི་དོན་དངོས་གཏན་ལ་དབབ་པ། ཡོངས་སུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། ཞེས་བྱུང༌། ཎ་མ་རབ་ཏུ་འདུད་པ་དང་སྒྲ་ལའོ། །ཞེས་པའི་བྱིངས་ལས་བསྒྲུབ་ན། ན་མོ་ཞེས་པ་གུས་པས་ཉེ་བར་བཏུད་པའི་


GTD006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང༌། གུ་རུ་ཞེས་པ་བླ་མའམ་གོང་མ་དང་ལྕི་བ་ལའང་འཇུག་སྟེ། སྐྱེས་རབས་ལས། ཡོན་ཏན་གྱི་ཚོགས་ཀྱིས་བླ་མར་གྱུར་པ་ཞེས་གོང་དུ་འཕགས་པ་ལ་བཤད་ཅིང༌། འཁྲི་ཤིང་ལས། ནོར་བུ་བཞིན་དུ་ཡོན་ཏན་ཉིད་ཀྱིས་བླ་མ་འཐོབ། །ཅེས་ཡོན་ཏན་གྱི་བཅུད་དང་ལྡན་པ་ལ་བཤད་པ་ལྟ་བུའོ། །ལོ་ཀེ་ཤྭ་ར་ཞེས་པའི། ལོ་ཀ་ནི་འཇིག་རྟེན་དང༌། ཨི་ཤྭ་ར་དབང་ཕྱུག་སྟེ། བོད་སྐད་སོར་བཞག་ལ། དབང་ཕྱུག་དང་ཞི་བ་ཞེས་པ་ཕྱོགས་མི་གཅིག་ཀྱང༌། ངེས་ཚིག་གི་དབང་དུ་བྱས་ན། དབང་ཕྱུག་ཅེས་པ་ཞི་བའི་དོན་དུའང་འགྲོ་ཞིང༌། དེ་ནི་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང༌། བདེ་བ་སྒྲུབ་པ་སོགས་ཀྱི་དོན་བྱེད་པས། དགེ་བའི་དོན་དུའང་འགྲོ་སྟེ། བརྟག་གཉིས་ལས། རྟག་ཏུ་དག་པའི་ཞི་བ་ཉིད། །ཅེས་དང༌། འཇམ་མགོན་ས་པཎ་གྱི་རིགས་དྲུག་གི་མཚན་དོན་དང་ཡེ་ཤེས་བསྲེ་བའི་བཤད་པ་ལས་ཞི་བ་ནི་དབང་ཕྱུག་ཡིན་ལ། དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ་ལྟར། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱང་སེམས་ཅན་གྱི་དོན་བྱེད་པ་པོ་ཡིན་པས་ཞི་བ་སྟེ། ཞི་བའི་སྒྲས་དགེ་བ་ཡིན་ལ། དགེ་བའི་དོན་མཁས་པ་ལ་འཇུག་ཅེས་གསུངས་པ་ལྟར་ཏེ། མདོར་བསྡུ་ན་འཇིག་རྟེན་མཐའ་དག་གི་མགོན་དང་སྐྱབས་སུ་གྱུར་པའི་འཇིག་རྟེན་དབང་ཕྱུག་ཅེས་བཤད་པ་ཡིན་ནོ། །དེའང་བླ་མ་དང་ལྷག་པའི་ལྷ་གཉིས་ཀ་ངོ་བོ་ཐ་དད་པ་མ་ཡིན་པར་དོན་ལ་དབྱེ་བ་མ་མཆིས་ཀྱང༌། ལྷ་སྐུ་མཚན་དཔེས་སྤྲས་པའི་རྣམ་པ་དངོས་སུ་མཐོང་བར་མི་ནུས་པ་རྣམས་ལ་རང་གི་སྐལ་བ་དང་འཚམ་པར་མིའི་གཟུགས་སུ་བསྟན་པ་ཙམ་ཡིན་པས། བླ་མ་དང་ཡི་དམ་དབྱེར་མི་ཕྱེད་པའི་མོས་གུས་རྩེ་གཅིག་པ་ནི་བྱིན་


GTD006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་འཇུག་པའི་སྒོ་གཅིག་པུར་གྱུར་པ་ཡིན་པ་ཤེས་པའི་ཕྱིར། བླ་མ་དང་འཇིག་རྟེན་དབང་ཕྱུག་ཅེས་གསུངས་པར་ཤེས་པར་བྱའོ། །གཉིས་པ་གཞུང་དོན་ལ། བསྒོམ་པའི་ཚུལ་དང༌། བསྒོམ་པའི་ཕན་ཡོན་གཉིས། དང་པོ་ལ། སྦྱོར་བ། དངོས་གཞི །རྗེས་ཀྱི་རིམ་པ་གསུམ། དང་པོ་ནི། རང་གཞན་འཁོར་བའི་རྒྱ་མཚོ་ལས། །བསྒྲལ་བར་འདོད་པའི་གང་ཟག་གིས། །ཁྱེད་ཤེས་ཁེལ་བའི་དད་བརྟན་པོས། །སྐྱབས་སེམས་ཚད་བཞི་དག་ལ་འབད། །ཅེས་བྱུང༌། དེའང་རྐང་པ་དང་པོ་གཉིས་ཀྱིས་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ཏེ། ཐེག་པ་མཆོག་གི་རིགས་ཀྱི་ནུས་པ་སྨིན་པར་བྱས་ནས། དེ་རྗེས་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་འདི་ལ་འཇུག་པའི་རིམ་པ་བསྟན་པ་བཞིན་དུ་ཡང་དག་པའི་ལམ་ལ་སློབ་པ་ལ་གོ་རིམ་མ་ལོག་པ་རྒྱལ་བའི་དགོངས་པ་དང་མཐུན་པ་ཞིག་ངེས་པར་བྱེད་དགོས་པ་ཡིན་ཏེ། སྤྱོད་བསྡུས་ལས། རིམ་པ་འདི་ཉིད་ཀྱིས་བསླབ་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ། ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །ཞེས་སོགས་ཀྱིས་འཕོང་སློབ་པའི་དཔེ་དང་བཅས་པ་དཔའ་བར་འགྲོ་བའི་མདོ་ཁུངས་སུ་བྱས་ནས་གསུངས་པ་དང༌། དེ་བཞིན་དུ་དྲི་མེད་འོད་ལས་ཀྱང༌། དེ་ལྟར་དང་པོར་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ཤེས་ནས། དེ་ནས་རང་གི་ལུས་ལ་ཁྱབ་བདག་མཆོག་གི་གོ་འཕང་མ་ནིང་གི་སྔགས་པས་བསྒོམ་པར་བྱ་སྟེ། ཞེས་གསུངས་ཤིང༌། དེའི་དོན་


GTD006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ནས་སྡེ་མ་གཅིག་ནོར་འདུག༽ ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ཞེས་པའི་བསྡུ་བྱའི་ཆོས་ནི་ཐེག་པ་གསུམ་དང༌། དཀོན་མཆོག་གསུམ་དང༌། ཕར་ཕྱིན་བཅུ། བསྡུ་བ་བཞི། གསུང་རབ་ཡན་ལག་དགུ །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་རྣམས་ལ་གསུངས་པ་ཉིད་ཀྱིས་སྔགས་ཀྱི་ལམ་ལ་འཇུག་པའི་ཐོག་མར་ཐུན་མོང་གི་ལམ་ལ་ཐོས་བསམ་སྒོམ་པས་བསླབ་དགོས་པ་མེད་དུ་མི་རུང་བ་ཉིད་དུ་བསྟན་པ་ཡིན་ནོ། །ཞེས་གསུངས། དེའང་འདིར་དངོས་སུ་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་འདོད་པའི་བསམ་པ་སེམས་བསྐྱེད་ཙམ་ཞིག་གསུངས་ཀྱང༌། དེ་ལ་ཐོག་མར་རང་ཉིད་འཁོར་བར་འཁྱམས་ཚུལ་དང་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་བས་ངེས་འབྱུང་སྐྱོ་ཤས་སོགས་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་དགོས། དེ་ལ་ཐོག་མར་ཚེ་འདི་རིང་དུ་མི་གནས་ཤིང༌། ཤི་བའི་འོག་ཏུ་ལས་ཀྱི་གཞན་དབང་དུ་གྱུར་ཏེ་ངན་སོང་དུ་ལྷུང་ན་སྡུག་བསྔལ་བཟོད་གླགས་མེད་ཚུལ་སོགས་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་དགོས་པས། མདོར་ན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་བློ་ལེགས་པར་མ་སྦྱངས་པར་གསང་ཆེན་གྱི་ཆོས་ཟབ་མོའི་སྣོད་དུ་མི་འགྱུར་བ་ལ་དགོངས་ཏེ། གསང་བ་སྤྱི་རྒྱུད་ལས། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །ཞེས་པ་ནས། འཇིག་རྟེན་ཕ་རོལ་དོན་གཉེར་བ། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཞེས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་སྒོ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་མ་ལུས་པ་ལས་སྐྱོབ་པའི་ཕྱིར། འཇིག་རྟེན་ནམ་འཁོར་བ་ཕྲ་རགས་ཀྱི་རྒྱ་


GTD006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཕ་རོལ་ཏུ་བརྒལ་བའི་མི་གནས་པའི་མྱང་འདས་མངོན་པར་འདོད་ཅིང༌། ལྷ་དང་ཆོས་ལ་ཡིད་ཆེས་ཀྱི་དད་པ་རྙེད་པའི་ཚེ། གཟོད་དཀྱིལ་འཁོར་དུ་འཇུག་པར་གསུངས་པ་བཞིན་ནོ། །ཁ་ཅིག་མདོ་ལས། བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་ལ་སྐྲག་ན་སྤྱོད་ཡུལ་མ་ལེགས་པར་ལྷུང་ངོ༌། །ཞེས་སོགས་ཀྱི་དོན་དུ་འཁྲུལ་ཏེ། ཐེག་ཆེན་གྱི་ལམ་ལ་སློབ་པའི་ཚེ་འཁོར་བ་ལ་སྡུག་བསྔལ་གྱི་རང་བཞིན་དུ་ལྟ་མི་རུང་ཞེས་སྨྲ་བ་ནི་རྣམ་པར་འཁྲུལ་བ་ཆེན་པོ་ཡིན་ཏེ། བྱང་ས་ལས་སྡུག་བསྔལ་བརྒྱ་རྩ་བཅུ་གསུངས་པ་སོགས་འཁོར་བ་ལ་སྐྱོ་བ་སྐྱེད་ཚུལ་ཉན་རང་ལས་ཆེས་ལྷག་པ་དགོས་པར་བཤད་པ་དང༌། ལམ་སྒྲོན་དུའང༌། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །ཅེས་དང་པོར་འཁོར་བའི་སྡུག་བསྔལ་རང་སྟེང་དུ་སེམས་ཤིང༌། དེ་ནས་རང་ཉམས་ལ་དཔག་སྟེ་གཞན་ལ་སྙིང་རྗེ་བསྐྱེད་པར་གསུངས་པའི་ཕྱིར་རོ། །དེ་ལ་དགོངས་ཏེ་འདིར་ཡང༌། རང་གཞན་འཁོར་བའི་རྒྱ་མཚོ་ལས། །ཞེས་གཉིས་ཀ་སྨོས་པ་ནི་རྗེ་བཙུན་བྱམས་པ་མགོན་པོས་རང་དོན་བྱང་ཆུབ་དང༌། གཞན་དོན་གཞན་རྒྱུད་ཀྱི་མྱང་འདས་གཉིས་ཆར་ལ་དམིགས་པར་གསུངས་པའི་དགོངས་པ་རྨ་མེད་པའོ། །དེ་ལྟར་ཐུན་མོང་ལམ་སྦྱང་གི་རིམ་པ་སྔོན་དུ་སོང་བའི་སྐལ་ལྡན་གྱི་གདུལ་བྱ་དེས། གདམས་པ་འདི་ཉིད་ཉམས་སུ་ལེན་པའི་གནས་དང་སྤྱོད་ལམ་ལ་སོགས་པ་ཤུགས་ཀྱིས་བསྟན་པ་ཡིན་ལ། རྣམ་པ་གཅིག་ཏུ་ན་འདོད་འཇོ་དང༌། སྦས་དོན་ཀུན་གསལ་གཉིས་ཀར། གནས་ལ་ནི་སྒྲུབ་པ་པོའི་གནས་དང༌། དཀྱིལ་འཁོར་གྱི་ལྷའི་


GTD006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཉིས་སོ། །ཞེས་བདེ་མཆོག་གི་ལེའུ་ཐ་མས་རྒྱུད་དོན་མཐའ་དག་དེ་ཉིད་བཅུ་བཞིར་སྡུད་པའི་ཚེ། གོས་དང་ཞེས་པ་དེ་ཉིད་བ་ས་ན་ཞེས་པའི་ངེས་ཚིག་གི་སྟེང་ནས་གནས་ལའང་འཇུག་པས། གནས་དེར་དཀྱིལ་འཁོར་དང་སྒྲུབ་པ་པོའི་གནས་གཉིས་སུ་བྱས་པ་ལྟར། འདིར་ཡང་འོག་ཏུ། རྟེན་ལ་བརྟེན་པ་བཞུགས་སོགས་དོན། །ཞེས་པ་དེ་ཉིད་ཀྱི་རྡོ་རྗེའི་ཚིག་གི་ནུས་པས་གང་དུ་བསྒྲུབ་པའི་གནས་ཀྱང་སྟོན་པར་བཤད་དུ་རུང་ངམ་སྙམ་མོ། །དེ་ནས་སྔོན་འགྲོ་སྐྱབས་སེམས་སོགས་ཇི་ལྟར་བྱ་བའི་ཚུལ་ནི། གཡམ་ལ་རྒྱུག་གིས་ཚིགས་བཅད་བཀླགས་པ་ཙམ་མ་ཡིན་པར། རང་གཞན་འཁོར་བའི་སྡུག་བསྔལ་གྱིས་མནར་ཚུལ་བསམ་པའི་འཇིགས་སྐྲག་དང༌། དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་གཉིས་ཚོགས་ཀྱི་སྒོ་ནས་བློ་ལིངས་ཀྱིས་འགེལ་ཐུབ་པ་ཞིག་དགོས་པས། འདིར་ཡང་ཁྱོད་ཤེས་ཁེལ་བའི་དད་བརྟན་པོས། །ཞེས་གསུངས་སོ། །དེ་ལྟར་མ་ཡིན་པར་རྒྱུན་དུ་དད་པ་ཡོད་ཡོད་ལྟར་སྣང་ཡང༌། རྐྱེན་མི་བཟོད་པ་ནི་གཏིང་མ་ཚུགས་པའི་རྟགས་ཡིན་པས་དད་པ་ཅན་གྱི་གྲངས་སུ་མི་འགྲོ་སྟེ། རིན་ཆེན་འཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང༌། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་དང༌། ༸རྒྱལ་དབང་བདུན་པའི་འཇིགས་བྱེད་བསྐྱེད་རིམ་ལས། ལྷ་དང་ཆོས་ལ་རྒྱུ་མཚན་ཡང་དག་མཐོང་བའི་དད་པ་བརྟན་པོས་རྐྱེན་ཅི་བྱུང་ཡང་དེ་ལས་མི་ལྡོག་པ། ཞེས་སོ། །དེའི་འོག་ཏུ་བསམ་པ་སེམས་བསྐྱེད་དང༌། ཚད་མེད་བཞི་ལ་སོགས་པ་བསྒོམ་དགོས་པས། སྐྱབས་སེམས་ཚད་


GTD006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དག་ལ་འབད། །ཅེས་གསུངས་ཏེ། དངོས་ཟིན་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་ཞེས་སོ་སོ་བ་ལྟར་གསུངས་ཀྱང༌། དོན་གྱི་འགྲོས་གཅིག་ཏུ་འགྲོ་སྟེ། དང་པོ་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་རྒྱུ་སྐྱབས་རྣམས་ལ་བློ་བཀལ་ཏེ་སྐྱབས་སུ་འགྲོ་བ་ཐེག་པ་ཐུན་མོང་བའི་དབང་དུ་བྱས་པའི་སྐྱབས་སུ་འགྲོ་ཚུལ་དང༌། དེ་རྗེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབྲས་སྐྱབས་སུ་གྱུར་པའི་སངས་རྒྱས་དེ་ཉིད་ཐོབ་པར་འདོད་པའི་སེམས་བསྐྱེད་བསྒོམ་པ་ཐེག་ཆེན་པའི་སྐྱབས་སུ་འགྲོ་ཚུལ་ཡིན་ལ། སེམས་ཅན་གྱི་དོན་ཞེས་པའང༌། སྡུག་བསྔལ་སེལ་ཞིང་བདེ་བ་སྒྲུབ་པ་ལས་མ་འདས་པས། ཚད་མེད་བཞི་བསྒོམ་པ་ནི་སེམས་བསྐྱེད་ཀྱི་དམིགས་རྣམ་ཇེ་རྒྱས་སུ་བཏང་བ་ཙམ་མ་གཏོགས་དེ་ལས་ལོགས་ཤིག་མིན་ནོ། །དེ་ལ་དགོངས་ཏེ་རིམ་ལྔ་གསལ་སྒྲོན་ལས། ཐུན་མོང་གི་སྐྱབས་སུ་འགྲོ་བ་སྔོན་དུ་སོང་ནས་སོ་སོར་ཐར་པའི་སྡོམ་པ་བླངས་པ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སྔོན་དུ་སོང་བས་སྨོན་འཇུག་གཉིས་ཀྱི་སེམས་དང་ལྡན་པ། དབང་ཡོངས་སུ་རྫོགས་པའི་རྣལ་འབྱོར་པས་བསྒྲུབ་དགོས་པར་བཤད་ཅིང༌། དེ་དག་གི་སྒོ་ནས་བློ་འཁྲིད་ཚུལ་ཞིབ་ཏུ་སྟོན་པ་ལ་ལམ་རིམ་གྱི་མིང་བཏགས་པ་ཡིན་པས། ཞེས་ཐུན་མོང་བའི་ལམ་རིམ་མཐའ་དག་སྔོན་འགྲོ་སྐྱབས་འགྲོའི་ཁོངས་སུ་འདུ་བར་གསུངས། དེར་མ་ཟད་དངོས་གཞི་ལྷའི་རྣལ་འབྱོར་རྣམས་ཀྱང་སྐྱབས་འགྲོ་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམ་པ་ཡིན་པས། མདོར་བསྡུ་ན་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་སྐྱབས་འགྲོའི་ཆོས་


GTD006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་དུ་འདུ་བས། སྐྱབས་འགྲོ་རྒྱ་ཆུང་ངུ་མ་ཡིན་པར་མཉམ་མེད་ཇོ་བོ་ཆེན་པོ་དང༌། རྒྱལ་ཚབ་དར་མ་རིན་ཆེན་སོགས་ཀྱིས་གསུངས་སོ། །གཉིས་པ་དངོས་གཞི་ལ། ལྷའི་རྣལ་འབྱོར་ཇི་ལྟར་བསྒོམ་པ་དང༌། བཟླས་པ་ཇི་ལྟར་བྱ་བའི་ཚུལ་གཉིས། དང་པོ་ལ་སྒོམ་ཚུལ་དངོས་དང༌། དེ་ཉིད་རྒྱུད་སྡེའི་ཁུངས་དང་སྦྲགས་པ་གཉིས། དང་པོ་ལའང་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་པར་བསྒོམ་པ་དང༌། དེ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་ལྟ་ཚུལ་གཉིས། དང་པོ་ནི། མ་དག་རྣམ་ཤེས་སྟོང་པའི་གཞིར། །དག་པ་དེ་བཞིན་ཉིད་ཀྱི་ངང༌། །ཐབས་ཤེས་གཉིས་མེད་འོད་གསལ་བའི། །བདེ་སྟོང་ཟུང་དུ་འཇུག་པ་ཡི། །མ་ཎི་པདྨེའི་ངེས་པའི་དོན། །ཧྲཱིཿ འཁྲུངས་སྤྱན་རས་གཟིགས་དབང་མཆོག །སྐུ་མདོག་དཀར་ལ་འོད་ཟེར་ནི། །ཕྱོགས་བཅུར་འཕྲོ་བ་ཞལ་གཅིག་པའམ། །ཕྱག་བཞི་བཅུ་གཅིག་ཞལ་ལ་སོགས། །སྐུ་ཡི་རྣམ་རོལ་དཔག་མེད་པར། །ནམ་མཁའ་ཐམས་ཅད་གང་བཞུགས་པ། །ཡང་ཡང་གདུང་བས་གསལ་འདེབས་བྱ། །ཞེས་བྱུང༌། དེའང་བོད་སྔ་མ་མང་པོས་ལྷའི་རྣལ་འབྱོར་བསྒོམ་པ་ཙམ་དང་བསྐྱེད་རིམ་གྱི་དབྱེ་བ་མ་ཕྱེད་ཅིང༌། ལྷའི་རྣལ་འབྱོར་དང་སྦྲེལ་ནས་སྟོང་ཉིད་བསྒོམ་པ་དང༌། རླུང་གི་རྣལ་འབྱོར་ཐམས་ཅད་རྫོགས་རིམ་དུ་འཛིན་པ་སོགས་ཤིན་ཏུ་མི་འཐད་པར། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་དང༌། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་སོགས་ལས་གསུངས་པ་བཞིན་ཡིན་པས། རྫོགས་རིམ་རྣལ་མ་ཡིན་ན་རང་གི་སྔོན་དུ་སྨིན་བྱེད་བསྐྱེད་རིམ་དངོས་སམ། དེའི་དོད་ཐུབ་ཀྱི་ལམ་ཞིག་འགྲོ་དགོས་ལ། བསྐྱེད་རིམ་དངོས་གནས་པར་འགྱུར་བའང་ལྷའི་རྣལ་


GTD006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཙམ་གྱིས་མི་ཆོག་པར་མར་སྦྱང་གཞི་དང་རྣམ་པ་མཐུན་པ། ཡར་འབྲས་བུ་དང་རྣམ་པ་མཐུན་པ། རྫོགས་རིམ་ཟབ་མོའི་སྨིན་བྱེད་དུ་གྱུར་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་ལག་རྗེས་རེ་འཇོག་རྒྱུ་ཡོད་པ་ངེས་པར་དགོས་སོ། །དེས་ན་འདི་ལའང་འོག་ཏུ། རྫོགས་རིམ་ཟབ་མོའང་བླ་མ་ཡི། །མན་ངག་བཞིན་དུ་སྒོམ་ལ་བརྩོན། །ཞེས་འབྱུང་བས། ཐོག་མའི་མངོན་རྟོགས་ཀྱི་རིམ་པ་འདིའང་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་བར་བྱས་ཏེ་ཉམས་སུ་ལེན་དགོས་སོ། །མ་དག་ཅེས་སོགས་ནས། ངེས་པའི་དོན། །ཞེས་པའི་བར་གྱིས་འཆི་བ་ཆོས་སྐུའི་ལམ་འཁྱེར་དང༌། ཧྲཱིཿ འཁྲུངས་ཞེས་པས་བར་དོ་ལོངས་སྐུའི་ལམ་འཁྱེར་བསྟན་ལ། དེ་ལ་སྤྱིར་རྒྱུ་རྡོ་རྗེ་འཛིན་པ་བསྒོམ་པ་དང༌། ས་བོན་གྱི་ཡི་གེ་འཇོག་པ་སོགས་ལུགས་མང་དུ་ཡོད་པ་ལས། འདིར་ཕྱི་མའི་དབང་དུ་བྱས་ཤིང༌། མངོན་བྱང་གཞན་རྣམས་ཀྱང་ཤུགས་ཀྱིས་བསྟན་པར་བཞེད་དགོས་སོ། །སྤྱན་རས་གཟིགས་དབང་མཆོག །ཅེས་སོགས་ནི་སྐུ་རྫོགས་པ་ལས་བྱང་ཆུབ་པ་སྟེ། སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་དུ་ཤེས་སླའོ། །འདི་ལ་དོགས་པའི་གནས་འདི་ཡོད་དེ། མ་དག་རྣམ་ཤེས་སྟོང་པའི་གཞིར། །དག་པ་དེ་བཞིན་ཉིད། ཅེས་དང༌། སྟོང་གཞི་ཆོས་ཉིད་ཟ་མ་ཏོག །ཅེས་སོགས་ནི། ངེས་དོན་རྒྱ་མཚོར། སྟོང་གཞི་ཆོས་ཉིད་ཡོངས་གྲུབ་ལ། །ཞེས་དང༌། སྟོང་གཞི་དོན་དམ་གཞན་སྟོང༌། ཞེས་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ། སྟོང་གཞི་དོན་དམ་གཞན་སྟོང་ལ་དགོངས་པ་ཡིན་གྱི། དངོས་པོ་མེད་པ་སྟོང་ཉིད་ཙམ་གང་ཡིན་པ་རང་སྟོང་ལ་དགོངས་པ་མ་ཡིན་ཏེ། ཞེས་སོགས་རྣམ་གྲངས་དུ་མར།


GTD006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་རྟག་བརྟན་ཐེར་ཟུག་དེ་ཉིད་སྟོང་གཞིར་བྱས་ཏེ། དེ་མ་དག་པའི་རྣམ་ཤེས་ཉོན་མོངས་པ་དང་མི་དགེ་བའི་ཆོས་རྣམས་ཀྱིས་སྟོང་པས་གཞན་སྟོང་གི་འཇོག་ཚུལ་སོར་མོའི་འཕྲེང་བའི་མདོ་ཁུངས་སུ་བྱས་ཏེ་བཤད་པ་རྣམས་ལ་སྒྲ་འགྲོས་ཤིན་ཏུ་མཐུན་པས། སྟོང་ཚུལ་དེ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ་སྙམ་ན། དེ་ནི་གཏན་མ་ཡིན་ཏེ། འདིར་མ་དག་རྣམ་ཤེས་སྟོང་པ་ཞེས་གསུངས་པ་ནི། བསྐྱེད་རིམ་གྱི་ཐོག་མའི་སྟོང་ཉིད་བསྒོམ་པ་ལ་དགག་བྱ་བདེན་གྲུབ་རིགས་པས་བཀག་པ་ཙམ་གྱིས་མི་ཆོག་པར། མ་དག་པའི་སྣོད་བཅུད་ཀྱི་སྣང་བ་རྣམས་བློ་ངོར་བསྡུས་ཏེ་སྟོང་སང་དུ་བསྒོམ་པ་ནི། གནས་སྐབས་དེར་ཡང་ཐ་མལ་གྱི་སྣང་ཞེན་འགོག་པ་དང༌། སྒྱུ་ལུས་ཀྱི་མཐར་བསམ་གཏན་གཉིས་ཀྱི་སྡུད་རིམ་ལ་བརྟེན་ནས་འོད་གསལ་དུ་འཇུག་པའི་སྨིན་བྱེད་ཁྱད་པར་ཅན་ཡིན་པས། དེ་གོ་བའི་ཕྱིར་ཡིན་ཏེ། འདོད་འཇོ་ལས། སྣོད་བཅུད་ཀྱི་སྣང་བ་དོན་ལ་མ་དག་བཞིན་དུ་སྡུད་པའང་ཆད་སྟོང་སྒོམ་པ་མིན་ཏེ། ཞེས་པ་ནས། དགོས་པའི་དབང་གིས་དེ་ལྟར་བྱེད་པ་ཡིན་གྱི། སྣང་བ་མེད་པར་ཁས་མི་ལེན་པའི་ཕྱིར། ཞེས་དང༌། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱུང་བས་ཀྱང་བསམ་གཏན་གཉིས་ཀྱི་སྒོ་ནས། སྣོད་བཅུད་ཀྱི་སྣང་བ་བསྡུས་ནས་འོད་གསལ་དུ་འཇུག་པར་བསྒོམ་པ་འཕགས་པ་ཡབ་སྲས་སོགས་དུ་མ་ཞིག་གིས་བཤད་པས། ཞེས་དང༌། རྗེའི་གསུང་འབལ་སེར་དཀའ་བཅུའི་ཟིན་བྲིས་ལས་ཀྱང༌། གལ་ཏེ་ལྟ་བ་དྲན་ནས་ཀྱང་ཐ་མལ་གྱི་སྣང་བ་བློ་ངོ་དེར་མི་ལྡོག་པར་སྣང་ན། སྣང་བ་ཐམས་ཅད་འཇའ་ཡལ་བ་བཞིན་དུ་བཏང་བའི་ནམ་མཁའ་ལྟ་བུའང་བསྒོམ་དགོས་ཏེ། མཚན་ཉིད་ཀྱི་ཐེག་པར་སྟོང་ཉིད་བསྒོམ་


GTD006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྣང་བ་ངེས་པར་སྡུད་པའི་བཤད་པ་མེད་ཀྱང་སྔགས་ཀྱི་ཐེག་པ་འདིར་ནི་དེ་ངེས་པར་དགོས་ཏེ། མཆོག་གི་སྣང་ཞེན་སྐྱེ་བ་ལ་ཐ་མལ་གྱི་སྣང་ཞེན་སྡུད་པ་ངེས་པར་དགོས་པའི་ཕྱིར་ཏེ། ཡིད་ཤེས་གཅིག་གི་ངོ་ན་དེ་གཉིས་འདུ་བར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ན་བསྒོམ་བྱའི་ཡུལ་གྱི་སྟོང་པ་ལ་དགག་བྱ་ཕྲ་མོ་རགས་པས་བཀག་ཙམ་གྱི་སྟོང་ཉིད་དངོས་དང༌། མ་དག་པའི་སྣང་བ་བཀག་པའི་སྟོང་པ་གཉིས་ཚོགས་པ་པདྨེའི་ངེས་དོན་དང༌། སྒོམ་བྱེད་ཀྱི་བློའང་མོས་པ་ཚུན་ཆད་ཀྱི་སྒོ་ནས་གསལ་བཏབ་པའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་ལུགས་འདིའི་ཐུན་མོང་མ་ཡིན་པའི་སྙིང་རྗེ་མ་ཎིའི་ངེས་དོན་ཏེ། བདེ་སྟོང་གཉིས་སམ་ཐབས་ཤེས་གཉིས་དབྱེར་མེད་པར་ཟུང་དུ་འཇུག་པའི་འོད་གསལ་ཆོས་ཀྱི་སྐུའི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་འཇོག་པར་བྱེད་པ་ནི་འཆི་བ་ཆོས་སྐུའི་ལམ་འཁྱེར་སྒོམ་ཚུལ་ཡིན་ནོ། །མདོ་ལུགས་ཀྱི་ཐབས་ཤེས་ཟུང་འབྲེལ་དུ་བྱེད་ཚུལ་ནི། བློ་རྫས་རྒྱུན་ཐ་དད་པ་གཉིས་ཕན་ཚུན་གཅིག་གིས་གཅིག་རྩིས་ཟིན་པར་བྱེད་པ་ཙམ་ཡིན་ལ། སྔགས་ལུགས་ཀྱི་ཐབས་སྙིང་རྗེ་ཆེན་པོ་དང༌། ཤེས་རབ་སྟོང་ཉིད་རྟོགས་པ་གཉིས་སྒྲོན་མེ་དང་དེའི་འོད་བཞིན་སེམས་གཅིག་ལ་ལྡོག་ཆ་ཙམ་གྱིས་སོ་སོར་བཞག་པ་ཡིན་པས། འོ་ཆུ་འདྲེས་པ་ལྟར་དངོས་པོ་སོ་སོར་དབྱེ་རྒྱུ་མེད་པ་ཞིག་དགོས་པའི་ཚུལ། བདེ་མཆོག་འབྱུང་བ་ལས། ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོན་མ་དང་ནི་འོད་ཟེར་བཞིན། །འདི་གཉིས་མི་ཕྱེད་བདག་ཉིད་དེ། །རོ་གཅིག་དངོས་པོའི་སེམས་ཡིན་ནོ། །ཞེས་དང༌། སམྦུ་ཊ་ལས། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་


GTD006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་གྲགས། །ཞེས་གསུངས། འོད་གསལ་དེ་ཉིད་ཀྱི་མཇུག་ཐོགས་སུ་ལོངས་སྐུའི་ལམ་འཁྱེར་བསྒོམ་པའི་ཚུལ་གཞི་ལ་འཆི་བ་འོད་གསལ་འགགས་ཏེ། ལུགས་ལྡོག་གི་ཉེར་ཐོབ་གྲུབ་མ་ཐག་སྲང་མདའི་མཐོ་དམན་བཞིན་འོད་གསལ་གྱི་རླུང་སེམས་ཙམ་ལས་བར་དོའི་ལུས་འགྲུབ་པ་ལྟར། དཔེ་དོན་གྱི་འོད་གསལ་འཆི་རིམ་བཞིན་མངོན་དུ་བྱས་པས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ། རླུང་སེམས་ཙམ་ལས་དག་མ་དག་གི་སྒྱུ་མའི་སྐུ་དངོས་གནས་ལ་བར་དོ་བཞིན་དུ་གྲུབ་པ་འབྱུང་ངོ༌། །བསྐྱེད་རིམ་གྱི་ཚེ་འོད་གསལ་འཆི་རིམ་བཞིན་འཆར་མི་ཐུབ་པས། དེ་ལས་ལངས་པའི་སྒྱུ་མའི་སྐུ་དངོས་གནས་སུ་མི་འགྲུབ་ཀྱང༌། མོས་ངོར་དེ་ལྟར་བྱས་པས་གཞིའི་བར་དོ་སྦྱོང་པ་དང༌། ལམ་གྱི་བར་དོ་སྒྱུ་ལུས་འགྲུབ་པའི་སྨིན་བྱེད་དུ་འགྲོ་ཞིང༌། འབྲས་བུའི་སྒྱུ་མ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པས་ན། བར་དོ་ལོངས་སྐུའི་ལམ་འཁྱེར་ཞེས་བཤད་དོ། །དེ་ཉིད་སྒོམ་ཚུལ་དངོས་ནི། འོད་གསལ་སྟོང་པར་བསྒོམས་པའི་མཇུག་ཐོགས་དེར། ཆོས་དབྱིངས་སྟོང་ཉིད་ཀྱི་ངང་ཙམ་དུ་གནས་ན་གདུལ་བྱའི་དོན་དུ་མི་འགྱུར་བས། གཟུགས་ཀྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དང་བཅས་ཏེ། རྒྱུ་རྡོ་རྗེ་འཛིན་པ་ལྷ་སྐུ་བཞིན་ལག་གི་རྣམ་པའམ། ས་བོན་གྱི་ཡི་གེ་ལྟ་བུའི་རྣམ་པར་ལྡང་ངོ༌། །ཚུལ་དེ་ལའང་རྒྱུད་དང་གྲུབ་ཆེན་གྱི་བཤད་པ་ཤིན་ཏུ་མང་སྟེ། འདུས་པ་འཕགས་ལུགས་སོགས་སུ་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཆང་བསྐྱེད་པར་གསུངས་པ་བར་དོ་མཚོན་བྱེད་ཤིན་ཏུ་གསལ་བའི་དབང་དུ་བྱས་པ་ཡིན་ལ། བདེ་དགྱེས་


GTD006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལས་ཡི་གེ་ཙམ་བསྒོམ་པར་གསུངས་པའི་དགོས་པ། བརྟག་གཉིས་ལས། ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་རྣམ་པའང་འདོད་མི་བྱ། །ཞེས་སོགས་ཀྱང་ཡིན་མོད། གཙོ་བོར་གྱུར་པ་ནི་ཞལ་ལུང་ལས། རིམ་པ་དང་པོ་པ་རྣམས་ལ། །ཡི་གེའི་གཟུགས་སུ་རབ་སྣང་བ། །གཞོམ་དུ་མེད་པ་རང་ལྷ་ཡི། །ས་བོན་འོད་ཟེར་ལྔ་འཕྲོ་བ། །ཞེས་པས་གསལ་བར་བསྟན་ཏེ། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔ་པ་ནི་གཞི་དུས་སུ་བར་དོའི་གདགས་གཞི་དང༌། ལམ་རྫོགས་རིམ་གྱི་དུས་སྒྱུ་མའི་སྐུའི་སྒྲུབ་གཞི་དང༌། འབྲས་བུའི་ཚེ་ལོངས་སྐུའི་སྒྲུབ་གཞི་ཡིན་པས། དེ་ཉིད་འདིར་ལྷའི་ས་བོན་གྱི་རྣམ་པར་བསྒོམས་ནས་རླུང་སྔགས་དབྱེར་མེད་དུ་བྱས་པས་སྔ་མ་སྦྱོར་ཞིང་ཕྱི་མ་སྨིན་པའི་གནད་མང་དུ་ཡོད་དོ། །དེ་ལྟར་ཡང་སྔགས་རིམ་ལས། སྔགས་ཀྱི་ཐེག་པར་རྟེན་དང་བརྟེན་པ་བསྐྱེད་པ་ཕལ་ཆེའི་རྒྱུར་ཡི་གེ་རེ་བསྒོམ་པའི་གནད་ཀྱང་འདིས་ཤེས་པར་བྱའོ། །ཞེས་གསུངས་ཤིང༌། དོན་འདི་ཉིད་གསལ་བར་མཁས་གྲུབ་རྗེའི་ཡིག་ཆུང་ལས། འབྱུང་བ་རྣམས་དང་པོར་སྙིང་ག་ནས་ཆགས་ལ། མཐར་ཡང་སྙིང་གར་སྡུད་པ་དང་འདྲ་བར་ལམ་བསྐྱེད་རིམ་གྱི་སྐབས་སུ་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལ་སྤྲོ་བསྡུ་མང་དུ་བྱས་ཏེ། ཞེས་པ་ནས། རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་གཞན་དང་ཡེ་མི་འདྲ་བ་ལ་དགོངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ། འདི་གོ་བ་ཤིན་ཏུ་གནད་ཆེའོ། །འདིར་ཡང་དངོས་ཟིན་ལ་ས་བོན་གྱི་ཧྲཱིཿ ཡིག་ཙམ་ལས་མ་སྨོས་ཀྱང༌། ས་བོན་དེ་ཉིད་གང་དུ་འཇུག་པའི་གནས་ཟླ་གདན་ལྟ་བུ་ཞིག་ངེས་པར་བསམ་དགོས་ཏེ། གཞིའི་


GTD006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་བར་དོ་བ་སྐྱེ་གནས་སུ་འཇུག་འདོད་པ་དང་འདྲ་བར། རྒྱུ་རྡོ་རྗེ་འཛིན་པ་ཧྲཱིཿ ཡིག་གི་རྣམ་པར་ནམ་མཁའ་ལ་གནས་པ་དེས་ཀྱང་བདག་སྒྱུ་མའི་ལུས་འདི་ཙམ་ལ་གནས་ནའང་ཐ་མལ་བ་རྣམས་ཀྱིས་མཐོང་བར་མི་ནུས་པས། དེ་དག་གི་དོན་དུ་རགས་པའི་སྤྲུལ་སྐུ་བཟུང་བར་བྱའོ་སྙམ་དུ། ཕ་མའི་ཁུ་ཁྲག་དང་ཆོས་མཐུན་པའི་ཟླ་དཀྱིལ་དེ་ཉིད་ལ་འཇུག་པ་ཡིན་ནོ། །འོ་ན་འདིར་ཟླ་བ་གཅིག་པུ་ལས་མེད་པས། ཁུ་ཁྲག་གཉིས་ཀ་མཚོན་བྱེད་དང༌། མངོན་བྱང་གཉིས་ཀྱི་དོན་ཚང་བ་མི་འཐད་སྙམ་ན་སྐྱོན་མེད་དེ། བརྟག་གཉིས་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །ཞེས་ཟླ་ཉི་གཉིས་བཤད་པའི་དགོངས་པ་འགྲེལ་པ་ལ། དེ་ཉིད་ཀྱི་ཐུན་མོང་བའི་བཤད་རྒྱུད་ཁ་སྦྱོར་གྱི་བརྟག་པ་གསུམ་པ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཉིད། །ཅེས་ཟླ་ཉི་གཉིས་ཅར་གྱི་དོད་དུ་ཟླ་བ་གཅིག་པུ་བྱས་ཀྱང་རུང་བར་གསུངས་པའི་ཕྱིར་ཏེ། དེའི་རྒྱུ་མཚན་སྦས་དོན་ཀུན་གསལ་ལས། ཟླ་བ་གཅིག་ལས་མེད་ནའང་དཀར་ལ་དམར་བའི་མདངས་ཆགས་པ་བསྟན་པའི་དགོས་པ་ནི། ཁམས་དཀར་དམར་གྱི་འདུ་འཕྲོད་ལས་བདེ་ཆེན་སྐྱེད་པ་མཚོན་པའི་དོན་དུ་ཡིན་ནོ། །ཞེས་དང༌། འདོད་འཇོ་ལས། ཟླ་ཉི་གཉིས་དང༌། ཟླ་བ་དཀར་དམར་གཉིས་དང༌། ཟླ་བ་གཅིག་བྱེད་པའང་དཀར་ལ་དམར་བའི་མདངས་ཆགས་པར་དཔའ་བོ་རྡོ་རྗེས་བཤད་པ་ལྟར་བྱེད་ལ། ཞེས་གསུངས་པ་ལྟར། འདིར་ཧྲཱིཿ ཡིག་ཤིན་ཏུ་དཀར་བ་དྲི་མ་མེད་པའི་དུང་གི་མདོག་དང་འདྲ་བ་དེ་ཉིད་དང་མདངས་མ་འདྲེས་ཙམ་གྱི་ཟླ་བ་ལ་ཅུང་ཟད་


GTD006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མདངས་ཆགས་པ་བྱས་ན་རུང་བར་གསུངས་སོ། །དེ་ལྟར་ན་ཟླ་བའི་ཁ་དོག་དཀར་བ་མེ་ལོང་ཡེ་ཤེས། དམར་མདངས་ཆགས་པ་མཉམ་ཉིད་ཡེ་ཤེས། ས་བོན་སོར་རྟོག་ཡེ་ཤེས། དེ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཏེ་ཟླ་བ་དང་ས་བོན་གཅིག་ཏུ་འདྲེས་པ་བྱ་གྲུབ་ཡེ་ཤེས། དེ་ལས་ལྷའི་སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་སྟེ། དམིགས་པ་སྐྱོང་ཚུལ་གྱི་གནད་ལ་མཁས་ན་ས་བོན་གསུངས་པ་དེ་ཙམ་གྱི་སྟེང་ནས་ཀྱང་མངོན་བྱང་ལྔའི་སྒྲུབ་ཚུལ་བདེ་བླག་ཏུ་རྟོགས་པར་ནུས་སོ། །ཡང་འདིའི་ཧྲཱིཿ ལ་སོ་སོར་ཕྲལ་ན། ཧ྄་ར྄་ཨཱི་གསུམ་འབྱུང་བས། དཔྱིད་དང་ཐིག་ལེ་མཉམ་པར་སྦྱོར་བ་མཚོན་ཚུལ་གྱི་བཤད་པ་བྱར་ཡོད་མོད་ཀྱང༌། དེ་ཙམ་གྱིས་སྐབས་འདིའི་མངོན་བྱང་སོ་སོའི་གོ་མི་ཆོད་དེ། ཆོ་ག་གཞན་གྱི་སྐབས་སུ་རྒྱུ་རྡོ་རྗེ་འཛིན་པའི་དོད་ཡེ་ཤེས་ལྔའི་རང་བཞིན་གྱི་ཧཱུཾ་ཡིག་བཞག་ཀྱང༌། མངོན་བྱང་ལྔའི་སྒྲུབ་ཚུལ་ལོགས་སུ་བྱེད་དགོས་པ་བཞིན་ནོ། །ཚེམ་བུ་དམར་ཁྲིད་ཀྱི་ཡི་གེ་རྣམས་སུ་སྟོང་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་དང༌། པད་ཟླ་ལས་བྱང་ཆུབ་པ་དང༌། ས་བོན་ལས་བྱང་ཆུབ་པ། ཕྱག་མཚན་ལས་བྱང་ཆུབ་པ། སྐུ་རྫོགས་པ་ལས་བྱང་ཆུབ་པ་སྟེ་ལྔར་མཛད་པ་ནི་ཐུན་མོང་བའི་དབང་དུ་བྱས་པར་སྣང་བས། བསྐྱེད་རིམ་དངོས་གནས་པར་བྱེད་ན་སྔ་མ་གཙོ་ཆེའོ། །དེའང་མངོན་བྱང་དང་པོ་བཞི་འདྲ་བ་ལ། ཐ་མའི་སྐབས་ཀྱི་སྐུའི་རྣམ་པ་ནི་རང་རང་གི་མོས་པ་བཞིན་དུ། ཞལ་གཅིག་ཕྱག་གཉིས་པའམ། ཞལ་གཅིག་ཕྱག་བཞི་པ། ཞལ་


GTD006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པ། ཕྱག་སྟོང་སྤྱན་སྟོང་སོགས་རྒྱུད་སྡེ་དུ་མར་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་པ་ཐ་དད་པའི་དབྱེ་བ་མང་དུ་གསུངས་པ་དེ་དག་གང་ལའང་སྦྱོར་དུ་རུང་བར་མངོན་ནོ། །དེའང་ཐུགས་རྒྱུད་གཅིག་པའི་ལྷ་རྒྱུད་སྡེ་སོ་སོ་ནས་འབྱུང་བ་རྣམས་ཉམས་སུ་ལེན་པའི་ཚེ་རང་རང་གི་རྒྱུད་དང་མཐུན་པར་བྱེད་དགོས་པ་སྤྱིར་བཏང་ཡིན་ལ། སྐབས་འདིར་དམིགས་བསལ་ལ་བླ་མེད་ཀྱི་བསྐྱེད་ཆོག་དང་འབྲེལ་བའི་སྒོ་ནས་རྒྱུད་སྡེ་བཞི་གར་གསུངས་པའི་སྤྱན་རས་གཟིགས་ཀྱི་རིགས་མཐའ་དག་སྒོམ་པ་འགལ་བ་མེད་དེ། དཔེར་ན་སྒེག་རྡོར་གྱི་མཚན་བརྗོད་ཊཱིཀྐ་ལས། བཅོམ་ལྡན་འདས་འཇམ་དཔལ་དེ་ཉིད་ནི་ཞེ་སྡང་སྤྱོད་པའི་སེམས་ཅན་དེ་ཉིད་རྗེས་སུ་གཟུང་བའི་དོན་དུ་རྣལ་འབྱོར་དང༌། སྤྱོད་པ་དང༌། བྱ་བའི་རྒྱུད་རྣམས་ལས་གསུངས་པའི་ཁྲོ་བོའི་གཟུགས་སུ་དམིགས་ནས་འཇིག་རྟེན་གསུམ་འདུལ་བའི་དོན་དུ་དེ་དག་ཀྱང་རང་གི་ལུས་ལས་རྣམ་པར་འཐོན་པ་ནི་ཀུན་ཏུ་འབར་བའི་སྙིང་པོ་ཅན། ཞེས་པ་ནས། ཁྲོ་བོའི་སྐུ་རྣམ་པར་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གདུག་པ་ཅན་ཐམས་ཅད་གདུལ་བར་བྱས་ཏེ། ཡང་སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་དཀྱིལ་འཁོར་གཉིས་པ་ལ་མཚན་གྱི་སྔགས་ཀྱི་ཡི་གེ་བདུན་ཅུ་རྩ་གཅིག་རྣམས་རང་གི་རིགས་ཀྱི་ཁ་དོག་དང་གཟུགས་རྣམས་སུ་གྱུར་ཏེ་ཇི་ལྟ་བས་རིམ་པས་ཡང་དག་པར་གནས་པར་བསམ་པར་བྱའོ། །ཞེས་རྒྱུད་སྡེ་སོ་སོ་ནས་འབྱུང་བའི་གཤིན་རྗེའི་གཤེད་ཀྱི་རིགས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་


GTD006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྟན་པ་མཐའ་དག་རྡོར་དབྱིངས་ཀྱི་དཀྱིལ་འཁོར་དང་སྦྱར་ཏེ་སྒོམ་ཚུལ་གསུངས་པ་བཞིན་ནོ། །གཉིས་པ་དེ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་ལྟ་ཚུལ་ནི། དེ་ཉིད་དུས་འཁོར་བདེ་དགྱེས་གསང། །སྒྱུ་དྲ་རྡོར་གདན་མ་ཡ་དང༌། །གཤིན་རྗེའི་གཤེད་དང་རྟ་མཆོག་དབང༌། །མཁའ་འགྲོ་རྒྱ་མཚོ་ཡུམ་ཆེན་མོ། །ཕྱག་ཆེན་ཤིན་ཏུ་རྣལ་འབྱོར་དང༌། །སངས་རྒྱས་མཉམ་སྦྱོར་དབུ་མ་ཆེ། །རང་བྱུང་ཡེ་ཤེས་རྡོ་རྗེ་སེམས། །རྡོ་རྗེ་འཆང་སོགས་གཤིས་ལུགས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་ལྷ། །སྔགས་རྒྱུད་དཀྱིལ་འཁོར་ཕྱག་རྒྱ་དང༌། །དངོས་གྲུབ་ཐམས་ཅད་འདུས་པ་ཡི། །བླ་མའི་རྣལ་འབྱོར་གཅིག་ཉིད་དུ། །ཡིད་ཆེས་དད་གུས་དྲག་པོ་ཡིས། །གདུང་བ་བྱ་ཞིང་འདོད་གསོལ་གདབ། །ཅེས་བྱུང༌། དེའང་མདོ་སྡེ་རྒྱན་ལས། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་ཆུ་བོ་ཐམས་ཅད་རྒྱ་མཚོར་འདྲེས་པ་བཞིན་དུ། ཟག་པ་མེད་པའི་དབྱིངས་སུ་དབྱེར་མེད་པར་གསུངས་ལ། དེའི་རྒྱུ་མཚན་ཡང་རྡོ་རྗེ་ཐེག་པའི་སྐབས་འདིར་གཉུག་སེམས་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་བསྐྱེད་དེ། དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་དང་རོ་མཉམ་དུ་གྱུར་པས་གང་སྣང་སྟོང་པ་དང༌། སྟོང་པ་བདེ་བར་ཤར་བའི་བདེ་སྟོང་གི་ཡེ་ཤེས་གཅིག་པུ་དེ་ཉིད་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་གྱི་ལྷ་དང༌། རྟེན་གཞལ་ཡས་ཁང༌། སྔགས་དང་རྒྱུད་ལ་སོགས་པ་མཐའ་དག་གི་རྣམ་པར་ཤར་བ་ཡིན་པས། དེ་ལྟར་ན་དེ་དག་ཀུན་གྱི་རྩ་བར་གྱུར་བའི་ཡེ་ཤེས་བདེ་


GTD006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབྱེར་མི་ཕྱེད་པ་དེ་ཉིད་ལ་དཀྱིལ་འཁོར་གྱི་འཁོར་ལོ་རང་རང་གི་སྐབས་སུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང༌། དགའ་བ་ཆེན་པོ་ཞེས་ངེས་དོན་གྱི་དཀྱིལ་འཁོར་ལྷའི་གཙོ་བོར་གསུངས་ཏེ། དཔེར་ན་དུས་ཀྱི་འཁོར་ལོ་དང༌། གསང་བ་འདུས་པ་ལྟ་བུ་བཏགས་ཆོས་ཀུན་རྫོབ་པའི་ལྷ་སྐུ་བཞིན་ལག་གི་རྣམ་པ་ཅན་ལ་མི་འདྲ་བའི་དབྱེ་བ་ཡོད་ཀྱང༌། དེ་དག་གི་རང་མདངས་ལྟ་བུར་འབྱུང་བའི་གདགས་གཞི་ངེས་དོན་གྱི་དུས་འཁོར་སོགས་སུ་འཇོག་རྒྱུའི་བདེ་སྟོང་གི་ཡེ་ཤེས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པས། འདིར་ཡང་མ་ཎི་པདྨེའི་ངེས་དོན་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་སྟེང་ནས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཉམས་སུ་བླངས་པ་འདི་ཉིད་ལྷ་དེ་དག་ཐམས་ཅད་ཀྱི་གོ་འཕང་སྒྲུབ་པའི་ཐབས་བླ་ན་མེད་པར་འགྱུར་ཚུལ་བསྟན་པ་ཡིན་ནོ། །ཁ་ཅིག་འདི་སྙམ་དུ། གཞུང་འདིར་ཡི་དམ་གྱི་ལྷ་དང་སྔགས་རྒྱུད་ཐམས་ཅད་འདུས་པའི་བདག་ཉིད་དུ་བཤད་རྒྱུ་ནི་གཞི་འབྲས་དབྱེར་མེད་པ་རྟག་བརྟན་ཐེར་ཟུག་གི་བདེ་གཤེགས་སྙིང་པོ་དེ་ཉིད་ཡིན་ཏེ། འདིའི་བཤད་ཚུལ་དང་ངེས་དོན་རྒྱ་མཚོ་ལས། ཀཱ་ལ་ཙཀྲ་དང༌། ཧེ་བཛྲ་དང༌། འཁོར་ལོ་སྡོམ་པ་དང༌། གསང་བ་འདུས་པ་དང༌། སྒྱུ་འཕྲུལ་དྲ་བ་དང༌། རྡོ་རྗེ་གདན་བཞི་དང༌། རྡོ་རྗེ་ཧཱུཾ་མཛད་དང༌། རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་དོན་དམ་གྱི་ལྷ་ཡབ་ཡུམ་དང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དབྱེར་མེད་རོ་མཉམ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། དེ་བཞིན་དུ་དབུ་མ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་དང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དང༌། རྡོ་རྗེ་རྣལ་འབྱོར་


GTD006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཤིན་ཏུ་རྣལ་འབྱོར་དང་བདེ་དགྱེས་དང་གསང་འདུས་དང་དུས་འཁོར་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་ཇི་སྙེད་གསུངས་པ་ཐམས་ཅད་ལའང་གཞུང་དང་ལམ་གང་ཡིན་པ་བཏགས་པ་དང་གཞི་དང་འབྲས་བུ་ངོ་བོ་དབྱེར་མེད་གང་ཡིན་པ་ཐམས་ཅད་མཚན་ཉིད་པ་ཉིད་དུ་དོན་ལ་གནས་ཏེ། ཞེས་དང༌། ཀུན་རྫོབ་ཀྱི་བདེན་པས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཀྱི་འཕགས་པའི་བདེན་པ་བཞི་ལ་སོགས་པ་གདོད་ནས་དག་པའི་ཆོས་དེ་རྣམས་གསང་སྔགས་ཟབ་མོ་རྣམས་སུ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཚོགས་རྣམ་པ་མང་བོར་གསུངས་པ་ཞེས་དང༌། དེ་ལྟར་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་ཀྱི་གཟུགས་སོགས་ཐམས་ཅད་ཆོས་ཉིད་ཀྱི་ལྷ་རྣམས་ཡིན་པ་ཇི་ལྟ་བ་དེ་བཞིན་དུ། དེ་རྣམས་ཐམས་ཅད་ཆོས་ཉིད་ཀྱི་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པར་ཡང་གདོད་ནས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ཡིན་ལ། ཞེས་བཤད་པ་རྣམས་དངོས་ཟིན་ཇི་ལྟ་བ་བཞིན་བཀོད་པར་སྣང་བའི་ཕྱིར་རོ་སྙམ་ན། ཆེས་ཤིན་ཏུ་མི་འཐད་དེ། འདིས་ནི་དེ་དག་དྲང་དོན་དུ་འགྲེལ་པར་སྣང་གི །འདི་དག་དང་དེའི་དོན་ཆེས་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །དེའང་ཅུང་ཟད་ཞིབ་ཏུ་བཤད་ན། ངེས་དོན་རྒྱ་མཚོ་རང་ལུགས་ཀྱི་དོན་དམ་པའི་ལྷ་ནི། དེ་ཉིད་དུ་མདོ་དྲངས་པ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ནན་ཏན་དུ་བཙལ་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་


GTD006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི་དབྱིངས་ཡོད་དོ། །ཞེས་སོགས་ལ་བརྟེན་ནས་རྒྱུ་རྐྱེན་གྱིས་འདུས་བྱས་པ་ཞིག་ཏུ་འདོད་ཀྱང༌། འདིར་བདེ་སྟོང་གི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་ནས་དེའི་རང་མདངས་ཧྲཱིཿ ཡིག་གི་རྣམ་པ་ལས་ལྷ་སྐུ་གསར་དུ་སྒོམ་པའི་རྩོལ་བས་སྒྲུབ་དགོས་པར་གསུངས་པའི་ཕྱིར་དང༌། དེ་ལྟར་ལམ་གྱིས་གསར་དུ་བསྐྱེད་ན་ངེས་དོན་གྱི་སངས་རྒྱས་མིན་ཚུལ་ངེས་དོན་རྒྱ་མཚོ་ལས། བསྐྱེད་པའི་སངས་རྒྱས་དང༌། ལམ་གྱི་བདེན་པར་འཆད་པ་རྣམས་རྡོ་རྗེ་འཆང་གི་དགོངས་པ་དང་མི་མཐུན་ཏེ། དེ་རྣམས་ནི་ཀུན་རྫོབ་ཡིན་པའི་ཕྱིར་དང༌། འདི་ནི་འགོག་པའི་བདེན་པ་དོན་དམ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་མཚན་ཡང་དག་པར་བརྗོད་པ་ཞེས་མ་གསུངས་པའི་ཕྱིར་རོ། །ཞེས་ངེས་དོན་གྱི་ལྷ་ལ་རང་ཆས་སུ་ཡོད་པའི་འགོག་པའི་བདེན་པ་མ་གཏོགས། རྩོལ་བས་བསྒྲུབས་པའི་འདུ་བྱས་ཀྱི་ཆ་གཅིག་མ་བཤད་ལ། དེའི་རྒྱུ་མཚན་གྱིས་མཐར་ཐུག་གི་འབྲས་བུ་འཆད་པའི་ཚེའང༌། བྲལ་བ་དང་བསྐྱེད་པའི་འབྲས་བུ་ཞེས། ངེས་དོན་ཆོས་ཀྱི་སྐུ་ལ་སྒྲིབ་བྱེད་དང་བྲལ་བས་གསལ་བར་བྱེད་རྒྱུ་ཙམ་མ་གཏོགས། སྒོམ་པའི་རྩོལ་བས་གསར་དུ་སྒྲུབ་རྒྱུའི་ཆ་གཅིག་མེད་ཚུལ་མདོ་མྱང་འདས་ཁུངས་སུ་དྲངས་ཏེ་བཤད་པ་དང༌། འདིར་ངེས་དོན་གྱི་ལྷ་ཚོགས་དེ་ཐམས་ཅད་འདུས་པའི་ངོ་བོ་ལ་འཇོག་རྒྱུ་དེར་རིམ་པ་གཉིས་ཀའི་ལམ་གྱི་སྒོ་ནས་སྒྲུབ་རྒྱུ་ཞིག་གསུངས་པ་དོན་ཤིན་ཏུ་མི་མཚུངས་པའི་ཕྱིར་རོ། །དེ་ལྟར་ན་འདིར་གསུངས་ཚུལ་གྱི་ཚིག་ཟུར་དེ་དང་ཆ་འདྲ་བ་མང་དུ་འབྱུང་བ་ནི། དེའི་དགོངས་པ་དྲང་དོན་དུ་བཀྲལ་ཏེ། རྗེ་བླ་མའི་ལུགས་ཇི་ལྟ་བ་དང་མཐུན་པར་སྟོན་པའི་ཆེད་ཡིན་ནོ། །སྤྱིར་ནའང་


GTD006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རྣམས་སུ་དྲང་དོན་གྱི་ལུང་སོ་སོའི་དགོངས་གཞི་འཇོག་པའི་ཚེ། སྒྲས་ཟིན་གྱི་དོན་དེ་དང་འགྲོ་ཕྱོགས་མཐུན་པ་རེ་འཇོག་དགོས་པ་དཔེར་ན། ཀུན་གཞི་གསུངས་པའི་དགོངས་གཞིར་འཁོར་འདས་མཐའ་དག་གི་གཞིར་གྱུར་པའི་ཆོས་ཉིད་བཞག་པ་ལྟ་བུ་དེ་དང་རྣམ་པ་འདྲའང་དོན་དེ་མ་ཡིན་པ་རེ་དགོས་ཀྱི། བདག་ཡོད་པར་གསུངས་པའི་དགོངས་གཞི་ལ་བདེན་པར་མེད་པ་ལྟ་བུ་དགག་སྒྲུབ་ཀྱི་ཕྱོགས་མི་མཐུན་པ་རེ་འཇོག་ཚུལ་མེད་པས། འདིར་དེ་དང་ཚིག་ཟིན་བསྟུན་པའང་དེའི་དགོངས་པའི་དོན་གཞན་དུ་ཁ་འཁྲིད་པའི་ཕྱིར་ཡིན་གྱི། དེ་ཉིད་ཀྱི་རྗེས་སུ་འབྲང་བ་མ་ཡིན་ནོ། །མདོར་དྲིལ་ན། ལུགས་གཉིས་ཀའི་ཤེས་བྱེད་དུ་འདྲེན་རྒྱུའི་ལུང་ཁུངས་ཕལ་ཆེར་འདྲའང༌། གང་གི་ཤེས་བྱེད་དུ་འདྲེན་པ་དང་ལུང་གི་དགོངས་པ་འགྲེལ་ཚུལ་མ་འདྲ་བས། བཞེད་ཚུལ་ཐ་དད་པར་བྱུང་བ་ཡིན་ཏེ། དཔེར་ན་རྒྱུད་དང་གྲུབ་ཆེན་གྱི་གཞུང་རྣམས་སུ་རང་བྱུང་གི་བཅོམ་ལྡན་འདས་དང༌། རང་བྱུང་གི་ཡེ་ཤེས་ཞེས་པ་ལྟ་བུ་མང་དུ་གསུངས་པའི་དོན། ཇོ་ནང་པས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་སོགས་ཀྱི་སྒྲ་ཟིན་ལ་བརྟེན་ཏེ། ནམ་མཁའ་ལྟར་རྒྱུ་མེད་རྐྱེན་མེད་དུ་བྱུང་བའི་ཐེར་ཟུག་གི་ཡེ་ཤེས་ལ་འདོད། རྗེ་བླ་མའི་ལུགས་ཀྱིས། རང་བྱུང་ཞེས་པ་གཉུག་སེམས་དེ་ཉིད་ཐོག་མ་མེད་པ་ནས་རིགས་འདྲ་འགྱུར་ལྡོག་མེད་པར་རྒྱུན་ཆགས་སུ་འབྱུང་བས། དེ་སྔགས་ཀྱི་ཐབས་མཁས་ལ་བརྟེན་ནས་བདེ་ཆེན་གྱི་ངོ་བོར་བསྐྱེད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ལ་རང་བྱུང་ཡེ་ཤེས་སུ་འཇོག་གོ །སྐབས་འདིར་ལས་དང་


GTD006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པོ་པས་དངོས་གནས་ལ་གཉུག་སེམས་བདེ་སྟོང་གི་ཡེ་ཤེས་སུ་བསྐྱེད་མི་ཐུབ་ཀྱང༌། མོས་ངོར་མ་དག་པའི་སྣོད་བཅུད་མཐའ་དག་བསྡུས་ཏེ། ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་བྱས་པར་བསྒོམ་པའི་ངང་ནས་སྟོང་ཉིད་ལ་མཉམ་པར་བཞག་པའི་སྟོབས་ཀྱིས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྒོམ་པར་འགྲོ་བ་ཡིན་ཏེ། གཞན་དུ་ན་ཕར་ཕྱིན་ཐེག་པར་སྟོང་ཉིད་དཔྱིས་ཕྱིན་པར་བསྒོམ་པ་དང༌། སེམས་རྟེན་གྱི་དབང་གིས་བློ་བདེ་བའི་ངོ་བོར་སྐྱེ་བ་གཉིས་ཚོགས་ཡོད་ཀྱང༌། ལྷན་སྐྱེས་ཀྱི་བདེ་སྟོང་གི་ཡེ་ཤེས་བསྒོམ་པར་མི་འགྲོ་བ་བཞིན་ནོ། །དེ་ལྟ་བུའི་བདེ་ཆེན་གྱི་ཡེ་ཤེས་དེས་ངེས་པ་སྟོང་ཉིད་ལ་དྲངས་ཤིང༌། གཟུང་རྣམ་ལྷའི་སྐུར་ཤར་བ་ཡིན་པས། འདིར་བཤད་པའི་རྣལ་འབྱོར་ཟབ་མོ་སྒོམ་ཚུལ་ནི་ངེས་དོན་གྱི་ལྷ་ཐམས་ཅད་བསྒོམ་པར་འགྲོ་བ་རྗེ་བདག་ཉིད་ཆེན་པོའི་བཀའ་སྲོལ་འདི་ལ་ཤིན་ཏུ་འགྲིག་གི །ངེས་དོན་གྱི་ལྷ་གང་ཡིན་རྩོལ་བས་སྒྲུབ་ཏུ་མེད་པར་འདོད་པ་ལ། འདི་ངེས་དོན་གྱི་ལྷ་ཐམས་ཅད་སྒྲུབ་པའི་ཐབས་སུ་སྨྲ་བ་དོན་དུ་མ་ཟད་རང་ཚིག་འགལ་བས་ཀྱང་ལེགས་པར་ཁེགས་པ་ཡིན་ནོ། །རང་གཞན་གཉིས་ཀའི་ལུགས་ལ་རང་བྱུང་གི་ཡེ་ཤེས་དེ་རྒྱུད་ཐམས་ཅད་ཀྱི་དགོངས་དོན་མཐར་ཐུག་གི་ཨེ་ཝཾ་དུ་འཇོག་པ་འདྲ་བར། རང་བྱུང་ཡེ་ཤེས་ཀྱི་ངོས་འཛིན་མ་འདྲ་བས། རྒྱུད་སོ་སོར་ཨེ་ཝཾ་ལ་སོགས་པའི་ཐ་སྙད་ཀྱིས་གསུངས་པ་རྣམས་ཀྱང༌། རང་ལུགས་ཀྱི་ཁྱད་ཆོས་ཟུར་དུ་སྟོན་པར་བཞེད་ནས་ཕྱོགས་སྔའི་ཚུལ་དུ་གཞན་གྱི་ཁུངས་སུ་དྲངས་པའི་རྒྱུད་རྣམས་མཐར་ཆགས་སུ་སྨོས་པ་ཡིན་ནོ། །འོ་ན་རྒྱུད་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་ཨེ་ཝཾ་དུ་འདུ་བའི་རྒྱུ་མཚན་


GTD006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་སྙམ་ན། གནད་འདི་རྟོགས་པ་གལ་ཆེ་སྟེ། རྒྱུད་རྣམས་སུ་ཨེ་ཝཾ་དངོས་ཟིན་ལ་སྨོས་མ་སྨོས་ཅི་རིགས་ཡོད་ཀྱང༌། མ་སྨོས་པ་རྣམས་ལའང་དེའི་དོན་ངེས་པར་ཚང་དགོས་སོ། །དེའི་རྒྱུ་མཚན་རྒྱུད་གང་ཡིན་ཀྱང་དེའི་དགོངས་པ་མཐར་ཐུག་པའི་ངེས་དོན་གྱི་ལྷ་བདེ་སྟོང་དབྱེར་མེད་ཀྱི་ཨེ་ཝཾ་དུ་འཇོག་པར་མཚུངས་དགོས་ཏེ། ཀུན་རྫོབ་ལྷ་སྐུའི་ཞལ་ཕྱག་སོགས་ཀྱི་རྣམ་པ་མི་འདྲ་བ་ལྟར། རྒྱུད་སོ་སོ་ལ་ངེས་དོན་མཐར་ཐུག་གི་ལྷའང་རིགས་མི་འདྲ་བ་རེ་ཡོད་ན། ཡེ་ཤེས་གཅིག་གི་རང་མདངས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་སུ་འཆར་བ་མི་རུང་བས། ཡི་དམ་ལྷའི་ཡོན་ཏན་ཡང་ཕྱོགས་རེ་བ་ཙམ་དུ་འགྱུར་ཞིང༌། རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་གི་གོ་འཕང་དུ་བཤད་པ་དང་འགལ་བར་འགྱུར་རོ། །དེས་ན་ངེས་དོན་གྱི་ལྷའི་རྣལ་འབྱོར་བདེ་སྟོང་གི་ཡེ་ཤེས་བསྒོམས་པས་ངེས་དོན་གྱི་ལྷ་ཐམས་ཅད་བསྒོམས་པར་འགྲོ་བ་ཤེས་པ་ལ་རྒྱུད་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་མ་ཎི་པདྨེའི་ངེས་དོན་ཨེ་ཝཾ་དུ་དབྱེར་མེད་པར་ཤེས་དགོས་པས། དེ་ལ་ཐོག་མར་ཨེ་ཝཾ་གྱི་དོན་བཤད་པ་དང༌། དེ་ཉིད་འདིར་སྨོས་པའི་རྒྱུད་སྡེ་སོ་སོ་ནས་གཏན་ལ་ཕབ་པའི་ཚུལ་བཤད་པ་གཉིས། དང་པོ་ནི། མདོ་ཕྱོགས་སུའང་ཨེ་ཝཾ་གྱི་ཐ་སྙད་ཙམ་འབྱུང་ཡང༌། དེའི་དོན་བཤད་ཚུལ་སྒྲ་མདོ་ཀ་ལཱ་པ་ལས། ཨེ་ཝཾ་ཞེས་འདི་སྐད་དམ། དེང་ངམ། དེ་ཉིད་ལའོ་ཞེས་པ་ལྟར་མ་ནོར་བར་དེ་ཁོ་ན་བཞིན་དུ་ཤེས་པའི་དོན་ཙམ་ལ་རྒྱན་སྣང་སོགས་སུ་གསུངས་པ་ལྟ་བུ་ལས་གཞན་


GTD006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང༌། སྔགས་ཀྱི་སྐབས་སུ་ཚིག་ཟིན་དེ་ཙམ་མ་ཡིན་པར་རྡོ་རྗེའི་ཚིག་གི་དགོངས་པ་དོན་སོ་སོ་བ་དུ་མར་འགྲེལ་ཚུལ་བསམ་གྱིས་མི་ཁྱབ་པས། འདི་ལའང་ཐོབ་བྱ་འབྲས་བུའི་ཨེ་ཝཾ་དང༌། ཐོབ་བྱེད་ལམ་གྱི་ཨེ་ཝཾ། འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གསུམ་དུ་ཕྱེ་སྟེ། དང་པོའི་དབང་དུ་བྱས་ནས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཨེ་ནི་གསང་བ་མཁའ་དབྱིངས་དང༌། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །ཅེས་ཨེ་ཡིག་གི་དོན་སྟོན་པ་གང་ལ་བཞུགས་ནས་ཆོས་སྟོན་པའི་རྟེན་དང༌། རྡོ་རྗེ་སེམས་དཔའ་ཝཾ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་ཝཾ་ཡིག་གི་དོན་དེ་ལ་བཞུགས་ནས་རྒྱུད་སྟོན་པ་པོ་གཉིས་ཚོགས་དང༌། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། །གཉིས་སུ་མེད་པའི་མཚོན་བྱེད་དང༌། །ཞེས་མཐར་ཐུག་གི་སྐབས་ཀྱི་བདེན་གཉིས་དབྱེར་མེད་པ་ཟུང་འཇུག་གི་གོ་འཕང་སྟེ་འབྲས་བུའི་ཨེ་ཝཾ་དང༌། ཡང་རྒྱུད་དེ་ཉིད་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝ་ནི་ཐུགས་རྗེ་དང༌། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང༌། །དེ་སྦྱོར་བ་ཡི་རྨད་མཆོག་གོ །ཞེས་ཤེས་རབ་སྟོང་པ་ཉིད་དང༌། ཐབས་སྙིང་རྗེ་ཆེན་པོ་གཉིས་སྦྱོར་བ་ལམ་གྱི་ཨེ་ཝཾ་སྟེ། སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་མེད་ན་འཁོར་བ་ལས་མི་གྲོལ་ཞིང་ཨེ་ཡིག་གི་དོན་མི་ཚང༌། ཕྱི་ནང་གི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་མེད་ན་སྔགས་ཀྱི་ཟབ་གནད་མི་ཐོན་ཞིང་ཝ་ཡིག་གི་དོན་མི་ཚང༌། དེ་གཉིས་སོ་སོར་ཡོད་ཀྱང་སྟོང་ཉིད་ཀྱི་ལྟ་བ་ཞུ་


GTD006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་ངོ་བོར་བསྐྱེད་དེ་སྟོང་ཉིད་ཡུལ་དང༌། བདེ་ཆེན་ཡུལ་ཅན་དུ་བྱས་ནས་བདེ་སྟོང་སྦྱོར་མི་ཤེས་ན་ཐིག་ལེའི་དོན་མི་ཚང་བའི་ཕྱིར་རོ། །དེ་ལྟ་བུའི་ལམ་དང་འབྲས་བུའི་ཨེ་ཝཾ་འགྲུབ་པ་ལ་དེའི་ནང་ནས་ཝཾ་ཡིག་གིས་མཚོན་པ་ལྷན་སྐྱེས་ཀྱི་བདེ་བའི་ཆ་སྐྱེད་པ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་ལ་ལྟོས་དགོས་ཤིང༌། དེ་ལ་ཆ་གཉིས་སུ་ཡོད་པས། དང་པོ་ཕྱིའི་ཐབས་ཤེས་ལ་སྦྱར་ཏེ་ཨེའི་དོན་ཡུམ་གྱི་བྷ་ག་རྟེན་དང༌། ཝའི་དོན་དེ་ལ་བརྟེན་པའི་ཡབ་ཀྱི་རྡོ་རྗེ། ཐིག་ལེའི་དོན་སྣ་ཚོགས་པའི་སྤྲུལ་བ་སྟོན་པར་བྱེད་པའི་བདེ་ཆེན་གྱི་གཞི་ལ་སྦྱར་བ་ནི། རྡོར་འཕྲེང་ལས། ཨེ་ནི་བྷ་གའི་མཚན་ཉིད་དེ། །པདྨ་རྟེན་དུ་ཤེས་པར་བྱ། །བརྟེན་པ་རྡོ་རྗེ་འཆང་བ་ཡིས། །དེ་ལ་གནས་པ་ཐིག་ལེའི་གཟུགས། །སྣ་ཚོགས་སྤྲུལ་བ་སྟོན་པར་བྱེད། །བདེ་བ་ཀུན་གྱི་གཞི་ཡི་གནས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་གསུངས་སོ། །ནང་དུ་རང་གི་ལུས་ལ་གནད་དུ་བསྣུན་པ་ལས་ལམ་གྱི་ཨེ་བཾ་འདྲེན་པའི་ཐབས། ལུས་གནད་ཁྱད་པར་ཅན་ལ་ཨེ་བཾ་དུ་འཇོག་ཚུལ་ཡང༌། སམྦུ་ཊ་ལས། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡིག་རྣམ་པར་ཡང་དག་གནས། །སྙིང་ག་མགྲིན་པར་ཡང་དག་གནས། །ཝཾ་གྱི་ཡི་གེ་འདྲ་བར་འདོད། །ཅེས་སྤྱི་བོ་དང་ལྟེ་བའི་རྩ་འཁོར་ཝརྟུ་ལའི་ཨེ་ཡིག་གི་རྣམ་པ་དབྱིབས་གྲུ་གསུམ། སྙིང་ག་དང་མགྲིན་པའི་རྩ་འཁོར་ཝཾ་ཡིག་གི་རྣམ་པ་དབྱིབས་ཟླུམ་པོ་ཅན་ཡིན་ལ། སྡོད་ལུགས་ཀྱང་སྤྱི་བོ་དང་སྙིང་གའི་རྩ་འཁོར་གདུགས་ཁ་སྦུབ་བཞིན་ཐུར་དུ་བསྟན་པ་དང༌། ལྟེ་བ་མགྲིན་པ་གཉིས་ཀྱི་རྩ་འཁོར་གྱེན་དུ་བསྟན་པ་ཁ་སྦྱོར་གྱི་ཚུལ་དུ་


GTD006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །བརྟག་གཉིས་ལས། ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །ཝཾ་གྱི་རྣམ་པ་བདག་མོར་བརྗོད། །མ་ནི་ལྷ་མོ་གོས་དཀར་མོ། །ཡ་ཡི་རྣམ་པ་སྒྲོལ་མར་བརྗོད། །ཅེས་ཨེ་ཝཾ་མ་ཡའི་ཡི་གེ་བཞི་ག་ལའང༌། ཨེ་བཾ་དུ་མ་འདུས་པའི་སྐྱོན་མེད་ལ། དབྱིབས་ཀྱིས་མཚོན་ཚུལ་སྔ་མ་དང་ཤིན་ཏུ་མཚུངས་སོ། །དེ་ལྟ་ཐབས་ཤེས་ཀྱི་གསང་བའི་རྩ་གཉིས་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་དུ་འཇོག་པ་གྲགས་ཆེ་ལ་འཁོར་ལོ་བཞིའང་འདྲེན་བྱེད་རྟགས་ཀྱི་ཨེ་བཾ་དུ་འཇོག་དགོས་པའི་རྒྱུ་མཚན་ནི། བརྟག་གཉིས་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་གསུངས་པ་ལྟར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་རོ་རྐྱང་གི་རྒྱུ་བ་དྷཱུ་ཏཱིར་བཀག་པ་ལས་གཏུམ་མོ་སྦར་པས་ཧཾ་ཡིག་ཞུ་སྟེ་ཨཾ་ཧཾ་ཡང་དག་པར་སྦྱར་ཞིང་སྡོམ་པར་འགྱུར་ལ། དེའང་འཁོར་ལོ་བཞིའི་ལྟེ་བར་དགའ་བཞི་རིམ་གྱིས་བསྐྱེད་པའི་མཐར་ཐམས་ཅད་ཀྱང་ལྷན་སྐྱེས་ཀྱི་དགའ་བའི་ངོ་བོར་སྡོམ་པར་འགྱུར་ཞིང༌། དེ་འདྲ་བའི་འོད་གསལ་ལས་ལངས་པའི་སྒྱུ་མའི་སྐུ་དང་ལྷན་སྐྱེས་ཀྱི་བདེ་ཆེན་ངོ་བོ་དབྱེར་མེད་ཀྱི་སྐུ་དང་ཐུགས་སུ་སྡོམ་པ་ལས་སྐུ་གསུམ་དབྱེར་མེད་དུ་སྡོམ་པ་འགྲུབ་པས་རྡོ་རྗེ་ཐེག་པའི་ལམ་འབྲས་ཀྱི་གནད་ཡོངས་སུ་རྫོགས་པར་འགྱུར་རོ། །དེར་མ་ཟད་དུས་འཁོར་ལས་སྟོང་ཆེན་ཡི་གེ་ལྔ་དང་དྲུག་ལས་ཐོག་མར་ཝཾ་ཡིག་དང༌། དེ་ནས་ཨེ་ཡིག་སྒྲུབ་ཚུལ་གྱི་སྒྲ་སྒྲུབ་དང་གཟུགས་སྒྲུབ་ཀྱི་བཤད་པ་རྒྱ་ཆེར་བཤད་ཅིང༌། དེ་ལྟར་བསྒྲུབས་པའི་ཨེ་བཾ་ལ་ཕྱི་ནང་གཞན་གསུམ་དུ་སྦྱར་བའི་མཚོན་དོན་མང་དུ་གསུངས་པ་རྣམས་ཀྱི་དོན་མདོར་བསྡུས་ཏེ། པཎ་ཆེན་ཐམས་ཅད་མཁྱེན་པས་


GTD006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་ཊཱིཀ་ཆེན་གྱི་སྙིང་པོ་བསྡུ་བ་ལས། ཕྱི་ལ་ཨེ་ཡིག་གིས་རྟེན་ནམ་མཁའི་ཁམས་དང༌། ཝཾ་ཡིག་གིས་ནམ་མཁའི་དབུས་སུ་གནས་པའི་བརྟེན་པ་ཟླ་ཉི་སྒྲ་གཅན་གསུམ་སྟེ། ཝཾ་ཡིག་གི་སྒྲུབ་གཞི་རྣམ་བཅད་ཀྱིས་ཉི་མ་སྲོག་ཏུ་ཞུགས་པའི་ཨས་སྒྲ་གཅན། སྟེང་གི་རྗེས་སུ་ང་རོས་ཟླ་བ་མཚོན་ཞིང༌། ནང་ལ་སྦྱར་ན་ཨེ་ཡིག་གིས་ནམ་མཁའ་དང་ཆོས་མཚུངས་པའི་མའི་གསང་གནས་པདྨ་དང༌། ཝཾ་ཡིག་གིས་པདྨར་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པ་མཚོན་ཏེ། དེའང་རྣམ་བཅད་ཀྱིས་མའི་རྡུལ། ཨ་ཡིག་གིས་ཀུན་གཞིའི་རྣམ་ཤེས་ཀྱི་མིང་ཅན་ཡིད་ཀྱི་རྣམ་པར་ཤེས་པ། རྗེས་སུ་ང་རོས་ཕའི་ཁུ་བ་རྣམས་མཚོན་ཞིང༌། གཞན་བསྐྱེད་རིམ་ལ་སྦྱར་ན། ཨེས་ཆོས་དབྱིངས་མཚོན་པའི་ཆོས་འབྱུང་གི་དབུས་སུ་ཆུད་པའི་རྟེན་གཞལ་ཡས་ཁང་གདན་བཅས་དང༌། ཝཾ་ཡིག་གིས་བརྟེན་པ་ལྷ་རྣམས་མཚོན། གཞན་རྫོགས་རིམ་ལ་སྦྱར་ན། ཨེ་ཡིག་གིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང༌། ཝཾ་ཡིག་གིས་དེ་ལ་བརྟེན་པའི་མཆོག་མི་འགྱུར་གྱི་བདེ་ཆེན་མཚོན་པ་ཡིན་པའི་ཕྱིར་ཞེས་གསུངས་པ་ལྟར། གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་དེའི་སྟེང་ནས་གཏན་ལ་དབབ་ཏུ་ཡོད་ཅིང༌། ཁྱད་པར་དུ་ཟབ་མོའི་ལམ་གྱི་གནད་ཐམས་ཅད་ལ་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ཀྱིས་རྒྱས་འདེབས་དགོས་པའི་ཚུལ་ལེགས་པར་ཤེས་ན་རྡོ་རྗེ་ཐེག་པའི་གནད་ལ་མི་འཕྱུགས་པའི་གཟེར་ཐེབས་པར་འགྱུར་རོ། །གཉིས་པ་དེ་ཉིད་འདིར་སྨོས་པའི་རྒྱུད་སྡེ་སོ་སོ་ནས་གཏན་ལ་ཕབ་པའི་ཚུལ་བཤད་པ་ནི། དང་པོ་དུས་ཀྱི་


GTD006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་རྒྱུད་ལས། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་ལྷའི་མཆོག་རྣམས་ཀྱིས་ནི་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་ལ་སྦྱར་ནས་ཞུ་བ་ནི། །རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་སུ་སྟེ་མི་རྣམས་དགྲོལ་བའི་དོན་དུའོ། །ཞེས་ཐོག་མར་གསུངས་པས། དངོས་ཟིན་ལ་ཨེ་ཝཾ་གྱི་ཚིག་མེད་ཀྱང་དོན་ལ་ཡོད་དེ། དུས་འཁོར་རྩ་རྒྱུད་ལས། ཨེ་གསང་མཁའ་དབྱིངས་བྷ་ག་འམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །བཞུགས་པ་རྡོ་རྗེ་ཅན་ཝཾ་དང༌། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ལ་སོགས་མིང༌། །སྣ་ཚོགས་ཡུལ་གྱི་ཐ་སྙད་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། །སྣ་ཚོགས་སེམས་ཅན་བསམ་པས་ཀྱང༌། །རྟེན་གྱི་མཚན་ཉིད་གནས་དང་ནི། །བརྟེན་པ་དག་ཀྱང་བདག་གིས་བརྗོད། །ཅེས་འདིར་སེང་གེའི་ཁྲིའི་མིང་གིས་བསྟན་པ་དང༌། རྒྱུད་གཞན་ལས་རྟེན་དུ་བཤད་པའི་ཨེ་གཉིས་དོན་འདྲ་ལ། འདིར་དང་པོའི་སངས་རྒྱས་ཀྱི་སྒྲས་བསྟན་པ་དང༌། གཞན་ལས་བརྟེན་པར་བཤད་པ་ཝཾ་གཉིས་དོན་གཅིག་པས། འདི་ལ་ཨེ་བཾ་མ་ཚང་བ་སོགས་ཀྱི་སྐྱོན་བརྗོད་པ་འཇུག་པའི་གནས་མེད་དོ། །དེར་མ་ཟད་དབང་བཞི་པའི་ལམ་ཟུང་འཇུག་གི་རིམ་པ་རྒྱུད་གཞན་ལས་སྦས་པའི་ཚུལ་གྱིས་གསུངས་པས། གླེང་བཞིའི་སྐབས་སུ་མཐར་ཐུག་གི་ཨེ་ཝཾ་སྦས་དོན་གྱི་ཚུལ་དུ་དེར་བཤད་པ་མ་གཏོགས་དངོས་


GTD006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ལ་ཟུང་འཇུག་གི་དོན་མེད་ཀྱང། རྒྱུད་འདིར་ནི་བཤད་པའི་རྒྱུད་ལ་ལྟོས་མི་དགོས་པར་དབང་བཞི་པའི་ལམ་སོགས་རང་ཉིད་ལས་ཤིན་ཏུ་གསལ་བར་གསུངས་པ་ཁྱད་ཆོས་ཡིན་པས། གླེང་གཞིའི་སྐབས་ནས་བཟུང་སྟེ་ཨེ་ཝཾ་ཟུང་འཇུག་གི་དོན་འདུས་པ་སོགས་ལས་ཀྱང་ཆེས་གསལ་ཞིང་རྒྱས་པར་བསྟན་པ་ལ་ཚིག་ཙམ་གྱི་རྗེས་སུ་འབྲང་སྟེ་ཨེ་ཝཾ་གྱི་དོན་གཏན་མ་བསྟན་པར་འདོད་པ་གནས་མ་ཡིན་པའི་ཕྱིར། ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། གླེང་གཞིའི་སྐབས་སུ་དེ་ལྟར་བཤད་པའི་རྒྱུད་དེར་ནི་ཡེ་ཤེས་ཀྱི་སྐུ་གསར་དུ་བསྒྲུབ་པའི་ཚུལ་དང་དབང་བཞི་པའི་ལམ་ཚིག་ཟིན་ལ་མི་གསལ་བར། སྦས་དོན་དང་མཐར་ཐུག་གི་དོན་དུ་བྱས་ནས་འཆད་དགོས་ཏེ། འདུས་པ་ལས། སྒྱུ་ལུས་བདག་བྱིན་བརླབ་སྦས་དོན་དང༌། ཟུང་འཇུག་དབང་བཞི་པའི་ལམ་མཐར་ཐུག་ཏུ་བྱས་ནས་ཚིག་ཟིན་གྱི་ཡིག་དོན་དུ་མི་འཆད་པ་བཞིན་ནོ། །དུས་ཀྱི་འཁོར་ལོའི་རྒྱུད་འདིར་ནི་སྟོང་གཟུགས་ཀྱི་ཡེ་ཤེས་ཀྱི་སྐུ་བསྒྲུབ་པ་དང༌། ཏིང་ངེ་འཛིན་གྱི་ཡན་ལག་དབང་བཞི་པའི་ལམ་མ་སྦས་ཤིང་ཤིན་ཏུ་གསལ་བར་ཚིག་ཟིན་ལ་སྟོན་པས་ཁྱད་པར་དུ་འཕགས་པར་སྟོན་འདོད་པ་ཡིན་པའི་ཕྱིར་གླེང་གཞིའི་ཚིག་གི་སྦས་དོན་དུ་བྱས་ནས་སྟོན་འདོད་པའི་གནས་མེད་དོ། །དེས་ན་གླེང་གཞིའི་ཚིག་གིས་དོན་དེ་དག་ངེས་པར་བསྟན་དགོས་ཤིང་སྦས་པ་མ་ཡིན་པར་གསལ་བར་སྟོན་པ་ཁྱད་ཆོས་སུ་བྱས་པ་ན་གླེང་གཞིའི་ཚིག་ཟིན་ལ་དོན་དེ་དག་སྦྱར་ནས་འཆད་དགོས་པར་བསྙོན་དུ་མེད་པར་གྲུབ་ལ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་བླ་


GTD006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་རྒྱུད་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་གསུམ་དུ་བྱས་ཏེ་ཕྱི་མར་ཀྱེ་རྡོར་སོགས་འཇོག་པ་རང་གི་འདོད་ཞེན་ཙམ་ལས་རྒྱུ་མཚན་ཆེར་མེད་ཅིང༌། སྟག་ཚང་པའི་དུས་འཁོར་སྤྱི་དོན་དང༌། གྲུབ་མཐའ་ཀུན་ཤེས་སོགས་སུ་གསང་དབང་གི་ལམ་སྒྱུ་ལུས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེར་དབང་གི་ལམ་འོད་གསལ་གཙོ་བོར་སྟོན་པ་མ་རྒྱུད། རྒྱུད་གཞན་དང་མི་འདྲ་བར་དབང་བཞི་པའི་ལམ་ཟུང་འཇུག་གཙོ་བོར་སྟོན་པ་དུས་འཁོར་ནི་གཉིས་མེད་ཀྱི་རྒྱུད་དུ་བྱེད་དགོས་ཞེས་བཤད་པ་མཁས་པའི་གསུང་དཔྱད་གཞི་ཆེ་བར་སྣང་ངོ༌། །དེའང་བོད་ཀྱི་མཁས་པ་སྔ་མ་ཕལ་ཆེ་བས་སྤྱིར་ཟུང་འཇུག་གི་དབྱེ་བ་རིམ་ལྔ་ལས་ཉེར་གཅིག་གམ་ཉེར་གསུམ་གསུངས་པའི་ནང་ནས་མཐར་ཐུག་པ་བདེ་སྟོང་དབྱེར་མེད་ཀྱི་ཟུང་འཇུག་ཙམ་ལ་བཞག་ཅིང༌། རྗེ་བླ་མས་དེ་ཉིད་ཡ་གྱལ་གཅིག་ཏུ་བྱས་པའི་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་གཙོ་བོར་འཇོག་དགོས་པར་གསུངས་སོ། །དེའང་འདུས་པ་སོགས་རྒྱུད་སྡེ་གཞན་ལས་གསུངས་པའི་བདེ་སྟོང་དབྱེར་མེད་ཀྱི་དབང་དུ་བྱས་པ་ཡིན་གྱི། དུས་ཀྱི་འཁོར་ལོའི་རང་སྐད་ཀྱི་བདེ་སྟོང་དབྱེར་མེད་ནི་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་དང་དོན་འདྲ་བས། དེ་ལས་ལྷག་པའི་ཟུང་འཇུག་གི་དོན་བཞག་རྒྱུ་མེད་དེ། སྔགས་རིམ་ལས། ཐོབ་བྱ་མཐར་ཐུག་གི་བདེ་སྟོང་དབྱེར་མེད་ཀྱི་གོ་འཕང་ནི་སྔར་དབང་བཞི་པའི་སྐབས་སུ་བཤད་པ་བཞིན་དུ་བདེ་བ་ཐུགས་དང་སྟོང་པ་གཟུགས་ཀྱི་སྐུར་བྱས་ཤིང་དེ་གཉིས་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་དྲི་མ་ཐམས་ཅད་ཟད་པ་ཡིན་ནོ། །ཞེས་དང༌། བདེ་སྟོང་ཁྱད་པར་


GTD006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟོང་པ་ཀུན་རྫོབ་པའི་སྐུ་དང་བདེ་བ་དོན་དམ་པ་ལ་ཞུགས་པའི་ཡེ་ཤེས་ཡིན་པས་གཞུང་གཞན་ནས་བཤད་པའི་བདེ་སྟོང་གི་ངོས་འཛིན་དང་ཅུང་མི་འདྲའོ། །ཞེས་སོ། །དེ་ལྟར་ན་གླེང་གཞི་ནས་བརྩམས་ཏེ་རྒྱུད་ཀྱི་ཐོག་མཐའ་ཀུན་ཏུ་རྩལ་བཏོན་ནས་འཆད་རྒྱུའི་ངེས་དོན་དུས་ཀྱི་འཁོར་ལོ་ནི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལས་མ་འདས་པས། མ་ཎི་པདྨེའི་ངེས་དོན་ཨེ་ཝཾ་དང་མཐུན་པར་ཉམས་སུ་ལེན་པ་ལ་ངེས་དོན་གྱི་དུས་འཁོར་བསྒྲུབ་པའི་ལམ་གྱི་གནད་ཀྱང་ལེགས་པར་ཚང་བ་ཡིན་ནོ། །ཇོ་ནང་པ་དག་དུས་ཀྱི་འཁོར་ལོའི་སྐབས་འདིར་གཙོ་བོར་བསྒོམ་བྱའི་སྟོང་ཉིད་ནི། འཕགས་པ་འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་སོགས་ཁུངས་སུ་བྱས་ཏེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཡོངས་གྲུབ་བདེན་གྲུབ་དེ་ཉིད་ཡིན་གྱི། ཕུང་སོགས་བདེན་གྲུབ་རྣམ་པར་དཔྱད་པས་བཀག་ཙམ་གྱི་རང་སྟོང་ནི་ཆད་སྟོང་ཡིན་ཞེས་ཟེར་ལ། གྲུབ་མཐའི་འཇོག་ཚུལ་གཞན་དང་མི་མཐུན་པ་ཐམས་ཅད་ཀྱི་རྩ་བ་འདི་ལ་ཐུག་གོ །དེ་འགོག་པ་དབང་པོ་རྡོ་རྗེ། ཐོག་ཏོག །མཛེས་རྒྱན་སོགས་ནི་ངན་སྨྲས་ཀྱི་ཕྲེང་བ་སྤེལ་བ་ཙམ་ལས་དགག་སྒྲུབ་ཀྱི་ནུས་པ་ཆེར་མ་ཐོན་འདུག་པས། བློ་གྲོས་ཅན་ཡོད་ན་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པར་རིགས་པའི་གནད་ཆེ་ལོང་ཙམ་ཞིག་གསུངས་པ་དང༌། མཁས་གྲུབ་སྨྲ་བའི་ཉི་མའི་ཊཱིཀ་ཆེན་རིགས་པའི་རྒྱ་


GTD006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་དང༌། དུས་འཁོར་ཊཱིཀ་ཆེན་གྱི་མགོ་མཇུག་ཀུན་ཏུ་ཕྲ་ཞིང་ཞིབ་པའི་རིགས་པ་བརྒྱ་ཕྲག་གིས་བཀག་པ་རྣམས་ལས་ཤེས་པར་བྱ་ཡི། འདིར་མངས་སུ་དོགས་པས་མ་སྤྲོས་སོ། །གཉིས་པ་བདེ་མཆོག་གི་རྒྱུད་ཀྱང༌། མངོན་བརྗོད་འབུམ་ཕྲག་གསུམ་པའི་དབུར་ཨེ་བཾ་གྱི་ཚིག་ཡོད་ལ། འབུམ་ཕྲག་གཅིག་པ་དང་བསྡུས་རྒྱུད་ལ་ཨེ་ཝཾ་གྱི་ཚིག་གསལ་པོ་མེད་ཀྱང་དོན་ཚང་བར་གསུངས་ཏེ། དཔེར་ན་བསྡུས་རྒྱུད་ཀྱི་དབུར། དེ་ནས་དེ་ལས་གསང་ཆེན་བཤད་པར་བྱ། །ཞེས་པའི་དེ་ནས་ཀྱི་སྐད་དོད་ཨཱ་ཐ་ལ་ཚུལ་བཞིའི་བཤད་པ་འཇུག་པར་ནཱ་རོ་པས་གསུངས་པས། མཐར་ཐུག་གི་སྐབས་སུ་བདེན་གཉིས་ཟུང་འཇུག་ལ་བྱེད་དགོས་པའི་ཕྱིར་ཏེ། སྦས་དོན་ཀུན་གསལ་ལས། ཨཱ་ནི་རྣམ་པར་དག་པའི་ཤེས་རབ་དང༌། ཐ་ནི་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་སྟེ་མཐར་ཐུག་པའོ། །ཞེས་གསུངས་པས། འོག་གི་བསྟན་བཅོས་ལུས་ཐམས་ཅད་ཀྱིས་གཏན་ལ་དབབ་བྱའི་ངེས་དོན་མཐར་ཐུག་གི་བདེ་མཆོག་ཐབས་ཤེས་དབྱེར་མེད་ཀྱི་ཟུང་འཇུག་དེ་ལ་བྱེད་པར་འགྲུབ་པའི་ཕྱིར་ཏེ། རྡོ་རྗེ་གུར་ལས། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདིར་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་དང༌། ཀུན་སྤྱོད་ལས། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་ཁྱབ་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་ཐབས་བདེ་བ་ཆེན་


GTD006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། ཤེས་རབ་སྟོང་པ་ཉིད་རོ་གཅིག་ཏུ་འདྲེས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་དང༌། ངེས་དོན་གྱི་དཔལ་ཧེ་རུ་ཀར་གསུངས་སོ། །ཁ་ཅིག །ལུས་ཀུན་ལ་ནི་རྣམ་པར་གནས། །ཞེས་པ་དང༌། སྲོག་ཆགས་རྣམས་ཀྱི་སྲོག །ཅེས་གསུངས་པ་རྒྱུ་མཚན་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སྙིང་པོ་རྟག་བརྟན་དེ་ཉིད་ངེས་དོན་གྱི་ཧེ་རུ་ཀར་བཤད་པ་ཡིན་ཟེར་ཡང༌། རང་ལུགས་བདེ་སྟོང་ཡེ་ཤེས་ལ་བྱས་ནས། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མེད་ཀྱང༌། དེ་དང་རང་བཞིན་གཅིག་ཏུ་ཞུགས་པའི་ཆོས་ཉིད་རང་བཞིན་རྣམ་དག་གི་ཆ་ཐམས་ཅད་ལ་ཁྱབ་པར་ཡོད་པའི་དོན་ཡིན་ཏེ། རྫོགས་རིམ་དངོས་གྲུབ་སྙེ་མ་ལས། དེའི་རང་བཞིན་སྟོང་པ་ཉིད་སེམས་ཅན་རྣམས་ཀྱི་སྲོག་གི་ངོ་བོ་ཉིད་ཡིན་པའི་དོན་ནོ། །ཞེས་དང༌། མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་ལས། སྲོག་དང་འདྲ་བར་ཤིན་ཏུ་གཅེས་པ་དང༌། ལྷན་སྐྱེས་ཀྱི་དེ་ཁོ་ན་ཉིད་རང་བཞིན་རྣམ་དག་དེ་ཉིད་སྐྱེ་འཇིག་གིས་མི་འགྱུར་བའི་དམ་པ་ཉིད་ཡིན་ལ། ཞེས་སོ། །འདིར་ཡེ་ཤེས་སྲོག་ཏུ་བཤད་པ་ཡིན་གྱི། དེའི་ཡུལ་སྟོང་ཉིད་སྲོག་ཏུ་བཤད་པ་འབྲེལ་མེད་དོ་སྙམ་ན། དེ་གཉིས་དོན་མཚུངས་པས། ཡུལ་སྟོང་ཉིད་ལ་སྦྱོར་བའང་རྒྱུད་ལས་གསལ་བར་གསུངས་ཏེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་གསུངས་པས། ཁྱད་པར་གཞན་སྔ་མ་དང་ཤིན་ཏུ་འདྲའང༌། ཁྱད་གཞི་ཨ་ཡིག་གི་དོན་དུ་གསུངས་ལ། ཨ་ནི་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་དུ་མདོ་རྒྱུད་གཉིས་ཀར་གྲགས་


GTD006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །འདི་ལ་དཔེ་ཕལ་ཆེར་དུ། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་འབྱུང་བ། ཨཀྵ་ར་ཡི་གེ་དང་མི་འགྱུར་བ་གཉིས་ཀ་ལ་འཇུག་པས་འགྲེལ་ཚུལ་ཡང་ལུགས་གཉིས་འབྱུང་ངོ༌། །གསུམ་པ་ཀྱཻ་རྡོར་གྱི་རྒྱུད་བརྟག་གཉིས་ཀྱི་དབུར་ཡང་ཨེ་ཝཾ་འབྱུང་ལ། རྒྱུད་རང་གི་ནང་དུའང་ཨེ་བཾ་གྱི་དོན་བདེ་སྟོང་དབྱེར་མེད་ལ་སྦྱོར་ཚུལ་མང་དུ་གསུངས་ཤིང༌། ཁྱད་པར་དུ་དབུའི་ཨ་ཡིག་དང༌། བརྟག་པ་གཉིས་པའི་མཇུག་ཏུའང༌། ཟེའུ་འབྲུ་ལ་ཨཱཿ འི་རྣམ་པའོ། །ཞེས་ཐོག་མཐའི་ཨ་ཡིག་གཉིས་ཀྱི་བར་དུ་རྒྱུད་ཐམས་ཅད་ཆུད་པར་མཛད་པས། རྒྱུད་དོན་མཐའ་དག་བདེ་སྟོང་དབྱེར་མེད་ཀྱི་ལམ་ལས་མ་འདས་པར་གསུངས་པས་ཡེ་ཤེས་དེ་ཉིད་ངེས་དོན་མཐར་ཐུག་གི་ཀྱཻ་རྡོ་རྗེར་འགྲུབ་བོ། །བཞི་པ་གསང་བ་འདུས་པའི་གླེང་གཞིར་ཨེ་ཝཾ་མ་ཡ་སོགས་ཡི་གེ་བཞི་བཅུ་བྱུང་བ་དེ་དག་གིས་རྒྱུད་དོན་མཐའ་དག་བསྡུས་ཚུལ་རྡོར་ཕྲེང་དུ་ཤོ་ལོ་ཀ་རེ་རེས་གཏན་ལ་ཕབ་ཅིང༌། ཁྱད་པར་དུ་ཕྱི་མ་ཐམས་ཅད་ཀྱང་ཐོག་མའི་ཡི་གེ་གཉིས་སུ་འདུ་བ་དང༌། དེས་ལམ་དང་འབྲས་བུའི་གནད་བསྟན་པ་གོང་དུ་དྲངས་པ་རྣམས་ནས། ལྷའི་དབང་པོས་ཞུས་པ་སྒྲོན་གསལ་དུ་དྲངས་པ་ལས་ཀྱང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་དེ་བཞིན་བསྟན། །ཞེས་སོགས་ཀྱིས་གང་ལ་བརྟེན་ནས་དེ་ཁོ་ན་ཉིད་ཚོལ་བའི་གསུང་རབ་ཀྱང་ཨེ་ཝཾ། དེའི་དོན་གོ་རྒྱུའང་ཨེ་ཝཾ། གོ་བ་ལ་བརྟེན་ནས་བསྐྱེད་པར་བྱ་བའི་ལམ་ཡང་ཨེ་ཝཾ། ལམ་བསྒོམས་པས་ཐོབ་པར་བྱ་བའི་འབྲས་བུའང་ཨེ་ཝཾ་དུ་འདུ་བར་གསུངས་པས་མཐར་ཐུག་གི་དོན་ཐབས་


GTD006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཟུང་འཇུག་ཏུ་གྲུབ་སྟེ། འདུས་པའི་དོན་ཡང་དེར་འགྱུར་བ་འོག་ཏུ་འཆད་དོ། །ལྔ་པ་སྒྱུ་དྲ་ནི་ཀུན་དགའ་སྙིང་པོ་དང༌། རབ་ཏུ་ཞི་བའི་བཤེས་གཉེན་སོགས་ཀྱིས་རྣལ་འབྱོར་རྒྱུད་དུ་བཀྲལ་བས། ཨེ་ཝཾ་གྱི་དོན་ཡང་ཀུན་སྙིང་གི་འགྲེལ་པར། འདི་སྐད་ཅེས་བྱ་བ་འདིས་ནི་བདག་ཉིད་ཀྱིས་ཐོས་པའི་ཤེས་པས་མངོན་དུ་གཟུང་བ་སྟེ་རྒྱུད་ཀྱི་དོན་ངེས་པར་གཟུང་བས་ན་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཉིད་དུ་བཤད་པ་ཡིན་ནོ། །ཞེས་སྒྲས་ཐོབ་ཚོད་ཀྱི་བཤད་པ་ཙམ་བྱས་ཤིང༌། གཅིག་ཤོས་ཀྱི་འགྲེལ་པར་ཡང༌། འདི་སྐད་ནི་རྒྱུད་ཀྱི་དོན་ཐམས་ཅད་སྟོན་པའི་ཚིག་གི་ཕྲད་དོ། །ཞེས་སྔ་མ་ལྟར་བཤད་ཀྱང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །ཞེས་བླ་མེད་ཀྱི་རྒྱུད་དུ་གསུངས་པ་དང༌། མཐའ་དཔྱོད་མྱུ་གུར་འདུས་པའི་ཕྱོགས་མཐུན་གྱི་རྒྱུད་དུ་གསུངས་པས། དགོངས་པ་མཐར་ཐུག་སྔ་མ་རྣམས་དང་མཐུན་ནོ། །དེ་བཞིན་དུ་གདན་བཞིའང༌། རྣལ་འབྱོར་མ་ཡི་དྲ་བ་སྡོམ། །ཡེ་ཤེས་སྟོང་པ་ཅན་དབང་ཕྱུག །གནས་གཙང་མ་ན་བཞུགས་ནས་སུ། །ཐམས་ཅད་མཁྱེན་པས་འདི་སྐད་གསུངས། །ཞེས་གསང་བ་མཆོག་དང་འདི་སྐད་གཉིས་ཀ་ཚང་ལ། རྡོ་རྗེ་སྙིང་འགྲོས་ལས། ཀྱེ་རྡོ་རྗེ་དང་བདེ་མཆོག་འཁོར་ལོ་ཉུང་ངུ་འདི་ནི་གདན་བཞིས་ཤེས་པར་བྱ། ཞེས་ཀྱེ་རྡོར་དང་བདེ་མཆོག་ཉུང་ངུའི་ངེས་དོན་ཡང་འདི་ལས་ཤེས་དགོས་པར་གསུངས། མཧཱ་མཱ་ཡར། དེ་ནས་དེ་ལས་རྡོ་རྗེ་མཁའ་འགྲོ་མ་གསང་བའི་དབང་ཕྱུག །ཅེས་སོགས་གསུངས་ཏེ། འདི་སྐད་མ་སྨོས་པའི་


GTD006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་དེའི་དཀའ་འགྲེལ་དང་འགྲེལ་པ་དྲན་པར་རྟག་ཏུ་མི་གནས་པའི་མྱང་འདས་ལ་བཞུགས་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་ཀྱང༌། སྦས་དོན་ཀུན་གསལ་དུ་བཤད་ཚུལ་དེ་མི་འཐད་པར་གསུངས། རིན་ཆེན་འབྱུང་གནས་ཞི་བས་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞིའི་ཚིག་ཕྲད་སྦྱར་བར་མ་མཛད་དེ། སྔ་མ་ཉིད་ལ་སྦྱར་བའི་ཕྱིར། ཞེས་གསུངས་ཤིང༌། དུ་ཛ་ཡ་ཙནྡྲའི་དཀའ་འགྲེལ་དུ། ཚིག་གཉིས་གསལ་བར་མི་སྟོན་ཡང༌། །དོན་རྣམས་ཇི་ལྟར་གནས་བཞིན་ཡིན། །ཞེས་དོན་བདེ་སྟོང་གི་ཨེ་ཝཾ་ལས་མ་འདས་པར་གསུངས་སོ། །གཤིན་རྗེའི་གཤེད་ཀྱི་རྒྱུད་སྟོང་ཕྲག་བཅོ་བརྒྱད་པ་སོགས་དངོས་སུ་ཨེ་བཾ་སྨོས་པ་མང་ལ། དེ་ལས་བཀོལ་བའི་རྟོག་བདུན་ལྟ་བུར་ཨེ་བཾ་མ་སྨོས་ཀྱང༌། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱིི། །སྒྲུབ་པ་ཡང་དག་རབ་བཤད་དེ། །ཞེས་པའི་དེ་ནས་ཀྱི་སྐད་དོད་ལ་ཚིག་སྤྱི་སྦས་པ་མཐར་ཐུག་གི་དོན་བཞིར་ཡོད་པ་འདི་སྐད་ཀྱི་སྐད་དོད་དང་འདྲ་བའི་ཕྱིར་ཏེ། གྲུབ་ཆེན་དཔལ་ལྡན་བཟང་པོའི་རྣམ་བཤད་སྐལ་བཟང་མིག་འབྱེད་ལས། ཨཱ་ལ་ཡི་གེ་བསྣན་པའི། ཞེས་པ་ནས། ཨཱ་ནི་སྐྱེ་བ་མེད་པའི་རྣམ་པར་དག་པ་རྟོགས་པའི་དོན་གྱི་འོད་གསལ་ལོ། །ཐ་ནི་དམིགས་པ་མེད་པའི་སྙིང་རྗེ་དག་པའི་སྒྱུ་མའི་སྐུ་སྟེ་མཐར་ཐུག་ཏུ་བཤད་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཤེས་རབ་སྟོང་ཉིད་དང་སྙིང་རྗེ་བདེ་བ་ཆེན་པོ་ཟུང་དུ་འཇུག་པ་དེ་བསྒྲུབ་བྱ་མཐར་ཐུག་པ་ངེས་དོན་གྱི་རྡོ་རྗེ་འཇིགས་བྱེད་ཡིན་ཏེ། རྡོ་རྗེ་གྲུབ་པའི་འགྲེལ་པ་ལས། དེ་ལྟ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །


GTD006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཇིགས་བྱེད་དོ། །ཞེས་དང༌། སོ་ན་ཤྲཱིའི་འགྲེལ་པ་ལས། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་རྡོ་རྗེ་སེམས་དཔའི་ངོ་བོ་ནི་རྡོ་རྗེ་འཇིགས་བྱེད་དོ། །ཞེས་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྟོག་བདུན་རྣམ་བཤད་ལས། བརྗོད་མེད་ཀྱི་རྡོ་རྗེ་དང་ཐབས་བདེ་བ་ཆེན་པོ་དགའ་བ་བཞི་མཐར་ཐུག་པའི་ཡེ་ཤེས་གཉིས་སྒྲིབ་གཉིས་སྒྲོལ་བའི་སྐུ་གསུམ་གྱི་བདག་ཉིད་རིགས་ཐམས་ཅད་ཀྱི་ཁྱབ་བདག་དེ་ངེས་དོན་གྱི་རྡོ་རྗེ་འཇིགས་བྱེད་དང༌། ཞེས་གསུངས་པས། གནད་འདི་ལེགས་པར་གོ་ན་ཕྱི་ནང་གསང་བའི་གཤིན་རྗེ་འཇོམས་ཚུལ་ཐ་དད་པའི་ཁྱད་པར་རྣམས་ཀྱང་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །རྟ་མཆོག་དབང་ཞེས་རྟ་མགྲིན་ནི། རྒྱུད་སྡེ་སྤྱི་རྣམ་ལས། དཔལ་རྟ་མགྲིན་གྱི་རྟོག་པ་བདུན་ཅུ་པ་ལ་སོགས་པའི་རྒྱུད་ཆེན་པོ་རྣམས་བོད་དུ་མ་འགྱུར། ཧ་ཡ་གྲཱྀ་བའི་གཟུངས་ཞེས་བྱ་བ་ཁོལ་དུ་ཕྱུང་བ་ཞིག་འགྱུར་རོ། །ཞེས་བྱ་རྒྱུད་པདྨའི་རིགས་ཀྱི་ཁྲོ་བོར་བསྡུས་ཏེ་གསུངས་པའི་གཟུངས་དེ་ཙམ་ལས་སྒོས་རྒྱུད་རྩོད་མེད་བོད་དུ་མ་འགྱུར་ལ། རྩོད་པ་ཅན་མང་ཞིང་བླ་མེད་ཀྱིའང་དཀྱིལ་འཁོར་སོ་སོའི་ཁྲོ་བཅུའི་གྲངས་ལྟ་བུར་བཤད་པ་མང་ངོ༌། །འོན་ཀྱང་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པའི་གསང་དོན་རྣམ་པར་འགོད་པ་དྲུག་གི་གྲངས་སུ་རྟ་མཆོག་རོལ་པའི་ལམ་སྒོམ་ཚུལ་བླ་མེད་ལྟར་གསུངས་པས། དེ་ལྟ་བུའི་སྒོས་རྒྱུད་དང་རིམ་གཉིས་བླ་མེད་ཀྱི་ལུགས་ཇི་ལྟ་བའང་ཡོད་པར་མངོན་ནོ། །མཁའ་འགྲོ་རྒྱ་མཚོ་ནི་ཁ་ཅིག་བདེ་མཆོག་གི་བཤད་རྒྱུད་དུ་འདོད་


GTD006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། དོན་ཕྱོགས་མཐུན་གྱི་རྒྱུད་ཡིན་ལ། དེའི་འགྲེལ་པ་པདྨ་རྡོ་རྗེས་མཛད་པར་སྒྲོན་གསལ་བཞིན་དུ་གླེང་གཞིའི་ཡི་གེ་རེ་རེ་ནས་བཤད་ཅིང༌། ཁྱད་པར་ཨེ་ཝཾ་ལ་བཤད་པ་མི་འདྲ་བ་མང་དུ་བྱས་སྣང་ནའང་དོན་གྱི་གནད་སྔར་བཤད་པ་དང་འདྲའོ། །སངས་རྒྱས་མཉམ་སྦྱོར་གྱི་གླེང་གཞིར། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བདེ་བ་ཆེན་པོའི་ངོ་བོ་རྡོར་སེམས་དེ་ཉིད་གསང་བ་ཆོས་ཀྱི་དབྱིངས་སུ་བཞུགས་པར་གསུངས་པས་རྒྱུད་དོན་མཐར་ཐུག་ཐོག་མ་ནས་གསལ་བར་བསྟན་པ་ཡིན་ཏེ། སློབ་དཔོན་བརྒྱ་བྱིན་སྡོང་པོས་མཛད་པའི་འགྲེལ་པ་ལས། འདིར་ནི་གཉིས་སུ་མེད་པའི་སྒོ་ནས་སངས་རྒྱས་རིགས་དྲུག་གི་མཚན་གྱི་དོན་གྱིས་གླེང་གཞི་བསྟན་ཏེ། དེ་ཉིད་ནི་བརྗོད་པར་བྱ་བའི་དོན་དུ་གནས་སོ། །ཞེས་རྒྱུད་དོན་མཐར་ཐུག་གླེང་གཞིར་བསྟན་པའི་གཉིས་མེད་ཀྱི་ཡེ་ཤེས་དེར་འདུས་པར་གསུངས་སོ། །དེར་མ་ཟད་སྤྱོད་བསྡུས་ཀྱི་ལེའུ་དགུ་པ་ལས། ང་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་འཇུག་པར་བྱའོ། །ཞེས་གླེང་གཞི་ནས་བརྩམས་ཏེ་དྲངས་ཤིང༌། འདི་ལ་རྩ་བའི་མདོའི་མིང་གིས་བཏགས་ཏེ་བཤད་གཞིར་མཛད་པས་བདེ་ཆེན་འདྲེན་པའི་ཐབས་ཀྱི་ཁྱད་པར་སྟོན་པ་ལ་འདི་ཉིད་ཤིན་ཏུ་གསལ་ལོ། །གཞན་ཡང་འདི་སྐད་དང་དེ་ནས་སོགས་ཀྱིས་ཐོག་དྲངས་པ་ཕ་རྒྱུད་མ་རྒྱུད་


GTD006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་ཡོད་ཅིང༌། གསང་བ་མཆོག་གི་ཞེས་སོགས་མ་རྒྱུད་ཀྱི་རང་སྐད་ལྟ་བུ་ཡིན་ལ། དེའང་བསྐྱེད་རིམ་ལ་སྦྱར་ཏེ་འབྱུང་བ་རིམ་བརྩེགས་སོགས་བཤད་པའི་ངེས་དོན་རྫོགས་རིམ་ལ་སྦྱོར་ཚུལ་ནི། མངོན་བརྗོད་ལས། ཐམས་ཅད་བདག་ཉིད་རྟག་བཞུགས་པར། །གང་ཞིག་སྔར་ནས་བཤད་པ་ཉིད། །དཀྱིལ་འཁོར་ལུས་ནི་ཡིན་པར་བཤད། །དེ་ནི་སྒོ་དགུ་དག་ཏུ་འགྱུར། །ཞེས་གང་ལ་གནད་དུ་བསྣུན་པས་ལྷན་སྐྱེས་འཆར་བའི་གཞི་བུ་གའི་སྒོ་དགུ་ཅན་གྱི་རྡོ་རྗེའི་ལུས་སྤྱི་དང་བྱེ་བྲག་གནས་སོ་སོའི་རྩ་འཁོར་རྣམས་སྟོན་པས་ན། དེར་གནད་དུ་བསྣུན་པ་ལས་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མཐར་ཐུག་པ་དེ། སྐབས་དེ་དང་དེའི་ངེས་དོན་གྱི་ལྷའི་གཙོ་བོ་དཀྱིལ་འཁོར་གྱི་བདག་པོ་ཉིད་དུ་འགྲུབ་པ་ཀུན་ལ་འདྲའོ། །ཡུམ་ཆེན་མོ་དང༌། ཕྱག་ཆེན། ཤིན་ཏུ་རྣལ་འབྱོར། དབུ་མ་ཆེན་མོ། རང་བྱུང་ཡེ་ཤེས། རྡོ་རྗེ་སེམས་དཔའ། རྡོ་རྗེ་འཆང་སོགས་ནི་མདོ་རྒྱུད་མཐའ་དག་ལས་ངེས་དོན་མཐར་ཐུག་གི་ཡེ་ཤེས་དངོས་དང་རྗེས་མཐུན་ཅི་རིགས་ཀྱིས་བསྟན་པའི་དོན་བསྡུས་པ་ཙམ་ལས། རྒྱུད་བྱེ་བྲག་པ་རེ་རེ་དང་སྦྱར་བ་མིན་ནམ་སྙམ་སྟེ། ཡུལ་དང་ཡུལ་ཅན་གྱི་དོན་དམ་ལ་རྒྱལ་བའི་ཡུམ་གྱི་ཐ་སྙད་ཤེར་མདོ་ལས་སྦྱར་བའང་འདི་ལ་འཁྲིད་པའི་ཕྱིར་ཡིན་པ་ནི། གསང་བ་གྲུབ་པ་ལས། ཕྱག་རྒྱ་ཆེན་པོ་མཆོག་ཏུ་དགེ །ཞེས་པ་ནས། ཤེས་རབ་ཕ་རོལ་ཕྱིན་པ་གནས། །ཞེས་སོགས་ཀྱིས་ཤེས་ཤིང༌། དེ་ལ་ཕྱག་རྒྱ་ཆེན་མོའི་ཐ་སྙད་དུས་འཁོར་ལས་ཀྱང་


GTD006_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་ལ་སོགས་པའི་ཐ་སྙད་ཀྱང་རྒྱུད་དང་གྲུབ་ཆེན་དུ་མས་གསུངས་སོ། །དབུ་མར་འཇོག་པའང་ཡུལ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུས་ཡིན་པར་མ་ཟད། ཡུལ་ཅན་ཡེ་ཤེས་ཀྱང་རང་རྐྱང་གི་རྒྱུ་བ་དྷཱུུ་ཏཱིར་ཚུད་པའི་ཆ་ནས་གཉིས་སྤངས་དབུ་མའི་ལམ་དུ་བཤད་དོ། །གལ་ཏེ་ཕྱག་ཆེན་ཞེས་པ་ཕྱག་ཆེན་ཐིག་ལེ་ལ་བྱེད་ན། དེར། བཅོམ་ལྡན་མཁའ་འགྲོ་ཡེ་ཤེས་ཉི། །གསང་པད་སྙིང་པོའི་ཁ་འབྱེད་པ། །གསང་པད་ལྟེ་བའི་ནང་ན་བཞུགས། །ཞེས་གསུངས་ཏེ། གསང་བ་མཆོག་གིས་དགྱེས་པ་སོགས་དང་ཕྱོགས་འདྲའོ། །རང་བྱུང་ཡེ་ཤེས་ནི་གོང་དུ་བཤད་པ་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་བྱེད་པ་རྗེ་བཙུན་བླ་མ་འདི་ཉིད་ཀྱི་གསུང་གཞན་ལས་ཀྱང༌། སྣང་སེམས་དབྱེར་མེད་བདེ་ཆེན་ལྷན་ཅིག་སྐྱེས། །ཞེས་སོགས་མང་དུ་འབྱུང་ངོ༌། །རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་འཆང་གཉིས་རྒྱུད་གང་གི་སྐབས་སུའང་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོ་དང་མཚན་གྱི་རྣམ་གྲངས་སུ་འབྱུང་སྟེ། བརྟག་གཉིས་ལས། རྡོ་རྗེ་མི་ཕྱེད་ཅེས་བྱ་བ། །སེམས་དཔའ་སྲིད་པ་གསུམ་གཅིག་བརྗོད། །ཅེས་གསུངས་ཤིང༌། ཧེ་བཛྲ་ཀྱི་དོན་ཡང་དེ་དང་གཅིག་པར་རྣམ་བཤད་ལས་གསུངས་པ་རྒྱུད་གཞན་ལའང་འདྲ་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཞེས་སོགས་དེ་འདྲ་བ་ཤིན་ཏུ་མང་ངོ༌། །བདེ་སྟོང་ཡེ་ཤེས་དེ་ཉིད་དཀོན་མཆོག་གསུམ་དུ་གསུངས་པའང་མཚན་བརྗོད་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་དང༌། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །


GTD006_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཕྱག་རྒྱའི་པདྨ་ལ་བརྟེན་ནས་རླུང་དང་ཡེ་ཤེས་རྡོ་རྗེ་སྐྱིལ་ཀྲུང་སྟེ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་བསྐྱེད་པ་ལ་སངས་རྒྱས་སུ་བཤད་པ་མང་ཞིང༌། ཆོས་ནི་སྔགས་ཀྱི་ལམ་འབྲས་གང་བཤད་ཐམས་ཅད་ལ་རྡོ་རྗེའི་སྒྲ་སྦྱར་བ་ཉིད་དེ་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་སུ་འདི་བ་སྟོན་ཆེད་ཡིན་ཏེ། དགེ་འདུན་ཡང་དེ་དང་འདྲའོ། །དེར་མ་ཟད་རྡོ་རྗེ་ཕྲེང་བར། དྲི་མེད་སེམས་ནི་སངས་རྒྱས་ཉིད། །ཆོས་ནི་ངག་ཏུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །ཞེས་སྐུ་གསུང་ཐུགས་ལ་དེ་གསུམ་ཚང་བའང་ཡེ་ཤེས་འདི་ཉིད་ཀྱི་མཐུ་ཡིན་པས་རྡོ་རྗེ་གསུམ་དུ་བཤད་དོ། །དེར་མ་ཟད། སངས་རྒྱས་ཆོས་དང་དགེ་འདུན་ལྷ། །སྔགས་རྒྱུད་དཀྱིལ་འཁོར་ཕྱག་རྒྱ་དང༌། །དངོས་གྲུབ་ཐམས་ཅད་འདུས་པ་ཡི། །བླ་མའི་རྣལ་འབྱོར་གཅིག་ཉིད་དུ། །ཞེས་བླ་མ་ལྷའི་རྣལ་འབྱོར་ཟབ་མོ་འདིར་ཡི་དམ་གྱི་ལྷ་ཚོགས། གསང་སྔགས། རིག་སྔགས་སོགས་ཀྱི་བཟླས་བརྗོད་དང་དཀའ་ཐུབ་སྦྱིན་སྲེག་ལ་སོགས་པ་རྒྱུད་སྡེ་ཟབ་མོ་རྣམས་ཀྱིས་གཙོ་བྱས། གཞུང་ལུགས་དང་གྲུབ་མཐའ་རབ་འབྱམས་གྲངས་མེད་གསུམ་གྱི་ཚོགས་དང་ས་བཅུ་སོགས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ། དེ་དག་གི་བསྒྲུབ་བྱའི་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འདུས་པར་གསུངས་པ་ནི་ཆེ་བ་བརྗོད་པ་ཙམ་མ་ཡིན་པར་རྒྱུད་ཀྱི་དགོངས་པ་འཁྲུལ་མེད་ཡིན་ཏེ། ཀུན་སྤྱོད་ལས། གང་ཞིག་ས་ལ་གནས་རྣམས་དང༌། །བསྟན་བཅོས་དག་ནི་མ་ལུས་དང༌། །རིག་བྱེད་གྲུབ་མཐའ་གནས་པ་རྣམས། །འཇིག་རྟེན་འདི་དང་གཞན་དག་ཏུ། །དེ་མེད་པར་ནི་འགྲུབ་མི་འགྱུར། །རིག་བྱེད་


GTD006_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་མཐའ་རྣམས་ལ། །འདི་ནི་སྙིང་པོར་རབ་ཏུ་བཤད། །ཅེས་དང༌། བརྟག་གཉིས་ལས། དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་གསུངས་ལ། དེའི་དོན་མཁས་གྲུབ་རྗེའི་རྣམ་བཤད་ལས། ལྷན་སྐྱེས་དེ་ནི་ཡིད་སྐྱོབ་པས་ངེས་དོན་གྱི་སྔགས་བཟླས་པ་དང༌། ཞེས་སོགས་གསུངས་ཤིང༌། སམྦུ་ཊ་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་གྲངས་མེད་གསུམ་གྱི་ཚོགས་ཀྱང་ཡེ་ཤེས་དེ་ཉིད་དུ་འདུ་བར་གསུངས་པ་དང༌། ཀུན་སྤྱོད་ཀྱི་དོན་རྫོགས་རིམ་དངོས་གྲུབ་སྙེ་མ་ལས་ས་ལ་གནས་པ་ནི་ས་བཅུ་ལ་གནས་པ་དང༌། བསྟན་བཅོས་ནི་རྒྱུད་སྡེ་རྣམས་དང༌། རིག་བྱེད་ནི་ཕྱི་པའི་བསྟན་བཅོས་དང༌། གྲུབ་མཐའ་ནི་ཉན་ཐོས་པའི་གྲུབ་མཐའ་ལ་ཏ་ཐཱ་ག་ཏ་རཀྵི་ཏས་བཤད་དེ། ཕྱི་ནང་གི་གཞུང་ལས་བཤད་པའི་དངོས་གྲུབ་ཐམས་ཅད་ལམ་མདོར་བསྡུས་པ་འདི་ཉིད་ཀྱིས་འགྲུབ་པའི་དོན་ནོ། །ཞེས་དང༌། ལམ་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་གང་འགྲུབ་ཐམས་ཅད་ལམ་འདིར་མ་ཚང་བ་མེད་པ་དང༌། རིང་པོར་མི་ཐོགས་པ། ལམ་བདེ་བས་འགྲུབ་པའི་ཚུལ་གྱི་བྱེད་ལས་ཀྱི་སྒོ་ནས་འདིར་འདུས་པའོ། །ཞེས་ཤིན་ཏུ་གསལ་བར་བཀའ་སྩལ་ཏོ། །ཁ་ཅིག་འདི་སྙམ་དུ། ལུང་དེ་དག་བདེ་སྟོང་ཡེ་ཤེས་ཀྱི་བྱེད་པར་ཐམས་ཅད་འདུ་


GTD006_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ཡིན་གྱི་ལྷའི་རྣལ་འབྱོར་གྱི་བྱེད་པར་འདུ་བའི་དོན་མིན་ནོ་ཟེར་བ་ནི། ལོག་པར་རྟོག་པ་ཆེན་པོ་ཡིན་ཏེ། བདེ་ཆེན་གྱི་ཡེ་ཤེས་གཅིག་པུ་དེས་ངེས་པ་སྟོང་ཉིད་ལ་དྲངས་ཤིང༌། གཟུང་རྣམ་ལྷ་སྐུར་འཆར་བ་དང༌། མདོར་ན་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུར་འཆར་བའི་ཚུལ་བློས་མ་ལྕིག་པར། ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་པ་ལྟར་གྱི་ཐུན་མོང་མ་ཡིན་པའི་ཐབས་ཤེས་གཉིས་ངོ་བོ་སོ་སོར་འཁྲུལ་པ་ཡིན་པས། དེ་ལྟར་ན་དེའི་བྱེད་པར་ཚོགས་གཉིས་མཐའ་དག་འདུ་དགོས་པའི་རྒྱུ་མཚན་མཐར་ཐུག་སྟོར་བར་འགྱུར་ཞིང༌། ལྷའི་རྣལ་འབྱོར་དེ་ཉིད་སྲིད་པའི་རྩ་བ་གཅོད་བྱེད་དུ་འགྲོ་བའི་རྒྱུ་མཚན་སྒྲུབ་ཐབས་ཀུན་བཟང་ལས་གསལ་བར་གསུངས་པ་སོགས་དུ་མ་དང་འགལ་བར་འགྱུར་བའི་ཚུལ་བརྗོད་པར་བྱ་བ་མང་ཡང་ཡི་གེས་འཇིགས་པས་མ་བྲིས་ཏེ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་སོགས་སུ་བལྟ་བར་བྱའོ། །དེ་ལྟར་རྒྱུད་སྡེ་མཐའ་དག་གི་ཟབ་གནད་བསྡུས་པའི་ཉམས་ལེན་གྱི་སྙིང་པོ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབྱུང་བའི་སྒོ་གཅིག་པུར་གྱུར་པའི་ཚུལ་ངེས་པ་བརྟན་པོ་རྙེད་པར་བྱས་ནས་གཡམ་ལ་རྒྱུག་ཙམ་མ་ཡིན་པར་ཉམས་ལེན་གནད་དུ་ཁེལ་བ་བྱ་དགོས་སོ། །གཉིས་པ་རྒྱུད་སྡེའི་ཁུངས་དང་སྦྲགས་པ་ལ། མ་ཎི་པདྨེ་ཞེས་པ་ཐབས་ཤེས་ཟུང་འཇུག་ཏུ་གྲུབ་ཚུལ་གྱི་སྒོ་ནས་མདོར་བསྟན་པ། སོ་སོར་ཕྱེ་སྟེ་མ་ཎི་ཞེས་པ་ཐབས་ཀྱི་དོན་དང་པདྨེ་ཞེས་པ་ཤེས་རབ་ཀྱི་དོན་དུ་སྒྲུབ་པ་གཉིས། དང་པོ་ནི། མ་ཎི་ཞེས་པ་ནོར་བུ་སྟེ། །དེ་ཡང་འགྱུར་མེད་དོན་


GTD006_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི། །བདེ་བ་ཆེན་པོ་མཁའ་ཁྱབ་སྟེ། །སངས་རྒྱས་ཉིད་དོ་དེ་བཞུགས་གནས། །སྟོང་གཞི་ཆོས་ཉིད་ཟམ་ཏོག་ཏུ། །བཞུགས་པ་དེ་ཉིད་པདྨ་ལའོ། །མེ་ཞེས་པདྨ་ལ་ཞེས་དོན། །དེ་རྣམས་སངས་རྒྱས་ཟམ་ཏོག་ཏུ། །བཞུགས་པའི་དོན་ཡིན་ཟ་མ་ཏོག །བཀོད་པའི་དོན་ཡང་དེ་ཉིད་དོ། །ཨེ་ལ་ཝཾ་དང་ཨ་ལ་ཧཾ། །ཤེས་རབ་ཐབས་དང་སྟོང་ལ་བདེ། །སྟོང་ལ་སྙིང་རྗེ་ཨ་ཀཱ་ལི། །རྡོ་རྗེ་ཉི་མ་རྡོ་རྗེ་ཟླར། །པད་ལ་རྡོ་རྗེ་གྲུ་གསུམ་ཐིག །རྟེན་ལ་བརྟེན་པ་བཞུགས་སོགས་དོན། །ཡིན་ཕྱིར་གཤིས་ལུགས་ཟབ་མོ་ཡི། །ཡབ་ཡུམ་ལྷ་དང་ཐབས་ཤེས་རབ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་ཀུན། །འདུས་པ་མ་ཎི་པདྨེ་སྟེ། །ཞེས་བྱུང༌། འདི་དག་གི་དོན་རྗེ་བཙུན་ཆོས་ཀྱི་ཉི་མའི་གསུང་ལས། མ་ཎི་པདྨེའི་ངེས་དོན་ནི། །ནོར་བུ་སྙིང་རྗེ་བདེ་ཆེན་ཐབས། །པདྨ་སྟོང་ཆེན་ཤེས་རབ་ལ། །བཞུགས་པའི་དོན་དུ་འདོམས་མཛད་པ། །ཞེས་དང༌། ཝཾ་ཡིག་ཨེ་ལ་བཞུགས་པ་དང༌། །ཧཾ་ཡིག་ཨ་ལ་བཞུགས་པ་ལྟར། །ནོར་བུ་པདྨ་ལ་བཞུགས་པ། །སྤྱན་རས་གཟིགས་སུ་འདོམས་མཛད་པ། །ཞེས་དང༌། ཐབས་དང་ཤེས་རབ་དབྱེར་མེད་ཅིང༌། །བདེ་ཆེན་སྟོང་ཆེན་དབྱེར་མེད་ལ། །སྙིང་རྗེ་སྟོང་ཉིད་དབྱེར་མེད་པ། །ནོར་བུ་པདྨར་འདོམས་མཛད་པ། །ཞེས་དང༌། ལྷ་དང་དཀྱིལ་འཁོར་དབྱེར་མེད་ཅིང༌། །རྟེན་དང་བརྟེན་པ་དབྱེར་མེད་ལ། །གཙོ་བོ་གཙོ་མོ་དབྱེར་མེད་པ། །ནོར་བུ་པདྨར་འདོམས་མཛད་པ། །ཞེས་སོགས་དང༌། གཞན་ཡང་མཚན་བརྗོད་ཀྱི་ལུང་ཅི་རིགས་དང་སྦྲགས་ཏེ་མང་དུ་གསུངས་སོ། །དེ་དག་གི་དོན་དང་ཤེས་བྱེད་ཀྱི་ཁུངས་ནི་སྔར་སྨོས་པ་རྣམས་ཀྱང་ཡིན་ལ། འོག་ཏུ་སོ་སོར་ཕྱེ་སྟེ་བསྒྲུབ་པའི་སྐབས་སུའང་


GTD006_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པར་འགྱུར་བས། འདིར་དངོས་ཟིན་ཙམ་ནི། ཐབས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མ་ཎིའི་ངེས་དོན་དང༌། དེ་གང་ལ་བརྟེན་པའི་གཞི་ཤེས་རབ་སྟོང་པ་ཉིད་ནི་པདྨའི་ངེས་དོན་ཏེ། མེའི་འགྲེང་བུར་འགྲོ་རྒྱུའི་ཨེ་ཡིག་གིས་བདེ་ཆེན་ཝཾ་གྱི་བདག་ཉིད་དེ་འདི་ལ་བཞུགས་པར་བསྟན་པ་སྟེ། ཟ་མ་ཏོག་བཀོད་པ་ཞེས་པ་དང་དོན་འདྲ་བར་གསུངས། ཟ་མ་ཏོག་བཀོད་པ་ཉིད་དུའང་སྐབས་ལ་ལར་དཀོན་མཆོག་གི་རྒྱལ་པོ་སྣོད་བཀོད་པ་ཞེས་ཀྱང་འབྱུང་བས་རྟེན་དང་བརྟེན་པ་དབྱེར་མེད་ཀྱི་དོན་དུའང་འགྲོའོ། །སྐབས་གཞན་དུ་མ་ཎི་པདྨ་ཞེས་སྤྱན་རས་གཟིགས་ཀྱི་མཚན་ནས་བཟུང་སྟེ། འགྲེང་བུར་འགྲོ་རྒྱུའི་ཨེ་ནི་ཀྱཻ་ཞེས་བརྒྱད་པ་བོད་པའི་སྒྲ་དང༌། ཧཱུཾ་ཐུགས་ཀྱི་ས་བོན་ཡིན་པས་ཐུགས་རྒྱུད་བསྐུལ་ཏེ། ཨོཾ་ཡིག་སོ་སོར་ཕྲལ་བའི་ཨ་ཨུ་མ་གསུམ་གྱི་མཚོན་དོན་སྐུ་གསུང་ཐུགས་གསུམ་གྱི་དངོས་གྲུབ་སྩོལ་ཞེས་པའི་དོན་ཡིན་པར་བླ་མ་རྣམས་གསུངས་ཏེ། རྡོ་རྗེའི་ཚིག་རེ་རེ་ལའང་དགོངས་པ་འགྲེལ་ཚུལ་མང་དུ་འབྱུང་བས་མི་འགལ་ལོ། །ཨེ་ལ་ཝཾ་དང་ཞེས་སོགས་དོན་རྣམ་གྲངས་ཡིན་ཀྱང་ཚིག་གི་ནུས་པ་འདོན་ཚུལ་གྱི་ཁྱད་པར་ཅུང་ཟད་རེ་ཡོད་དེ། ཨེ་ཡིག་ཟུར་གསུམ་པའི་མཚོན་དོན་ཡུལ་ཡུལ་ཅན་གྱི་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཤེས་རབ་དབྱིངས་ཀྱི་ངོ་བོར་ཝཾ་གྱི་མཚོན་དོན་ལྷ་སྐུ་ཐབས་ཀྱི་རྣམ་པ་བཞུགས་པ་དང༌། དགག་བྱ་བཅད་ཙམ་གྱི་སྟོང་པ་ཨའི་རང་བཞིན་ལ་ཧཾ་ཡིག་དབུ་མར་ཞུ་བའི་བདེ་ཆེན་ནམ་ཐུན་མོང་མ་ཡིན་པའི་སྙིང་རྗེ་བཞུགས་པའམ། ཨའི་ངོ་བོ་ལྟེ་བའི་གཏུམ་མོའི་རང་བཞིན་རྣལ་འབྱོར་མ་ལ་སྤྱི་བོའི་ཧཾ་གི་བདག་ཉིད་


GTD006_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་བཞུགས་པའི་དོན་ནོ། །ཨ་ཀཱ་ལི་ཞེས་སོགས་དབྱངས་གསལ་རྣམས་ཀྱང་ཐབས་ཤེས་སུ་འདུ་ཚུལ་དང༌། དེའི་རྒྱུ་མཚན་གྱིས་ཟླ་ཉིའི་སྒྲས་བསྟན་ཚུལ་སོགས་གསུངས་པ་ཡིན་པས། དོན་འདི་ལ་དགོངས་ནས་རྗེ་བཙུན་དམ་པ་ཉིད་ཀྱིས་སོག་ཡིག་གསར་པ་རང་བྱུང་སྣང་བ་ཞེས་བྱ་བ་མཛད་པའི་ཚེའང་ཡུལ་སྐད་ཀྱི་དབང་གིས་དབྲི་བསྣན་ཅུང་ཟད་ཙམ་མ་གཏོགས་དབྱངས་གསལ་གཉིས་སུ་བསྡུས་ཤིང༌། ཡི་གེའི་རྣམ་པའང་ཇི་སྐད་དུ་སྐུ་གསུང་ཐུགས་ཀྱི་རྒྱུད་ལས། སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང༌། །ཤིན་ཏུ་གསང་ཞིང་དཔྱད་པར་དཀའ། །ཡི་གེའི་ཚུལ་གྱིས་རྒྱས་བཏབ་པའོ། །ཞེས་གསུངས་པ་བཞིན། ཡིག་གཟུགས་ཐམས་ཅད་སྟོད་གྲུ་གསུམ་ཨེའི་རྣམ་པ་ལ་ཁོག་པ་ཟླུམ་པོར་ཡོད་པས། ཕྱི་དབྱིབས་ཕལ་ཆེར་བསྒྲུབས་པའི་ཨེ་ཝཾ་གྱི་གཟུགས་ལྟ་བུར་ཡོད་པ་ཤིན་ཏུ་ངོ་མཚར་ཅན་ཏེ། མཚན་ལའང་རང་བྱུང་སྣང་བ་ཞེས་བཏགས་པ་ནི། རང་བྱུང་ལྷན་ཅིག་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་མཚོན་ཞིང་གསལ་བར་བྱེད་པའི་དོན་ནོ། །ཁྱད་པར་དུ་དབུར་ཟླ་ཉི་གཉིས་དང་ནཱ་ད། དེའི་འོག་ཏུ་གྲུ་གསུམ་གཉིས་ཀྱི་བར་དུ་དགའ་འཁྱིལ་སོགས་བྲིས་པའང་དོན་འདི་དག་གི་མཚོན་བྱེད་ཡིན་ཏེ། དེའང་ཡས་རིམ་ནས་བཤད་ན། ནཱ་ད་ནི་ཤིན་ཏུ་ཕྲ་བ་གཉུག་མའི་ལུས་སེམས་ཏེ་སྔགས་ཀྱི་བསྒྲུབ་གཞི་མཐར་ཐུག་གོ །ཉི་ཟླ་ནི་དབང་མདོར་བསྟན་ལས། ཉི་ཟླ་གཅིག་ཏུ་དག་པར་བྱེད། །ཅེས་པ་ལྟར་ཉི་ཟླའི་མཚོན་དོན་རོ་རྐྱང་གཉིས་སུ་སྲོག་འཛིན་དང་ཐུར་སེལ་གྱི་རླུང་འབབ་པ་དབུ་མར་གཅིག་ཏུ་ཞུགས་པ་དང༌། དེའི་མཐུས། སྤྱི་བོ་ལྟེ་བར་


GTD006_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སོན་འཁོར་ལོ། །ཞེས་སོགས་གོང་དུ་དྲངས་པ་ལྟར། སྟེང་འོག་གི་རྩ་འཁོར་གྲུ་གསུམ་གཉིས། བར་གྱི་ཟླུམ་པོ་གཉིས་སོ་སོར་ཁ་སྦྱོར་ལྟ་བུར་ཡོད་པ་ལ་གནད་དུ་བསྣུན་པས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་མཚོན་ཏེ། དགའ་འཁྱིལ་གྱི་ཕྱེད་ཀ་གཉིས་ཀྱིས་རྩ་འཁོར་ཟླུམ་པོ་གཉིས་མཚོན་ནོ། །ཡང་དགའ་འཁྱིལ་གྱི་ཕྱོགས་གཅིག་སྟེང་ངོས་ནས་མར་ཇེ་སྦོམ་དུ་འགྲོ་ཞིང༌། གཅིག་ཤོས་འོག་ཕྱོགས་ནས་བརྩམས་ཏེ་ཡར་ཇེ་སྦོམ་དུ་འགྲོ་བས་ཡས་བབས་ལ་འོག་མ་འོག་མའི་དགའ་བ་ཁྱད་པར་དུ་འཕགས་པ་དང༌། མས་བརྟན་ལ་སྟེང་དུ་རིམ་པས་ལྷག་པར་འགྲོ་བ་མཚོན་ཏེ། དགའ་བ་འཁྱིལ་བ་ཞེས་པའི་མིང་དོན་ལའང་སྦྱོར་བཞེད་པ་ཡིན་ནམ་སྙམ་མོ། །དེ་ལྟར་བར་གྱི་དགའ་འཁྱིལ་བདེ་བ་ལ་སྦྱར་ན་སྟེང་འོག་གི་གྲུ་གསུམ་གཉིས་ཀ་སྟོང་པར་སྦྱོར་ཏེ། ཀྱཻ་རྡོར་གྱི་རྒྱུད་ཐམས་ཅད་ཨ་གཉིས་ཀྱི་བར་དུ་ཆུད་ཚུལ་སྔར་བཤད་པ་ལྟར། བདེ་བ་དེའང་བདེ་བར་རང་དགའ་བ་མ་ཡིན་པར་ཐོག་མཐའ་ཀུན་ཏུ་སྟོང་ཉིད་ཀྱི་ངེས་པས་རྒྱས་བཏབ་པ་དགོས་པའི་དོན་དུ་བྱའོ། །ཡང་མས་རིམ་ནས་བཤད་ན། ཆོས་འབྱུང་དགའ་འཁྱིལ་སོགས་ཕལ་ཆེར་འདྲ་ཞིང༌། དགའ་བ་འཁྱིལ་ཚུལ་ཁམས་དམར་པོ་གཙུག་ཏོར་ནས་དྲངས་ཏེ་ནོར་བུའི་རྩེར་གཡོ་བ་དང་བྲལ་བར་བྱས་ཤིང༌། དཀར་པོ་ནོར་བུའི་རྩེ་ནས་གཙུག་ཏོར་བར་དུ་དྲངས་པ་ལས། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ལྟར། ཕྱི་ནང་གི་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་འཕེལ་ཟད་ཀྱི་ཆ་སྒྲིབ་བྲལ་དུ་གྱུར་པ་ལས་དག་པའི་སྐུ་གསུམ་ཐོབ་


GTD006_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཚོན་ནོ། །མཇུག་གི་ནོར་བུ་དང་པདྨའང་བསྔོ་བ་སོགས་ལ་སྦྱར་བ་མི་རུང་བ་མེད་ཀྱང༌། གཙོ་བོར་གྱུར་པ་ནི་ནོར་བུ་པདྨའི་ངེས་དོན་ཨེ་ཝཾ་བདེ་སྟོང་དབྱེར་མེད་ཉིད་དུ་ཡང་ཡང་བསྒྲུབས་ཏེ། ཡི་གེ་འདིའི་སྟེང་ནས་ཐོས་བསམ་སྒོམ་གསུམ་བྱེད་པ་ཐམས་ཅད་ཀྱང་དེའི་ཡན་ལག་ཏུ་འཁྱེར་ཤེས་པ་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་མ་ཎི་པདྨ་ཉིད་ཀྱི་བཀའ་རྟགས་ཕྱག་རྒྱས་བཏབ་པ་ཡིན་ནོ། །ཡི་གེ་སོ་སོའི་དོན་ལ་རྒྱ་གར་གྱི་དབྱངས་གསལ་དངོས་གཞིའི་བཤད་པ་རྒྱུད་དུ་མར་འབྱུང་ཡང་འདིར་ཇི་ལྟ་བ་བཞིན་མི་འབྱོར་ཞིང༌། གཞན་གྱི་ཁུངས་རིགས་པས་སྦྱར་རུང་ཙམ་སྣང་ནའང་གྱ་ཚོམ་དུ་བྲི་བར་མ་སྤོབས་སོ། །ཁ་ཅིག །དེ་ཡང་འགྱུར་མེད་དོན་དམ་པའི། །བདེ་བ་ཆེན་པོ་མཁའ་ཁྱབ་སྟེ། །སངས་རྒྱས་ཉིད་དོ་ཞེས་པའི་ཚིག་ཟིན་ཙམ་ལ་བརྟེན་ནས་གཞུང་འདིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མ་བསྒོམ་ཡང་རང་ཆས་སུ་ཡོད་པའི་ངེས་དོན་གྱི་བདེ་བ་ཆེན་པོ་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་བདག་ཉིད་རྟག་བརྟན་ཐེར་ཟུག་འདུ་མ་བྱས་པའི་ཡེ་ཤེས་ཤིག་གིས་ཁྱབ་ནས་ཡོད་པའི་དོན་དུ་འདོད་པ་མི་འཐད་དེ། འདིར་བདེ་ཆེན་གྱིས་ཀུན་ལ་ཁྱབ་པར་གསུངས་པ་དང༌། བརྟག་གཉིས་ཀྱི་ལེའུ་བཅུ་པར། དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ཐམས་ཅད་ཡུལ་ལ་རྣམ་པར་གནས། །ཞེས་སོགས་ཀྱིས་ཁྱབ་ཚུལ་དོན་འདྲ་ལ། ཁྱབ་ཚུལ་དེ་ཉིད་གསལ་བར་སྟོན་པ་ལ། ཁམས་ལེའི་མདོར་བསྡུས་དང་པོ་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །གཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་གཙུབ་སྟན་ལག་པས་བསྲུབ་པ་ལས། །དེ་ལ་


GTD006_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོགས་པ་ཡི། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་དང༌། མགོན་པོ་བདེ་བ་ཆེན་པོའི་གསང་བ་གྲུབ་པ་ལས། རྩྭ་ཤིང་འཁྲིལ་ཤིང་ལ་སོགས་པ། །ཀུན་ཏུ་གནས་པར་གྱུར་ན་ཡང༌། །མི་ནི་ཐབས་དང་བྲལ་བ་ཡིས། །མི་ནི་མཐོང་བར་འགྱུར་མ་ཡིན། །ཐབས་དང་བྲལ་ན་ནམ་དུ་ཡང༌། །ལྷ་རྫས་ཡོན་ཏན་ཀུན་འབྱུང་བ། །གཉུག་མའི་ལུས་ལ་གནས་ན་ཡང༌། །ཤེས་རབ་ཞན་པས་མཐོང་མི་འགྱུར། །ཞེས་ཡེ་ཤེས་དེ་ཉིད་སེམས་ཅན་ཐམས་ཅད་ལ་གནས་ཚུལ་ཤིང་ལ་མེ་གནས་པ་དང་འདྲ་བར་གསུངས་ལ། དེ་ཡང་མེ་དངོས་གནས་པ་ཡིན་ན་ཐམས་ཅད་ཐལ་བར་འགྱུར་བས་འབྱུང་རུང་གི་ས་བོན་ལ་བྱེད་པ་ལྟར། འདིའང་ཡེ་ཤེས་དེ་ཉིད་འབྱུང་རུང་གི་རིགས་དང་ནུས་པ་ལ་བྱེད་པར་བསྟན་ནོ། །ཡང་ན་ཡེ་ཤེས་ཀྱི་ཡུལ་སྟོང་ཉིད་ལ་བྱས་ཏེ། དེས་བརྟན་གཡོ་ཀུན་ལ་ཁྱབ་པའི་དོན་དུ་བྱས་ན། འདིར་མཁའ་ཁྱབ་ཅེས་པ་དང་ཤིན་ཏུ་འགྲིག་པས། དེའི་ཚུལ་ཡང་ཧེ་རུ་ཀ་མངོན་འབྱུང་ལས། གང་དེ་ཐམས་ཅད་བདག་ཉིད་གནས། །དཔའ་བོ་འདི་རྣམས་གསང་ཆེན་པོ། །ཕྱི་དང་ནང་དུ་ཡང་དག་གནས། །ཀུན་ལ་ཁྱབ་ཅིང་རྟག་ཏུ་སྟོང༌། །ཞེས་གསུངས་ཤིང། དེའི་དགོངས་པ་མན་སྙེ་ལས། སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་སྟོང་པ་ཉིད་བཞིན་དུ་དེ་ཁོ་ན་ཉིད་དུ་བརྗོད་ཅིང༌། དེ་ཁོ་ནའང་བྱང་ཆུབ་ཀྱི་སེམས་ཏེ། དེའི་ཕྱིར་དེའང་ཁྱབ་པར་བྱེད་པ་ཁོ་ནའོ། །ཞེས་པའོ། །


GTD006_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཡུལ་གྱིས་ཁྱབ་པ་ལ་ཡུལ་ཅན་གྱིས་ཀྱང་ཁྱབ་པར་བཏགས་ནས་བཤད་ཚུལ་གསལ་བར་གསུངས་སོ། །དེ་དག་གི་གནད་བསྡུས་ཏེ་རྫོགས་རིམ་དངོས་གྲུབ་སྙེ་མ་ལས། དེ་ལྟར་ན་ལྷན་སྐྱེས་ཀྱི་བདེ་བའི་སྟེང་ནས་ཆ་སོ་སོར་ཕྱེ་ནས་སྐབས་སུ་གང་བབས་པའི་ཁྱབ་ཚུལ་རྣམས་སོ་སོར་ཤེས་པར་བྱ་ཡི། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱིས་རྟག་པ་དང་ཁྱབ་པ་ཁས་བླངས་པ་ལྟ་བུ་དོན་འདྲ་བ་ལ་མིང་བཟང་པོར་བསྒྱུར་བའི་ཚུལ་ཁས་བླངས་པར་མི་བྱའོ། །ཞེས་དོན་གྲངས་ཅན་གྱི་རྩ་བའི་རང་བཞིན་སོགས་དང་འདྲ་བ་ལ་མིང་བདེ་བ་ཆེན་པོའི་ཡེ་ཤེས་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་སོགས་སུ་བཏགས་ཏེ་མངོན་པར་མི་གསལ་བའི་ཚུལ་གྱིས་དངོས་གནས་ལ་ཡོད་པར་འདོད་པ་ཤིན་ཏུ་མི་འཐད་པར་གསུངས་སོ། །གཉིས་པ་སོ་སོར་ཕྱེ་སྟེ་བཤད་པ་ལ་གཉིས་ལས། དང་པོ་མ་ཎི་ཞེས་པ་ཐབས་ཀྱི་དོན་དུ་རྣམ་གྲངས་དུ་མས་བཤད་པ་ནི། ཐབས་མཆོག་བདེ་ཆེན་དམིགས་མེད་ཀྱི། །སྙིང་རྗེའི་རྣམ་གྲངས་ནོར་བུ་དང༌། །རིན་ཆེན་ཐིག་ལེ་རྡོ་རྗེ་དང༌། །ཨ་ལི་ཧཾ་ཡིག་ཝཾ་ཡིག་དང༌། །ཧེ་ཡིག་སྡོམ་པ་འདུས་པ་དང༌། །དང་པོའི་སངས་རྒྱས་ལ་སོགས་པ། །ཤིན་ཏུ་མང་གསུང༌། ཞེས་བྱུང༌། དེའང་གཞུང་ཕལ་ཆེར་གྱི་སྤྱི་སྐད་ལ། བདེ་བ་དང་སྟོང་པ་ཞེས་པའི་བདེ་བ་དམིགས་བཅས་དང༌། སྟོང་པ་དམིགས་མེད་ཀྱི་ལྡོག་ཆ་ནས་བཤད་པ་མང་ཡང༌། འདིར་བདེ་ཆེན་དམིགས་མེད་ཅེས་དང༌། འོག་ཏུ་དམིགས་བཅས་ཀྱི་ཤེས་རབ་སྟོང་ཆེན་ཞེས་གོ་ལྡོག་སྟེ་བཤད་པ་ནི་དུས་འཁོར་གྱི་ལུགས་དང་སྒོ་བསྟུན་པ་ཡིན་ཏེ། སྔགས་རིམ་ལས། དེའི་ཕྱིར་རྒྱུད་འདིར་བདེ་བ་ལ་དམིགས་མེད་དུ་གསུངས་


GTD006_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། སྟོང་གཟུགས་དམིགས་བཅས་སུ་གསུངས་ལ། ཞེས་གསུངས་པ་ལྟར་རོ། །འདིར་བཤད་པའི་སྙིང་རྗེའང་བདེ་བ་ཆེན་པོ་ལ་བྱེད་ཀྱི། སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་ཐེག་པ་ཐུན་མོང་བའི་སྙིང་རྗེ་ཙམ་ལ་མི་བྱེད་དེ། མངོན་བརྗོད་ལས། བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། །ཞེས་དང༌། མན་ངག་སྙེ་མ་ལས། ཐབས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འགྲོ་བའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་གསུངས་ཤིང༌། དེ་གཉིས་ཀ་ལ་སྙིང་རྗེའི་སྒྲ་འཇུག་ཚུལ་ཀ་རུ་ཎ་ངེས་ཚིག་གིས་བཤད་ན། བདེ་འགོག་ཅེས་པ་འགྲོ་བའི་སྡུག་བསྔལ་མ་བཟོད་པས་བདེ་བའི་གོ་སྐབས་འགོག་པ་དང༌། མི་འགྱུར་བའི་བདེ་བས་བྱང་སེམས་ཕྱིར་འཛག་པའི་བདེ་བ་འགོག་པ་ལ་བཤད་ཅིང༌། ལྷན་སྐྱེས་ཀྱི་ངོ་བོར་སྡུད་པས་བདེ་བསྡུས་སུའང་གྲུབ་ཆེན་མཚོ་སྐྱེས་ཀྱིས་གསུངས་སོ། །དེར་མ་ཟད་འདིའི་སྙིང་རྗེ་བདེ་ཆེན་ལ་བྱས་ན་ནོར་བུ་དང་དཔེ་སྦྱར་བའང་ཤིན་ཏུ་འགྲིག་གི །ཐུན་མོང་བའི་སྙིང་རྗེ་ཙམ་ལ་དེའི་དོན་མ་ཚང་སྟེ། དེས་ནི་སེམས་ཅན་སྡུག་བསྔལ་དང་བྲལ་ན་དང༌། བྲལ་བར་གྱུར་ཅིག །བྲལ་བར་བྱའོ་སྙམ་དུ་སྒོམ་པར་བྱེད་ཀྱང༌། དངོས་སུ་རང་སྟོབས་ཀྱིས་དེ་ལྟར་བྱེད་མི་ནུས་པས་བསམ་པ་བཟང་བ་ཙམ་ཡིན་ལ། ལྷན་སྐྱེས་ཀྱི་བདེ་བས་རླུང་སེམས་ལ་དབང་བསྒྱུར་བའི་སྟོབས་ཀྱིས་ཡེ་ཤེས་རང་ཉིད་ལྷའི་སྐུ་སོགས་གང་ལ་གང་འཚམ་གྱི་སྣོད་བཅུད་དེ་དང་དེའི་རྣམ་པར་ཤར་ནས་སེམས་ཅན་གྱི་དོན་བྱེད་པས། ཡིད་བཞིན་གྱི་ནོར་བུ་ལྟར་བྱེད་ལས་ཕུན་སུམ་ཚོགས་པའི་མཐུ་


GTD006_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ལ། ཡེ་ཤེས་འདི་ཉིད་མེད་ན་གཞན་དོན་ཉི་ཚེ་བ་ཙམ་འབྱུང་ཡང༌། ས་གསུམ་གྱི་འགྲོ་བ་མ་ལུས་པའི་སྡུག་བསྔལ་དྲུངས་ཕྱུང་སྟེ། ཕན་བདེ་ལ་འགོད་པའི་བྱེད་ལས་ཁྱད་པར་ཅན་གྱི་སྒོ་ནས་རེ་བ་ཚིམ་པར་བྱེད་མི་ནུས་པའི་ཕྱིར། སམྦུ་ཊ་ལས། ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། །ཅེས་དང༌། ས་ར་ཧས། བདེ་བ་གང་གིས་རྣམ་པར་རོལ་པ་ནི། །ཅི་སྟེ་དེ་བསྟེན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །ཞེས་གསུངས་ཏེ། ཐུན་མོང་མ་ཡིན་པའི་སྙིང་རྗེ་འདི་ཉིད་ལ་གཞན་དོན་སྒྲུབ་པའི་ཐབས་དང༌། གཟུགས་སྐུའི་རྒྱུ་ཚོགས་མ་ཚང་བ་མེད་པར་འདུ་བའི་དབང་གིས་གྲངས་མེད་གསུམ་གྱི་ཚོགས་ཚེ་གཅིག་ལ་རྫོགས་པར་སམྦུ་ཊ་ལས་གསུངས་སོ། །སློབ་དཔོན་ཡེ་ཤེས་ཞབས་ཀྱིས་ཀྱང༌། སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །ཞེས་གསུངས་ཏེ། སྒོམ་བདེའི་འཇིགས་བྱེད་རྫོགས་རིམ་ལས། སྒྱུ་མའི་སྐུ་གཉིས་ནི་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་འགྲོ་བ་ཀུན་གྱི་བསམ་པ་རྫོགས་པར་མཛད་པའི་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཚུངས་ཏེ། ལུས་ཅན་ཀུན་གྱིས་དེ་མཐོང་དང༌། །གང་གིས་ཐོས་དང་དྲན་ཙམ་གྱིས། །བསམ་པ་རྫོགས་མཛད་ཟུང་འཇུག་སྐུ། །ཞེས་སྒྱུ་ལུས་ནོར་བུ་དང་འདྲ་བར་གསུངས་པའང་རྒྱུ་མཐུན་འདིའི་སྟོབས་ཡིན་ནོ། །དེ་ཉིད་རྒྱུད་སོ་སོ་ལས་རྣམ་གྲངས་དུ་མའི་སྒོ་ནས་གསུངས་ཚུལ་ནི། དུས་འཁོར་རྩ་རྒྱུད་ལས། བཞུགས་པ་རྡོ་རྗེ་ཅན་ཝཾ་དང༌། །རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ལ་


GTD006_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མིང༌། །སྣ་ཚོགས་ཡུལ་གྱི་ཐ་སྙད་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བརྗོད། །སྣ་ཚོགས་སེམས་ཅན་བསམ་པས་ཀྱང༌། །རྟེན་གྱི་མཚན་ཉིད་གནས་དང་ནི། །བརྟེན་པ་དག་ཀྱང་བདག་གིས་བརྗོད། །ཅེས་སོགས་རྒྱུད་སོ་སོ་ལས་མི་འདྲ་བ་ཇི་སྙེད་ཅིག་འབྱུང་སྟེ་ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། མིང་དུ་མས་དོན་གཅིག་གོ་བར་བྱེད་པ་དཔེས་བསྟན་པ། ཞེས་པ་ནས། ཝཾ་ཡིག་གི་མཚོན་དོན་བདེ་བ་ཆེན་པོ་གོ་བར་བྱེད་པའི་མིང་གི་རྣམ་གྲངས། ཞེས་སོགས་གསུངས་པ་ལྟར་རོ། །ཐིག་ལེའི་མིང་གིས་བསྟན་པ་ཡང༌། །བདེ་ཆེན་དེར་ནི་ཐིག་ལེར་འགྱུར། །ཞེས་སོགས་དང༌། རྡོ་རྗེའི་སྒྲས་བསྟན་པ་རྩ་རྒྱུད་འབུམ་ལྔ་ལས། མི་ཕྱེད་རྡོ་རྗེ་ཞེས་བཤད་གང༌། །ཝཾ་གྱི་ཡི་གེར་དེ་རབ་གྲགས། །ཞེས་པ་ལྟ་བུའོ། །ཨཱ་ལི་ཀཱ་ལི་གཉིས་ནི། སྤྱིར་དུས་འཁོར་ཊཱིཀ་ཆེན་ལས། ཨ་ལ་སོགས་པ་ཤེས་རབ་ཀྱི་ཡི་གེ་དང༌། ཀ་ལ་སོགས་པ་ཐབས་ཀྱི་ཡི་གེར་གསུངས་པ་དང༌། ཡང་ཨཱ་ལི་རྣལ་འབྱོར་མའི་ངོ་བོ་དང༌། ཀཱ་ལི་དེ་བཞིན་གཤེགས་པའི་ངོ་བོར་གསུངས་པ་ལྟ་བུ། དབྱངས་ཡིག །ཐམས་ཅད་ཀྱི་སྲོག་ཏུ་ཞུགས་པའི་ཆ་ནས་དབྱངས་དང་ཤེས་རབ་ཏུ་བཤད་ལ། ཀཱ་ལི་ཐུན་མོང་མ་ཡིན་པའི་དོན་གསལ་བྱེད་ཡིན་པས་ཐབས་སུ་བྱས་པ་གྲགས་ཆེའང༌། སྟག་ལོའི་སྤྱི་དོན་ལས། ཝཾ་ཡིག་ཟླུམ་པོའི་གྲུབ་པ་ནི་དབྱངས་དང་ཟླ་བའི་ཆོས་མཐའ་དག་བསྡུས་པས་ཐབས་གཙོ་བོར་གྱུར་པ་དང༌། ཞར་ལ་ཁམས་དྲུག་གི་གསལ་བྱེད་སྡེ་པ་དྲུག་གི་རེ་རེ་ལ་མཚོན་བྱེད་སྟོང་པའི་ཐིག་ལེ་དབྱུག་པའི་རྣམ་པ་རེ་རེ་སྟེ་དྲུག་འབྱུང༌། དྲུག་པོས་རླུང་གཉིས། ཆུ་


GTD006_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གཉིས། ནམ་མཁའ་རྣམ་ཤེས་གཉིས་རྣམས་ཟུང་གསུམ་དུ་བྱས་ཏེ་གཤིབས་པ་གསུམ་འབྱུང་བ་རྩེ་སྤྲད་པས་ཨེ་ཡིག་གྲུ་གསུམ་འགྲུབ་པ་ནི་གསལ་བྱེད་དང་ཉི་མའི་ཆོས་ཐམས་ཅད་འདུས་པས་ཤེས་རབ་གཙོ་བོར་གྱུར་པ་སྟེ། རྒྱ་གར་དྷ་རའི་ཡི་གེ་ལ་ཨེ་བཾ་གྱི་དབྱིབས་འདི་བཞིན་དུ་ཡོད་པ་ལེགས་པར་འགྲུབ། ཅེས་གསུངས་པ་བཞིན་དུ། སྐབས་འདིར་དབྱངས་ཡིག་འདུས་པ་ཝཾ་དང༌། གསལ་བྱེད་འདུས་པ་ཨེ་བྱེད་དགོས་པས། འདིར་ཡང་དབྱངས་བཅུ་དྲུག་དཀར་ཆའི་འཕེལ་འགྲིབ་ཀྱི་ཆ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པའི་ཆ་ནས་ཟླ་བ་དང་ཐབས་དང་བྱང་སེམས་ལ་སྦྱོར་བར་གསུངས་སོ། །ཟླ་ཉི་གཉིས་ནི་སོ་སོར་ཕྱེ་བའི་སྐབས་འདིར་མ་གསུངས་ཀྱང༌། གོང་གི་མདོར་བསྟན་དུ། ཨ་ཀཱ་ལི། ཞེས་པའི་མཇུག་ཐོགས་སུ། རྡོ་རྗེ་ཉི་མ་རྡོ་རྗེ་ཟླར། །ཞེས་གསུངས་པས། ཀཱ་ལི་རྡོ་རྗེ་ཉི་མ་དང༌། ཨཱ་ལི་རྡོ་རྗེ་ཟླ་བའི་ངོ་བོར་བསྟན་པ་ཡིན་ནོ། །ཧཾ་ཡིག་ནི་དྲི་མེད་འོད་ལས། རྡོ་རྗེ་ཡན་ལག་མེད་པའི་སྒྲུབ་པ་ལ་ཧཾ་ཡིག་སྟེ། ཞེས་སྟོང་གཟུགས་དུས་ཀྱི་འཁོར་ལོའི་ཡབ་ཀྱི་རྡོ་རྗེ་ཧཾ་གིས་མཚོན་པ་དང༌། ཡུམ་གྱི་བྷ་ག་ཀྵ་ཡིག་གིས་མཚོན་པར་གསུངས་པའང་ཡོད་ལ། འདིར་འོག་ཏུ་ཀྵ་ཡིག་མ་བཤད་པས། དངོས་ཟིན་ཨ་ཡིག་ལ་སྦྱོར་རྒྱུའི་དབང་དུ་བྱས་པར་སྣང་བས། དེ་ལྟར་ན་བདེ་དགྱེས་སོགས་མ་རྒྱུད་ཕལ་ཆེ་བ་ལས་ལྟེ་བའི་གཏུམ་མོ་ཨའི་རྣམ་པ་དང༌། སྤྱི་བོའི་བྱང་སེམས་ཧཾ་གི་རྣམ་པ་སྟེ། དཔྱིད་དང་ཐིག་ལེ་མཉམ་པར་སྦྱོར་བས་ལྷན་སྐྱེས་བདེ་ཆེན་འདྲེན་ཚུལ་མང་དུ་གསུངས་པ་དང་དགོངས་པ་གཅིག་ཏུ་འབབ་བོ། །ཝཾ་གྱི་དོན་གོང་དུ་སྨོས་ཟིན་ལ། ཧེ་ཡིག་སྡོམ་པ་འདུས་པ་


GTD006_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཞེས་པ་ལ། བདག་གི་ལག་ཏུ་བྱུང་བའི་དཔེ་འདིར། ཉེ་ཡིག་ཅེས་འདུག་ཅིང༌། དཔེ་གཞན་ལ་ཇི་ལྟར་ཡོད་པ་མ་ཤེས་ཀྱང༌། འདི་ནས་ཀྱཻ་རྡོར་དང་བདེ་མཆོག་སོགས་རིམ་པ་བཞིན་གསུངས་པར་སྣང་བས་ངེས་པར་ཧེ་ཡིག་བྱེད་དགོས་ཏེ། བརྟག་པ་དང་པོའི་དབུར། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །ཅེས་གསུངས་པ་བཞིན་ནོ། །འཁོར་ལོ་སྡོམ་པའི་དོན་ཡང་སྦས་དོན་ཀུན་གསལ་ལས། བདེ་སྟོང་གཅིག་ཏུ་སྡོམ་པ་དང༌། སྐུ་གསུང་ཐུགས་གསུམ་ལྷན་སྐྱེས་ཀྱི་ཧེ་རུ་ཀ་གཅིག་གི་ངོ་བོར་སྡོམ་པ་སྟེ། ཞེས་གསུངས་པས། འདི་ལ་ཨེ་ཝཾ་གཉིས་ཀའི་དོན་ཚང་ཞིང༌། དེ་རྗེས། འདུས་པ་དང༌། ཞེས་པ་འདིས་གསང་བ་འདུས་པའི་མཚན་དོན་ལ་ཨེ་ཝཾ་གྱི་དོན་ཚུལ་བསྟན་པ་ཡིན་ཏེ། དེ་ཡང་རྒྱུད་ཕྱི་མ་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད། །ཅེས་གསུངས་སོ། །འདིས་ཨེ་ཝཾ་སྤྱི་ཙམ་དུ་མ་ཟད། ལམ་དང་འབྲས་བུའི་ཨེ་ཝཾ་ཐམས་ཅད་ཚང་ཚུལ་གསུངས་པ་ནི། དེའི་འགྲེལ་པ་ནཱ་རོ་པས་མཛད་པ་ལས། རྡོ་རྗེ་གསུམ་དུ་སྐུ་གསུང་ཐུགས་སྣང་བ་དེ་ཉིད་སངས་རྒྱས་དང༌། པདྨ་དང་རྡོ་རྗེ་འཆང་གཅིག་ཏུ་གྱུར་པ་ནི་ཡིག་དོན་གྱི་གསང་འདུས་དང༌། ཡི་གེ་གསུམ་ལས་རྡོ་རྗེ་འཆང་དུ་གྱུར་ནས་རིག་མ་དང་རྡོ་རྗེ་དང་པདྨ་གཉིས་འདུས་པ་ནི། སྤྱི་དོན་གྱི་གསང་འདུས་དང༌། སྣང་བ་གསུམ་རླུང་གི་བཞོན་པ་དང་ལྡན་པ་དེ་ཉིད་ཐབས་ཤེས་ཀྱི་བདག་ཉིད་སྒྱུ་མ་ལྟ་བུར་གྱུར་པ་ནི། སྦས་དོན་གྱི་གསང་འདུས་


GTD006_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བདེན་པ་གཉིས་ཟུང་དུ་འཇུག་པ་གཉིས་སུ་མེད་པ་ནི། མཐར་ཐུག་གི་གསང་བ་འདུས་པ་སྟེ། ཞེས་གསུངས་སོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་ཞེས་པ་ལ་ཡང༌། དུས་ཀྱིས་ཐབས་བདེ་བ་ཆེན་པོ་དང༌། འཁོར་ལོ་ཞེས་པས་ཤེས་རབ་སྟོང་པ་ཉིད་བསྟན་ཚུལ། དྲི་མེད་འོད་ལས། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་དེ། །འཁོར་ལོ་ཞེས་བྱས་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །ཞེས་གསུངས་པ་བཞིན་ཡིན་ཞིང༌། དེར་མ་ཟད་ཀཱ་ལ་ཙཀྲ་ཞེས་པའི་ཡི་གེ་བཞི་སོ་སོར་ཕྲལ་ཏེ། ཀཱ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། །ཞེས་ཀཱ་རུ་ཎ་ཤཱནྟེ་སོགས་ཡི་གེ་བསྣན་པས་གནས་སྐབས་བཞི་སྒྲིབ་བྲལ་དུ་གྱུར་པའི་སྒོ་ནས་སྐུ་བཞི་དབྱེར་མེད་པའི་རྣམ་གཞག་རྒྱས་པར་གསུངས་སོ། །གཉིས་པ་པདྨེ་ཞེས་པ་ཤེས་རབ་ཀྱི་དོན་དུ་རྣམ་གྲངས་དུ་མས་བཤད་པ་ནི་དམིགས་བཅས་ཀྱི། ཤེས་རབ་སྟོང་ཆེན་གྱི་རྣམ་གྲངས། །པདྨ་ཆོས་འབྱུང་གྲུ་གསུམ་དང༌། །སེམས་དཔའ་ཀཱ་ལི་ཨ་ཡིག་དང༌། །ཨེ་ཡིག་བཛྲ་འཁོར་གསང་འཁོར། །ཟ་མ་ཏོག་དང་སེང་གེའི་ཁྲི། །ལ་སོགས་མང་དུ་གསུངས་ཕྱིར་རོ། །ཞེས་བྱུང༌། ཝཾ་ཡིག་གི་དོན་ནི་རྒྱུད་སོ་སོར་རང་རང་གི་ལྷ་ཚོགས་དེ་ལ་གཙོ་བོར་གསུངས་ཀྱི། རྣམ་གྲངས་དེ་ཙམ་མི་མང་ལ། ཨེ་ཡིག་ནི་རྒྱུད་དུ་མར་རྣམ་གྲངས་མང་པོའི་སྒོ་ནས་བསྟན་ཏེ། རྡོར་འཕྲེང་ལས། ཨེ་ནི་གསང་བ་མཁའ་དབྱིངས་དང༌། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །


GTD006_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང༌། རྡོ་རྗེ་གུར་ལས། བདེ་བ་ཅན་དང་གྲུ་གསུམ་དང༌། །རྡུལ་མེད་དང་ནི་སྐྱོན་བྲལ་དང༌། །རྡུལ་བྲལ་དང་ནི་སྡིག་བཅོམ་དང༌། །རང་བཞིན་རྦ་རླབས་མེད་པ་དང༌། །མཐའ་ཡས་བདེ་དང་བདེ་རིགས་དང༌། །གསང་བ་མཆོག་དང་དགྱེས་པ་དང༌། །ཞེས་སོགས་གསུངས་ལ། དུས་འཁོར་རྩ་རྒྱུད་ལས་ཀྱང༌། ཨེ་གསང་མཁའ་དབྱིངས་བྷ་གའམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །ཞེས་དང༌། དྲི་མེད་འོད་ལས། ཨེ་ཡིག་དང༌། གསང་བ་དང༌། པདྨ་དང༌། ཆོས་འབྱུང་དང༌། ནམ་མཁའི་དབྱིངས་དང༌། བདེ་བ་ཆེན་པོའི་གནས་དང༌། སེང་གེའི་ཁྲི་དང༌། བྷ་ག་དང༌། གསང་བའི་མིང་རྣམས་ཀྱི་ནང་ནས་ཨེ་ཡིག་གཅིག་པུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་ཏེ། ལུང་ཕྱི་མ་འདིའི་ནང་དུ་གསང་བ་ཞེས་ལན་གཉིས་འབྱུང་བས། སྔ་མའི་སྐད་དོད་ལ་ར་ཧ་སྱ། ཕྱི་མའི་སྐད་དོད་གུ་ཧྱ་ཞེས་ཡོད་པས། རིམ་པ་བཞིན་གསང་ཆེན་དང་གསང་བར་བསྒྱུར་དགོས་པར་དེ་ཉིད་སྣང་བ་ལས་གསུངས་སོ། །ཐབས་ཀྱི་རྣམ་གྲངས་སྐབས་སུ་ནོར་བུ་དང༌། འདིར་པདྨ་ཐོག་མར་སྨོས་པ་ནི་ཨེ་ཝཾ་གྱི་ངེས་དོན་རྒྱུད་སྡེ་སོ་སོ་ནས་གསུངས་པའི་ལམ་དང་འབྲས་བུའི་གནད་ཐམས་ཅད་མ་ཎི་པདྨེའི་དོན་དུ་འདུ་བར་བསྒྲུབ་པའི་སྐབས་དོན་གྱི་དབང་གིས་ཡིན་ནོ། །རྒྱུད་གཞན་ལས་ཀྱང་པདྨའི་སྒྲར་བསྟན་པ་ནི། ཕྱག་ཆེན་ཐིག་ལེར། གསང་པད་སྙིང་པོའི་ནང་ན་བཞུགས། །ཞེས་དང༌། སྒྲོན་གསལ་དུ་རྒྱུད་དྲངས་པ་ལས། བྷ་ག་ལེགས་སྦྱངས་པདྨའོ། །ཞེས་གསུངས་པ་ལྟ་བུ་ཤིན་ཏུ་མང་ངོ༌། །དེ་བཞིན་དུ་ཆོས་


GTD006_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཞེས་བཤད་པའང་མང་ལ། ཆོས་འབྱུང་དུ་འཇོག་ཚུལ་དྲི་མེད་འོད་ལས། ཆོས་འབྱུང་གི་སྒྲས་ཀྱང་དེ་བརྗོད་དེ། ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི། སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་གྱུར་པ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ༌། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་སྐྱེ་བའི་གནས་སོ། །ཞེས་གསུངས་ཏེ། ཆོས་འབྱུང་གི་སྐད་དོད་དྷརྨཱ་དྷ་ཏུ་ཞེས་པ། ཆོས་ཀྱི་འབྱུང་གནས་སམ། རྒྱུ་དང༌། ཁམས་དང༌། རིགས་དང༌། དབྱིངས་སོགས་དུ་མ་ལ་འཇུག་གོ །གྲུ་གསུམ་ཞེས་པ་ནི། ཆོས་འབྱུང་གྲུ་གསུམ་ཞེས་སྦྲེལ་ཀྱང་རུང་མོད། འོན་ཀྱང་འདིར་ལོགས་སུ་བྱས་ནས་གོང་དུ་ཐིག་ལེ་ཞེས་པ་དང་སྦྱར་ཏེ། གཉིས་ཀ་དབྱིབས་ཀྱི་སྒོ་ནས་མཚོན་བྱེད་ལ་སྦྱོར་དགོས་པ་ཡི་གེ་གསར་པའི་དབུའི་མཚོན་ཚུལ་གྱི་དགོངས་པ་ཡིན་ཞིང༌། དེ་ལྟར་རྒྱུད་སྡེ་ནས་ཀྱང་གསུངས་ཏེ། སམྦུ་ཊ་ལས། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བ། །རྡོ་རྗེ་ར་ལི་རྣམ་པར་འབྱུང༌། །བཙུན་མོའི་བྷ་ག་ཞེས་ཀྱང་བྱ། །ཆོས་ཀྱི་འབྱུང་གནས་ཞེས་བྱར་བཤད། །ཅེས་དང༌། རྒྱུད་རྣམས་ཀུན་གྱི་རྩ་བ་སྟེ། །གྲུ་གསུམ་ཤིན་ཏུ་ཡངས་པའི་གཟུགས། །ཞེས་དང༌། སངས་རྒྱས་ཀུན་གྱིས་བསྟེན་པ་ཡི། །གྲུ་གསུམ་རྣམ་དག་འདི་ཉིད་ནི། །ཞེས་སོགས་མང་དུ་འབྱུང་ངོ༌། །སེམས་དཔའ་ཞེས་པ་ནི་གོང་གི་རྡོ་རྗེ་ཞེས་པ་དང་སྦྱོར་དགོས་ཏེ། བརྟག་གཉིས་ལས། སེམས་དཔའི་སྲིད་པ་གསུམ་གཅིག་པ། །ཤེས་རབ་འདི་ཡིས་རིག་པ་ནི། །ཞེས་


GTD006_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་བདེན་སྟོང་དུ་རོ་གཅིག་པར་རིག་པའི་ཤེས་རབ་ཏུ་དཀའ་འགྲེལ་པདྨ་ཅན་ལས་བཤད་པ་ལྟར་རམ། མུ་ཏིག་ཕྲེང་བར། ཤེས་རབ་འདི་ཡིས་སྦྱོར་བས་ན། །ཞེས་གོང་དུ། མི་ཕྱེད་རྡོ་རྗེ་ཞེས་བཤད་དོ། །ཞེས་པའི་སྐབས་ཀྱི་ཐབས་བདེ་ཆེན་དེ་དང༌། སྲིད་གསུམ་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱི་ཆ་འདི་གཉིས་སྦྱོར་བར་གསུངས་ཏེ། སྐབས་ཐོབ་ཀྱི་དབང་གིས་རྡོ་རྗེ་ཤེས་རབ་ལ་སྦྱོར་བ་འོག་ཏུ་འབྱུང་ཡང༌། འདིར་རྡོ་རྗེ་ཐབས་སུ་བྱས་པའི་ཟླས་དྲངས་ནས་སེམས་དཔའ་ཤེས་རབ་ཏུ་བྱས་པ་ཡིན་ནོ། །ཀཱ་ལི་ནི་དབྱངས་གསལ་སྦྱར་ཏེ་བཤད་ཟིན་ལ། ཨ་ཡིག་དང༌། ཞེས་པ་ནི། ཨ་ཧཾ་སྦྱར་ཏེ་བདེ་ཆེན་འདྲེན་པའི་སྐབས་ཀྱི་ཨ་ཡིག་ཡིན་པས། དེ་ནི་བརྟག་གཉིས་ལས། རྣལ་འབྱོར་མ་ལུས་དབུས་སུ་ནི། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་རྣལ་འབྱོར་མའི་ངོ་བོ་ལྟེ་བའི་གཏུམ་མོ་ཨ་ཐུང་གིས་དཔའ་བོའི་རང་བཞིན་གྱི་བྱང་སེམས་དྲངས་པས་བདེ་ཆེན་སྐྱེད་པ་དང༌། རྣལ་འབྱོར་མ་དང་དཔའ་བོ་དངོས་སུ་འདུས་པས་བདེ་ཆེན་སྐྱེད་པ་གཉིས་ཕྱི་ནང་དུ་སྦྱར་ཏེ་གསུངས་པའི་དོན། སམྦུ་ཊར་རྣལ་འབྱོར་མ་བདག་མེད་མ་ལ་བྱས་ནས་གསུངས་ཀྱང༌། དཀྱིལ་འཁོར་སོ་སོའི་སྐབས་སུ་མིང་འདོགས་ཐ་དད་པ་ཙམ་ལས་དོན་ངོ་བོ་གཅིག་པའི་མན་ངག་གིས་རྒྱས་བཀབ་སྟེ། དཔྱིད་ཐིག་ལས། ཕག་མོ་ཏེལླ་ཀ་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་ནས་ནི་འབར། །བ་སནྟ་དང་ཕྲད་པས་མཉེས། །སྙོམས་པར་འཇུག་པས་ཡང་དག་


GTD006_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ཞེས་དོན་སྔ་མ་དང་མཚུངས་ཀྱང༌། མིང་ཕག་མོ་ལ་འདོན་པ་སྤོས་པ་བཞིན་དུ། སྐབས་འདིར་སྤྱན་རས་གཟིགས་ཀྱི་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལའང་སྦྱར་དུ་རུང་བ་སོགས་དཀྱིལ་འཁོར་རང་རང་གི་སྐབས་ཀྱི་མཁའ་འགྲོའི་གཙོ་མོ་གང་ཡིན་དེའི་ངོ་བོ་བྱས་ཆོག་པས། མཁའ་འགྲོ་ཐམས་ཅད་འདུས་པའི་བདག་ཉིད་དུ་གསུངས་ཏེ། སྒོམ་བདེ་ནམ་མཁའ་རྒྱལ་མཚན་གྱི་འཇིགས་བྱེད་རྫོགས་རིམ་ལས། བདེ་མཆོག་ཏུ་མཁའ་འགྲོ་མ་ཐམས་ཅད་འདུས་པའི་ངོ་བོ་ཕག་མོ་དང༌། ཀྱཻ་རྡོར་དུ་མཁའ་འགྲོ་མ་ཐམས་ཅད་འདུས་པའི་ངོ་བོ་བདག་མེད་མའི་སྒྲས་གསུངས་ཤིང༌། དེ་དང་མཐུན་པར་རྡོ་རྗེ་འཕྲེང་བ་ལས་ཀྱང༌། གང་ཕྱིར་མཁའ་འགྲོ་རྣམས་སྡུད་པ། །དེ་ཕྱིར་བསྡུས་པའི་མཁའ་འགྲོར་བརྗོད། །ལྟེ་བའི་དབུས་ན་རྟག་བཞུགས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་པོའི་མེ་བྱུང་བས། །ཀུན་རྟོག་ཐམས་ཅད་སྲེག་པར་བྱེད། །ཅེས་འབྱུང་ངོ༌། །ཞེས་ཁུངས་དང་བཅས་ཏེ་གསུངས་སོ། །ཨེ་ཡིག་ཅེས་པ་གོང་གི་ཝཾ་དང་སྦྱར་བའི་ཚུལ་བཤད་ཟིན་ཅིང༌། བཛྲ་ཞེས་པ་ནི། བརྟག་པ་དང་པོ་ལས། ཧེས་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་ཀྱཻ་རྡོ་རྗེའི་མཚན་ཟུར་གྱི་རྡོ་རྗེ་ནི་ཤེས་རབ་ཏུ་བཤད་པ་ཡིན་པས། གོང་དུ་རྡོ་རྗེ་ཐབས་སུ་བཤད་པ་དང་མི་འགལ་ལོ། །འཁོར་གསང་འཁོར། ཞེས་པ་ནི། གོང་དུ། སྡོམ་པ་འདུས་པ་དང༌། དང་པོའི་སངས་རྒྱས་ཞེས་པ་གསུམ་དང་རིམ་པ་བཞིན་སྦྱར་ནས། འཁོར་ལོ་སྡོམ་པ་ཞེས་པའི་འཁོར་ལོ། གསང་བ་འདུས་པ་ཞེས་པའི་གསང་བ། དུས་ཀྱི་འཁོར་


GTD006_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཞེས་པའི་འཁོར་ལོ་གསུམ་ཡིན་ཞིང༌། སྦྱོར་ཚུལ་ཁུངས་དང་བཅས་ཏེ་སྔར་སྨོས་པ་བཞིན་ནོ། །ཟ་མ་ཏོག་ཅེས་པ་ནི། ཕྱག་ཆེན་ཐིག་ལེ་དང་རྡོར་འཕྲེང་གཉིས་ཀ་ལས། ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །བྷ་ག་རིན་ཆེན་ཟ་མ་ཏོག །ཅེས་གསུངས་ཏེ། ཟ་མ་ཏོག་ཏུ་རིན་པོ་ཆེ་སྣ་ཚོགས་བཅུག་པ་དཔེར་བྱས་ནས། འདིར་ཟ་མ་ཏོག་གི་སྒྲས་བསྟན་པ་གོང་གི་རིན་ཆེན་ཞེས་པ་དང་སྦྱོར་དགོས་པའི་ཕྱིར། དྲི་མེད་འོད་ལས་ཀྱང༌། རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པ་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པར་མཛད་པ། ཞེས་གསུངས་པ་བཞིན་ནོ། །སེང་གེའི་ཁྲི་ཞེས་པ་བསྡུས་རྒྱུད་ཀྱི་ལུང་གོང་དུ་དྲངས་པ་དེ་བཞིན་ཡིན་ཏེ། འདིར་དངོས་སུ་སྨོས་པའི་ཐ་སྙད་རྣམས་དང༌། གཞན་ཡང་མཁའ་འགྲོ་དྲ་བའི་སྡོམ་པ་ལས། ཨེ་ནི་ས་སྟེ་ཝཾ་ནི་ཆུ། །ཨེ་ནི་སྙིང་རྗེ་ཝཾ་ནི་བྱམས། །ཨེ་ནི་འགོག་པ་ཝཾ་ནི་ལམ། །ཨེ་ནི་སྦྱིན་པ་ཝཾ་ཚུལ་ཁྲིམས། །ཨེ་ནི་རྒྱུད་ལ་ཝཾ་ནི་སྔགས། །ཨེ་ནི་བསྙེན་པ་ཝཾ་ཉེ་བསྙེན། །ཨེ་ནི་སྣང་བ་ཝཾ་སྣང་མཆེད། །ཨེ་ནི་ཆོས་སྐུ་ཝཾ་ལོངས་སྦྱོད། །ཅེས་སྣ་ཚོགས་སུ་སྦྱར་བ་སོགས་རྒྱུད་སྡེ་རྣམས་ལས་ཨེ་བཾ་གྱི་དོན་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་པས། གྲངས་ཀྱི་མཐའ་ནི་སུས་ཀྱང་དཔོགས་པར་མི་ནུས་པས། འདིར་ཡང༌། ལ་སོགས་མང་དུ་གསུངས་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་བཟླས་པ་ཇི་ལྟར་བྱ་བའི་ཚུལ་ལ། བཟླ་བྱའི་སྔགས་ཀྱི་དོན་གཏན་ལ་དབབ་པ་དང༌། དེ་ལ་བཟླས་པ་ཇི་ལྟར་བྱེད་པའི་ཚུལ་གཉིས། དང་པོ་ནི། ཨོཾ་འདིར་ཐབས་ཀྱི་ཡེ་ཤེས་ལྔ། །ཧཱུཾ་འདིར་ཤེས་རབ་ཡེ་ཤེས་ལྔ། །ཤེས་


GTD006_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྣམ་དག་བདག་ཉིད་ཅན། །གསང་སྔགས་རྒྱལ་དྲུག་འགྱུར་མེད་དྲུག །རྒྱལ་བ་རིགས་དྲུག་ལ་སོགས་པའི། །དོན་དམ་དྲུག་ཚན་ཐམས་ཅད་དུ། །ཤེས་ནས་ལྷ་གཅིག་ལྷ་ཀུན་འདུས། །སྔགས་གཅིག་སྔགས་ཀུན་འདུས་པ་ཡི། །ཞེས་བྱུང༌། དེའང་ཨོཾ་ལ་ཐབས་དང༌། ཧཱུཾ་ལ་ཤེས་རབ་ཏུ་བཤད་པ་ནི། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཨོཾ་ནི་ཐབས་ལ་ཧཱུཾ་ཤེས་རབ། །ཨཱཿ ནི་གཉིས་སུ་མེད་པ་འོ། །ཞེས་གསུངས་ཤིང༌། ཡང་དེ་ཉིད་ལས། ཨོཾ་ནི་སྲོག་ཡིན་ཧཱུཾ་རྩོལ་བ། །ཨཱཿ ནི་གནས་པར་ཤེས་པར་བྱ། །ཞེས་པས་ཀྱང་འགྲུབ་སྟེ། ཡེ་ཤེས་གསང་བའི་རྒྱུད་ལས། སྲོག་རྩོལ་གཉིས་ནི་ཨ་དང་ཧཾ། །ཞེས་པ་དང་འདྲ་ཞིང༌། དེ་གཉིས་ཐབས་ཤེས་ཀྱི་ངོ་བོར་སྔར་བསྒྲུབས་ཟིན་པ་བཞིན་ནོ། །དེར་མ་ཟད་རྒྱུད་སྔ་མ་ལས། ཨོཾ་ནི་སྐུ་ལ་ཧཱུཾ་ནི་ཐུགས། །ཨཱཿ ནི་གསུང་དུ་ཤེས་པར་བྱ། །ཞེས་ཨོཾ་སྐུ་རྡོ་རྗེའི་ངོ་བོ་དང༌། ཧཱུཾ་ཐུགས་རྡོ་རྗེའི་ངོ་བོར་བཤད་པས་ཀྱང་འགྲུབ་སྟེ། གཟུགས་སྐུ་གཙོ་བོར་ཐབས་དང་བསོད་ནམས་ཀྱི་ལག་རྗེས་ཡིན་ལ། ཐུགས་ཆོས་ཀྱི་སྐུ་ནི་ཤེས་རབ་ཀྱི་ཆ་གཙོ་བོར་གྱུར་པའི་ཕྱིར་རོ། །ཨཱཿ འདིར་ལོགས་སུ་མ་བརྗོད་ཀྱང་སྐྱོན་མེད་དེ། རྗོད་པ་སྒྲའི་དབང་དུ་བྱས་ནའང་དེ་གཉིས་ཀྱི་སྲོག་ཏུ་གནས་ཤིང༌། དེ་གསུམ་གྱི་རང་མདངས་འབྱུང་འཇུག་གནས་གསུམ་དུ་བྱས་པའི་ཚེ། དང་པོར་འབྱུང་འཇུག་གཉིས་ལས་གནས་པ་ཟུར་དུ་མེད་ཀྱང༌། གོམས་པའི་མཐར་འབྱུང་འཇུག་གཉིས་གནས་པ་འབའ་ཞིག་གི་ངོ་བོར་འགྲོ་བ་དང༌། འབྲས་བུ་མཐར་ཐུག་གི་ཚེའང་སྐུ་ཐུགས་ཟུང་དུ་འཇུག་པ་ལས། གསུང་ལོགས་སུ་མ་སྨོས་ཀྱང་དེར་མ་འདུས་པའི་སྐྱོན་མེད་པ་བཞིན་ནོ། །


GTD006_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཨོཾ་ཡིག་ཐབས་དང་དེ་བཞིན་གཤེགས་པའི་ངོ་བོ། ཧཱུཾ་ཡིག་ཤེས་རབ་དང་གཤེགས་མའི་ངོ་བོར་བྱས་ནས་མ་ཎི་པདྨེའི་སྔགས་ཀྱི་ཐོག་མཐར་སྦྱར་བ་དོན་དང་དགོས་པ་ཤིན་ཏུ་ཆེ་སྟེ། རྡོ་རྗེ་ཕྲེང་བའི་ངེས་དོན་གྱི་སྔགས་བཏུ་བ་ལས། ཨ་ནི་ཆོས་འཁོར་པདྨར་གནས། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །འདི་ཉིད་ཁོ་ན་རླུང་ཆེན་པོ། །སྲོག་ཅེས་བྱ་བ་ཐམས་ཅད་གསུང༌། །ཨུ་ནི་ལོངས་སྤྱོད་འཁོར་ལོར་གནས། །མེ་དང་ཉི་མ་འདྲ་བ་ཡིས། །མགྲིན་པའི་མཐར་གནས་སྤྱི་གཙུག་མཐར། །ཁྱབ་པ་གཟི་བརྗིད་ཀྱི་ནི་ལུས། །བདེ་ཆེན་འཁོར་ལོ་ཞེས་བྱར་གནས། །ཡི་གེ་མ་ནི་ཐིག་ལེ་ཙམ། །མཐོ་བའི་ཚད་ནི་སོར་བཅུ་གཉིས། །རྒྱལ་བའི་གཙུག་ཏོར་གནས་ན་གནས། །ཞེས་ཨོཾ་ཡིག་སོ་སོར་ཕྲལ་བས་ཨ་ཨུ་མ་གསུམ་གྱི་ངེས་དོན། སྲོག་འཛིན་གྱེན་རྒྱུ་ཧཾ་གི་ཐིག་ལེ་གསུམ་དང༌། ཡང་དེ་ཉིད་ལས། ཧ་ནི་ཐུར་སེལ་མིང་ཅན་རླུང༌། །བཤང་སྒོ་གསང་བའི་དབུས་ན་གནས། །ཡི་གེ་ཨཱུ་ནི་སྟེང་འགྲོའི་རླུང༌། །མགྲིན་པའི་པདྨའི་དབུས་ན་གནས། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་བ་རླུང་གི་འཁོར་ལོ་ལ། །དེ་དག་གཅིག་གྱུར་སྙིང་ག་ལ། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། །ཅེས་ཧཱུཾ་ཡིག་སོ་སོར་ཕྲལ་བས་ཧ་ཨུ་མ་གསུམ་གྱི་མཚོན་དོན་ཐུར་སེལ་སོགས་ཀྱི་རླུང་གསུམ་སྟེ། སྟེང་འོག་གི་རླུང་རྣམས་དྷཱུ་ཏཱིར་བསྡུས་པ་ལས་མ་ཎི་པདྨེའི་ངེས་དོན་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པའི་དོན་དང༌། གཤེགས་པ་དང་གཤེགས་མ་སྙོམས་པར་ཞུགས་པ་ལས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པའི་དོན་དུའང་སྦྱར་རུང་སྟེ། གོང་དུ། ཡབ་ཡུམ་ལྷ་དང་


GTD006_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་རབ། །ཅེས་པའི་དགོངས་པའང་འདིས་གསལ་བར་བྱས་པ་ཡིན་ནོ། །ཡི་གེ་དེ་གཉིས་སོ་སོར་ཐབས་ཤེས་ཀྱི་རང་བཞིན་ཡེ་ཤེས་ལྔ་ལྔའི་བདག་ཉིད་དུ་འཇོག་ཚུལ་ནི། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཨ་ནི་རྣམ་སྣང་མི་བསྐྱོད་པ། །ན་རོ་རིན་ཆེན་འབྱུང་ལྡན་ཏེ། །ཟླ་ཚེས་འོད་དཔག་མེད་པ་ཡིན། །ཐིག་ལེ་དོན་ཡོད་གྲུབ་པའོ། །ཨོཾ་ནི་བདེ་གཤེགས་ལྔ་རང་བཞིན། །ཞེས་དང༌། ཡང་དེ་ཉིད་ལས། ཞབས་སྐྱེད་སྒྲོལ་མའི་རང་བཞིན་ཏེ། །ཨ་ནི་གོས་དཀར་ངོ་བོ་ཡིན། །ཧ་ནི་རྡོ་རྗེ་དབྱིངས་ཕྱུག་མ། །ཟླ་ཚེས་མཱ་མ་ཀཱིའི་རང་བཞིན། །ཐིག་ལེ་སྤྱན་དུ་ཤེས་པར་བྱ། །ཞེས་གསུངས་ཤིང༌། དེར་མ་ཟད། འབྱུང་བ་ལྔ་དང་སྐུ་ལྔ་དང༌། །འཁོར་ལོ་ལྔ་དང་དགའ་བ་ལྔ། །ཞེས་སོགས་དོན་ཚན་ལྔ་ལྔ་ལ་སྦྱོར་ཚུལ་མང་དུ་གསུངས་ཤིང༌། དེ་ལྟར་འཇོག་པའི་རྩ་བ་ནི། ཞབས་སྐྱེད་བྱ་བ་ནན་ཏན་ཡིན། །ཨ་ནི་མཉམ་ཉིད་ཡེ་ཤེས་སོ། །ཧ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །ཟླ་ཚེས་སོ་སོར་རྟོག་པ་འོ། །ཐིག་ལེ་མེ་ལོང་ཡེ་ཤེས་སོ། །ཞེས་ཡེ་ཤེས་ལྔ་དང་སྦྱོར་ཚུལ་འདི་ཉིད་ཡིན་ཏེ། འདི་གོ་ན་གཞན་རྣམས་ཤུགས་ཀྱིས་ཤེས་པར་ནུས་སོ། །འོ་ན་འདིའི་ཐབས་ཀྱི་ཡེ་ཤེས་ལྔ་དང༌། ཤེས་རབ་ཀྱི་ཡེ་ཤེས་ལྔ་པོ་འདི་ངོ་བོ་ཐ་དད་པ་སོ་སོར་འཇོག་རྒྱུ་ཡོད་དམ་ཞེ་ན། དེ་ནི་མ་ཡིན་ཏེ། བདེ་སྟོང་གི་ཡེ་ཤེས་གཅིག་ལ་བདེ་བའི་ལྡོག་ཆ་ནས་ཐབས་དང༌། སྟོང་པའི་ལྡོག་ཆ་ནས་ཤེས་རབ་ཏུ་བཞག་སྟེ། དེ་གཉིས་རེ་རེ་ལའང་བྱེད་ལས་མི་འདྲ་བའི་ལྡོག་ཆ་ནས་ཡེ་ཤེས་ལྔ་ལྔར་བྱས་པ་ཙམ་ཡིན་པས། འདིར། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་གསུངས་ཤིང༌། ཡེ་ཤེས་འཕྲེང་བའི་རྒྱུད་ལས་ཀྱང༌། དམིགས་མེད་གནས་སུ་སྙིང་རྗེ་


GTD006_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །དམིགས་མེད་གནས་སུ་ཤེས་རབ་གཉིས། །བློ་དང་ལྷན་ཅིག་གཅིག་གྱུར་པས། །ནམ་མཁར་ནམ་མཁའི་རང་བཞིན་ནོ། །ཞེས་ལྡོག་ཆ་ཙམ་ལས་དོན་སྟེང་ནས་དབྱེ་བ་འབྱེད་རྒྱུ་མེད་པར་གསལ་བར་གསུངས་སོ། །མཚན་བརྗོད་ལས། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པའི་དོན། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་མཛོད་ཀྱི་ཤེས་བཅུ་ལྟར་གསུངས་ཤིང༌། སྒྲོན་མ་རབ་གསལ་ལས། སོར་སྡུད་ཀྱི་རྟགས་བཅུ་མཐོང་བ་ལ་བཤད་པ་སོགས་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང༌། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཊཱིཀྐར། བདེ་ཆེན་གྱི་ཡེ་ཤེས་རྣམ་པར་དག་པའི་བདག་ཉིད་ཐོབ་པ་ནི་ཤེས་བཅུ་རྣམ་དག་འཆང་བའི་དོན་ནོ། །ཞེས་གསུངས་པ་ལྟར་བྱས་ན། ཡི་གེ་གཉིས་པོ་འདིར་རྣམ་བཅུ་དབང་ལྡན་རྫོགས་རིམ་ལ་སྦྱར་བའི་གནད་ཚང་བར་དངོས་སུ་འགྲུབ་པས། ཕྱི་ནང་གཉིས་དང་གཞན་བསྐྱེད་རིམ་ལ་སྦྱར་བའི་རྣམ་གཞག་ཀྱང་ཤུགས་ཀྱིས་གྲུབ་སྟེ། དུས་ཀྱི་འཁོར་ལོའི་དོན་ཡོངས་སུ་རྫོགས་པ་ཞིག་འབྱུང་བས། རྗེ་བཙུན་དམ་པ་འདི་ཉིད་ཀྱིས་ཀྱང་དགོངས་པ་མཐར་ཐུག་དུས་འཁོར་དང་མཐུན་པར་འགྲེལ་ཚུལ་འདི་ཉིད་དུ་གནས་སམ་སྙམ་མོ། །གསང་སྔགས་རྒྱལ་དྲུག་ཅེས་སོགས་ཀྱང་སྤྱིར། མཚན་བརྗོད་ཀྱི་བཛྲ་ཏིཀྵྞ་ལ་སོགས་པའི་སྔགས་ཚན་དྲུག་གིས་སྟོན་ཚུལ་དང་འདྲ་བར་གཟུངས་སྔགས་ཡི་གེ་དྲུག་གིས་ཀྱང་ཕྱི་ནང་གཞན་གསུམ་ལ་སྦྱར་བའི་རྣམ་གཞག་ཆ་ཚང་བར་མཚོན་པ་ཡིན་ཏེ། ཕྱི་རུ་ནམ་མཁའ་རླུང་མེ་ཆུས་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་འཇིག་རྟེན་གྱི་ཁམས་མཚོན་ཞིང༌། དེར་མ་ཟད་ཁམས་དྲུག་


GTD006_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གི་བདག་ཉིད་ཅན་གྱི་མི་མ་གཏོགས་པའི་བཅུད་ཀྱི་སེམས་ཅན་གྱི་ལུས་སྒྲུབ་པའང་མཚོན་ལ། ནང་ལ་ནི་མངལ་སྐྱེས་ཁམས་དྲུག་ལྡན་མིའི་ལུས་ཁོ་ན་དང་སྦྱར་བར་བྱ་བ་ཡིན་ཏེ། དྲི་མེད་འོད་ལས། ནང་དུ་ནི་མིའི་ལུས་ཁོ་ན་སྟེ་ཞེས་འབྱུང་བས་སོ། །དེ་ལྟར་སྦྱོར་བའང་བླ་མེད་ཀྱི་ལམ་གྱིས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་རྟེན་ནི་མངལ་སྐྱེས་ཁམས་དྲུག་ལྡན་གྱི་མིའི་ལུས་ཁོ་ནར་ངེས་པ་ཡིན་ལ། དེ་ཉིད་ཀྱི་ཆོས་ཀྱང༌། ནམ་མཁའ། རླུང་མེ་ཆུ་ས། ཡེ་ཤེས་ཀྱི་ཁམས་ཏེ་ཁམས་དྲུག་དང༌། རྣམ་ཤེས། འདུ་བྱེད། ཚོར་བ། འདུ་ཤེས། གཟུགས། ཡེ་ཤེས་ཀྱི་ཕུང་པོ་སྟེ་ཕུང་པོ་དྲུག་དང༌། རྣ་བ། སྣ། མིག །ལྕེ། ལུས། ཡིད་ཀྱི་དབང་པོ་སྟེ་དབང་པོ་དྲུག་དང༌། སྒྲ། དྲི། གཟུགས། རོ། རེག་བྱ། ཆོས་ཀྱི་སྐྱེ་མཆེད་དེ་ཡུལ་དྲུག་དང༌། གསང་གནས་ཀྱི་དབང་པོ། ངག་གི་དབང་པོ། ལག་པའི་དབང་པོ། རྐང་པའི་དབང་པོ། བཤང་ལམ་གྱི་དབང་པོ། མཆོག་གི་དབང་པོ་སྟེ་ལས་ཀྱི་དབང་པོ་དྲུག་དང༌། དྲི་ཆུ་འདོར་བ། སྨྲ་བརྗོད། ལེན་པ། འགྲོ་བ། བཤང་བ་འདོར་བ། ཁུ་བ་འདོར་འཛིན་ཏེ་ལས་དབང་གི་བྱ་བ་དྲུག་རྣམས་མཚོན་པ་ཡིན་ནོ། །གཞན་ལ་སྦྱར་ན། ལམ་གྱི་སྤང་བྱ་དུག་ལྔ་སོ་སོ་དང༌། དེ་དག་ཆ་མཉམ་སྟེ་དྲུག་གམ། ཤེས་བྱའི་སྒྲིབ་པ་སྟེ་སྒྲིབ་པ་དྲུག །དེ་སྤོང་བར་བྱེད་པའི་གཉེན་པོ་ལ་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་ལ་རིགས་དྲུག་གི་དཀྱིལ་འཁོར་དྲུག་དབྱིབས་ལྷ་དྲུག་གསང་སྔགས་དྲུག་རྣམས། རྫོགས་རིམ་ལ་གང་ལ་གནད་དུ་བསྣུན་པར་བྱ་བའི་གཞི། སྲོག་འཛིན། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད། ཀླུ། ཐུར་སེལ་ཏེ་རླུང་དྲུག་དང༌།


GTD006_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་དགའ་བའི་རླུང༌། རུས་སྦལ། རྩངས་པ། ལྷས་བྱིན། ནོར་ལས་རྒྱལ། ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་སྟེ་ཡང་རླུང་དྲུག་དང༌། གཙུག་ཏོར་གྱི་རྩ་འཁོར། སྙིང་གའི་རྩ་འཁོར། མགྲིན་པའི་རྩ་འཁོར། སྨིན་མའི་དབུས་ཀྱི་རྩ་འཁོར། ལྟེ་བའི་རྩ་འཁོར། གསང་གནས་ཀྱི་རྩ་འཁོར་ཏེ་འཁོར་ལོ་དྲུག །ཁམས་དྲུག་རྣམས་དང༌། དེ་ལ་གནད་དུ་བསྣུན་པར་བྱེད་པ་སྦྱོར་བ་ཡན་ལག་དྲུག་རྣམས་སོ། །འབྲས་བུ་རྒྱལ་བ་རིགས་དྲུག་སྟེ། དེ་ལྟར་ཕྱི་ནང་གཞན་གསུམ་གྱི་ཆོས་དྲུག་ཚན་དེ་རྣམས་གཟུངས་ཡི་གེ་དྲུག་གིས་མཚོན་ནས་གསུངས་པ་ཡིན་ནོ། །དེ་སྐད་དུ་བསྙེན་སྒྲུབ་རྡོ་རྗེའི་ཚིག་རྐང་གི་ཟིན་བྲིས་ལས། ཁམས་དྲུག་ལྡན་ལ་ཡན་ལག་དྲུག་གི་ལམ། །རིགས་དྲུག་རྩ་ལ་གཡོ་བ་དྲུག་བཅོམ་ནས། །འཁོར་ལོ་དྲུག་ལ་རྒྱལ་བ་དྲུག་གི་དངོས། །དྲུག་ཚན་དྲུག་གིས་རྒྱུད་ཀུན་བསྡུས་པར་མཛད། །ཅེས་དུས་འཁོར་གྱི་རྒྱུད་དོན་མཐའ་དག་དྲུག་ཚན་གྱི་སྒོ་ནས་གཏན་ལ་ཕབ་བོ། །འདིར་གསང་སྔགས་རྒྱལ་དྲུག་ཅེས་པས་བསྐྱེད་རིམ་སྐབས་ཀྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སོགས་དྲུག་ལ་བརྟེན་པའི་དབྱིབས་ཀྱི་རྣལ་འབྱོར་ལྷ་དྲུག་དང་གསང་སྔགས་དྲུག་སོགས་བསྟན། འགྱུར་མེད་དྲུག །ཅེས་པས་འཁོར་ལོ་དྲུག་ལ་གནད་དུ་བསྣུན་ཞིང༌། རླུང་དྲུག་ཚན་རྣམས་དབུ་མར་བཅིངས་པས་འགྱུར་མེད་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་ཚུལ་དྲུག་ལ་སྦྱོར་བའམ། ཡང་ན་གསང་སྔགས་རྒྱལ་དྲུག་ཅེས་པ་གཟུངས་ཀྱི་ཡི་གེ་དྲུག་ལ་བྱས་ནས། དེའི་ལམ་རྫོགས་རིམ་དྲུག་དང༌། འབྲས་བུ་རྒྱལ་བ་རིགས་དྲུག་འགྲུབ་ཚུལ་དངོས་སུ་བསྟན་


GTD006_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྨིན་བྱེད་བསྐྱེད་རིམ་དྲུག་དང་སྦྱང་གཞིའི་དྲུག་ཚན་རྣམས་ཤུགས་ལ་བསྟན་པར་བྱས་ཀྱང་རུང་ངོ༌། །འགྱུར་མེད་ཀྱི་སྐད་དོད་ཨཀྵ་ར་ཡི་གེ་ལའང་འཇུག་པས་གཟུངས་ཀྱི་ཡི་གེ་དྲུག་ལ་བྱེད་སྙམ་ན། གསང་སྔགས་རྒྱལ་དྲུག་ཅེས་པ་དང་ཟློས་ཤིང༌། འདི་རྒྱ་སྐད་ཀྱི་ཨཀྵ་ར་ལས་ཚུར་བསྒྱུར་བ་མ་ཡིན་པར། རྩོམ་པ་པོས་དང་པོ་ནས་བོད་སྐད་དུ་འདི་བཞིན་གསུངས་པ་ཡིན་པས་སོར་གནས་བྱེད་དགོས་ཏེ། མི་འགྱུར་བའི་བདེ་བ་ལ་ཡི་གེའི་བདེ་བར་བྱས་ན་མི་འབྲེལ་བ་བཞིན་ནོ། །དྲི་མེད་འོད་ཀྱི་ཡེ་ཤེས་ལེའུ་ལས། འགྱུར་མེད་དྲུག་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་སྒྲིབ་པ་མེད་པ་རྣམས་ཏེ། ཞེས་དང༌། མི་འགྱུར་བའི་སྒྲས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའ་འོ། །ཞེས་དྲུག་ཚན་རྣམས་སྒྲིབ་བྲལ་དུ་གྱུར་པའི་སྤངས་པ་དང་བདེ་ཆེན་ཟུང་དུ་འཇུག་པ་མ་ནིང་གི་གོ་འཕང་ངོ་བོ་ཉིད་ཀྱི་སྐུ་སོགས་ལ་སྦྱར་ཏེ། མཚན་བརྗོད་ལས། ཐིག་ལེ་སྟོང་པ་འགྱུར་མེད་དྲུག །ཅེས་སོགས་ཁུངས་སུ་དྲངས་སོ། །འདིའི་འགྱུར་ལ་དེང་སང༌། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་གྲགས་ཆེའང༌། དྲི་མེད་འོད་ལས། མི་འགྱུར་བར་བརྗོད་དེ་མི་འགྱུར་ཞིང་མི་གཡོ་སྟེ་གཞན་གྱི་གནས་སུ་མི་འགྲོའོ། །ཞེས་སྒྲ་དོན་གསུངས་པ་ཡི་གེ་ལ་མི་འགྲིག་པས། རྗེ་བཙུན་དམ་པ་ཉིད་ཀྱི་དགོངས་པའང༌། འགྱུར་མེད་ལ་བྱས་པ་དེར་གནས་པར་མངོན་ནོ། །དེ་ལྟར་ལམ་དང་འབྲས་བུའི་གནད་ཐམས་ཅད་དྲུག་ཚན་སོ་སོའི་སྒོ་ནས་གཟུངས་འདིའི་དོན་དུ་ཚང་བའི་ཚུལ་མོས་མནོ་ཙམ་མ་ཡིན་པར་ཚད་མའི་ལམ་གྱིས་དྲངས་པའི་ངེས་ཤེས་རྙེད་ན། ལྷ་མཆོག་འདི་ཉིད་ཡི་དམ་ཞི་ཁྲོ་རབ་འབྱམས་


GTD006_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་དུ་མཐོང་བས་དད་པ་ཤུགས་དྲག་པོ་སྐྱེ་ཞིང༌། གཟུངས་འདི་ཉིད་ཀྱང་བྱིས་པ་ཆུང་ངུ་ཚུན་ཆད་ཀྱི་ཁ་ལ་གྲགས་པ་ཙམ་རྒྱུ་མཚན་དུ་བྱས་པས་ཆོས་ཆུང་ངུ་ཞིག་ཏུ་མི་འཛིན་པར། ཟབ་གསང་རྒྱུད་སྡེ་རྣམ་བཞིའི་དོན་གྱི་ཉིང་ཁུ་ཐམས་ཅད་སྐྱེ་བོ་མཆོག་དམན་མཐའ་དག་ལ་ཕན་པའི་ཕྱིར་ཚིག་ཤིན་ཏུ་ཉུང་ངུར་བསྡུས་པའི་གདམས་ངག་གི་རྒྱལ་པོར་མཐོང་བར་འགྱུར་ཏེ། དོན་གྱི་ངོ་བོ་ལ་དེ་ལྟར་ཚང་བ་ངེས་ན། དེ་དག་ནས་བཤད་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱང་འདིའི་འབྲས་བུར་འབྱུང་བ་དྲི་མ་མེད་པའི་རིགས་པས་འགྲུབ་བོ། །དེས་ན་ཚེམ་བུ་དམར་ཁྲིད་ཀྱི་ཡི་གེ་རྣམས་སུ། བླ་མ་ཡི་དམ་གཟུངས་སྔགས་ཐམས་ཅད་བསྡུས་ཏེ་བསྟིམ་པས་ཀུན་འདུས་རྣམ་གསུམ་དུ་གྲགས་པ་ལས་ཀྱང༌། འདིར་རང་གི་བརྗོད་དོན་ལ་དེ་དག་ཐམས་ཅད་ཚང་བར་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། དེ་ཐམས་ཅད་ཀྱི་ཕན་ཡོན་འདི་ལ་བརྟེན་ནས་འབྱུང་བར་བསྒྲུབ་པ་གནད་ཆེ་སྟེ། བྱང་ས་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གཏོགས་པའི་མདོ་སྡེ་ཉན་པ་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་གསལ་བར་མཛད་དེ། བཀྲོལ་ཞིང་བརྟགས་ནས་བསྟན་པ་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་ས་འདིར་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་དང་བཤད་པའི་སྒོ་རྣམས་བསྡུས་ཤིང་བཤད་པའི་ཕྱིར། ཞེས་གསུངས་པ་བཞིན་ནོ། །དེ་ལ་དགོངས་ཏེ་དམ་པ་གོང་མ་རྣམས་ཀྱིས་


GTD006_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། ལྷ་གཅིག་ལ་བྱིན་རླབས་ཆེ་བ་དེ། །འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིན། །སྔགས་གཅིག་ལ་བྱིན་རླབས་ཆེ་བ་དེ། །གཟུངས་མཆོག་ཡི་གེ་དྲུག་མ་ཡིན། །ཞེས་གསུངས་པ་སོགས་འདི་ཉིད་ཁོ་ན་ལ་གཞན་ལས་ལྷག་པའི་བསྔགས་བརྗོད་དང་ནན་ཏན་རྒྱ་ཆེར་མཛད་དོ། །གཉིས་པ་བཟླས་པ་ཇི་ལྟར་བྱ་བའི་ཚུལ་ནི། མན་ངག་ཟབ་མོར་ཡིད་ཆེས་དང༌། །ལྡན་པའི་ངང་ནས་དག་ཅིང་གསལ། །རྒྱུན་མི་འཆད་ཅིང་རིང་ཐུང་རན། །རྩེ་གཅིག་དད་གདུང་དྲག་པོ་ཡིས། །བཟླས་པས་རྒྱལ་སྲས་མ་ལུས་པའི། །ཐུགས་རྒྱུད་བསྐུལ་ནས་བྱིན་རླབས་དང༌། །ཐུགས་རྗེའི་འོད་ཟེར་དཔག་མེད་པ། །འཕྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་བསལ་དངོས་གྲུབ་ཀུན་ཐོབ་ནས། །ཡིག་དྲུག་ཟློས་པའི་སྒྲ་དབྱངས་ཀྱིས། །ནམ་མཁའ་གང་བར་རབ་བསམས་པས། །ཞེས་བྱུང༌། དེའང་དང་པོ་རྐང་པ་ཕྱེད་གཉིས་དང༌། རྐང་པ་བཞི་པས་སྔགས་བཟླ་བའི་ཚེ་ཀུན་སློང་མ་དག་པ་རྣམས་བསལ་ནས། བསམ་པ་ཁྱད་པར་ཅན་གསལ་འདེབས་ཚུལ་དང༌། རྐང་པ་ཕྱེད་གཉིས་ཀྱིས་ངག་ཏུ་བརྗོད་ཚུལ་བསྟན་ལ། ལྷག་མས་འོད་ཟེར་སྤྲོ་བསྡུ་སོགས་ཀྱི་དམིགས་པ་སྐྱོང་ཚུལ་རྣམས་གསུངས་སོ། །དེ་ལ་དང་པོ་བསམ་པའི་ཁྱད་པར་ནི། འདུས་པའི་རྩ་རྒྱུད་ལེའུ་བདུན་པ་ལས། སློང་མོ་ཟ་ཞིང་མི་བཟླ་སྟེ། །སློང་ལའང་དགའ་བར་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་དང༌། སྒྲོན་གསལ་ལས། ཡན་ལག་མ་ཉམས་པ་ནི་ལྷའི་རྣལ་འབྱོར་དང༌། མི་ཕྱེད་པའི་འདོད་པ་ཀུན་ལ་ལོངས་སྤྱོད་པའི་སྔགས་པས་བཟླས་པར་བྱའོ། །ཞེས་ལྷའི་རྣལ་འབྱོར་བརྟན་པོ་


GTD006_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་བྲལ་ཞིང༌། འདོད་ཡོན་ལྔའི་རང་བཞིན་ཡོངས་སུ་ཤེས་པའི་ངང་ནས་བཟླ་བར་གསུངས་པའང་འདི་དང་དོན་གཅིག་སྟེ། གོང་དུ་བཤད་པ་བཞིན་རང་བཞིན་མེད་རྟོགས་ཀྱི་ལྟ་བའི་ངང་ནས་ཡི་དམ་ལྷ་ཚོགས་ཐམས་ཅད་འདུས་པའི་བདག་ཉིད་སྤྱན་རས་གཟིགས་ཀྱི་ང་རྒྱལ་དང་དག་པའི་རྟེན་དང་བརྟེན་པ་མཐའ་དག་གི་རྣམ་པ་གསལ་བཏབ་སྟེ། དེ་དག་ལ་དམིགས་པའི་དང་བ་དང༌། ཐོབ་པར་འདོད་པའི་མངོན་འདོད་དང༌། དེ་དག་སྒྲུབ་པའི་ལམ་འབྲས་ཀྱི་རིམ་པ་ཀུན་ལ་ཡིད་ཆེས་པ་སྟེ། དད་པ་གསུམ་ག་ཚང་བའི་སྒོ་ནས་བཟླས་པ་ལ་འཇུག་དགོས་པ་ནི། རྩེ་གཅིག་དང༌། ཅེས་པ་དང༌། གདུང་བ་དྲག་པོ། ཞེས་པ་དང༌། ཡིད་ཆེས་ཞེས་པ་གསུམ་གྱིས་རིམ་པ་བཞིན་བསྟན་པ་ཡིན་ནོ། །དེ་ལྟར་མཐུན་ཕྱོགས་དངོས་སུ་བསྟན་པས། མི་མཐུན་ཕྱོགས་སྤོང་དགོས་པ་ཤུགས་ཀྱིས་འགྲུབ་ཅིང༌། དེའང་གོང་དུ་དྲངས་པའི། སློང་མོ་ཟ་ཞིང་ཞེས་སོགས་ཀྱིས་བསྟན་ཏེ། དེའི་ངེས་དོན་རྡོར་བཟླས་ལ་སྦྱོར་དགོས་པ་མདོ་བསྲེ་ལྟར་ཡིན་ཀྱང༌། དྲང་དོན་དུ་བཤད་ན། སྒྲོན་གསལ་ལས། སློང་མོ་ཟ་བ་ནི་ཉེ་བར་མཚོན་པའི་དོན་ཡིན་ཏེ། དེ་བས་ན་སློང་དུ་འགྲོ་བ་དང་འདྲ་བར་ཡོངས་སུ་ཚོལ་བ་ལ་སོགས་པ་དམན་པ་ལ་འཇུག་པ་གཞན་རྣམས་དང་ལྡན་པས་ཀྱང་ཟློས་པར་མི་བྱའོ། །ཞེས་རྙེད་བཀུར་སྙན་གྲགས་འདོད་པ་སོགས་དམན་པའི་ཀུན་སློང་གི་རིགས་མཐའ་དག་སྤོང་དགོས་པར་གསུངས་སོ། །དེ་ནས་ངག་ཏུ་བརྗོད་ཚུལ་ནི། དགྲ་ནག་གི་རིམ་པ་བཅུ་གཉིས་པ་ལས། བཟླས་པ་གང་ཞིག་རབ་བཟླས་ན། །དངོས་གྲུབ་ཡངས་པ་ཐོབ་པ་ནི། །མྱུར་བར་མ་ཡིན་དལ་


GTD006_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བར་མིན། །རིང་དུ་མ་ཡིན་ཐུང་ངུ་མིན། །སྔགས་ནི་ཅུང་ཟད་ཐོས་པར་བཟླ། །ཞེས་དང༌། དེའི་དོན་གྲུབ་ཆེན་དཔལ་འཛིན་གྱིས། མྱུར་བར་མ་ཡིན་ཞེས་བྱ་བ་ནི་སྐྱེན་པར་མ་ཡིན་པའོ། །དལ་བར་མ་ཡིན་ཞེས་བྱ་བ་ནི་ཡི་གེ་རེ་རེ་ནས་དལ་བུས་བརྗོད་པའོ། །རིང་དུ་མ་ཡིན་ཞེས་བྱ་བ་ནི་ཐུང་བ་རྣམས་སོ། །ཐུང་བར་མ་ཡིན་ཞེས་བྱ་བ་ནི་རིང་བ་རྣམས་ཞེས་བྱ་བའི་ལྷག་མའོ། །ཅུང་ཟད་ཐོས་པར་ཞེས་བྱ་བ་ནི། ཇི་ལྟར་གཞན་གྱིས་མི་ཐོས་པར་རོ། །ཞེས་གསུངས་ཤིང༌། ནག་པོའི་འགྲེལ་པ་ལས་ཀྱང༌། མྱུར་བར་མ་ཡིན་ཏེ། སྟུག་པོ་མི་རྫོགས་ཤིང་རིང་པོ་ཐུང་ངུར་འགྱུར་བའི་ཕྱིར། །དལ་བར་མ་ཡིན་ཏེ། སྟུག་པོ་ལྷག་པར་འཕེལ་ཞིང་ཐུང་ངུ་རིང་པོར་འགྱུར་བའི་ཕྱིར་རོ། །རིང་དུ་མ་ཡིན་ཏེ། ལྷག་པ་འཇུག་པའི་ཕྱིར་རོ། །ཐུང་ངུ་མ་ཡིན་ཏེ། ཁོངས་ནས་འབྱུང་བ་མེད་པའི་ཕྱིར་རོ། །ཞེས་སོགས་ཀྱིས་སྔགས་འབྲུ་རང་རང་ཀློག་པའི་ཚད་ལས་རིང་ཐུང་དུ་གྱུར་ན་ཆད་ལྷག་སོགས་ཀྱི་སྐྱོན་དུ་འགྱུར་བས། འདིར་ཡང་སྒྲ་དག་ཅིང་གསལ་ལ་རིང་ཐུང་རན་པ་དགོས་པར་ནན་ཏན་དུ་གསུངས་ལ། དེའི་བར་དུའང་ཐ་མལ་གྱི་ངག་ལ་སོགས་པས་མ་ཆོད་པ་དགོས་པའི་ཕྱིར། རྒྱུན་མི་འཆད། ཅེས་སྨོས་སོ། །འོད་ཟེར་སྤྲོ་བསྡུ་སོགས་ཀྱི་དམིགས་པ་སྐྱོང་ཚུལ་ནི། འཕགས་མཆོག་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དང་སྤྲུལ་བའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བསྐུལ་ཞིང༌། རིགས་དྲུག་སོ་སོའི་གནས་སུ་སོང་སྟེ་རང་རང་གི་སྡུག་བསྔལ་དང༌། སྡིག་སྒྲིབ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བསལ་ཏེ། མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས་ནས།


GTD006_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ངོ་བོ་དང༌། སྣོད་ཐམས་ཅད་དེའི་ཡེ་ཤེས་ཀྱི་རང་སྣང་དག་པའི་ཞིང་ཁམས་འབའ་ཞིག་ཏུ་གྱུར། དེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གཟུངས་ཡི་གེ་དྲུག་པའི་སྒྲ་དབྱངས་ཕྱོགས་བཅུའི་ནམ་མཁའི་ཁམས་ཀུན་གང་བར་འུར་ཆེམ་ཆེམ་བསྒྲགས་པའི་དམིགས་པ་བྱ་ལ། དེའང་སྔགས་ཐོག་མར་བརྗོད་པའི་ཚེ་ལྷ་ཚོགས་སྤྲོས་པའི་དམིགས་པ་དང༌། སྔགས་བརྗོད་པ་རྫོགས་པ་ན་ཚུར་སྡུད་པའི་དམིགས་པ་བྱེད་དགོས་ཏེ། མདོ་བསྲེ་ལས། བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །རྫོགས་ནས་བསྡུ་བ་རབ་ཏུ་བྱ། །ཞེས་བྱ་བའི་ངག་གི་བཟླས་བརྗོད་བྱས་ལ། ཞེས་གསུངས་སོ། །ལེའུ་བཅུ་གསུམ་པའི་ལུང་འདིའི་དོན་སྒྲོན་གསལ་ལས་སྒྲུབ་ཐབས་བསྒོམས་པའི་མཐར་དཀྱིལ་འཁོར་གྱི་ལྷ་རང་ལ་བསྡུ་བ་ལ་སྦྱར་ཞིང༌། བླ་མ་དམ་པ་རྣམས་ཀྱིས་མཆོད་པའི་ཚེ་མཆོད་ལྷ་སྤྲོ་བ་དང་སྡུད་པའི་ཚུལ་དུ་མཛད་མོད་ཀྱང༌། ཐམས་ཅད་ལྷ་སྤྲོ་བསྡུའི་དམིགས་པར་ཕྱོགས་མཐུན་པས་དོན་འགལ་བ་མེད་དོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ནམ་མཁའ་གང་བར་རབ་བསམ་པའི། །ངང་ནས་ཕྱག་སྐོར་མཆོད་བསྟོད་དང༌། །གཏོར་མ་ཆབ་གཏོར་སྡིག་བཤགས་དང༌། །ཡི་རང་བསྐུལ་ཞིང་གསོལ་གདབ་པ། །མཎྜལ་འབུལ་བ་ལ་སོགས་པ། །དགེ་བའི་བྱ་བ་ཐམས་ཅད་བྱ། །རྫོགས་རིམ་ཟབ་མོའང་བླ་མ་ཡི། །མན་ངག་བཞིན་དུ་བསྒོམ་ལ་བརྩོན། །ཞེས་བྱུང༌། འདི་དག་གིས་མཇུག་གི་མཆོད་བསྟོད་སོགས་ཀྱང་བསྟན་ལ། ཐུན་མཚམས་དང༌། རྒྱུན་པར་ཡང་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ལ་བརྩོན་པ་སོགས་བསག་


GTD006_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་ལ་འབད་དགོས་ཚུལ་དང༌། རྫོགས་རིམ་ཟབ་མོའི་ཉམས་ལེན་ལའང་སྨོན་པ་ཚུན་ཆད་ཀྱིས་བག་ཆགས་ཅི་ཐེབས་བྱས་ཏེ། འདིར་གཙོ་བོར་བཤད་པའི་བསྐྱེད་རིམ་གྱི་བསྒོམ་བཟླས་དེ་དག་ཐམས་ཅད་ཀྱང་རྫོགས་རིམ་ཟབ་མོ་དེ་ལྟ་བུའི་སྨིན་བྱེད་དང༌། རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཏེ། ལུས་ཅན་མཐའ་དག་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་རྒྱུར་བསྔོས་ཚུལ་སོགས་བསྟན་ཏོ། །དེའང་ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བ་དངོས་སུ་གསུངས་ལ། སྐོར་བ་བྱེད་པའང་བཀུར་སྟིའི་ཡན་ལག་ཡིན་པ་ཕྱག་དང་མཚུངས་པའི་ཕྱིར་དེ་དང་མཉམ་དུ་སྨོས་པ་ཡིན་ཏེ། བློ་གྲོས་བརྟན་པའི་རྒྱན་གྱི་འགྲེལ་བཤད་ལས། རྙེད་པས་མཆོད་པ་དང༌། བཀུར་སྟིས་མཆོད་པའོ། །དེ་ལ་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་འབུལ་བ་ནི་རྙེད་པས་མཆོད་པའོ། །ཕྱག་འཚལ་བ་དང་སྐོར་བ་བྱེད་པ་ལ་སོགས་པ་ནི་བཀུར་སྟིས་མཆོད་པའོ། །ཞེས་གསུངས་པ་ལྟར་རོ། །མཆོད་བསྟོད་དང་གཏོར་མ་ཆབ་གཏོར་ཞེས་པའི་བསྟོད་པ་ཕྱག་གི་ཁོངས་སུ་འདུའང༌། རྐང་བརྒྱད་ཀྱི་བསྟོད་པ་མཆོད་པའི་གྲངས་སུ་གསུངས་པ་ལྟ་བུའང་ཡོད་པས་དོན་མི་འགལ་ལ། གཏོར་མ་ཆབ་གཏོར་སོགས་ཀྱང་ཡུལ་གྱི་མགྲོན་ལ་མཆོག་དམན་གྱི་དབྱེ་བ་ཡོད་པ་ལས། ཟང་ཟིང་གི་དངོས་པོ་གཏོང་བར་རིགས་འདྲ་བས་ལྷན་དུ་སྨོས་སོ། །དེ་ནས་སྡིག་པ་བཤགས་པ། རྗེས་སུ་ཡི་རང༌། ཆོས་འཁོར་སྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་བ། མཎྜལ་རྣམས་ཀྱི་དངོས་ཟིན་སླ་ལ། སོ་སོ་ཕྱེ་ན་རེ་རེ་ལའང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཁྱད་པར།


GTD006_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༸རྒྱལ་དབང་གི་བླ་མཆོད་ཆོ་གར་འབྱུང་བ་དང༌། མཎྜལ་གྱི་དབྱེ་བ་ལམ་འབྲས་སོགས་གཞན་ལས་ཀྱང་མང་དུ་འབྱུང་ཡང༌། འདིར་ཡི་གེས་འཇིགས་པས་མ་བྲིས། བསྔོ་བ་དངོས་ཟིན་ལ་མེད་ཀྱང༌། འདིར། དགེ་བའི་བྱ་བ་ཐམས་ཅད་བྱ། །ཞེས་པ་དང༌། རྫོགས་རིམ་ཞལ་འཕང་མཛད་པའི་ཤུགས་ཀྱིས་གོ་ཚུལ་སྔར་བཞིན་ཡིན་ལ། དེར་མ་ཟད་ཕན་ཡོན་བཤད་པའི་སྐབས་དང་མཐར་ཐུག་གི་འབྲས་བུ་མང་དུ་གསུངས་པས། དགེ་རྩ་འདི་རྣམས་གཞིར་བཟུང་སྟེ། འབྲས་བུ་དེ་དག་གི་རྒྱུར་འཕེན་པ་གཏོང་བ་ལས་གཞན་ན་བསྔོ་བ་བྱ་བ་ལོགས་སུ་མེད་པས། འདི་དག་གི་ཁོངས་སུ་བསྔོ་བའི་དོན་ཡང་ལེགས་པར་ཚང་ངོ༌། །གཉིས་པ་བསྒོམ་པའི་ཕན་ཡོན་ནི། དེ་ལྟར་བྱས་ན་འདི་ཕྱི་ཡི། །དོན་ཀུན་ཡིད་བཞིན་འགྲུབ་འགྱུར་ཞིང༌། །འཆི་ཚེ་མི་མཐུན་ཀུན་བྲལ་ནས། །རྗེ་བཙུན་སྤྱན་རས་གཟིགས་དབང་ནི། །འཁོར་དང་བཅས་སམ་དེ་སྤྲུལ་བ། །བསམ་གྱིས་མི་ཁྱབ་པས་བསུས་ཏེ། །པོ་ཏ་ལ་ཡི་ཞིང་མཆོག་གམ། །བདེ་བ་ཅན་དུ་པདྨོ་ལས། །བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག །གཟུངས་དང་ཏིང་འཛིན་ལ་སོགས་པའི། །ཡོན་ཏན་མང་ཐོས་རྫོགས་སངས་རྒྱས། །ཐབས་ཅད་མཉེས་བྱེད་ས་ལམ་གྱི། །ཡོན་ཏན་ཐམས་ཅད་ཀུན་རྫོགས་ནས། །སྤྱན་རས་གཟིགས་དང་མཚུངས་པ་ཡི། །གོ་འཕང་དམ་པ་ཐོབ་པར་འགྱུར། །ཞེས་བྱུང༌། འདི་དག་གི་དངོས་ཟིན་ཤིན་ཏུ་གོ་སླ་སྟེ། ཚེ་འདིར་ཡང་ཆོས་ལྡན་གྱི་འདོད་དོན་སྨོན་པ་བཞིན་དུ་འགྲུབ་པ་དང༌། འཆི་བའི་ཚེ་མགོན་པོ་སྤྱན་རས་གཟིགས་ཀྱིས་ཞལ་བསྟན་ནས་དག་པའི་ཞིང་དུ་


GTD006_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་དེ་སྐྱེ་བ་ལེན་ཞིང༌། དེར་ཚིག་དོན་གྱི་གཟུངས་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་མང་དུ་ཐོབ་སྟེ། ས་ལམ་གྱི་རྟོགས་པ་གོང་མ་རྣམས་བདེ་བླག་ཏུ་བགྲོད་ནས། རིང་པོར་མི་ཐོགས་པར་མགོན་པོ་སྤྱན་རས་གཟིགས་དང་སྤངས་རྟོགས་མཉམ་པའི་གོ་འཕང་བླ་ན་མེད་པ་མངོན་དུ་འགྱུར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། འདུས་པའི་རྒྱུད་ཕྱི་མ་ལས། གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང༌། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང༌། །མཆོད་པར་བྱེད་པ་དང་ནི་འདྲིའམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་ཞིག་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང༌། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང༌། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དང༌། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་རབ་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པ་ནས། ཐ་ན་མཚན་ཙམ་འཛིན་པ་ཡན་ཆད་ཀྱང་རིང་པོར་མི་ཐོགས་པར་བྱང་ཆུབ་རྡོ་རྗེའམ། རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་ཁྱད་པར་ཅན་ཐོབ་པས། དེ་དང་འདྲ་བར་བསྟོད་བསྔགས་ཀྱི་ཡུལ་དུ་གསུངས་པ་བཞིན་ལམ་འདིའི་སྒྲུབ་པ་པོ་རྣམས་ཀྱང༌། ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་ལས། དེ་ལྟར་མཁས་དང་གྲུབ་པ་ལས་བརྒྱུད་པའི། །མན་ངག་བདུད་རྩིའི་སྙིང་པོ་འདི་ལྟ་བུར། །ཚུལ་བཞིན་སྤྱོད་པའི་སྐལ་བར་ལྡན་རྣམས་ཀྱང༌། །རྒྱལ་སྲས་དམ་པའི་དཔེ་ཟླར་བསྔགས་པར་འོས། །ཞེས་ཚེམ་བུ་དམར་ཁྲིད་ཀྱི་མཇུག་ཏུ་གསུངས་པ་བཞིན། རྨད་དུ་བྱུང་བའི་སྐལ་བ་བཟང་པོ་ངེས་པར་ཐོབ་པ་ཡིན་པས།


GTD006_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལེགས་སུ་འདོད་པ་རྣམས་ཀྱིས་སྤྱིར་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ་ཅིང། ཁྱད་པར་བསྟན་པའི་སྙིང་པོ་འདི་ལྟ་བུ་དང་མཇལ་བའི་དུས་འདིར་སྒོ་གསུམ་བག་མེད་དུ་མ་སོང་བར་ཅི་ནས་ཀྱང་སྙིང་པོ་ལོན་པ་ཞིག་བྱེད་དགོས་སོ། །གསུམ་པ་མཇུག་གི་དོན་ནི། དེ་ལྟར་ཕན་ཡོན་ཆེ་ལ་སྒྲུབ་སླ་བའི། །མན་ངག་ཟབ་མོ་ཁྱད་པར་འཕགས་པ་འདི། །རིགས་ཆོས་སློབ་བུ་ཆོས་དབང་རྡོ་རྗེ་ཡིས། །བསྐུལ་བའི་བྱེད་པས་དམ་པས་བྱིན་བརླབས་པའི། །ཡོ་གི་ཛྙཱ་ན་བཛྲ་ཞེས་བྱ་ཡིས། །སྔོན་བྱོན་དམ་པ་རྣམས་ཀྱིས་གསུངས་པ་བཞིན། །རང་ལོ་གྱ་ལྔར་ཡི་གེར་བྲིས་པ་འདི། །གླེགས་བུར་བཀོད་པོ་རབ་འབྱམས་བློ་གྲོས་སོ། །ཞེས་གསུངས་ཏེ་གོ་བར་སླའོ། །སྨྲས་པ། གསར་པའི་ལེགས་བཤད་ཀུནྡ་གཞོན་ནུ་ལུང་རིགས་གེ་སར་རྒོད་པའི་འཛུམ། །དུས་བཞིའི་མཐའ་ལ་སྐྱོ་བའི་ཤུགས་འཆང་ཐུབ་བསྟན་སྒེག་མོའི་ཡིད་འཛིན་འདི། །འཛམ་གླིང་མཁས་དགུའི་ས་འཛིན་རྩེ་མོར་བཀའ་ཡིག་འོད་ཕྲེང་རོལ་པ་ཅན། །ཡབ་རྗེ་འཇིགས་མེད་དབང་པོའི་དྲིན་ནོ་སླར་ཡང་བྱང་ཆུབ་བར་དུ་སྐྱོངས། །ཆོས་མཛོད་ཀུན་ལ་རྒྱས་བཏབ་གདམས་པའི་ལྕགས། །སྔོན་བྱུང་འགྲེལ་པའི་ལྡེ་མིག་མ་མཆིས་ཀྱང༌། །རྣམ་དཔྱོད་སོར་མོའི་འཕྲུལ་གྱིས་ཕྱེ་བ་འདིར། །ནོངས་པ་མཆིས་ན་བླ་མ་ལྷ་ཡིས་སྦྱོངས། །ཟབ་གསང་རྒྱུད་སྡེ་རྣམ་བཞིའི་སྙིང་པོའི་དོན། །མ་ལུས་གཅིག་གྱུར་ནོར་བུའི་གཏེར་གྲོལ་བས། །ཀུན་ཏུ་རྨོངས་པ་དབུུལ་བའི་འཇིགས་འཕྲོག་ཅིང༌། །ཡང་དག་ལམ་གྱི་དགའ་སྟོན་ཅི་ཡང་འགྱེད། །འདི་ནི་རྒྱལ་བ་དགྱེས་པའི་མཆོད་


GTD006_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཏེ། །རང་བློ་ལེགས་བཤད་ལམ་ལ་གོམས་པའི་ཐབས། །བློ་ལྡན་འགའ་ལ་ཕན་པར་འགྱུར་སྲིད་པས། །ཚུལ་འདིར་འབད་པའི་ངལ་བ་འབྲས་བུར་བཅས། །ལ་ལ་སྔོན་གྱི་གཞུང་ལུགས་འགྲིབ་པའི་དུས། །གསར་པའི་རྩོམ་པ་དགོས་པ་མེད་དོ་ལོ། །མང་བཀུར་རྒྱལ་པོའི་དཔལ་ཡང་མི་བརྟན་པས། །ནོར་གྱིས་དགོས་མེད་སྔོན་དུ་དགོངས་པར་མཛོད། །འདིར་འབད་དགེ་བས་ཚེ་རབས་ཕྲེང་བར་ཡང༌། །རྗེ་བཙུན་དམ་པའི་མགོན་གྱིས་མི་གཏོང་ཞིང༌། །ལེགས་གསུང་བདུད་རྩིའི་བཅུད་ཀྱིས་འཚོ་བ་ཡིས། །བདེ་སྟོང་ཏིང་འཛིན་ལང་ཚོ་རྒྱས་གྱུར་ཅིག །ཁྱད་པར་དགེ་ལྡན་རིང་ལུགས་ཆུ་གཏེར་དང༌། །ཡངས་པའི་འཇིག་རྟེན་བདེ་འབྱོར་ཀུནྡའི་ཚལ། །ལེགས་བཤད་ག་བུར་འོད་ཀྱི་རྩེ་དགའ་རྣམས། །ཕན་ཚུན་འགྲན་པ་བཞིན་དུ་རྒྱས་གྱུར་ཅིག །ཅེས་བྱང་ཕྱོགས་བསྟན་པའི་ཉི་མ་གཅིག་པུ་ཐུགས་རྗེའི་བདག་ཉིད་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་མ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ་ཟབ་མོ་སྣང་བ་ཞེས་བྱ་བ་འདི་ནི། རྗེ་བཙུན་དམ་པའི་ཁུ་རེ་ཆེན་མོ་ནས་དད་བརྩོན་རྣམ་དཔྱོད་ལྡན་པ་དགེ་སློང་བློ་བཟང་བསྟན་འཛིན་གྱིས་སྐུ་གསུང་ཐུགས་རྟེན། གསེར་དངུལ། གོས་ཕྲུགས། སྤོས་སྨན་སོགས་ཀྱི་མཎྜལ་བཅས་ནན་ཏན་ཆེན་པོས་བསྐུལ་བའི་ངོར། མདོ་དང་སྔགས་ཀྱིས་བསྡུས་པའི་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་འཛིན་སྐྱོང་སྤེལ་བར་བྱེད་པ་ལ་སྙིགས་མའི་དུས་འདིར་སའི་སྟེང་ན་འགྲན་པའི་ཟླ་དང་བྲལ་བ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋརྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་ཞལ་སྔ་ནས་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་པའི་བཀའ་དྲིན་ལས་


GTD006_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་ཀྱི་དགོངས་པ་འགྲེལ་པ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཙམ་ཐོབ་པའི་ྋཤཱཀྱའི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས། རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་བཤད་སྒྲུབ་བསྟན་པའི་འབྱུང་གནས་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་བའི་ཡི་གེ་པ་ནི་བློ་དང་ལྡན་པ་དགེ་སློང་དཀོན་མཆོག་ཀུན་དགས་བགྱིས་པ་འདིས་ཀྱང་འཇམ་མགོན་བསྟན་པའི་སྙིང་པོ་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག།། །།


previousམ་ཎིའི་སྒྲུབ་ཐབས་ཟབ་མོའི་འགྲེལ་པ། next