Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
འཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས། next

འཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས།


GTD006_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བདེ་ཆེན་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །


GTD006_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གསུང་སྐུ་དང་དམ་ཚིག་འཁོར་ལོའི་ལྷ། །ཀུན་གྱི་འབྱུང་གནས་བདེ་ཆེན་ལྷན་ཅིག་སྐྱེས། །དབང་སྔོན་ལྷུན་པོ་གཡོ་བའི་ཟློས་གར་མཁན། །ཁྱབ་བདག་ཧེ་རུ་ཀ་ཡིས་རིང་དུ་སྐྱོངས། །དེ་ཡང་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷན་སྐྱེས་སྒོམ་པར་འདོད་པའི་གང་ཟག་གིས་བྲིས་འབུར་གྱི་སྐུ་དང༌། མཆོད་གཏོར་སོགས་ཚུལ་དང་མཐུན་པར་བཤམ། བདེ་བའི་སྟན་ལ་འཁོད་ཅིང་ཀུན་སློང་ལེགས་པར་བཅོས་ཏེ། ཐོག་མར་བླ་མ་བརྒྱུད་པའི་གསོལ་འདེབས་བྱ་བར་འདོད་ན། དཔལ་ལྡན་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང༌། །སྙིང་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས། །བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ཏེ། །རྒྱལ་དང་རྒྱལ་བའི་སྲས་པོ་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ལྷན་སྐྱེས་ཀྱི། །ཡེ་ཤེས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དངོས་གྲུབ་མཆོག་བརྙེས་ཏཻ་ལོ་ཤེར་བཟང་དང༌། །རྣལ་འབྱོར་དབང་ཕྱུག་རོལ་པའི་རྡོ་རྗེའི་ཞབས། །འཕགས་པས་རྗེས་བཟུང་མི་ཏྲ་ཛོ་ཀི་སྟེ། །གྲུབ་པའི་དབང་ཕྱུག་ཆེན་པོ་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ལྷན་སྐྱེས་ཀྱི། །ཡེ་ཤེས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །འཇིག་རྟེན་མིག་གཅིག་ལོ་ཆེན་བྱམས་པ་དཔལ། །མཁས་ཤིང་གྲུབ་པ་བསོད་ནམས་དབང་ཕྱུག་དང༌། །ཉམས་རྟོགས་མཐར་སོན་བསོད་ནམས་སེང་གེའི་ཞབས། །རྗེ་བཙུན་རིན་ཆེན་སེང་གེ་རྣམ་བཞི་ལ། །གསོལ་བ་


GTD006_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ༌༝། ། ཡེ་ཤེས་མངོན་དུ་༝། །ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། །ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་དང༌། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །ཐུབ་བསྟན་ཡོངས་ཀྱི་མངའ་བདག་རྣམ་གསུམ་ལ། །གསོལ་བ་འདེབས་སོ་༝། །ཡེ་ཤེས་མངོན་དུ༌༝། །སྨྲ་བའི་ཉི་མ་མཁས་གྲུབ་དགེ་ལེགས་དཔལ། །སྙན་བརྒྱུད་བཀའ་བབས་ཆོས་ཀྱི་རྒྱལ་མཚན་དང༌། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཆོས་རྡོ་རྗེ། །དགེ་ལྡན་བསྟན་པའི་རྩ་ལག་རྣམ་གསུམ་ལ། །གསོལ་བ་འདེབས་སོ༌༝། །ཡེ་ཤེས་མངོན་དུ༌༝། ཟབ་ལམ་མངོན་གྱུར་རྒྱལ་བ་དབེན་ས་པ། །མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་དང༌། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། །མཚུངས་མེད་བསྟན་འགྲོའི་དཔུང་གཉེན་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ལྷན་སྐྱེས་ཀྱི། །ཡེ་ཤེས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །སྔགས་འཆང་ཆེན་པོ་དགེ་འདུན་དོན་གྲུབ་དང༌། །ལུང་རྟོགས་མངའ་བདག་ངག་དབང་བསྟན་འཛིན་ཞབས། །འདུལ་འཛིན་དམ་པ་བློ་བཟང་མཁས་བཙུན་ཏེ། །གསང་ཆེན་གདམས་པའི་གཏེར་མཛོད་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ལྷན་སྐྱེས་ཀྱི། །ཡེ་ཤེས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་སྡེ། །རྗེ་བཙུན་བློ་བཟང་བསྟན་པའི་ཉི་མའི་ཞབས། །སྨྲ་བའི་དབང་ཕྱུག་བློ་བཟང་


GTD006_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒྱས་ཏེ། །བྱང་ཕྱོགས་སྐྱེ་དགུའི་འདྲེན་མཆོག་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ལྷན་སྐྱེས་ཀྱི། །ཡེ་ཤེས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །བཅོམ་ལྡན་ཧེ་རུ་ཀ་དཔལ་དུས་ཀྱི་མཐར། །ངུར་སྨྲིག་གར་མཛད་འཇིགས་མེད་དབང་པོའི་སྡེ། །མཆོག་ཐུན་དངོས་གྲུབ་མ་ལུས་འབྱུང་བའི་གནས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ལྷན་སྐྱེས་ཀྱི། །ཡེ་ཤེས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །༈ རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། ཨོཾ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨཱཿ ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱཿ ལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་དང༌། ལཾ་མཾ་པཾ་ཏཾ་བཾ་ལས་བྱུང་བའི་ཤ་ལྔ་བདུད་རྩི་ལྔ་སླར་ཡང་ཡི་གེ་དེ་དག་གིས་མཚན་པའི་སྟེང་དུ་ཨོཾ་ཨཱཿ ཧཱུཾ་གི་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རླུང་གཡོས། མེ་སྦར། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ་བའི་ནང་དུ་རྡོ་རྗེ་གསུམ་རིམ་གྱིས་ཐིམ་པས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས་ཤིང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿ ཧཱུཾ་ལན་གསུམ་བརྗོད་ལ་ནང་མཆོད་བྱིན་གྱིས་བརླབས། ཡང་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་


GTD006_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང༌། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་ནས། ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བླ་མ་དང་དཀྱིལ་འཁོར་པའི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ཐིམ་པར་གྱུར། ན་མོ་གུ་རུ་མཎྜ་ལེ་བྷྱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྖ་ཧཱུཾ་སྭཱཧཱ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཐེག་པ་གསུམ་པོ་ཐམས་ཅད་དང༌། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་


GTD006_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་རེ་སྟེ། དེ་ཐམས་ཅད་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ་སྟེང་དང་ལོགས་ཀུན་ཏུ་ཁྱབ་པར་གཡོན་སྐོར་དུ་འཁྱིལ་ཞིང་འབར་བའི་མེ་དཔུང་གི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་སྲུང་འཁོར་གྱི་ནང་དུ་འབྱུང་བཞི་རིམ་བརྩེགས་རི་རབ་ཀྱི་སྟེང་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་ལ་རྡོ་རྗེ་ནག་པོའི་ཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང༌། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཕྱང་བ། ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་ཤིང་གར་དགུའི་ཉམས་


GTD006_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་དང༌། སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཕྱོགས་ཀྱི་འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། བཞི་གའང་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། མཚམས་ཀྱི་འདབ་མར་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿ ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། ལུས་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས།


GTD006_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ལ་མི་བསྐྱོད་པ། ཕག་མོ་ལ་རྣམ་སྣང༌། མཁའ་འགྲོ་མ་སོགས་བཞི་ལ་རིན་འབྱུང་གིས་དབུ་བརྒྱན་པར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟའི་བར་དང༌། ཨོཾ་བཛྲ་ཝཱི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཝཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མྲྀ་ཏཾ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མུ་རཱ་ཛེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གཱིརྟེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ནྲྀ་ཏྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དྷུ་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དཱི་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ར་ས་བཛྲི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྤརྴ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཨོཾ་དྷརྨཱ་དྷཱ་ཏུ་བཛྲི་ཧཱུཾ་ཧཱུཾ་ཕཊ། ཅེས་རིག་མ་བཅུ་དྲུག་གིས་མཆོད། ཡབ་ཡུམ་གཉིས་ཀྱི་ཉེ་སྙིང་དང༌། མཁའ་འགྲོ་མ་བཞིའི་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད་དབུལ། ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། ཨོཾ་བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད་ཧུཾ་ཧཱུཾ་ཕཊ། ཨོཾ་རལ་པའི་ཅོད་པན་མི་བཟད་པ་དང་ལྡན་ཧུཾ་ཧཱུཾ་ཕཊ། ཨོཾ་མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་ཧུཾ་ཧཱུཾ་ཕཊ། ཨོཾ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧུཾ་ཧཱུཾ་ཕཊ། ཨོཾ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་འཛིན་ཧུཾ་ཧཱུཾ་ཕཊ། ཨོཾ་སྟག་གི་པགས་པའི་ན་བཟའ་འཛིན་པ་ཅན་ཧུཾ་ཧཱུཾ་ཕཊ། ཨོཾ་སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧུཾ་ཧཱུཾ་ཕཊ། ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། ཨོཾ་འཕགས་མ་རིག་པའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ་ཧུཾ་ཧཱུཾ་ཕཊ། ཨོཾ་འབྱུང་པོའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་ཧུཾ་ཧཱུཾ་ཕཊ།


GTD006_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྡོ་རྗེ་གདན་བཞུགས་གཞན་གྱིས་མི་ཐུབ་དབང་བྱེད་སྤྱན་ཧུཾ་ཧཱུཾ་ཕཊ། ཨོཾ་གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམས་པ་དང་ཧུཾ་ཧཱུཾ་ཕཊ། ཨོཾ་བདུད་རྣམས་སྐྲག་ཅིང་སྐེམས་པས་གཞན་གྱི་ཕྱོགས་ལས་རྒྱལ་ཧུཾ་ཧཱུཾ་ཕཊ། ཨོཾ་རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ་ཧུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་ཕག་མོ་སྦྱོར་ཆེན་འདོད་དབང་མ་ལ་འདུད་ཧུཾ་ཧཱུཾ་ཕཊ། ཅེས་རྐང་བརྒྱད་ཀྱིས་བསྟོད། གཙོ་བོའི་ཐུགས་ཀར་རང་འདྲའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ། དེའི་ཐུགས་ཀར་ཧཱུཾ་ཡིག་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་དཀྱིལ་འཁོར་པའི་ལྷའི་ཚོགས་སྤྲོས། འགྲོ་བ་རྣམས་འཁོར་ལོ་སྡོམ་པའི་གོ་འཕང་ལ་བཀོད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་མ་ལུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ཎཱི་ཛཱ་ལ་ཤཾ་བ་རཾ་སྭཱཧཱ། ཨོཾ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཌཱ་ཀཱི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧཱི་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་གཙོ་འཁོར་གྱི་སྔགས་རྣམས་ཇི་ལྟར་འཚམ་པ་རེ་བཟླས་ལ། མཇུག་ཏུ་ཧེ་རུ་ཀའི་ཡིག་བརྒྱ་བཟླས་ཏེ་ལྷག་ཆད་བསྐང༌། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། ཕཻ། རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པ་འཁོར་དང་བཅས་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཆུ་


GTD006_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཉེར་སྤྱོད་རོལ་མོས་མཆོད། ལྷ་རྣམས་ཀྱི་ལྗགས་ལ་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། ཨོཾ་བཛྲ་ཨ་ར་ལི་ཧོཿ ཛཿ ཧཱུཾ་བཾ་ཧོཿ ཌཱ་ཀཱི་ནྱ་ས་མ་ཡ་སྟྭཾ། ཏྲི་ཤྱ་ཧོཿ ཚར་གཅིག་གིས་གཙོ་བོ། ཚར་གཉིས་པས་ཡུམ། ཚར་གསུམ་པས་རྣལ་འབྱོར་མ་བཞི་ལ་འབུལ། མཆོད་པ་དང་ནང་མཆོད་རྐང་བརྒྱད་ཀྱིས་བསྟོད་པ་རྣམས་སྔར་བཞིན་བྱ། སྲིད་པ་དང་མཉམ་ཞི་བ་ཆགས་བཅོམ་ཀུན་ཏུ་རྟོག་པ་འཇོམས། །ཁྱོད་ནི་དངོས་པོ་མཐའ་དག་མཁའ་ལྟར་གཟིགས་པ་དང་ལྡན་པ། །མགོན་པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛོད། །ཅེས་འདོད་དོན་ལ་གསོལ་བ་གདབ། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང༌། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་གྱིས་མཁའ་འགྲོའི་སྤྱི་གཏོར་དཀྱུས་བཞིན་བྱ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཿ ཡོ་ག་ཤུདྡྷོ྅ཧཾ། ཨོཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་ཤིང༌། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་ཐིམ་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སྣོད་བཅུད་མཐའ་དག་འོད་དུ་ཞུ་བ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་མཁའ་འགྲོ་མ་བཞི་དང་བཅས་པ་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་ཡང་སྐུའི་སྟོད་སྨད་ནས་རིམ་གྱིས་ཞུ་བ་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ་ཞིང༌། ཧཱུཾ་ཡིག་ཀྱང་ཇེ་ཕྲ་ཇེ་ཕྲར་སོང་སྟེ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་མི་དམིགས་པའི་སྟོང་པར་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར་


GTD006_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ། མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་པདྨ་གར་དབང་གི་ངོ་བོ་སྭཱཧཱ་ཧུ་དམར་པོ། ཕྲག་པ་གཉིས་སུ་ཉི་མ་ལ་དཔལ་ཧེ་རུ་ཀའི་ངོ་བོ་བཽ་ཥཊ་ཧེ་ནག་པོ། མིག་གཉིས་སུ་ཉི་མ་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོཿ དམར་སེར། དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་བཞིན་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུས་མཚན་པར་གྱུར། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེ་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དགེ་བ་འདིས་མཚོན་རང་གཞན་མ་ལུས་པའི། །རྣམ་དཀར་ལེགས་བྱས་གཅིག་ཏུ་བསྡོམས་པའི་མཐུས། །ཚེ་རབས་ཀུན་ཏུ་དལ་བའི་རྟེན་ཐོབ་ཅིང༌། །བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་ཤོག །དེ་ཚེ་སྲིད་ལས་ངེས་འབྱུང་སྐྱོ་ཤས་དང༌། །སྨོན་འཇུག་བྱང་ཆུབ་སེམས་ལ་གོམས་བྱས་ཏེ། །རྒྱལ་སྲས་སྤྱོད་པ་ཕྱིན་དྲུག་བསྡུ་བཞི་སོགས། །ཐུན་མོང་ལམ་རྣམས་རྒྱུད་ལ་སྐྱེ་བར་ཤོག །རྣམ་དག་དབང་གིས་གསང་ཆེན་སྒོར་བཅུག་སྟེ། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བྱེད་ཅིང༌། །བསྐྱེད་རིམ་ཕྲ་རགས་ཐུན་བཞིར་བསྒོམས་པ་ཡིས། །གང་སྣང་


GTD006_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་འཁོར་ལོར་འཆར་བར་ཤོག །ཟླ་ཉིའི་རྒྱུ་བ་དྷཱུ་ཏཱིར་ཐིམ་པ་ཡིས། །སྤྲོས་ཀུན་འོད་གསལ་དབྱིངས་སུ་སྡུད་བྱེད་ཅིང༌། །དེ་ལས་སྒྱུ་འཕྲུལ་དྲ་བའི་སྐུར་བཞེངས་པས། །ཟུང་འཇུག་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ན། །འཆི་ཚེ་རྗེ་བཙུན་ཡབ་ཡུམ་འཁོར་བཅས་ཀྱིས། །ཡིད་འོང་མཆོད་སྤྲིན་སྙན་པའི་རོལ་མོའི་སྒྲ། །ངོ་མཚར་ལྟས་བཟང་མང་པོས་བསུ་བར་ཤོག །དེ་ཚེ་འཆི་བའི་འོད་གསལ་ཟིན་པ་ཡིས། །མཁའ་སྤྱོད་གནས་སམ་གསང་སྔགས་སྒྲུབ་པའི་རྟེན། །བླངས་ཏེ་ཟབ་མོའི་ལམ་བཟང་མྱུར་བགྲོད་ནས། །ཧེ་རུ་ཀ་དཔལ་གོ་འཕང་ཐོབ་གྱུར་ཅིག། །༈ དཀྱིལ་འཁོར་འཁོར་ལོའི་བདག་པོ་རྡོ་རྗེ་འཆང༌། །ལཱུ་ནག་དྲིལ་གསུམ་རྒྱལ་བ་གཉིས་པའི་ཞབས། །བཀའ་དྲིན་གསུམ་ལྡན་དངོས་ཀྱི་འདྲེན་པ་སོགས། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་མཁའ་འགྲོ་ལྔ་ལ་སོགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རྣལ་འབྱོར་མ་རྒྱུད་ཟབ་ལམ་རིམ་གཉིས་སོགས། །གསང་ཆེན་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །རྣམ་དག་སྒྲུབ་ལ་རྩེ་གཅིག་གཞོལ་པ་ཡི། །རིག་འཛིན་བྱེ་བའི་ཚོགས་ཀྱི་བཀྲ་ཤིས་ཤོག །མཐོང་ཐོས་དྲན་པས་དགེ་ལེགས་དཔལ་སྟེར་བ། །བདེ་ཆེན་གཞལ་ཡས་མཆོག་གི་བཀྲ་ཤིས་ཤོག །བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །དམ་ཅན་ཆོས་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །རྣལ་འབྱོར་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱ་ལ། ཐུན་


GTD006_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་ཡང་ཁ་ཟས་ཀྱི་རྣལ་འབྱོར་དང༌། གཉིད་དང་ལྡང་པ་ཁྲུས་ཀྱི་རྣལ་འབྱོར་སོགས་བླ་མེད་སྤྱི་དང༌། གཡོན་པའི་ཀུན་སྤྱོད་སོགས་མ་རྒྱུད་ཀྱི་སྒོས་ཆོས་རྣམས་ཀྱང་ཇི་ལྟ་བ་བཞིན་ལག་ལེན་དུ་བཏབ་སྟེ་དལ་འབྱོར་དོན་དང་ལྡན་པར་བྱའོ། །འདིར་མི་ཏྲ་བརྒྱ་རྩ་ནས་འབྱུང་བ་བཞིན་གྱི་བདེ་མཆོག་ལྷན་སྐྱེས་ལྷ་ལྔའི་དབང་དུ་བྱས་པ་ཡིན་ལ། སྒྲུབ་ཐབས་རིན་འབྱུང་སོགས་ནས་བཤད་པ་ལྟར་གཙོ་བོ་ཡབ་ཡུམ་ཙམ་གྱིས་ཆོག་པར་བྱེད་ན། གོང་དུ་ལྷ་བསྐྱེད་པའི་སྐབས་རྣལ་འབྱོར་མ་བཞི་བཞག་སྟེ། མཆོད་པ་དང་བཟླས་པའི་སྐབས་སུའང་སོ་སོའི་སྔགས་དང༌། ས་པ་རི་ཝཱ་ར་ཞེས་པ་ལྟ་བུའི་མང་ཚིག་རྣམས་དང༌། ཉེར་བསྡུའི་ཚེའང་རྣལ་འབྱོར་མ་བཞི་བསྟིམ་པ་སོགས་མི་དགོས་པའི་འདོར་ལེན་ཤེས་པར་བྱས་ལ། ལྷག་མ་དཀྱུས་བཞིན་དུ་ཉམས་སུ་བླངས་པས་འགྲུབ་བོ། །སྨྲས་པ། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས། །བདེ་མཆོག་འཁོར་ལོ་ཡབ་ཡུམ་སྒྲུབ་པའི་ཐབས། །བདེ་བླག་ཉུང་ངུར་འདྲིལ་འདི་བཀོད་པའི་དགེས། །བདེ་ཆེན་ཐར་པའི་གྲོང་དུ་འཇུག་གྱུར་ཅིག །ཅེས་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བདེ་ཆེན་དཔལ་སྟེར་ཞེས་བྱ་བ་འདི་ནི། བསྟན་ལ་གཅིག་ཏུ་དགེ་བའི་ལྷག་བསམ་མཆོག་གི་རྒྱན་དང་ལྡན་པ་ཞབས་དྲུང་དཀོན་མཆོག་ཆོས་དར་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའ་འོ།། །།


previousའཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་སྒྲུབ་ཐབས། next