Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
བདེ་གསང་འཇིགས་གསུམ་གྱི་ཆོ་ག་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་གསང་འཇིགས་གསུམ་གྱི་ཆོ་ག་མདོར་བསྡུས།next

བདེ་གསང་འཇིགས་གསུམ་གྱི་ཆོ་ག་མདོར་བསྡུས།


GTD006_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གསང་འཇིགས་གསུམ་གྱི་ཆོ་ག་མདོར་བསྡུས་བཞུགས་སོ། །


GTD006_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསུམ་དབྱེར་མེད་པའི་བདག །མི་བསྐྱོད་མགོན་པོ་བླ་མ་ཡི། །ཞབས་ལ་བཏུད་ནས་དེ་མཉེས་པ། །སྒྲུབ་བྱེད་ཆོ་གའི་སྙིང་པོ་བྲི། །སྐྱབས་སེམས་སྔོན་དུ་བཏང༌། རང་ཉིད་ཞེ་སྡང་རྡོ་རྗེ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད་དེ་ནང་མཆོད་དང་མཆོད་རྫས་བྱིན་གྱིས་བརླབ། རང་མི་བསྐྱོད་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མོ་གུ་རུ་མཎྜ་ལེ་བྷྱཿ ཞེས་ཕྱག་བྱ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏྱ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ


GTD006_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨའི་ལྟེ་བར་ཨཱཿ ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་སེར་པོ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་སྐོར་དུ་མགྱོགས་པར་འཁོར་བ། རྡོ་རྗེ་འབར་བའི་ཕྲེང་བ་ཕྱོགས་བཅུར་འཕྲོ་བ། ལྟེ་བའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ཉིད་རྡོ་རྗེ་འཆང་དང་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་གཉིས་ཀའང་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ཡབ་ཡུམ་གཉི་གའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚན་དུ་འཁྱུད་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་གསུམ་གྱིས་མཚན་པ། ཏིང་ངེ་འཛིན་


GTD006_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་འོད་ཟེར་གྱིས་མི་བསྐྱོད་པ་ལ་ཁྲོ་བོ་བཅུས་བསྐོར་བ་སྤྱན་དྲངས། ཞལ་ནས་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུ་བའི་ཐིག་ལེ་བཅུ་གཅིག་ཧཱུཾ་རིང་བོ་བཅུ་གཅིག་ཏུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་དང་ཁྲོ་བོ་བཅུར་གྱུར་པའི་མི་བསྐྱོད་པ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་གི་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང༌། ཕྱོགས་བཅུར་འཕྲོས། ཆོས་འཁོར་བསྐོར་བ་ལ་སོགས་པའི་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་དུའང་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་བ་རྣམས་གཅིག་ཏུ་འདུས། མི་བསྐྱོད་པ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས་རང་ལ་རྗེས་སུ་ཞུགས་པས་སྔར་གྱི་ཟླ་བ་ཉི་གདན་དུ་གྱུར་པའི་སྟེང་དུ་རང་ཉིད་ཞེ་སྡང་རྡོ་རྗེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེག་བྱ་རྡོ་རྗེ་མ་སྔོན་མོར་གྱུར་པ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་བཞུགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་གྱུར། ཁྲོ་བོ་བཅུ་རང་གི་ཐུགས་ཀར་དྲངས། ཡ་མཱནྟ་ཀྲིཏ། པྲཛྙཱནྟ་ཀྲྀཏ། པདྨཱནྟ་ཀྲྀཏ། བིགྷྣཱནྟ་ཀྲྀཏ། ཨ་ཙ་ལ། ཊཀྐི་རཱ་ཛ། ནཱི་ལ་དཎྜ། མཧཱ་བཱ་ལ། ཨུཥྞཱི་ཥ་ཙཀྲ་བརྟི། སུམྦྷ་རཱ་ཛ་ཐུགས་ཀ་ནས་ཕྱིར་ཕྱུང༌། ཕྱོགས་མཚམས་ཀྱི་རྩིབས་ཀྱི་ནང་དང་སྟེང་གི་པད་ཉིའི་གདན་ལ་གཡོན་


GTD006_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་གིས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་འཁོད། བདག་ཉིད་ཀྱིས་བལྟས་པས་བཀུག་པའི་གནོད་མཛེས་གཉིས་པ་མདུན་དུ་བཀའ་ནོད་པ་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་བཀའ་བསྒོས་པས་གནོད་མཛེས་ཀྱི་ཕྱག་གཡས་ཀྱི་རྡོ་རྗེ་དེ་རྡོ་རྗེ་ལྕགས་ཀྱུར་གྱུར་ནས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་ག་ནས་ལྕགས་ཀྱུས་བཟུང༌། མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་ནས་ཁྲོ་བོ་བཅུ་ལ་གཏད་པས་ཕྱི་རོལ་ཏུ་ཧཱུཾ་རིང་པོ་ལས་གྲུབ་པའི་ཁྲོན་པ་བྲུབ་ཁུང་གི་རྣམ་པ་ཅན་རྣམས་སུ་བཅུག་པར་གྱུར། བྱང་གི་བདུད་རྩི་འཁྱིལ་པས་སྤྲུལ་བའི་བདུད་རྩི་འཁྱིལ་བ་གཉིས་པ་དེ་ཡོངས་སུ་གྱུར་པ་ལས། སྟོད་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྟོ་བ་མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བ་བཅུར་གྱུར་ཏེ་ཕྱོགས་སྐྱོང་འཁོར་དང་བཅས་པའི་མགོ་བོར་ཟུག་པར་གྱུར། ཨོཾ་གྷཱ་གྷཱ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུཥྚཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི་སརྦྦ་བིགྷྣཱན་ཀཱ་ཡ་ཝཱ་ཀྩིཏྟ་བཛྲ་ཀཱི་ལ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་འབར་བར་གྱུར་པས་ཕྱོགས་མཚམས་དང་སྟེང་འོག་གི་ཕུར་བུ་རྣམས་ཀྱི་སྤྱི་བོ་ནས་བརྡུངས། བགེགས་རྣམས་ཀྱི་སྤྱི་གཙུག་


GTD006_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྐང་མཐིལ་གྱི་བར་ཕུར་བུས་བཏབ་པས་ལུས་ངག་ཡིད་གསུམ་གཡོ་འགུལ་མེད་པར་གྱུར། སྤྲུལ་བའི་གནོད་མཛེས་འོག་གི་གནོད་མཛེས་ལ་ཐིམ། སླར་ཡང་ཁྲོ་བོ་དང་ཕུར་བུ་རྣམས་རྡོ་རྗེའི་མེ་འོད་རབ་ཏུ་འབར་བ་ཕྱོགས་བཅུར་འཕྲོས་པས་འཁོར་གྱི་བགེགས་གདུག་པ་ཅན་རྣམས་ཚིག་པས་བྲོས་པར་གྱུར། ཊཀྐི་ཧཱུཾ་ཛཿ ཁྲོ་བོ་རྣམས་ཀྱི་ཕྱི་རོལ་ཏུ་ལྕགས་ཀྱི་རྡོ་རྗེའི་རྭ་བ། ཊཀྐི་ཧཱུཾ་ཛཿ དེའི་ཕྱི་རོལ་ཏུ་ཆུའི་རྭ་བ། ཊཀྐི་ཧཱུཾ་ཛཿ དེའི་ཕྱི་རོལ་ཏུ་མེའི་རྭ་བ། ཊཀྐི་ཧཱུཾ་ཛཿ དེའི་ཕྱི་རོལ་ཏུ་རླུང་གི་རྭ་བ། ཧཱུཾ་ལས་ལྕགས་ཀྱི་རྭ་བའི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ། གུར་གྱི་འོག་རྭ་བའི་སྟེང་དུ་རྡོ་རྗེའི་བླ་བྲེ། འོག་གཞི་ཧཱུཾ་ལས་རྡོ་རྗེའི་ས་གཞི། ཕྱིའི་ཕྱོགས་མཚམས་ཐམས་ཅད་དུ་མདའི་དྲ་བ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་འཕྲོ་བ་དང་བཅས་པར་གྱུར། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་བརྗོད། ཁྲོ་བཅུའི་སྲུང་འཁོར་མ་བྱས་ཀྱང་ཆད་སྐྱོན་མེད་ལ། འོན་ཀྱང་གྲུབ་ན་གལ་ཆེའོ། །དེ་ནས། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པ་འོ། །སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ་མེ་རི་དང་བཅས་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་གཉིས་


GTD006_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་ཆུད་པའི་ཡཾ་རཾ་བཾ་ལཾ་ལས་འབྱུང་བཞི་རིམ་བརྩེགས་ཡབ་ཡུམ་བཞིའི་རང་བཞིན་དུ་གྱུར། དེ་བཞི་གཅིག་ཏུ་འདྲེས་ཏེ་སྣ་ཚོགས་རྡོ་རྗེར་གྱུར་པའི་ལྟེ་བའི་སྟེང་དུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ཕྱེད་ཀྱི་ཚད་དུ་རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་པ། དེའི་ནང་དུ་སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག་ཐུན་མོང་མ་ཡིན་པའི་གདན་དང་བཅས་པའི་སྟེང་དུ་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་དུས་གཅིག་ཏུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་རང་ཉིད་རྡོ་རྗེ་འཆང་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་འདོད་ཡོན་ལྔའི་དགའ་བས་རོལ་པ། ཡབ་ཡུམ་


GTD006_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་གའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་ག་ཤལ་བྱས་ཤིང༌། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བ། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཤར་དུ་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོར་རིན་འབྱུང་སེར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ནོར་བུ་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་སེར་རལ་གྲི་འཛིན་པ། ནུབ་ཏུ་འོད་དཔག་མེད་དམར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་གྱི་དང་པོས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་ཅིང༌། གཡས་ཀྱི་དང་པོས་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པ། ལྷག་མ་གཡས་རྡོ་རྗེ་འཁོར་ལོ། གཡོན་རིན་ཆེན་རལ་གྲི་འཛིན་པ། བྱང་དུ་དོན་གྲུབ་ལྗང་གུ་མི་བསྐྱོད་པའི་དབུ་རྒྱན་ཅན། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་ལྗང་ནོར་བུ་འཛིན་པ། ཤར་ལྷོར་སྤྱན་མ་དཀར་མོ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ། ནུབ་བྱང་དུ་གོས་དཀར་མོ་དམར་མོ། བྱང་ཤར་དུ་སྒྲོལ་མ་ལྗང་གུ །རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ། ནུབ་བྱང་དུ་དྲི་རྡོ་རྗེ་མ་དམར་མོ། བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་གུ །ཤར་སྒོའི་གཡས་གཡོན་དུ་བྱམས་


GTD006_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ས་སྙིང་དཀར་པོ། ལྷོ་སྒོའི་གཡས་གཡོན་དུ་ཕྱག་རྡོར་དང་ནམ་སྙིང་སེར་པོ། ནུབ་སྒོའི་གཡས་གཡོན་དུ་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དམར་པོ། བྱང་སྒོའི་གཡས་གཡོན་དུ་སྒྲིབ་སེལ་དང་ཀུན་བཟང་ལྗང་གུ །ཤར་སྒོར་གཤིན་རྗེའི་གཤེད་ནག་པོ། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ། ནུབ་སྒོར་རྟ་མགྲིན་དམར་པོ། བྱང་སྒོར་བགེགས་མཐར་བྱེད་སྔོན་པོ། ཤར་ལྷོར་མི་གཡོ་བ་ནག་པོ། ལྷོ་ནུབ་ཏུ་འདོད་རྒྱལ་སྔོན་པོ། ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ། བྱང་ཤར་དུ་སྟོབས་པོ་ཆེ་ནག་པོ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ། འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ། རྣམ་སྣང་ནས་ཀུན་བཟང་གི་བར་གྱི་ལྷ་ཐམས་ཅད་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་མོ་བརྒྱད་ཀ་དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་ཤིང༌། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། དར་ལ་བབ་པའི་ལང་ཚོ་ཅན། ཁྲོ་བོ་བཅུ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ་གཡོན་བརྐྱང་གིས་བཞུགས་པ། སྤྱན་མ་ནས་གནོད་མཛེས་ཀྱི་བར་གྱི་ལྷ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། རང་རང་གི་རིགས་ཀྱི་བདག་པོའི་དབུ་རྒྱན་ཅན་དུ་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་བཀུག་སྟེ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཐོགས་པ་མེད་པར་འཇུག་པའི་རྡོ་རྗེ་སེམས་དཔའི་འཇུག་པས་ཞུགས་པ་ལ་ཡབ་ཡུམ་སྙོམས་པར་ཞུགས་པའི་


GTD006_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདེ་བ་དང་ཡིད་བདེ་བ་ཐོབ་སྟེ། རྡོ་རྗེ་སེམས་དཔར་གྱུར་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་སྤྱན་དྲངས་ཏེ་རང་གི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་གྱུར་པ་ནི། སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ལྟེ་བར་རིན་ཆེན་འབྱུང་ལྡན། བརླའི་རྩ་བར་དོན་ཡོད་གྲུབ་པ། ལྟེ་བར་སྤྱན་མ། སྙིང་གར་མཱ་མ་ཀཱི། མགྲིན་པར་གོས་དཀར་མོ། སྤྱི་གཙུག་ཏུ་སྒྲོལ་མ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག །སྙིང་གར་འཇམ་དཔལ། གསང་གནས་སུ་སྒྲིབ་པ་རྣམ་སེལ། ཚིགས་རྣམས་ལ་ཀུན་ཏུ་བཟང་པོ། སྤྱི་གཙུག་ཏུ་བྱམས་པ། མིག་གི་སྒོར་གཟུགས་རྡོ་རྗེ་མ། རྣ་བའི་སྒོར་སྒྲ་རྡོ་རྗེ་མ། སྣའི་སྒོར་དྲི་རྡོ་རྗེ་མ། ལྕེའི་སྒོར་རོ་རྡོ་རྗེ་མ། རྡོ་རྗེའི་སྒོར་རེག་བྱ་རྡོ་རྗེ་མ། ལག་པ་གཡས་ལ་གཤིན་རྗེའི་གཤེད། ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བགེགས་མཐར་བྱེད། དཔུང་པ་གཡས་པའི་རྩ་བར་མི་གཡོ་བ། དཔུང་པ་གཡོན་པའི་རྩ་བར་འདོད་པའི་རྒྱལ་པོ། པུས་མོ་གཡས་ལ་དབྱུག་སྔོན་ཅན། པུས་མོ་གཡོན་པ་སྟོབས་པོ་ཆེ། སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་སྒྱུར་བ། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། བདག་ཉིད་ཀྱི་ལུས་ཀྱི་ལྷ་རྣམ་སྣང༌། སྤྱན་མ། སའི་སྙིང་པོ།


GTD006_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེའི་གཤེད། མི་གཡོ་བ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་རིན་འབྱུང༌། མཱ་མ་ཀཱི། ཕྱག་རྡོར། སྒྲ་རྡོ་རྗེ་མ། གཞན་གྱིས་མི་ཐུབ་པ། འདོད་པའི་རྒྱལ་པོ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་འོད་དཔག་མེད། གོས་དཀར་མོ། ནམ་མཁའི་སྙིང་པོ། དྲི་རྡོ་རྗེ་མ། རྟ་མགྲིན། དབྱུག་སྔོན་ཅན་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་དོན་གྲུབ། སྒྲོལ་མ། འཇིག་རྟེན་དབང་ཕྱུག །རོ་རྡོ་རྗེ་མ། སྒྲིབ་སེལ། རེག་བྱ་རྡོ་རྗེ་མ། ཀུན་བཟང༌། བགེགས་མཐར་བྱེད། སྟོབས་པོ་ཆེ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་གཙུག་ཏོར་འཁོར་ལོས་སྒྱུར་བ། གནོད་མཛེས་རྒྱལ་པོ། འཇམ་དཔལ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་ཞིང༌། གཙོ་བོའང་རིམ་གྱིས་འོད་གསལ་དུ་ཐིམ་པར་གྱུར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གདན་དབུས་མའི་སྟེང་དུ་ཧཱུཾ་སྔོན་པོ། ཨོཾ་དཀར་པོ། ཨཱཿ དམར་པོ་གསུམ་ལས་བྱུང་བའི་ཉི་མ་ཟླ་བ་པདྨ་དམར་པོའི་གདན་གྱི་སྟེང་དུ་ཨོཾ་ཨཱཿ ཧཱུཾ་གསུམ་དུ་གྱུར། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། དེའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཨོཾ་ཨཱཿ ཧཱུཾ་གིས་མཚན་པ་གཅིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས་ལོངས་སྐུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཡབ་ཡུམ་དཔག་ཏུ་མེད་པ་སྙོམས་པར་ཞུགས་པའི་མི་བསྐྱོད་རྡོ་རྗེ་འཆང་གིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས། སེམས་ཅན་


GTD006_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་བྱིན་གྱིས་བརླབས་པས་བདེ་བ་ཐོབ། དེ་ཐམས་ཅད་གཅིག་ཏུ་འདུས་པའི་གོང་བུ་ལ་རང་ཉིད་ཞུགས་པས་སྤྲུལ་སྐུ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། རང་གི་ལུས་ཀྱི་ཕྱོགས་བཞི་ནི་དཀྱིལ་འཁོར་གྱི་ཟུར་བཞི། སྟེང་འོག་གི་ལམ་བཞི་ནི་སྒོ་བཞི། རླུང་ལྔ་དག་པའི་རྩིག་པ་ལྔ། དབང་པོ་དང་རྣམ་ཤེས་ལུས་ཀྱི་ཆ་ཐ་དད་པ་རྣམས་ནི་དཀྱིལ་འཁོར་གྱི་ཆ་སོ་སོར་གྱུར། སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དང༌། དེ་ནས་མགྲིན་པའི་བར། དེ་ནས་སྙིང་གའི་བར། དེ་ནས་ལྟེ་བའི་བར། དེ་ནས་བརླའི་རྩ་བའི་བར་རྣམས་རིམ་པ་བཞིན་ཕུང་པོ་ལྔའི་ངོ་བོ་ཨོཾ་ཨཱཿ ཧཱུཾ་སྭཱ་ཧཱ་ལས་རྣམ་སྣང་དཀར་པོ། འོད་དཔག་མེད་དམར་པོ། མི་བསྐྱོད་པ་སྔོན་པོ། རིན་འབྱུང་སེར་པོ། དོན་གྲུབ་ལྗང་གུ་རྣམས་མི་བསྐྱོད་པའི་དབུ་རྒྱན་ཅན། ལྟེ་བར་ས་ཁམས་ལཾ་ལས་སྤྱན་མ། སྙིང་གར་ཆུ་ཁམས་མཱཾ་ལས་མཱ་མ་ཀཱི། མགྲིན་པར་མེ་ཁམས་པཾ་ལས་གོས་དཀར་མོ། སྤྱི་གཙུག་ཏུ་རླུང་གི་ཁམས་ཏཱཾ་ལས་སྒྲོལ་མ། མིག་དབང་ཐླཱིཾ་ལས་ས་སྙིང༌། རྣ་དབང་ཨོཾ་ལས་ཕྱག་རྡོར། སྣ་དབང་ཨོཾ་ལས་ནམ་སྙིང༌། ལྕེ་དབང་ཨོཾ་ལས་འཇིག་རྟེན་དབང་ཕྱུག །རྡོ་རྗེར་ལུས་དབང་ཨོཾ་ལས་སྒྲིབ་སེལ། དབང་པོ་དེ་དག་གི་སྒོར་ཛཿ ལས་གཟུགས་རྡོ་རྗེ་མ། ཧཱུཾ་ལས་སྒྲ་རྡོ་རྗེ་མ། པཾ་ལས་དྲི་རྡོ་རྗེ་མ། ཧོཿ ལས་རོ་རྡོ་རྗེ་མ། ཁཾ་ལས་རེག་བྱ་རྡོ་རྗེ་མ། རྡོ་རྗེ་མ་རྣམས་རང་རང་གི་ཡབ་དང་ཕན་ཚུན་དུ་འཁྱུད་པ། སྙིང་གར་ཡིད་དབང་ཧཱུཾ་ལས་འཇམ་དཔལ། ཚིགས་རྣམས་


GTD006_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་ལས་ཀུན་བཟང༌། རྩ་རྒྱུས་རྣམས་མཻཾ་ལས་བྱམས་པ། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་དུ་གྱུར། གནས་སོ་སོར་ཧཱུཾ་བཅུ་ཡོངས་སུ་གྱུར་པ་ལས། ལག་པ་གཡས་ལ་གཤིན་རྗེའི་གཤེད། ལག་གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བགེགས་མཐར་བྱེད། དཔུང་པ་གཡས་པའི་རྩ་བར་མི་གཡོ་བ། དཔུང་པ་གཡོན་པའི་རྩ་བར་འདོད་རྒྱལ། པུས་མོ་གཡས་ལ་དབྱུག་སྔོན་ཅན། པུས་མོ་གཡོན་ལ་སྟོབས་པོ་ཆེ། སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་སྒྱུར་བ། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། བཅུ་གའང་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ། ལྷ་ཐམས་ཅད་ཀྱང་རང་རང་གི་རིགས་ཀྱི་བདག་པོའི་དབུ་རྒྱན་ཅན་དུ་གྱུར། རང་གི་སྤྱི་བོ་དང་ལྕེ་དང་སྙིང་གའི་དབུས་སུ་རིམ་བཞིན་ཡི་གེ་གསུམ་ལས་བྱུང་བའི་ཟླ་བ་པདྨ་ཉི་མའི་ལྟེ་བར་ཨོཾ་དཀར་པོ། ཨཱཿ དམར་པོ། ཧཱུཾ་སྔོན་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་རྣམས་ལས་སྤྱན་མ་གོས་དཀར་མོ་མཱ་མ་ཀཱིའི་ཚོགས་ནམ་མཁའ་གང་བ་སྤྲོས་པས། སྐད་ཅིག་གིས་སྐུ་རྡོ་རྗེ་རྣམ་སྣང༌། གསུང་རྡོ་རྗེ་འོད་དཔག་མེད། ཐུགས་རྡོ་རྗེ་མི་བསྐྱོད་པའི་ལྷའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་གཙོ་བོ་རྡོ་རྗེ་གསུམ་ཡུམ་གསུམ་དང་སྦྱོར་བའི་མདུན་ན་བདག་ཉིད་གནས་པར་གྱུར། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་གསུང་སྐུར་མཛད་གསོལ། །ཞེས་གསོལ་བ་བཏབ་པས། སྤྲོས་པའི་


GTD006_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་དང་སྤྱན་དྲངས་པའི་རྡོ་རྗེ་གསུམ་གྱི་ལྷའི་ཚོགས་སྙོམས་པར་ཞུགས་ཏེ་འོད་ཟེར་དཀར་དམར་ནག་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་རང་གི་གནས་གསུམ་དུ་ཞུགས་ཏེ། ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས་སྐུ་གསུང་ཐུགས་ཀྱི་དབང་ཕྱུག་ཐོབ་པར་གྱུར། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བདག་ཉིད་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀྩི་ཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་དམར་པོ་རྡོར་དྲིལ་འཛིན་ཅིང་ཡུམ་དང་སྦྱོར་བས་ལུས་ཐམས་ཅད་རྒྱས་པར་བྱེད་པ། དེའི་ཐུགས་ཀར་ཟླ་གདན་ལ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་སྔོན་པོ། དམ་ཚིག་སེམས་དཔའི་རལ་པའི་ཅོད་པན་ལ་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ཁ་སྦྱོར་གྱིས་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་འཛག་པའི་རྒྱུན་གྱིས་ལུས་ཐམས་ཅད་ཚིམ་པར་བྱེད་པར་གྱུར། རང་གི་སྙིང་ག་ནས་རང་རིགས་ཀྱི་རིག་མ་ཕྱུང། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རིག་མ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁཾ་ལས་རྡོ་རྗེ་ཁཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ།


GTD006_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་འདོད་ཡོན་ལྔའི་དགའ་བས་རོལ་པ། དེའི་སྤྱི་བོར་ཨོཾ་ལས་རྣམ་པར་སྣང་མཛད། མགྲིན་པར་ཨཱཿ ལས་འོད་དཔག་མེད། སྙིང་གར་ཧཱུཾ་ལས་མི་བསྐྱོད་པ། ལྟེ་བར་སྭཱ་ལས་རིན་འབྱུང༌། བརླའི་རྩ་བར་ཧཱ་ལས་དོན་གྲུབ། ལྟེ་བར་ལཾ་ལས་སྤྱན་མ། སྙིང་གར་མཱཾ་ལས་མཱ་མ་ཀཱི། མགྲིན་པར་པཾ་ལས་གོས་དཀར་མོ། སྤྱི་གཙུག་ཏུ་ཏཱཾ་ལས་སྒྲོལ་མ། མིག་ཏུ་ཛཿ ལས་གཟུགས་རྡོ་རྗེ་མ་ལ་ས་སྙིང་གིས་འཁྱུད་པ། རྣ་བར་ཧཱུཾ་ལས་སྒྲ་རྡོ་རྗེ་མ་ལ་ཕྱག་རྡོར་གྱིས་འཁྱུད་པ། སྣར་པཾ་ལས་དྲི་རྡོ་རྗེ་མ་ལ་ནམ་སྙིང་གིས་འཁྱུད་པ། ལྕེར་ཧོཿ ལས་རོ་རྡོ་རྗེ་མ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ། བྷ་གར་ཁཾ་ལས་རེག་བྱ་རྡོ་རྗེ་མ་ལ་སྒྲིབ་སེལ་གྱིས་འཁྱུད་པ། ལག་པ་གཡས་ལ་ཧཱུཾ་ལས་རོ་ལངས་མ། ལག་པ་གཡོན་ལ་ཧཱུཾ་ལས་གཞན་གྱིས་མི་ཐུབ་མ། ཁ་ལ་ཧཱུཾ་ལས་ཁྲོ་གཉེར་ཅན་མ། བྷ་གར་ཧཱུཾ་ལས་རལ་གཅིག་མ། དཔུང་པ་གཡས་པའི་རྩ་བར་ཧཱུཾ་ལས་དེ་བཞིན་གཤེགས་པའི་ཡུམ་རྡོ་རྗེ་མ། དཔུང་པ་གཡོན་པའི་རྩ་བར་ཧཱུཾ་ལས་སྣ་ཚོགས་རིན་ཆེན་མ། པུས་མོ་གཡས་ལ་ཧཱུཾ་ལས་སྣ་ཚོགས་པདྨ། པུས་མོ་གཡོན་ལ་ཧཱུཾ་ལས་སྣ་ཚོགས་ལས་མ། སྤྱི་གཙུག་ཏུ་ཧཱུཾ་ལས་ནམ་མཁའི་རྡོ་རྗེ་མ། རྐང་མཐིལ་གཉིས་སུ་ཧཱུཾ་ལས་ས་འཛིན་ལྷ་མོ་རྣམས་སུ་གྱུར། རང་གི་གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མའི་ནོར་བུ་ལ་ཧཱུཾ་ཡིག་གིས་མཚན་ཞིང་བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས་ཨཱཿ ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་བུ་ག་ཡི་གེ་ཕཊ་སེར་པོས་


GTD006_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་གང་བར་གྱུར། རང་ཉིད་རིན་འབྱུང་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨཀོ྅ཧཾ། རང་ཉིད་རྡོ་རྗེ་འཆང་དུ་གྱུར། ཧཱུཾ །སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས་མཆོག་ཏུ་དགའ་བའི་བདེ་བ་ཐོབ། རང་ཉིད་དོན་གྲུབ་ཏུ་གྱུར། ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མཚམས་འདིར་རགས་ཕྲའི་རྣལ་འབྱོར་བསྒོམ། སྐྱོ་ན། ལྷ་རང་རང་གི་ཐུགས་ཀའི་ས་བོན་ལས་དཀྱིལ་འཁོར་པའི་ལྷ་ཚོགས་སྤྲོས། འགྲོ་བའི་དོན་བྱས་ནས་སྔགས་དང་ལྷན་ཅིག་ཏུ་འཇུག་པའི་རླུང་གིས་སྙིང་གའི་ས་བོན་ལ་འཇུག་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར། ཨོཾ་ཨཱཿ ཧཱུཾ། ཨོཾ་ཨཱཿ བཛྲ་དྷྲྀཀ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ སྤརྴ་བཛྲ་ཁཾ་ཧཱུཾ། ཨོཾ་ཨཱཿ ཛི་ན་ཛིཀ་ཨོཾ་ཧཱུཾ། ཨོཾ་ཨཱཿ རཏྣ་དྷྲྀཀ་སྭཱ་ཧཱུཾ། ཨོཾ་ཨཱཿ ཨཱ་རོ་ལིཀ་ཨཱཿ ཧཾ། ཨོཾ་ཨཱཿ པྲཛྙཱ་དྷྲྀཀ་ཧཱ་ཧཱུཾ། ཨོཾ་ཨཱཿ མོ་ཧ་ར་ཏི་ལཾ་ཧཱུཾ། ཨོཾ་ཨཱཿ དྭེ་ཥ་ར་ཏི་མཱཾ་ཧཱུཾ། ཨོཾ་ཨཱཿ རཱ་ག་ར་ཏི་པཱཾ་ཧཱུཾ། ཨོཾ་ཨཱཿ བཛྲ་ར་ཏི་ཏཱཾ་ཧཱུཾ། ཨོཾ་ཨཱཿ རཱུ་པ་བཛྲ་ཛཿ ཧཱུཾ། ཨོཾ་ཨཱཿ ཤཔྟ་བཛྲ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ གནྡྷེ་བཛྲ་བཾ་ཧཱུཾ། ཨོཾ་ཨཱཿ ར་ས་བཛྲ་ཧོཿ ཧཱུཾ། ཨོཾ་ཨཱཿ མཻ་ཏྲི་མཻཾ་ཧཱུཾ། ཨོཾ་ཨཿ ཀྵི་ཏི་གརྦྷ་ཐླཱིཾ་ཧཱུཾ། ཨོཾ་ཨཱཿ བཛྲ་པཱ་ཎི་ཨོཾ་ཧཱུཾ། ཨོཾ་ཨཱཿ ཁ་གརྦྷ་ཨོཾ་ཧཱུཾ། ཨོཾ་ཨཱཿ ལོ་ཀེ་ཤྭ་ར་ཨོཾ་ཧཱུཾ། ཨོཾ་ཨཱཿ མཉྫུ་ཤྲཱི་ཧཱུཾ་ཧཱུཾ། ཨོཾ་ཨཱཿ སརྦྦ་ཎི་ཝ་ར་ཎ་བི་སྐཾ་བི་ནི་ཨོཾ་ཧཱུཾ། ཨོཾ་ཨཱཿ ས་མནྟ་བྷ་དྲ་སཾ་ཧཱུཾ། ཨོཾ་ཨཱཿ ཡ་མཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ པྲཛྙཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ པདྨནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ བིགྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ ཨ་ཙ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ ཊཀྐི་རཱ་ཛ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ ནཱི་ལ་དཎྜ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ མཧཱ་བཱ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ ཨུཥྞཱི་ཥ་ཙཀྲ་ཝརྟི་ཧཱུཾ་ཧཱུཾ། ཨོཾ་ཨཱཿ སུམྦྷ་རཱ་ཛ་ཧཱུཾ་ཧཱུཾ། ཡིག་བརྒྱས་ལྷག་ཆད་བསྐང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་


GTD006_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་སྤརྵའི་བར་གྱིས་མཆོད། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། དབང་བཤད་མན་ངག་གི་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། ཤྲཱི་གུ་ཧྱ་ས་མ་ཛ་མཎྜ་ལ་ཙཀྲ་སརྦྦ་བུདྡྷ་བོ་དྡྷི་སཏྭ་ཌཱ་ཀི་ནཱི་སརྦྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿ ཧཱུཾ། ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས། བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། རང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་དབང་བསྐུར། སྒྲིབ་པ་སྦྱངས་ནས་ཧཱུཾ་ཡིག་ཏུ་གྱུར། དེས་ནམ་མཁའི་ཁམས་གང་བ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་དུ་གྱུར་པ་རྣམས་རང་གི་འོད་ཟེར་གྱིས་དྲངས་ནས་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་ཡོ་ག་ཤུདྡྷཿ སརྦ་དྷརྨྨཿ ཡོ་ག་ཤུདྡྷོ྅ཧཾ། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་ཀུན་གྱི་ཀུན་བདག་ཉིད། །རྡོ་རྗེ་འཆང་དབང་འགྲུབ་གྱུར་ཅིང༌། །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །བྱང་ཆུབ་ཕྱིར་ནི་སྤྱོད་གང་དང༌། །རྫོགས་སངས་རྒྱས་ཀྱིས་གང་ཡིན་པ། །བྱང་ཆུབ་རྡོ་རྗེ་གང་གསུངས་པ། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག །ཅེས་བསྔོ་བས་མཚམས་སྦྱར་བར་བྱའོ། །མདོ་རྒྱུད་ཀུན་གྱི་སྙིང་པོའི་བཅུད། །དཔལ་ལྡན་འདུས་པའི་ལམ་བཟང་མཐུས། །མཁའ་མཉམ་ལུས་ཅན་མགོན་གྱུར་པའི། །སྒྱུ་


GTD006_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་དྲ་བའི་སྐུ་ཐོབ་ཤོག །ཅེས་གསང་བ་འདུས་པའི་མངོན་རྟོགས་མདོར་བསྡུས་པ་འདི་ནི། དབེན་ས་བཀའ་འབུམ་དང་པཎ་ཆེན་གསུང་གི་མངོན་རྟོགས་བསྡུས་པ། ཀུན་མཁྱེན་འཇིགས་མེད་དབང་པོའི་གསུང་སོགས་ཅི་རིགས་ལས་བཏུས་ཏེ་བསྒྲིགས་པ་ཡིན་ནོ།། ༈ དངོས་ཀུན་ལྷན་སྐྱེས་བདེ་བ་ཆེར། །སྡོམ་མཛད་བླ་མ་ཧེ་རུ་ཀར། །བཏུད་ནས་དེ་ཉིད་སྒྲུབ་པའི་ཐབས། །མན་ངག་ཡང་སྙིང་མདོ་ཙམ་བྲི། །རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཨོཾ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་སྐད་ཅིག་གིས་ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔས་གང་བ་ཨོཾ་ཨཱཿ ཧཱུཾ་གིས་མཚན་པར་གྱུར། ཧ་ཧོ་ཧྲཱིཿས་ཁ་དོག་དྲི་རོ་ནུས་པའི་སྐྱོན་བཅོམ་ཞིང༌། དེ་རྣམས་ཞུ་བས་བདུད་རྩིར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་ནང་མཆོད་བྱིན་གྱིས་བརླབ། བདག་བསྐྱེད་མཆོད་པ་བསང་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་ཐོད་པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ཨོཾ་པདྱཾ་ཨཱཿ ཧཱུཾ། ཨོཾ་བཛྲ་པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ནཻ་ཝིདྱ། ཤཔྟ་ཨཱཿ ཧཱུཾ། དེ་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །རང་གི་སྤྱི་བོར་པད་ཟླའི་སྟེང་དུ་སྐད་ཅིག་གིས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པའི་ཡབ་ཡུམ་


GTD006_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། ལུས་གང༌། བདེ་བ་སྐྱེས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། རང་གི་ཚངས་བུག་ནས་ཞུགས་ཏེ་ལུས་གང་ཞིང་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར། ཧེ་རུ་ཀའི་ཡིག་བརྒྱ་བཟླས་ལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། ཤྲཱི་ཧེ་རུ་ཀཿ ཧེ་ནི་ཆོས་ཀྱི་བདག་མེད་པ། རུ་ནི་གང་ཟག་གི་བདག་དང་བྲལ་བ། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་མི་མཐུན་པར་མི་གནས་པ། ཤྲཱི་སྟོང་པ་ཉིད་དང་རོ་གཅིག་པའི་ཡེ་ཤེས་ཨེ་བཾ་གྱི་དོན་བཞིན་རང་དང་སྣང་བ་ཐམས་ཅད་སྟོང་པར་གསལ་བའི་ངང་ལས་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་གྱུར། ཤྲཱི་ཧེ་རུ་ཀོ྅ཧཾ། ལན་གསུམ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ ཧཱུཾ་ཧཱུཾ་ཕཊ། ལན་གསུམ་མམ། བསྡུ་ན། ཨོཾ་ཨཱཿ ཧཱུཾ། གིས་ཆོག །རང་གི་ལྟེ་བའི་ཕྱོགས་སུ་སྔགས་འཕྲེང་གཡོན་སྐོར་དུ་གནས་པ་ལས་ལྷ་ལྔའི་ཚོགས་ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་བསྐྲད། སླར་བྱོན་ནས་རང་ལ་ཐིམ་པར་གྱུར། རང་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་


GTD006_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་སྟེང་གི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས། འོག་མིན་ནས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ཐིམ་པར་གྱུར། ཨོཾ་གུ་རུ་ཙཀྲ་སམྦར་སརྦྦ་ཌཱ་ཀཱི་ནཱི་བྷྱཿ ཞེས་ཕྱག་བྱ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿ ཧཱུཾ། གིས་ནང་མཆོད་དབུལ། ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་སྟོང་གི་ཡེ་ཤེས་གསང་བ་དང་དེ་ཁོ་ན་ཉིད་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཚོགས་ཞིང་རྣམས་རང་ལ་ཐིམ་པས་བྱིན་གྱིས་བརླབ་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པའི་ངང་ལས་རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་འགྲེང་བ་ཤིན་ཏུ་ཕྲ་བ་དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁར་གནས་པར་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི། རྭ་བ། གུར། བླ་རེ། མེ་རི་དང་བཅས་པའི་དབུས་སུ་འབྱུང་བཞི་རིམ་བརྩེགས་རི་རབ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་མཚན་དཔེའི་ངོ་བོར་དབྱངས་སོ་གཉིས་དང་གསལ་བྱེད་བརྒྱད་ཅུ་ལས་དབྱངས་གསལ་གྱི་གཟུགས་བརྙན་དང་ལྡན་པའི་ཟླ་བ་དཀར་ལ་དམར་བའི་མདངས་ཅན་མེ་ལོང་དང་མཉམ་པ་ཉིད་ཀྱི་ཡེ་ཤེས། རང་ནམ་མཁའི་ནཱ་དས་ཟླ་བ་དཀར་ལ་


GTD006_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བའི་མདངས་ཅན་མཐོང་བ་ན་བདག་གིས་སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་དབུས་སུ་སྐྱེ་བ་བླངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས། ཟླ་བའི་དབུས་སུ་ནཱ་ད་ཞུགས་པ་ལས་རིམ་བཞིན་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་དུ་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཧཱུཾ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་འདུས་ནཱ་ད་ལ་ཐིམ་ཞིང་ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་གྱུར་པ་ནི་བྱ་སྒྲུབ་ཡེ་ཤེས་སོ། །ཨོཾ་ཨཱཿ ཧཱུཾ། ཨོཾ་སརྦྦ་བཱི་ར་ཡོ་གཱི་ནཱི་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿ སརྦ་དྷརྨཿ བཛྲ་ཤུདྡྷོ྅ཧཾ། ཟླ་བ་དབྱངས་གསལ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཡང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་གདན་ལ་རང་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ག་ཞལ་བཞི་པའི་རྩ་ཞལ་ནག །གཡོན་ཞལ་ལྗང༌། རྒྱབ་ཞལ་དམར། གཡས་ཞལ་སེར་བ། ཞལ་རེ་རེའང་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་འཕྲེང་བ་འཛིན་པ། ཞབས་གཡས་བརྐྱངས་པས་འཇིགས་བྱེད་ནག་པོའི་མགོ་བོ་མནན་ཅིང༌། གཡོན་བསྐུམས་པས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་འཛིན་པས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། དེའི་འོག་མ་གཉིས་


GTD006_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གླང་པོ་ཆེའི་པགས་པ་སྡིགས་མཛུབ་དང་བཅས་པས་བརྒྱངས་ཏེ་འཛིན་པ། གཡས་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་པའི་ཕྱག་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག།།བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་བའི་ཐོར་ཅོག་ཅན། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔས་བརྒྱན་ཅིང༌། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཆང་བ། ཞལ་རྣམ་པར་འགྱུར་བ། མཆེ་བ་བཞི་བཞི་གཙིགས་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་ལྔ་བཅུའི་ཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་ཀྱི་ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཐོད་པ་ན་བདུད་བཞི་ལ་སོགས་པའི་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། གཡས་པས་ཕྱོགས་བཅུའི་གདུག་པ་ཅན་ཀུན་ལ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ། སྤྱན་དམར་ཞིང་མེ་ལྟར་འབར་བ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་ལེགས་པར་འཁྲིལ་བ། ཐུགས་རྗེའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། པདྨའི་འདབ་མ་ལ་ཤར་དུ་


GTD006_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཅེར་མོ་སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་ཅིང་གཡས་བརྐྱང་གིས་བཞུགས་པ། མཚམས་སུ་བདུད་རྩིའི་བུམ་པའི་སྟེང་དུ་ཀ་པཱ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རེ་རེ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དཀར་པོ་བྱཱ་ལས་ནོར་བུ་དམར་པོ་རྩེ་མོར་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་གནས་ཨཱཿ ལས་པདྨ་དམར་པོ་དྱཱ་ལས་ཟེའུ་འབྲུ་དཀར་པོ་རྩེ་མོར་དྱཱ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བ་དང་ཐུགས་ཀ་དང༌། ཡུམ་གྱི་མགྲིན་པ་དང་སྤྱི་བོར་ཟླ་གདན་ལ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང༌། ཡུམ་གྱི་ལྟེ་བ་དང་ཐུགས་ཀ །ཡབ་ཀྱི་མགྲིན་པ་དང་སྤྱི་བོར་ཉི་གདན་ལ་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་རྣམས་ཁ་དོག་དམར་པོ་ཕན་ཚུན་ཞལ་སྦྱོར་ཞིང་འོད་ཟེར་འཁྱུད་པའི་རྣམ་པར་གྱུར། ཨོཾ་ཨཱཿ ཧཱུཾ། སྙོམས་པར་ཞུགས་པས་དགའ་བཞི་རིམ་བཞིན་དྲངས། ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་དུ་སྦྱར་བ་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ལྷ་ལྔའི་རྣམ་པར་ཤར་བ་ནམ་མཁའི་འཇའ་ཚོན་ལྟ་བུར་གྱུར། རང་གི་སྙིང་གར་ཟླ་གདན་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ། མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་པདྨ་གར་དབང་གི་ངོ་བོ་སྭཱཧཱ་ཧཱུ་དམར་པོ། ཕྲག་པ་གཉིས་སུ་ཉི་མ་ལ་དཔལ་ཧེ་རུ་ཀའི་ངོ་བོ་བོ་ཥཊ་ཧེ་ནག་པོ། མིག་གཉིས་སུ་ཉི་མ་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་


GTD006_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གི་རང་བཞིན་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ །གཙོ་མོའི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བཾ་དམར་པོ། སྙིང་གར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་པོ། མགྲིན་པར་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲཱིཾ་མོཾ་དཀར་པོ། མགོ་བོར་ཉི་མ་ལ་སྐྱོད་བྱེད་མའི་ངོ་བོ་ཧྲཱིཾ་ཧྲཱིཾ་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ །དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་བཞིན་ཙཎྜི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁས་མཚན་པར་གྱུར། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། ཕཻཾ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ཐིམ། ཁཎྜ་རོ་ཧིས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿ ཧཱུཾ། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་ཡོ་ག་ཤུདྡྷཿ སརྦ་དྷརྨྨཿ ཡོ་ག་ཤུདྡྷོ྅ཧཾ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿ ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས་གཙོ་བོ་ལ་རྡོར་སེམས། ཕག་མོ་ལ་མི་བསྐྱོད་པ། མཁའ་འགྲོ་མ་སོགས་བཞི་ལ་རིན་འབྱུང་གིས་དབུ་བརྒྱན་ཅིང༌། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་པ་བྱིན་རླབས་སྔར་བཞིན་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟའི་བར་དང༌། ཨོཾ་བཛྲ་ཝི་ཎེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཝཾ་ཤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མྲྀ་ཏཾ་གེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མུ་ར་ཛེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ལཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གཱི་རྟཱི་ཧཱུཾ་ཧཱུཾ་ཕཊ།


GTD006_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ནྲི་ཏྱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་དཱི་པེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ར་ས་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་སྤརྴ་བཛྲཱི་ཧཱུཾ་ཕཊ། ཨོཾ་དྷརྨྨཱ་དྷ་ཏུ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཅེས་རིག་མ་བཅུ་དྲུག་གིས་མཆོད། དེ་ནས། དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ། རྒྱལ་བ་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར་པ། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ་ལ་སོགས་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། གཞན་ཡང་ཆོས་སྐྱོང་སྲུང་མ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿ ཧཱུཾ། རང་གི་ལྕེ་ལ་བདུད་རྩི་བཞག་ལ། ཨོཾ་ཨ་མྲྀ་ཏ་ཨཱཿ ཧཱུཾ། མགྲོན་ཐམས་ཅད་བདུད་རྩིས་ཚིམ་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པས་དགའ་བ་བཞི་དང་ཁྱད་པར་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་རང་དང་ལྷ་ཐམས་ཅད་ཀྱིས་བདེ་བ་ཆེན་པོ་ཉམས་སུ་མྱོང་ཞིང༌། བདེ་བ་དེ་དང་སྟོང་པ་ཉིད་རོ་གཅིག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པས་དགྱེས་པར་གྱུར། དེ་ནས་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་གཉིས་གཉིས་དང་མཁའ་འགྲོ་མ་བཞིའི་སྔགས་བརྗོད་པས་སྔགས་མཆོད་བྱ། ཤེས་ཤིང་སྤྲོ་ན། ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། ཨོཾ་བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད་ཧུཾ་ཧཱུཾ་ཕཊ། ཨོཾ་རལ་པའི་ཅོད་པན་མི་བཟད་པ་དང་ལྡན་ཧུཾ་ཧཱུཾ་ཕཊ། ཨོཾ་མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་ཧུཾ་ཧཱུཾ་ཕཊ། ཨོཾ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧུཾ་ཧཱུཾ་ཕཊ། ཨོཾ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་འཛིན་ཧུཾ་ཧཱུཾ་ཕཊ། ཨོཾ་


GTD006_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གི་པགས་པའི་ན་བཟའ་འཛིན་པ་ཅན་ཧུཾ་ཧཱུཾ་ཕཊ། ཨོཾ་སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧུཾ་ཧཱུཾ་ཕཊ། ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། ཨོཾ་འཕགས་མ་རིག་མའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ་ཧུཾ་ཧཱུཾ་ཕཊ། ཨོཾ་འབྱུང་པོའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་ཧུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་གདན་བཞུགས་གཞན་གྱིས་མི་ཐུབ་དབང་བྱེད་སྤྱན་ཧུཾ་ཧཱུཾ་ཕཊ། ཨོཾ་གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམས་པ་དང་ཧུཾ་ཧཱུཾ་ཕཊ། ཨོཾ་བདུད་རྣམས་སྐྲག་ཅིང་སྐེམས་པས་གཞན་གྱི་ཕྱོགས་ལས་རྒྱལ་ཧུཾ་ཧཱུཾ་ཕཊ། ཨོཾ་རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ་ཧུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་ཕག་མོ་སྦྱོར་ཆེན་འདོད་དབང་མ་ལ་འདུད་ཧུཾ་ཧཱུཾ་ཕཊ། ཅེས་དང་སྔགས་ཀྱི་རྐང་བརྒྱད་ཀྱིས་ཀྱང་བསྟོད། བསྡུ་ན། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །གནས་དང་ཉེ་བའི་གནས་དང་ཞིང༌། །འདུས་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཀུན་ལ་བདག་ནི་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཕྲེང་བ་མི་དམིགས་པ་སྟོང་པའི་ངང་ལས་སྐད་ཅིག་གིས་གསུང་རྡོ་རྗེའི་ངོ་བོར་གྱུར། ཡབ་ཡུམ་གྱི་ཐུགས་ཀར་ཉི་གདན་ལ་ཧཱུཾ་དང་ཧཱུཾ་གི་མཐར་སྔགས་ཀྱིས་བསྐོར་བའི་དབུས་ཀྱི་ཡི་གེ་ལས་འཁོར་ལོ་ལྔའི་ལྷ་ཚོགས་སྤྲོས། འགྲོ་བའི་དོན་བྱས་དབུས་ཀྱི་ཡི་གེ་ལ་ཐིམ་པར་གྱུར། པར་བསམས་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་ཝ་རཾ་སྭཱཧཱ། ཨོཾ་ཧྲཱིཿ ཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝ་རྞཱ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ།


GTD006_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་བཞིའི་སྐུ་གསལ་བར་དམིགས་ལ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁནྜ་རོ་ཧི་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བཟླས་པ་བྱ། སྤྲོ་ན་ཡབ་ཡུམ་གྱི་འཕྲེང་སྔགས་དང་གོ་ཆའི་སྔགས་གཉིས་ཀྱང་བཟླ། ཧེ་རུ་ཀའི་ཡིག་བརྒྱ་བཟླས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གཞལ་ཡས་ཁང་རྣལ་འབྱོར་མ་བཞི་དང་བཅས་པ་རིམ་གྱིས་བསྡུས་ཏེ་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་འོད་དུ་ཞུ་བ་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་ཡོངས་སུ་གྱུར་པ་ལས་དཔལ་འཁོར་ལོ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བ་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེ་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ཞེས་དགེ་བ་རྣམས་རྫོགས་བྱང་དུ་བསྔོ་བས་རྒྱས་གདབ་པར་བྱའོ། །བྱེ་བ་བཅུ་དྲུག་མ་རྒྱུད་ཀྱི། །སྙིང་པོ་འོད་གསལ་ལམ་བཟང་མཐུས། །འགྲོ་ཀུན་སྒྲིབ་གཉིས་འཆིང་བ་ལས། །རྣམ་གྲོལ་ཆོས་སྐུ་ཐོབ་གྱུར་ཅིག །ཅེས་འཁོར་ལོ་བདེ་མཆོག་གི་མངོན་རྟོགས་མདོར་བསྡུས་པ་འདི་ནི་རྒྱལ་བ་དབེན་ས་པ་ཆེན་པོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ལ་གཞི་བྱས་ངག་འདོན་གོ་བདེ་བའི་ཕྱོགས་གཙོ་བོར་གཟུང་ཞིང་ཚིག་སྦྱོར་ཅུང་ཟད་བསྣན་ཏེ་བསྒྲིགས་པ་ཡིན་ནོ། །


GTD006_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱལ་ཀུན་ཡེ་ཤེས་སྒྱུ་མའི་འཕྲུལ། །ཕྱི་ནང་གསང་བའི་གཤིན་རྗེའི་གཤེད། །བླ་མ་རྡོ་རྗེ་འཇིགས་མཛད་ལ། །བཏུད་ནས་སྒྲུབ་ཐབས་སྙིང་པོ་བྲི། །རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཐོད་པ་སོ་སོའི་ནང་དུ་མཆོད་པ་ཁྱད་པར་གསུམ་ལྡན་དང་གཏོར་མ་ནང་མཆོད་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ཨོཾ་པཱདྱཾ་ཨཱཿ ཧཱུཾ། ཨོཾ་གནྡྷེ་ཨཱཿ ཧཱུཾ། ཨོཾ་པུཥྤེ་ཨཱཿ ཧཱུཾ། ཨོཾ་དྷཱུ་པེ་ཨཱཿ ཧཱུཾ། ཨོཾ་ཨཱ་ལོ་ཀེ་ཨཱཿ ཧཱུཾ། ཨོཾ་ནཻ་ཝི་དྱ་ཨཱཿ ཧཱུཾ། ཨོཾ་ཤཔྟ་ཨཱཿ ཧཱུཾ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་མཆོད་གཏོར་ནང་མཆོད་རྣམས་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བླ་མ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་སྤྱན་དྲངས། ན་མོ་གུ་རུ་མཎྜ་ལེ་བྷྱཿ ཨོཾ་ཧྲཱིཿ ཥྚྲཱིཿ ཧཿ ཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཝི་ཀྲི་ཏཱ་ན་ན་དུཥྚཾ་སཏྭ་ད་མ་ཀཿ གཿ གཿ ཨོཾ་ཀུ་མཱ་ར་རཱུ་པི་ཎཱི་ཛཿ ཛཿ ཧཱུཾ་ཕཊ། ཨོཾ་ཧྲཱིཿ ཧཿ ཧེཿ ཕཊ། ཨོཾ་དཱིཔྟ་ལོ་ཙཱ་ནེ་ཝི་ཀྲི་ཏཱ་ན་ན་མཧཱ་ཨཊྚ་ཊྚ་ཧ་ས་ན་དཱི་ནི་དཱིཔྟ་ཡེ་སྭཱཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿ ཧཱུཾ་སྭཱཧཱ། ཨོཾ་བཛྲ་ཤཔྟ་ཨཱཿ ཧཱུཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་


GTD006_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་དང་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི། རྭ་བ། གུར། བླ་རེ། མེ་རི་དང་བཅས་པའི་སྲུང་བའི་འཁོར་ལོ་དང༌། དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད་དང་བཅས་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པའི་ནང་དུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་སྣ་ཚོགས་པདྨ་ཉི་མ། དེའི་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་དྷཱིཿ ལས་རལ་གྲི་དྷཱིཿ ས་མཚན་པ། དེ་ལས་འོད་འཕྲོས་དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་གཞོན་ནུར་གྱུར་པའི་སྐུར་གྱུར། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར། དེའི་འོད་ཀྱིས་རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས་ཏེ་འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས། ཉི་མའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར། ཉི་མའི་སྟེང་དུ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས། ཧཱུཾ་ལ་ཞུགས་པ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ། འོད་ཟེར་ལྔ་དང་ལྡན་པ་ལྟེ་བ་ལ་ཧཱུཾ་ཡིག་གིས་


GTD006_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། དེ་ལས་རྡོ་རྗེའི་འོད་ཟེར་འཕྲོས། འོད་ཟེར་དེ་དག་གི་སྣེ་ལས་རྒྱལ་བ་སྲས་བཅས་གྲངས་མེད་སྤྲོས་ཏེ་སེམས་ཅན་ཐམས་ཅད་ལ་དབང་བསྐུར་ནས་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ལ་བཀོད། ཐམས་ཅད་ཚུར་འདུས་ཏེ་རྡོ་རྗེ་ལ་ཐིམ་པར་གྱུར། ཟླ་བ་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང༌། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང༌། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན། དེའི་སྟེང་དུ་ཁྲོ་ཞལ་དམར་པོ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་གྱི་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཁ། གཡོན་ཞལ་ནག་པོ། ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང་སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པ་གཡོན་པ་ནས་བརྒྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་ཕྱག་བཅུ་དྲུག་གིས་བརྡེག་ཅིང་འཇོམས་པའི་མཚོན་ཆ་སྣ་ཚོགས་པ་དང༌། གཡོན་བཅུ་དྲུག་གིས་རོལ་ཅིང་སྟོབ་པའི་ཕྱག་མཚན་སྣ་


GTD006_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་འཛིན་པ། ཞབས་གཡས་པ་བརྒྱད་བསྐུམས་ཤིང་གཡོན་པ་བརྒྱད་བརྐྱངས་ཏེ་སྲོག་ཆགས་སྣ་ཚོགས་པ་དང་ཚངས་པ་དང་དབང་པོ་ལ་སོགས་པ་ཁ་སྦུབ་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་སྔོན་མོ་གྲི་ཐོད་འཛིན་ཅིང་གཡས་བརྐྱང་གཡོན་བསྐུམ་གྱིས་ཡབ་ལ་འཁྲིལ་བ། དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་ཐུགས་ཀར་ཨཱཿ ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། རང་གི་མིག་གཉིས་སུ་ཀྵིཾ། རྣ་བར་ཛྲིཾ། སྣར་ཁཾ། ལྕེར་རཾ། དཔྲལ་བར་ཀཾ །ལྟེ་བར་སཾ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་དཔལ་རྡོ་རྗེ་འཇིགས་བྱེད་མདུན་གྱི་ནམ་མཁར་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དབང་གི་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཡ་མཱནྟ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས་ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་མཆོད། ཨོཾ་ཡ་མཱནྟ་ཀ་ཨོཾ་ཨཱཿ ཧཱུཾ། ཞེས་ནང་མཆོད་དབུལ། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔལ་བོ་མཆོག་གི་སྤྱོད་ཡུལ་


GTD006_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །འདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འགྲོ་བའི་དོན་བྱས། རྒྱལ་བ་རྣམས་མཆོད། སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ་པར་གྱུར། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་བཻཏྟ་ལཱི་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཛཿ ཕཊ་སྭཱཧཱ། ཞེས་བཟླས་ལ་ཡིག་བརྒྱས་ལྷག་ཆད་བསྐང༌། འཇམ་དབྱངས་དཀར་པོ་དབྱངས་ཅན་མ་དཀར་མོ་གཉིས་དང་སྦྲགས་སྒྲུབ་བྱེད་པར་འདོད་ན། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས་གོང་དུ་ཡེ་ཤེས་སེམས་དཔའ་འཇམ་དཀར་བསྐྱེད་པ་དང༌། གོང་དུ་འཇམ་དབྱངས་དམར་སེར་བསྐྱེད་ནས་བཟླས་པའི་འགོར་འཇམ་དཀར་དུ་སྒྱུར་ཚུལ་གཉིས་གསུངས་པས་གང་བྱས་ཀྱང་རུང་ལ། སྐྱེད་ཚུལ་ནི། ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་དཀར་པོ་གཡས་མཆོག་སྦྱིན་དང་གཡོན་ཆོས་སྟོན་གྱི་ཕྱག་རྒྱ་གཉིས་ཀས་ཨུཏྤལ་རེ་བསྣམས་པའི་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང་ཤེར་ཕྱིན་གྱི་གླེགས་བམ་གྱིས་མཚན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་ཀླུབས་ཤིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་གྱི་ཐུགས་ཀར་དབྱངས་ཅན་མ་དཀར་མོ་ནོར་བུ་ཆུ་ཤེལ་ལྟར་དྭངས་ཤིང་འཚེར་བ། རལ་པ་ཕྱེད་བཅིངས་སུ་བྱས་པའི་རྩེ་མོར་ཟླ་བས་མཚན་པ། ཕྱག་གཉིས་ཀྱིས་བཻ་ཌཱུརྻྻ་སྔོན་པའི་པི་ཝཾ་བསྒྲེང་ཞིང་ཙོག་པུའི་ཚུལ་གྱིས་བཞུགས་པར་བསམས་ལ། བཟླས་པའི་ཚེ། འཇམ་དབྱངས་ཀྱི་ཐུགས་ཀར་རལ་གྲིའི་


GTD006_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་ཨ་ཡིག་དང༌། རྩིབས་དྲུག་ལ་ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་པའི་ཡི་གེ་དྲུག་དང༌། དབྱངས་ཅན་མའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཧྲཱིཾ་ཡིག་དང༌། རྩིབས་རྣམས་ལ་དབྱངས་ཀྱི་ཡི་གེ་གཉིས་གཉིས་ཀྱིས་མཚན་པར་བསམས་ནས་འཇམ་དཀར་གྱི་སྔགས་བཟླས་པའི་མཐར་འཇིགས་བྱེད་ཀྱི་སྔགས་གསུམ་དང་རོ་ལངས་མའི་སྔགས་ཀྱི་གོང་དུ་དབྱངས་ཅན་མའི་སྔགས་བཟླ། ཡང་ན་འཇམ་དབྱངས་ཡབ་ཡུམ་གྱི་སྔགས་སྔོན་དང༌། འཇིགས་བྱེད་ཡབ་ཡུམ་གྱི་སྔགས་རྗེས་སུ་བཟླས་ཀྱང་ཆོག་ལ། བསྙེན་པ་དངོས་གཞི་བྱེད་ན་འཇམ་དབྱངས་ཀྱི་བསྙེན་གྲངས་ཕལ་ཆེར་རྫོགས་ནས་དབྱངས་ཅན་མའི་གྲངས་བསྙེན་བསགས་ན་ལེགས་པར་གསུངས་སོ། །བཟླས་པའི་མཐར་གྲེ་ཕུག་ཏུ་ཨ་ཡིག་ཅིག་བསམས་ནས་དབུགས་ཐེངས་གཅིག་ལ་ཨ་བརྒྱ་རྩ་བཟླ་ཞིང༌། མཐར་དེ་ཉིད་ཁོང་པར་སོང་བས་ཤེས་རབ་ཀྱི་སྣང་བ་རྒྱས་པའི་དམིགས་པ་སྐྱོང་ཚུལ་དང་མི་བརྗེད་པའི་གཟུངས་སྒྲུབ་ཚུལ་སོགས་གཞན་ལས་ཤེས་པར་བྱ། གཏོར་མ་འབུལ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དཔལ་རྡོ་རྗེ་འཇིགས་བྱེད་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཡ་མཱནྟ་ཀ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་གཏོར་མ་འབུལ། ཨོཾ་ཡ་མཱནྟ་ཀ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཡ་མཱནྟ་ཀ་ཨོཾ་ཨཱཿ ཧཱུཾ། གིས་ནང་མཆོད་དབུལ། གཟུགས་མཆོག་མཆོག་ཏུ་ཞེས་སོགས་ཀྱིས་བསྟོད། ཨོཾ་བཛྲ་མུཿ གཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་བའི་དགེ་བས་མཐའ་ཡས་འགྲོ་བ་རྣམས། །སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །མདོར་ན་


GTD006_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་ཚེ་རབས་ཐམས་ཅད་དུ། །འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་བཟུང་སྟེ། །རིམ་གཉིས་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །སྐུ་གསུམ་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །སྲུང་བའི་འཁོར་ལོ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ། ཡེ་ཤེས་སེམས་དཔའ་ཧཱུཾ་ཡིག་ལ་ཐིམ། དེའང་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ཏེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། བསྔོ་བ་སྨོན་ལམ་ཅི་རིགས་བྱ། རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མ་དང་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པར་བྱའོ། །བླ་མ་གཤིན་རྗེའི་གཤེད་པོ་ཡིས། །དེད་དཔོན་མཛད་པའི་མཐུ་བྱིན་ལས། །རིམ་གཉིས་རྒྱ་མཚོའི་འཇིངས་བརྒལ་ཏེ། །ཟུང་འཇུག་ནོར་བུའི་གླིང་སོན་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་མདོར་བསྡུས་པ་འདི་ནི། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་ཡེ་ཤེས་རྒྱལ་མཚན། ཀུན་མཁྱེན་འཇིགས་མེད་དབང་པོ་རྣམས་ཀྱི་གསུང་དུ་མ་ལས་བཏུས་ཏེ་བཀོད་པ་ཡིན་ནོ། །དེའང་གསང་བདེ་འཇིགས་གསུམ་གྱི་མངོན་རྟོགས་རྗེ་བླ་མའི་གསུང་རྣམས་ནི་ཚིག་འབྲུ་རེ་རེ་ལའང་རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་གོ་ཚུལ། སྦྱང་གཞི་སྦྱོང་བྱེད་འབྲས་བུ་དང་བཅས་པའི་གནད་ཁྱད་པར་བ་རེ་མེད་པ་མི་སྲིད་པས་བསྡུ་བར་མི་ཕོད་པ་ལྟ་བུ་ཡིན་ཀྱང༌། ད་ལྟའི་སྐྱེ་བོ་བློ་དང་བརྩོན་པ་ཞན་པ་རྣམས་ལ་བསྡུས་པ་རེ་མེད་ན་སྒྱིད་ལུག་སྟེ་བག་ཆགས་


GTD006_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་འཇོག་མི་ཐུབ་པས། དེ་འདྲའི་རིགས་ལ་ཕན་པའི་དོན་དུ་གསང་བདེ་འཇིགས་གསུམ་གྱི་ཆོ་ག་ཤིན་ཏུ་བསྡུས་པ་རེ་དགོས་ཞེས་ཨུ་ཅུ་མུ་ཆིན་ཤོག་ནས་ལྷག་བསམ་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་དཀོན་མཆོག་བསམ་གཏན་གྱིས་ནན་ཏན་ཆེན་པོས་ཡང་ནས་ཡང་དུ་བསྐུལ་བའི་ངོ་མ་བཟློག་ཅིང༌། དམ་པ་གོང་མ་མང་པོས་ཀྱང་དེ་འདྲ་མཛད་འདུག་པས་དགོས་དབང་གིས་མི་རུང་བ་མེད་དམ་སྙམ་སྟེ་བསྡུ་ཚུལ་ཡང་བླ་མ་གོང་མ་རེ་རེའི་གསུང་གི་ཚིག་རིས་རེ་སོར་བཞག་པའི་སྟེང་ནས་སྔ་ཕྱི་སྡེབ་ཚུལ་གྱི་མཚམས་སྦྱོར་ཙམ་བཅུག་སྟེ། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྒྲིགས་པ་འདིའང་འགྲོ་བ་རྣམས་ལྷ་མཆོག་ཁྱད་པར་ཅན་གསུམ་གྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།། །།སརྦ་མངྒ་ལཾ།།


previousབདེ་གསང་འཇིགས་གསུམ་གྱི་ཆོ་ག་མདོར་བསྡུས།next