Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
འཇིགས་བྱེད་དཔའ་གཅིག་བདག་འཇུག་ངག་འདོན་གྱི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇིགས་བྱེད་དཔའ་གཅིག་བདག་འཇུག་ངག་འདོན་གྱི་རིམ་པ།next

འཇིགས་བྱེད་དཔའ་གཅིག་བདག་འཇུག་ངག་འདོན་གྱི་རིམ་པ།


GTD006_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་ངག་འདོན་གྱི་རིམ་པར་བསྒྲིགས་པ་བཞུགས་སོ། །


GTD006_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་ངག་འདོན་གྱི་རིམ་པར་བསྒྲིགས་པ་ནི། སྐད་ཅིག་དཀྲོང་བསྐྱེད། རྡོར་དྲིལ་བྱིན་རླབས། ནང་མཆོད་བྱིན་རླབས་ནས་ཚོགས་ཞིང་གི་བར་སྒྲུབ་ཐབས་ལྟར་ལ། བུམ་པ་ཧྲཱིཿ ཥྚྲཱིཿ ས་བསང༌། སྭ་བྷཱ་ཝས་སྦྱང༌། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཱཔྟེ་ཏཱཔྟེ་མཧཱ་ཏཱཔྟེ་སྭཱཧཱ། ལན་གཉིས། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གདན་དང་བཅས་པའི་རྣམ་པ་ཅན་དུ་གྱུར་པའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཅེས་པ་ནས། ཏིང་ངེ་འཛིན་སེམས་


GTD006_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཧཱུཾ་མཐིང་ག་འོད་ཟེར་ལྔ་འཕྲོ་བ། ཞེས་པའི་བར་སྒྲུབ་ཐབས་བཞིན། རྣམ་རྒྱལ་བུམ་པའི་མཚན་མའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པར་གྱུར། ལས་བུམ་གྱི་ནང་དང་མཚན་མའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། གདན་དེ་གཉིས་ཀྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་གཉིས་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པར་གྱུར། དེ་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵིཾ། ཞེས་པ་ནས། ཐུགས་ཀར་ཧཱུཾ་གིས་མཚན་པ། ཨོཾ་ཧྲཱིཿ ཧ་བྷོ༝ཀུ་རུ་སྭཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་


GTD006_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཨོཾ་ཧྲཱིཿ ཥྚྲཱིཿ ཝི་ཀྲི༝ཨོཾ་ཧཱིཿ ཥྚྲཱིཿ ཧ༌༝ཨོཾ་མུངྒ་ར་ཛཿ ༝སླར་ཡང༌། ཞེས་པ་ནས། གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པ་དང་ལས་བུམ་གྱི་ལྷ་ལའང་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཡ་མཱནྟ་ཀ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཡ་མཱནྟ་ཀ་ཨོཾ་ཨཱཿ ཧཱུཾ། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཞེས་པ་ནས། འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཧཱུཾ། ལན་བདུན། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ནང་གི་ལྷའི་ཐུགས་རྒྱུད་བསྐུལ། བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། རྣམ་བུམ་ལ་གཙོ་བོའི་སྔགས་གསུམ་དང༌། ལས་བུམ་ལ། ཧྲཱིཿ ཥྚྲཱིཿ བརྒྱ་རྩ། བུམ་པ་གཉིས་ཀྱི་ཆུ་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། བརྒྱ་རྩ་བཟླས་ནས། ཡིག་བརྒྱ་ལན་གསུམ་བརྗོད། ཧྲཱིཿ ཥྚྲཱིཿ དང་ཧཱུཾ། བདུན་བརྗོད། བུམ་པ་གཉིས་སུ་དུང་ཆོས་ཀྱི་མཆོད་ཡོན་ཕུལ། ལས་སྔགས་ཀྱིས་མེ་ཏོག་གསུམ་གསུམ་གཞུག །ཨོཾ་ཡ་མཱནྟ་ཀ་གནྡྷེ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཧྲཱི་ཥྚྲཱིཿ བརྗོད་ནས་ལས་བུམ་གྱི་ཆུས་བུམ་པ་བསངས་ཏེ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་རྣམས་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛོད་ཅིག །བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་


GTD006_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ནས་བྱང་ཆུབ་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། གཞལ་ཡས་ཁང་བུམ་པ་ལ་ཐིམ་ཞིང་མཚན་མའི་ལྷ་གཉིས་ཀྱང་ཞུ་ནས་ཕྱག་མཚན་གྱི་རྣམ་པར་གྱུར། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ཏེ། བྲིས་པའི་དཀྱིལ་འཁོར། ཧྲཱིཿ ཥྚྲཱིཿ ས་བསང༌། ཨོཾ་སྭ་བྷཱ་ཝ༌༝ཨོཾ་ཤཱུ་ནྱ་ཏ༌༝རང་དང་ཚོགས་ཞིང་གི་ཞེས་པ་ནས་མི་བསྐྱོད་པས་དབུ་བརྒྱན་ཅིང་དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཕྱེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀྱི་ཕྱི་རོལ་ཏུ་མཆོད་པའི་ལས་ལ་གནས་པར་གྱུར། དེ་ནས་ཕྱི་ནང་གི་མཆོད་པ་ཕུལ་ཚར་བ་ན། རང་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོ་དང་ཐ་མི་དད་པར་གྱུར། བསྟོད་པ་ནས་གཏོར་འབུལ་རྫོགས་པའི་བར་སྒྲུབ་ཐབས་ལྟར་བྱ། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་ཞིང་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཐོགས་པ་མེད་པར་ཞུགས་པར་གྱུར། ཡིག་བརྒྱ་བཟླ། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འཁྲིལ། །ཛ་ཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་ཧི། ཧཱུཾ། མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །ཨོཾ་བཛྲ་ཨུད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་ས་མ་


GTD006_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་པྲ་བེ་ཤ་ཡ་མི། ཨོཾ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏཾ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག །མཎྜལ་དབུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ལ་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། རང་ཉིད་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གྱུར། ཨཿ ཁཾ་བཱི་ར་ཧཱུཾ། ཨོཾཙཀྵུ་བནྡྷ་ཝཱ་རཱ་མ་ན་ཡ་ཧཱུཾ། ཨོཾ་ཧྲཱིཿ ཥྚྲཱིཿ ༝ཧཱུཾ་ཕཊ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་བདག་འགྱུར་གསུང་དུ་གསོལ། །ཚར་གཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ལན་གསུམ། ཀྱེ་ཁྱོད་སུ་ཡིན་ཅི་ལ་དགའ་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་དམ་ཚིག་བགྱིད་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་


GTD006_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་པ་དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་གྱུར། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང༌། རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ། ཧོཿ སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཨཱཿ ཁཾ་བཱི་ར་ཧཱུཾ། མཧཱ་ར་ཏ། སུ་དྲི་ཌྷ་སུ་ཏོ་ཥོ། སུ་སུ་ཁོ། བཛྲ་སཏྭ་ཨཱཿ དྷྱ་སིདྷྱ་ཡ་མཾ། ཤར་སྒོར་རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པས་ཐཱ་ནཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ཕྱིར་བདག་འབུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབ་པར་གྱུར། ཨོཾ་གུ་རུ་ཙ་ར་ཎ་ཡ་པཱུ་ཛ་ཨུ་པསྠཱ་ན་ཡ་ཨཱཏྨཱ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་སཏྭ་པ་རི་དྲ་ཎཱ་ཡ་ཨཱཏྨཱ་ནཾ་ནིརྱཱ་ཏ་ཡཱ་མི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་


GTD006_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ལན་གསུམ། ཨོཾ་ཧྲཱིཿ ཥྚྲཱིཿ ༝སྭ་བྷཱ་ཝ༌༝སྟོང་པའི་ངང་ལས་རང་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པར་གྱུར་པའི་སྤྱི་བོར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཧཿ སྙིང་གར་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་


GTD006_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་སེར་པོ་ཟུར་དུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ལ་ཧཱུཾ། ལྟེ་བར་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་དམར་པོ་རྣོ་ཞིང་འབར་བ་ལ་ཨཱཿ རྐང་པའི་འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཡོ་བ་གཞུའི་དབྱིབས་ཅན་ཐ་མར་བ་དན་གྱིས་མཚན་པ་ལ་ཛྷཻཿ དྲག་ཅིང་བཟོད་པར་དཀའ་བའི་གཟུགས་ཅན་རླུང་གིས་བསྐྱོད་པས་ལྟེ་བའི་མེའི་གནས་སུ་ཕྱིན་པ། སླར་ཡང་རླུང་གིས་བསྐྱོད་པས་སྙིང་གའི་ས་འབར་བར་གྱུར་ཏེ། སྤྱི་བོའི་ཆུ་ལས་བདུད་རྩིའི་ཚོགས་བབས་པས་ཚིམ་པར་གྱུར། ཨོཾ་ཧྲཱིཿ ཥྚྲཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨ་བེ་ཤ་ཡ་སྟཾ་བྷ་ཡ། ར་ར། ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུཾ་ཧཿ ཨཱཿ ཛྷཻཿ ཧཱུཾ་ཕཊ། ཏིཥྛ་བཛྲ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོའི་མདུན་ན་གནས་པར་གྱུར། པྲ་ཏཱིཙྪ་བཛྲ་ཧོཿ ཨོཾ་པྲ་ཏི་གྲིཧྣ་སྟྭཾ་ཨ་མཾ་སཏྭ་མཧཱ་བཱ་ལ། བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་གཟུང་ཞིག །རང་གི་སྙིང་གར་ཟླ་བ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ཨོཾ་འོད་ཟེར་འབར་བ་རེ་རེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོད་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་


GTD006_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱི་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཧེ་བཛྲ་པ་ཤྱ། དེ་ཡང་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་བསྲུང་བའི་འཁོར་ལོ་མེ་རི་དང་བཅས་པའི་ནང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་དང་ལྡན་པའི་དབུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ས་མ་ཡ་ཧོཿ ཧོཿ ཧོཿ རིག་པའི་དབང་ལྔའི་དོན་དུ་མཎྜལ་དབུལ། སངས་རྒྱས་ཤེས་རབ་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང༌། །མཆོག་ཀྱང་བདག་ལ་སྩལ་ཏུ་གསོལ། །ཞེས་ལན་གསུམ། ཨོཾ་ཧྲཱི་ཥྚྲཱིཿ ༝ སྭ་བྷཱ་ཝ་༝ བདག་དང་དབང་རྫས་བུམ་ཆུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་


GTD006_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པཱདྱཾ། པུཥྤེ།༝ ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱབས་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་མི་བསྐྱོད་པར་བྱས་པ་ལ་དབང་བསྐུར། དབང་གི་ལྷ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་༝ ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་བུམ་ཆུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། སྒྲུབ་པའི་དཀྱིལ་འཁོར་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་སོགས་པ་རྣམས་རང་གི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང༌། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་


GTD006_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཁོད་ནས་བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམ་པར་སྦྱོང་བྱེད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་ཡིས་ནི། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿ བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །༈ ཧྲཱིཿ ཥྚྲཱིཿ ༝སྭ་བྷཱ་ཝ༌༝བདག་དང་དབང་རྫས་ཅོད་པན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཏྲཾ་དང་རིན་པོ་ཆེ་ལས་རིན་འབྱུང་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ་འཛིན་པས་ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་


GTD006_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པདྱཾ། པུཥྤེ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །ཞེས་པ་ནས། དེ་ལྟར་འདི་ལ་སྩལ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་རིན་འབྱུང་དུ་བྱས་པ་ལ་དབང་བསྐུར། དབང་གི་ལྷ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རིན་འབྱུང་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་ཅོད་པན་དུ་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། སྒྲུབ་པའི་དཀྱིལ་འཁོར་པ་རྣམས་ཀྱིས་ཞེས་པ་ནས། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང༌། །ཁེངས་པའི་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཞེས་པ་ནས། གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། དབང་བསྐུར་རྡོ་རྗེ་༝སྦྱིན་


GTD006_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཨོཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱིཿ ཡེ་ཧཱུཾ་སྭཱཧཱ། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར། ཞེས་པ་ནས། སྤྱི་གཙུག་ཏུ་འཁྱིལ་པ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣའི་སྒྲིབ་པ་སྦྱངས། ཚོར་བའི་ཕུང་པོ་གནས་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཧྲཱིཿ ཥྚྲཱིཿ ༝སྭ་བྷཱ་ཝ༝བདག་དང་དབང་རྫས་རྡོ་རྗེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧྲཱིཿ དང་པདྨ་ལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་ཞེས་པ་ནས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ན་ཞེས་པ་ནས། སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རྡོ་རྗེ་ཅན་གྱིས་ཞེས་པ་ནས། སྩལ་དུ་གསོལ། །ཞེས་གསོལ་བ་ཞེས་པ་ནས། རང་ཉིད་འོད་དཔག་མེད་དུ་བྱས་པ་ལ་དབང་བསྐུར། དབང་གི་ལྷ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས།


GTD006_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། འོད་དཔག་མེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་ཞེས་པ་ནས། བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ་ཞེས་པ་ནས། སྦྱིན་པར་བྱ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །དབང་བསྐུར་རྡོ་རྗེ་ནས། སྦྱིན་པར་བྱ། །ཨོཾ་ཨཱཿ སརྦ་ནས། ཤྲཱིཿ ཡེ་ཧཱུཾ་སྭཱཧཱ། དེ་ལྟར་བདུད་རྩིས་ཞེས་པ་ནས། གྱུར་པ་ལས་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ། ཞེས་པ་ནས། ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཧྲཱིཿ ཥྚྲཱིིཿ ༝སྭ་བྷཱ༝བདག་དང་དབང་རྫས་དྲིལ་བུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁཾ་དང་རལ་གྲི་ལས་དོན་གྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་དྲིལ་བུ་


GTD006_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་ཞེས་པ་ནས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ཞེས་པ་ནས། ཨོཾ་སརྦ་ཞེས་པ་ནས། པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རྡོ་རྗེ་ཅན་གྱིས་ཞེས་པ་ནས། སྩལ་ཏུ་གསོལ། །ཞེས་གསོལ་བ་ཞེས་པ་ནས། རང་ཉིད་དོན་གྲུབ་ཏུ་བྱས་པ་ལ་དབང་བསྐུར། དབང་གི་ལྷ་རྣམས་ཀྱིས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དོན་གྲུབ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཞེས་པ་ནས། བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོངས། །དེ་སྦྱོངས་ཐབས་སྟོན་དེ་ནི་ཀུན་ནས་བསལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ་ཞེས་པ་ནས། སྦྱིན་པར་བྱ། །ཨོཾ་བཛྲ་ཨ་ཏི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དབང་བསྐུར་རྡོ་རྗེ༝སྦྱིན་པར་བྱ། །ཨོཾ་སརྦ༝ཤྲཱིཿ ཡེ་ཧཱུཾ་སྭཱཧཱ། དེ་ལྟར་བདུད་རྩིའི་ཆུས་ཞེས་པ་ནས། གྱུར་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཞེས་པ་ནས། ཐིམ་པར་གྱུར། ཨོཾ་སརྦ༝པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས།


GTD006_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་གྲུབ་པ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཧྲཱིཿ ཥྚྲཱིཿ ༝སྭ་བྷཱ་ཝ༌༝རང་ཉིད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་དང་འཁོར་ལོ་ལས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པས་ཡུམ་སྤྱན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ཞེས་པ་ནས། ཨོཾ་སརྦ༌༝ཏཱིཙྪ་ཧཱུཾ་སྭཱཧཱ། རྡོ་རྗེ་ཅན་ཞེས་པ་ནས། སྩལ་ཏུ་གསོལ། །ཞེས་གསོལ་བ་ཞེས་པ་ནས། རང་ཉིད་རྣམ་སྣང་དུ་བྱས་པ་ལ་དབང་བསྐུར་བར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་ཞེས་པ་ནས། བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང༌། །རྨོངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ༝སྦྱིན་པར་བྱ། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དབང་བསྐུར་རྡོ་རྗེ༝སྦྱིན་པར་བྱ། །ཨོཾ་ཨཱཿ སརྦ༝ཤྲཱིཿ ཡེ་ཨཱཿ ཧཱུཾ། དེ་ལྟར་བདུད་རྩིའི་ཆུས་ཞེས་པ་ནས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཞེས་པ་ནས། ཐིམ་པར་


GTD006_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཨོཾ་སརྦ༝ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་དབུལ། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །སྙིང་བརྩེའི་གཏེར་ཀྱེ་བདག་ལ་སྩོལ། །ལན་གསུམ། ཧྲཱིཿ ཥྚྲཱིཿ ༝སྭ་བྷཱ་ཝ༝རང་ཉིད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རང་ཉིད་ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་ན་ཞེས་པ་ནས། ཨོཾ་སརྦ༝པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རྡོ་རྗེ་ཅན་གྱིས་ཞེས་པ་ནས། སྩལ་ཏུ་གསོལ། །ཞེས་གསོལ་བ་ཞེས་པ་ནས། རང་ཉིད་རྡོ་རྗེ་འཆང་དུ་བྱས་པ་ལ་དབང་བསྐུར་བར་གྱུར། ཧྲཱིཿ ཥྚྲཱིཿ ༝སྭ་བྷཱ་ཝ༝རྡོ་རྗེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ་བར་བྱ་ཕྱིར་ཟུངས། །སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་


GTD006_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྒྱལ་བའི་ཐུགས་ཀྱི་ངོ་བོ་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་འཛིན་པ་རྡོ་རྗེ་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཟུངས་ཤིག །ཧྲཱིཿ ཥྚྲཱིཿ ༝སྭ་བྷཱ་ཝ༌༝དྲིལ་བུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་དྲིལ་བུར་གྱུར། ཤེས་རབ་ཐབས་ཀྱི་རང་བཞིན་ཉིད། །རྡོ་རྗེ་དྲིལ་བུ་རབ་གྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་ཟུངས། །ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། །ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོག་པར་སེམས་པའི་སྒོ་ནས་དྲིལ་བུ་འཛིན་པ་དྲིལ་བུ་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཟུངས་ཤིག །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་གྱུར། །ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །རང་རྡོ་རྗེ་འཆང་དུ་གསལ་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་འདུ་བྱས་ནས་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། སྒྲུབ་པའི་དཀྱིལ་འཁོར་ཞེས་པ་ནས། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ་ཆེན་པོ་


GTD006_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཞེས་པ་ནས། གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་སྭཱཧཱ། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར། ཞེས་པ་ནས། གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ རང་གི་ལུས་ཀྱི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལ་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་གཉིས་དེ་ཁོ་ན་ཉིད་དུ་མི་མཉམ་པ་མེད་པས་གྲུ་བཞི་པ། དྲན་པ་ཉེར་གཞག་བཞི་དག་པ་ནི་ཤར་གྱི་སྒོ། ཡང་དག་སྤོང་བཞི་དག་པ་ནི་ལྷོའི་སྒོ། རྫུ་འཕྲུལ་རྐང་བཞི་དག་པ་ནི་ནུབ་ཀྱི་སྒོ། དད་སོགས་དབང་པོ་ལྔ་དག་པ་ནི་བྱང་གི་སྒོ། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་ཕྱིར་ནང་གི་རྡོ་རྗེའི་ཕྲེང་བ། རྣམ་པར་ཤེས་པའི་ཕུང་པོ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པ་དག་པ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའོ། །བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་དང༌། གཏོར་མའི་ཆོ་ག་དང༌། བསྲུང་བ་དང༌། ཕྱིར་བཟློག་པ་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། དེར་སློབ་མ་གཞུག་པའི་མཚན་ཉིད་ནི་སློབ་དཔོན་གྱི་ལས་སུ་བྱ་བའི་རིམ་པ་ཡིན་ནོ། །བླ་མ་དང་གཙོ་བོ་ཐ་མི་དད་པ་དཔལ་རྡོ་རྗེ་འཇིགས་བྱེད་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །གཅིག །བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །གསུམ། གཙོ་བོའི་སྔགས་གསུམ་ལན་གསུམ་རེ་འདོན། སྔགས་ཀྱི་ཕྲེང་བ་


GTD006_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཐུགས་ཀ་ནས་བརྒྱུད་དེ་ཞལ་ནས་བྱུང་བ་རང་གི་སྙིང་གར་ཧཱུཾ་གི་མཐའ་སྐོར་དུ་གནས་པར་གྱུར། རང་གི་མིག་གཉིས་ལ་ཡི་གེ་པྲཾ་རེ་རེ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །མ་རིག་པའི་ལིང་ཏོག་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་ཕྱེ་བར་གྱུར། ཨཱཿ ལས་བྱུང་བའི་མེ་ལོང་ཨཱཿ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེས། །སྤྱིར་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་དང༌། ཁྱད་པར་དུ་རང་གི་སྙིང་ལ་ཞུགས་པའི་རྡོ་རྗེ་སེམས་དཔའ་ནི་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཤིག །ཧོཿ ལས་སྐྱེས་པའི་མདའ་གཞུ་ཧོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཡཱ་སྭ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཡཱ་མི། བྷྲུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་ཧེ་ཏུ་མཾ། དབྱངས་ཐ་མ་ཨཿ ལས་བྱུང་བའི་དུང༌། ཨོཾ་བཛྲ་བྷ་ཥ་རཾ། དབྱངས་དང་པོ་ཨ་ལས་བྱུང་བའི་གཤིན་རྗེའི་གཤེད་ཀྱི་རྒྱུད་ཀྱི་པོ་ཏི། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་དུང་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དབྱངས་ཐ་མ་ཨཿ ལས་བྱུང་བའི་དྲིལ་བུ།


GTD006_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་གྱུར། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན༌༝ ༝ ༝ རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན༌༝ ༝ ༝ རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ༌༝ ༝ ༝ པངྨའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་༝ ༝ ༝ ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་ཉིད་རྡོ་རྗེ་སེམས་དཔར་གྱུར། ཧཱུཾ་ལས་བྱུང་བའི་རྡོ་རྗེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་བརྟུལ་ཞུགས་དང་རྟག་ཏུ་མི་འབྲལ་བར་གྱིས་ཤིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧི་ཧཱུཾ། བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དུ་གྱུར། འདིར་ནི་ཁྱོད་རྣམས་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿ ཨ། གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་


GTD006_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་ལུང་བསྟན་པར་མཛད་དེ་ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱ་འོ། །མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ཡིས་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པས། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་གཏང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང༌། །ནམ་ཡང་དོར་བར་མི་བྱ་འོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཡང་ངེས་པར་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱ་འོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་དོར་ནས་ནི། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་


GTD006_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་སྦྱོར། །དཀྱིལ་འཁོར་གཉིས་ལས་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་སློབ་དཔོན་དུ་བྱ་བའི་ཆེད་དུ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང་ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་ཞིང༌། ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་ཅན་སྐྲུན་པར་བྱེད་པའི་ཕྱིར་ན་ཕྱིར་མི་ལྡོག་པའི་དབང་ཞེས་པ་དང༌། དབང་དྲུག་ཀ་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་བུམ་པའི་དབང་ཞེས་བྱ་བ་ཐོབ། གཙོ་བོར་ལུས་ཀྱི་དྲི་མ་གསུམ་སྔར་བསགས་སྦྱོང་ཞིང་ཕྱི་མ་སྡོམ་པ་དང༌། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་འཁྲུད་པས་ན་སྐུ་རྡོ་རྗེ་སྦྱོང༌། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་བའི་སྐུའི་ནུས་པ་ཁྱད་པར་ཅན་འཇོག་གོ །གསང་དབང་གི་དོན་དུ་མཎྜལ་དབུལ། ༈ བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། བླ་མ་དང་གཙོ་བོ་ཐ་མི་དད་པའི་དཔལ་རྡོ་རྗེ་འཇིགས་བྱེད་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར། རིག་མ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་ཡུམ་རོ་ལངས་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པར་གྱུར། གཙོ་བོའི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཨོཾ་ལས་བྱུང་བའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨཱཿ ལས་བྱུང་བའི་ཟེ་འབྲུ་བུ་ག་ཕཊ་ཀྱིས་བཀག་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་


GTD006_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝ་ཨཏྨ་ཀོ྅ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སྤྱི་བོ་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེ་ནོར་བུའི་ནང་དུ་བསྐྱེད་པ་བརྟན་པར་བྱས། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེ་ཡི་ནི་ལུས་སྒྲུབ་པར། །བུ་ཁྱོད་ཀྱིས་ནི་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འཐུངས་ཤིག །ཨ་ཧོ་མཧཱ་སུ་ཁ། སླར་ཡང་ཡུམ་གྱི་པདྨར་གནས་པའི་ལྷ་རྣམས་ཞུ་བའི་བདུད་རྩི། བཏུང་བ་རིན་ཆེན༌༝ ༝ ༝ ༝སུ་ཁ། གསང་རྫས་དངོས་སུ་ཡོད་ན་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། བཏུང་བ་རིན་ཆེན་འདི་ཡིས་ནི། །རྡོ་རྗེ་ཡི་ནི་ལུས་སྒྲུབ་པར། །བུ་ཁྱོད་ཀྱིས་ནི་ཤེས་གྱིས་ལ། །ཡིད་ལས་བྱུང་བའི་ཆུ་འཐུངས་ཤིག །ཨ་ཧོ་མཧཱ་སུ་ཁ། དེ་ལྟར་བླ་མ་ཡབ་ཡུམ་གྱིས་བྱིན་པའི་བྱང་སེམས་དཀར་དམར་མྱང་བ་ལས་བདེ་བ་ཆེན་པོ་སྐྱེ་ལ། བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དེ་ཉིད་གསང་དབང་གི་དངོས་གཞི་ཡིན་ནོ། །ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་རྫས་གསང་བ་ལས་བྱུང་བའི་དབང་ལ་གསང་བའི་དབང་བསྐུར་བ་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ངག་གི་དྲི་མ་རྫུན་དུ་སྨྲ་བ་སོགས་སྔར་བསགས་འདག་ཅིང་ཕྱི་མ་སྡོམ་པ་དང༌། ཐུན་མོང་མ་ཡིན་པ་རླུང་ལ་ངག་ཏུ་གསུངས་པའི་དྲི་མ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་ན་གསུང་རྡོ་རྗེ་སྦྱོང༌། ཀུན་རྫོབ་སྒྱུ་མའི་སྐུའི་རང་བཞིན་ཅན་གྱི་རྡོ་རྗེའི་སྐུ་བདག་བྱིན་གྱིས་བརླབས་པ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ །ཤེས་དབང་གི་དོན་དུ་མཎྜལ་དབུལ། ༈ བྱང་ཆུབ་རྡོ་རྗེས་


GTD006_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ལན་གསུམ། གཟུངས་མ་ཡིད་འོང་འདི་དེ་ནི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་བས་འཁོར་བར་སྦྱོར་བྲལ་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུངས་ཤིང་ཤེས་རབ་མ་གཏད་པས། རིག་མ་དེས་ཀྱང་ཙན་དན་དང་གུར་གུམ་ལ་སོགས་པས་བྱུགས་ཤིང༌། ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ་གོས་མེད་པར་པདྨ་རབ་ཏུ་རྒྱས་པ་གསལ་པོར་སྟོན་ཞིང༌། དྲི་ཆེན་དྲི་ཆུ་བཟའ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཤ། །བུད་མེད་གུས་མཆོག་དེ་བཞིན་དུ། །བྷ་ག་པདྨར་ཙུམ་པ་ནི། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུས་སྨྲོས་ཤིག །དྲི་ཆེན་དྲི་ཆུ་སོགས་བཟའ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད་ལ་ཙུམ་པ་ནི། །ཞེས་བརྗོད་པས་ལྷ་མོ་དེ་དགྱེས་ནས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་སྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོ་ཀྵ་ཧོཿ ཞེས་གསུང་བར་གྱུར། རང་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པའི་རྣམ་པ་ཅན་དུ་གསལ་བར་གྱུར། རིག་མ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་


GTD006_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཡུམ་རོ་ལངས་མ་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པར་གྱུར། རང་གི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཞེས་པ་ནས། ཡུམ་གྱི་གསང་གནས་ཞེས་པ་ནས། བཀག་པ། ཨོཾ་སརྦ་ཞེས་པ་ནས། ཨཏྨ་ཀོ྅ཧཾ། རང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབས་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབས་པ་ན་ཁྱད་དགའ། ལྟེ་བ་ནས་གསང་གནས་ཀྱི་རྩེར་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས། བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་བ་ནི་དབང་གསུམ་པའི་ངོ་བོ་ཡིན་ནོ། །ཁྱོད་ཀྱིས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་མ་ལ་བརྟེན་ནས་ཐོབ་པའི་དབང་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་སྔར་བསགས་འདག་ཅིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་འཁྲུད་པས་ཡིད་དག་པར་བྱེད། འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་གོ །དབང་བཞི་པའི་དོན་དུ་མཎྜལ་དབུལ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ལན་གསུམ། ཁྱོད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་


GTD006_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། དོན་འདི་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང༌། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ་དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། །༈ མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །མི་ཚུགས་པ་དང་མ་བཅིང་བར། །གང་ལའང་འཇིགས་མེད་དགའ་བར་གྱིས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱ་འོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨད་དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །གདུག་པའི་བྱམས་པ་རྟག་ཏུ་སྤང༌། །ཆོས་ལ་


GTD006_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་གཟུང་མི་བྱ་འོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་གྱིས་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློང་མོས་མི་རྒྱུ་ཞིང༌། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་པར་གྱུར་ན། །དེ་ཚེ་དཀྱིལ་འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་འགྱུར་བ་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་གྱི་ཚེ་ལྡན་དེང་དབང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོར་བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་སོ། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གིས་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །དེ་རིང་འགྲོ་བ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །གཙོ་བོས་ཇི་ལྟར་བཀའ་བསྒོ་བའི། །གསུང་ནི་དེ་ལྟར་བདག་གིས་བགྱི། །དེ་དག་གིས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་སོགས་ལ་དབང་བར་བྱས། འབྲས་


GTD006_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ། །མཎྜལ་དབུལ། གཏང་རག་གི་མཆོད་བསྟོད། བཟོད་གསོལ་སོགས་བྱས་ལ། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་ཞལ་གཅིག་ཕྱག་གཉིས་པར་ལོགས་སུ་ཕྱེ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་འོད་དུ་ཞུ་ནས་རས་བྲིས་ཀྱི་རྣམ་པར་གྱུར་པར་བསམས་ནས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དེའང་སློབ་མའི་དབང་གིས་རིགས་ལྔ་སོ་སོ་དང༌། སློབ་དཔོན་གྱི་དབང་གིས་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པ་ནི་ཆགས་བཅས་ཀྱི་ཚུལ་བཞིའི་རྒྱུད་དང་གླེང་གཞིའི་དོན་ཡིན་པ་ལྟར་བཀྲ་ཤིས་གང་ཞིག་མའི་ཤིས་བརྗོད་འདིའང་དེའི་འགྲོས་དང་བསྟུན་ན་ལེགས་པ་དང༌། གསང་དབང་རིགས་བདག་གི་ཡུམ་ལ་བརྟེན་ནས་བསྐུར་བ་མི་རུང་བ་མིན་ཡང༌། སྐབས་འདིར་རིག་མ་ཕུལ་ན་དེ་ཉིད་ལྷར་བསྐྱེད་དགོས་ལ། བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་དང༌། བསྐྱེད་རིམ་ཆེན་མོར་འཇིགས་བྱེད་ལ་ཡུམ་ཡོད་པའི་སྒྲུབ་བྱེད་དུ་གསང་དབང་དང་ཤེར་དབང་ཡོད་པ་བཀོད་པའི་དགོངས་པའང་རོ་ལངས་མར་བསྐྱེད་པའི་དབང་དུ་མཛད་སྣང་བས། དེ་གཉིས་ཙམ་མ་གཏོགས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་གསུང་ལས་འདོན་ཆའི་རིམ་པ་ཁོལ་དུ་བྱུང་བ་ཡིན་ནོ། །ཞེས་པ་འདིའང་གཞུང་ལུགས་སྨྲ་བའི་དབང་པོ་ལྷ་རམས་པ་རྒྱལ་མཚན་དང༌། སྒྲུབ་པའི་རྒྱལ་མཚན་འཛིན་པ་ཆེན་པོ་བློ་བཟང་དཀོན་མཆོག་དང༌། དགེ་སློང་དགེ་ལེགས་རྣམས་ཀྱིས་བསྐུལ་ངོར༌། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྡེབས་པའོ།།


previousའཇིགས་བྱེད་དཔའ་གཅིག་བདག་འཇུག་ངག་འདོན་གྱི་རིམ་པ།next