Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
གྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། next

གྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས།


GTD006_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བདེ་བ་ཅན་གྱི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །


GTD006_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཞབས་སེན་སྙིང་ལ་འགྲོགས་པ་ཡིས། །སྲིད་པའི་འཇིགས་འཕྲོག་སྤྱན་རས་གཟིགས་དབང་གིས། །དེང་ནས་བྱང་ཆུབ་བར་དུ་རྟག་སྐྱོང་ཞིང༌། །ཁྱད་པར་བདེ་ལྡན་ཞིང་གི་ས་མཁན་མཛོད། །བཟོད་དཀའ་ཡུན་རིང་ངན་སོང་སྡུག་བསྔལ་གྱི། །སྨག་རུམ་སྟུག་པོའི་ཀློང་ནས་གློག་འགྱུ་བཞིན། །ལན་གཅིག་ཡུད་ཙམ་ཐོབ་པའི་དལ་འབྱོར་འདི། །དོན་མེད་ངང་དུ་གཏོང་བ་ཀྱེ་མ་འཁྲུལ། །སྐྱིད་ཀྱང་མི་འཚེང་སྡུག་ཀྱང་མི་འཕོང་བའི། །ཚེ་ཐུང་འདི་ནི་ཇི་ལྟར་བྱས་ཀྱང་སླ། །གཏིང་ཟབ་འཁོར་བའི་མཚོ་ལས་རང་གཞན་ཀུན། །སྒྲོལ་བའི་དུས་ལ་བབས་ཕྱིར་འདིར་ཞུགས་ཤིག །དེ་ཡང་རྒྱལ་བ་ཀུན་གྱི་ཐུགས་རྗེའི་བདག་ཉིད་མགོན་པོ་སྤྱན་རས་གཟིགས་ཀྱི་ཞབས་ལ་འཇུས་ཏེ་ཚེ་ལྷག་དོན་ལྡན་དུ་བགྱིད་པར་འདོད་ན། སྤྱིར་འདིའི་རིགས་མཐའ་ཡས་ཤིང་གྲགས་ཆེ་བའི་བཀའ་སྲོལ་ལྔ་ཙམ་བྱུང་བ་ལས། འདིར་བླ་མེད་དང་འབྲེལ་བ་གྲུབ་ཆེན་ཚེམ་བུ་བའི་ལུགས་ཀྱི་དམར་ཁྲིད་ཟབ་མོ་ཉམས་སུ་ལེན་པ་ལ། དམིགས་རིམ་ཞིབ་པར་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དང༌། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་དམ་པ་གོང་མ་མང་པོའི་གསུང་ལས་འབྱུང་བས། འདིར་ངག་འདོན་ཁོ་ན་ནག་འགྲོས་སུ་བྱས་ཏེ་མདོར་བསྡུས་པའི་ཚུལ་གྱིས་འགོད་པ་ལ། མཆོག་གསུམ་མཐུ་དང་ཆོས་དབྱིངས་བདེན་པའི་མཐུས། །སྣོད་བཅུད་ཡོངས་དག་ཀུན་བཟང་མཆོད་སྤྲིན་དབུས། །བླ་མ་རྡོ་རྗེ་འཆང་ལ་མཐའ་ཡས་པའི། །ཚོགས་ཞིང་རྒྱ་མཚོས་བསྐོར་ཏེ་བཞུགས་གྱུར་


GTD006_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དངོས་བརྒྱུད་བླ་མ་རྣམས་ལ་སྐྱབས་སུ་མཆི། །སྟོན་པ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །སྐྱོབ་པ་དམ་ཆོས་རྣམས་ལ་སྐྱབས་སུ་མཆི། །ཚོགས་མཆོག་དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །བདག་སོགས་འགྲོ་ཀུན་ཆོས་ལ་བློ་ཕྱོགས་ཤིང༌། །གེགས་མེད་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས། །ཞུ་ནས་བདག་སོགས་བྱིན་གྱིས་བརླབ་པར་གྱུར། །སྐྱབས་སེམས་ཀྱི་ཤོ་ལོ་ཀ་གཉིས་ལན་གསུམ་སོགས་འདོན། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང༌། །ཧཱུཾ་དང་རྡོ་རྗེའི་འོད་ཟེར་འཕྲོ་འདུས་ལས། །རྡོར་སེམས་དཀར་པོ་རྡོར་དྲིལ་བསྣམས་པ་ཡིས། །རྡོ་རྗེ་སྙེམས་མ་གྲི་ཐོད་འཛིན་པར་འཁྱུད། །རིན་ཆེན་རྒྱན་སྤྲས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མི་བསྐྱོད་རྒྱས་བཏབ་གནས་གསུམ་ཡི་གེས་མཚན། །ཐུགས་ཀའི་ཧཱུཾ་ཡིག་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་ཛཿ ཧཱུཾ་བཾ་ཧོཿ དབྱེར་མེད་གྱུར། །དེ་ཡི་ཐུགས་ཀའི་སྔགས་ཕྲེང་ཧཱུཾ་བཅས་དང༌། །དེ་ཡི་འོད་ཀྱིས་སྤྱན་དྲངས་རིགས་ལྔ་ཡི། །སྦྱོར་མཚམས་ནས་ཐོན་བདུད་རྩི་ཚངས་བུག་ནས། །ཞུགས་ཏེ་སྒོ་གསུམ་སྡིག་ལྟུང་བྱང་གྱུར་ཅིག །དེ་ནས། ཨོཾ་བཛྲ་ཧེ་


GTD006_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀ་ས་མ་ཡ། ཞེས་སོགས་ཧེ་རུ་ཀའི་ཡིག་བརྒྱ་དང༌། དེ་མི་ཤེས་ན་ཡོངས་གྲགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ། མ་མཐའ་ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཅི་འགྲུབ་བཟླ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །དེ་ནས་རིགས་ལྔ་རྡོར་སེམས་བཅས། །རང་ལ་ཐིམ་པས་སྒོ་གསུམ་དང༌། །དེ་དག་རྣམས་ཀྱི་སྐུ་གསུང་ཐུགས། །དབྱེར་མེད་སྒྲིབ་བྲལ་ངོ་བོར་གྱུར། །སླར་ཡང་རང་གི་སྤྱི་བོར་སེང་གེའི་ཁྲི། །པདྨ་ཉི་ཟླའི་གདན་དང་བཅས་པའི་སྟེང༌། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང༌། །དབང་སྔོན་མདངས་ལྡན་མཚན་དཔེའི་དཔལ་འབར་ཞིང༌། །ཐབས་ཤེས་རང་བཞིན་རྡོར་དྲིལ་ཐུགས་ཀར་འཛིན། །སྐུ་ཡི་ཆ་ལ་ཞི་ཁྲོ་རབ་འབྱམས་ཀྱི། །རྒྱལ་བའི་དཀྱིལ་འཁོར་བཀོད་པ་ཀུན་རྫོགས་ཤིང༌། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གི །འོད་ཀྱིས་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་ཀུན། །བསྡུས་ཏེ་ཐིམ་པས་སྐྱབས་གནས་མ་ལུས་པ། །དབྱེར་མེད་གཅིག་ཏུ་འདུས་པའི་ངོ་བོར་གྱུར། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གསུམ་ཀུན་འདུས་ཁྱོད་ལ་ཕྱག་འཚལ་ལོ། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྟགས་རྫས་སོགས། །ཀུན་བཟང་མཆོད་པའི་སྤྲིན་གྱིས་ཕྱོགས་ཀུན་ཁྱབ། །ཟག་མེད་བདེ་བ་ཆེན་པོ་བདུད་རྩིའི་རྫས། །ཡེ་ཤེས་ལྔ་ལྡན་མཆོད་པས་དགྱེས་པར་རོལ། །མཚན་ལྡན་ཕྱག་


GTD006_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱར་སྙོམས་པར་ཞུགས་པ་ཡིས། །སྒྲིབ་བྲལ་དགའ་བཞིའི་བདེ་བ་ཆེན་པོ་རྒྱས། །མཆོད་པའི་འཁོར་གསུམ་སྣང་ལ་བདེན་མེད་པའི། །བདེ་སྟོང་ཏིང་འཛིན་མཆོག་ལ་གཞོལ་བར་གྱུར། །ཐོག་མེད་ནས་བསགས་སྒོ་གསུམ་ཉེས་ལྟུང་ཀུན། །གནོང་ཞིང་འགྱོད་པ་དྲག་པོས་མཐོལ་ལོ་བཤགས། །གཞན་ཕན་དམ་པ་རྣམས་ཀྱི་མཛད་བཟང་སོགས། །རྣམ་དཀར་དགེ་བའི་ཚོགས་ལ་རྗེས་ཡི་རང༌། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ། །དགེ་ཚོགས་ཀུན་ཀྱང་དོན་མེད་འཁོར་བའི་རྒྱུར། །མི་སྨིན་མཁའ་མཉམ་འགྲོ་ཀུན་སྒྲོལ་བའི་ཕྱིར། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །དེ་ནས་མཎྜལ་སོ་བདུན་མའམ་ཉེར་གསུམ་མས་ཐོག་དྲངས་ཚོམ་བུ་བདུན་ནམ་གྲངས་གསོག་གིས་གང་མང་དབུལ། དུས་གསུམ་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཕྱིན་ཅི་ལོག་གི་བློ་སྣ་ཀུན་འགག་ཅིང༌། །ཡང་དག་ལམ་གྱི་རྟོགས་པ་སྐྱེ་བ་དང༌། །ཕྱི་དང་ནང་གི་བར་ཆད་ཀུན་ཞི་ཞིང༌། །ཁྱད་པར་རིམ་གཉིས་ལམ་གྱིས་རྒྱུད་སྦྱངས་ཏེ། །ཟུང་འཇུག་སྐུ་བཞིའི་བདག་ཉིད་བླ་མ་ལྷའི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བཏབ་བླ་མའི་གནས་གསུམ་ལས། །འོད་དང་བདུད་རྩི་དཀར་དམར་མཐིང་གའི་ཚོགས། །རིམ་དང་ཅིག་ཅར་བྱུང་ནས་བདག་ཉིད་ཀྱི། །གནས་གསུམ་རིམ་དང་ཅིག་ཅར་ཐིམ་པ་ལས། །སྒྲིབ་བཞི་དག་ཅིང་རྣམ་དག་དབང་བཞི་དང༌། །སྐུ་བཞིའི་གོ་འཕང་དམ་པ་ཐོབ་པར་གྱུར། །བླ་མ་རང་གི་སྤྱི་གཙུག་ནས་ཐིམ་པས། །རང་ཉིད་བླ་མ་ལྷ་ཡི་


GTD006_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་གྱུར། །དེ་དག་གིས་སྔོན་འགྲོ་འབྲེལ་བ་ཅན་བཞི་བསྡུས་པའི་ཚུལ་དུ་སོང་བ་ཡིན་ལ་ཐུན་མགོར་སྐྱབས་འགྲོ་སེམས་བསྐྱེད་དང་རྡོར་སེམས་བསྒོམ་བཟླས། བླ་མ་མཆོད་པའི་ཆོ་ག་སོགས་རྒྱས་པ་བྱས་ན། དེ་དང་དེས་འཐུས་པས་འདིའི་ཚིག་རིས་དེ་ཉིད་ངེས་ཅན་དུ་གདོན་མི་དགོས་སོ། །དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྣང་བ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་ཞིང༌། རང་ལུས་ཀྱང་སྟོད་སྨད་ནས་ཞུ་བ་ཤེལ་སྒོང་ལྟ་བུ་དང༌། མཐར་དེ་ཡང་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་པདྨ་དཀར་པོ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ་རང་སེམས་ཧྲཱིཿ ཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་དེ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཧྲཱིཿ ས་མཚན་པ། དེ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། དེ་དག་གི་ཐུགས་རྗེ་འོད་ཟེར་དང་ལྷན་ཅིག་རིགས་དྲུག་སོ་སོའི་གནས་སུ་སོང་སྟེ་རང་རང་གི་སྡུག་བསྔལ་ལས་བསྒྲལ་ནས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། འོད་ཟེར་ཐམས་ཅད་ཚུར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ཟླ་བ་ལྟར་དཀར་བ་ཞལ་གཅིག་ཕྱག་བཞི། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཏེ་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཐུགས་རྗེ་བསྐུལ་བ། གཡས་འོག་མས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་བཟུང་སྟེ་འགྲོ་བ་རྣམས་སྲིད་པའི་མཚོ་ལས་འདྲེན་ཅིང༌། གཡོན་འོག་མས་རང་ཉིད་སྲིད་པའི་སྐྱོན་གྱིས་མ་གོས་པ་མཚོན་པའི་པདྨ་དཀར་པོ་བསྣམས་པ། ཤིན་ཏུ་ཞི་ཞིང་འཛུམ་པའི་ཉམས་ཅན། མཐོན་མཐིང་རལ་བའི་ཐོར་ཚུགས་


GTD006_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བུ་འཕྱང་བ། མཚན་དཔེས་མཛེས་ཤིང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་ཀླུབས་ཤིང༌། སྐུ་ལས་སྐྱེས་པའི་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་པད་ཟླ་ལ་ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས་ཕྱག་བཞི་པ་དང༌། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་ལ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿ ཡིག་དཀར་པོའི་མཐའ་ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ནས་ཡེ་ཤེས་པ་རྣམས་ཐུགས་རྗེ་ཆེན་པོའི་རྣམ་པར་སྤྱན་དྲངས་པར་རང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས། གསང་བདེ་འཇིགས་གསུམ་སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས། རང་ལ་དབྱེར་མེད་དུ་ཐིམས་པས་རང་ཉིད་ཡི་དམ་ཀུན་འདུས་ཀྱི་ངོ་བོར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་གསུང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་སྤྱན་དྲངས་པ་སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་སྙིང་པོ་ཀུན་འདུས་སུ་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས། བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་སྡིག་སྒྲིབ་


GTD006_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དག་ཅིང་ཟག་མེད་ཀྱི་བདེ་བ་ཆེན་པོ་མྱོང༌། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། དྲིན་ཅན་རྩ་བའི་བླ་མའི་ངོ་བོ་ལོངས་སྐུ་འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང༌། དེའི་སྐུ་ལས་སྤྲོས་པའི་འོད་ཟེར་གྱིས་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་བསྡུས་ཏེ་དེ་ལ་ཐིམ་པས་བླ་མ་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ་ལ། ཀུན་འདུས་གསུམ་གྱི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་བསྒོམ། མཆོད་པ་བྱེད་ན་བདེ་མཆོག་སོགས་བླ་མེད་ལྟར་རམ། བསྡུ་ན། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀའི་ཧྲཱི་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་མ་དག་པའི་ཉེས་པ་སྦྱངས་ཏེ་སྣོད་ཐམས་ཅད་དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང༌། བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྒྲ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་གྲགས་སྟོང་དབྱེར་མེད་ཡི་གེ་དྲུག་པའི་སྔགས་ཀྱི་གདངས་སུ་ཤར། སྣོད་བཅུད་འོད་གསལ་དུ་བསྡུས་ཏེ་སྟོང་པར་བསྒོམ་པས་རང་སེམས་འཕགས་པ་ཐུགས་རྗེ་ཆེན་པོའི་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོར་གྱུར། སླར་ཡང་ཐུགས་རྗེ་ཆེན་པོའི་སྐུར་བཞེངས་ཤིང་སྣོད་བཅུད་དག་པའི་རྟེན་དང་བརྟེན་པར་གྱུར་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྔགས་ཀྱི་སྒྲ་འུར་འུར་བསྒྲགས་པར་གྱུར་པར་བསམ་ལ་མ་ཎི་བཟླ། རྒྱུན་པར་ཀུན་འདུས་གསུམ་གྱི་རྣལ་འབྱོར་གྱི་ངང་ནས་བྱ་ཞིང༌། སྣོད་བཅུད་སྦྱངས་བསྒྱུར་སོགས་ཀྱི་འཁྱེར་སོ་གསུམ་ཡང་ཡ་མ་བྲལ་བར་བྱའོ། །སྔ་མའི་མངོན་རྟོགས་དེ་ཙམ་མམ་ཡུམ་བཅས་གསང་སྒྲུབ་ལ་བརྟེན་པའི་རྫོགས་རིམ་དངོས་དང་དོད་ཐུབ་ཅི་རིགས་བསྒོམ་ཚུལ་དང༌། ཟས་གོས་གནས་མལ་གང་ལ་


GTD006_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་པའི་ཚེ་ལྷ་དང་བླ་མ་ལ་ཕུལ་བའི་དམིགས་པ་བྱ་བ་སོགས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་དྲུག་ལ་སོགས་པ་ནི་ཁྲིད་ཡིག་རྣམས་ལས་ཤེས་པར་བྱའོ། །ཤིན་ཏུ་བྲེལ་བའི་དུས་སུ་རྒྱུན་མ་བཅད་ཙམ་གྱིས་མདོར་བསྡུས་པ་བྱེད་ན། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་ཧྲཱིཿ དང་པདྨ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་ཤེལ་ཕྲེང་དང་པདྨ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་རྒྱུད་སྡེ་བཞིའི་ཡི་དམ་གྱི་ལྷ་ཚོགས་དང་བཅས་པ་སྤྱན་དྲངས་ཏེ་རང་ལ་ཐིམ། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་འདུས་པའི་བདག་ཉིད་རྩ་བའི་བླ་མ་བྱོན་ནས་བུམ་པའི་ཆུས་དབང་བསྐུར། ལོངས་སྐུ་འོད་དཔག་མེད་ཀྱི་རྣམ་པར་གྱུར་ཏེ་རང་གི་སྤྱི་བོར་རིགས་བདག་གི་ཚུལ་དུ་བཞུགས་པར་གྱུར། ཐུགས་ཀར་ཟླ་བ་ལ་ཧྲཱིཿ འི་མཐར་ཡི་གེ་དྲུག་པས་བསྐོར་བ་ལས་འོད་འཕྲོས། གསང་སྔགས་ཐམས་ཅད་བསྡུས་ཏེ་བསྟིམ་སླར་ཡང་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས། ཐུགས་རྣམ་པར་མི་རྟོག་པའི་ངང་ནས་སྔགས་ཀྱི་སྒྲས་འཇིག་རྟེན་ཐམས་ཅད་གང་བར་གྱུར། པར་བསམས་ལ་དམིགས་རིམ་སྔ་མ་ལྟར་གྱི་ངང་ནས་བཟླས་པ་བྱའོ། །བཟླས་པ་གྲུབ་ནས་ཡི་གེ་བརྒྱས་ལྷག་ཆད་བསྐང་ཞིང་མཆོད་བསྟོད་བྱས་ལ། འདིར་འབད་དགེ་བས་བདག་སོགས་འགྲོ་བ་ཀུན། །ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་གིས། །བྱང་ཆུབ་


GTD006_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་འབྲལ་མེད་རྗེས་འཛིན་ཅིང༌། །ཟབ་ལམ་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་ཤོག །འཆི་ཚེ་སྤྱན་རས་གཟིགས་དབང་མངོན་སུམ་དུ། །བྱོན་ནས་བདེ་ལྡན་ཞིང་དུ་འཁྲིད་པ་དང༌། །དེ་ནས་སྤྲུལ་བའི་བཀོད་པ་མཐའ་ཀླས་པས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་ཅིང༌། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་བསྟིམ་སྟེ། བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་སོགས་དཀྱུས་ལྟར་བྱའོ།། སྨྲས་པ། རྒྱལ་སྲས་དཔའ་བོ་རྒྱུ་སྐར་འབུམ་གྱི་དབུས། །ཐུགས་རྗེ་ཉ་གང་མགོན་པོ་སྤྱན་རས་གཟིགས། །བླ་མས་རྒྱུད་སྡེའི་དགོངས་པ་དང་འབྲེལ་བར། །སྒྲུབ་ཚུལ་གྲུབ་ཆེན་ཚེམ་བུ་པ་ཡི་ལུགས། །ཇི་བཞིན་ངག་འདོན་རིམ་པར་བསྒྲིགས་པ་ཡི། །དགེ་བས་བདག་སོགས་འགྲོ་བ་མ་ལུས་པ། །ཕྱག་ན་པདྨས་དགྱེས་བཞིན་རྗེས་བཟུང་སྟེ། །མྱུར་དུ་སྲིད་པའི་མཚོ་ལས་སྒྲོལ་གྱུར་ཅིག །ཅེས་པ་འདི་ནི་བློ་དང་ལྡན་པ་རི་ཁྲོད་པ་བློ་བཟང་དཀོན་མཆོག་གིས་སྔར་ནས་བསྐུལ་ཞིང༌། །ཉེ་ཆར་དད་བརྩོན་དགེ་བ་དགེ་སློང་ཆོས་བཟང་དར་རྒྱས་ཀྱིས་ནན་ཆེར་བསྐུལ་བའི་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བླ་མའི་མན་ངག་བཞིན་དབེན་གནས་ཡིད་དགའ་ཆོས་འཛིན་དུ་བྲིས་པའོ།།


previousགྲུབ་ཆེན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། next