Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་མཆོག་རྒྱལ་བ་རྒྱ་མཚོའི་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད། next

འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད།


GTD006_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


GTD006_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། དམིགས་མེད་ཐུགས་རྗེ་སྒྱུ་མའི་རོལ་པ་ལ། །སྤྱན་རས་གཟིགས་ཞེས་མདོ་རྒྱུད་ཀུན་དུ་གྲགས། །ཁྱད་པར་བདེ་ཆེན་སྙིང་རྗེའི་བདག་ཉིད་ཀྱི། །ཟློས་གར་རྒྱལ་བ་རྒྱ་མཚོ་གཏན་གྱི་སྐྱབས། །མགོན་པོ་གང་གི་དཀྱིལ་འཁོར་འཁོར་ལོ་རུ། །ཞུགས་ཏེ་དངོས་གྲུབ་དགའ་སྟོན་སྤྱོད་པའི་ཚུལ། །རྒྱ་ཆེན་ཚིག་གི་སྤྲོས་པ་རིང་སྤངས་ཏེ། །ངག་འདོན་ཆོག་སྒྲིགས་རིམ་པ་འདིར་འགོད་བྱ། །དེ་ཡང་འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་ལེན་པར་འདོད་པའི་གང་ཟག་གིས་ཡོ་བྱད་རྣམས་ཕྱག་ལེན་བཞིན་དུ་ལེགས་པར་བསྟར་ཏེ། བདག་བསྐྱེད་སྔོན་དུ་བཏང་ལ། བུམ་པ་ལས་སྔགས་ཀྱིས་བསངས། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པར་རིང་


GTD006_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ། ལན་གཉིས། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་མཚན་སོ་གཉིས་ཀྱི་ངོ་བོ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ སྟེ་དབྱངས་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང་ཨ་ཨཱ། ཞེས་པ་ནས། ཨཾ་ཨཿ སྟེ་དབྱངས་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དཀར་པོ་ཆ་ཐམས་ཅད་ཡོངས་སུ་རྫོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་དཔེ་བྱད་བརྒྱད་ཅུའི་ངོ་བོ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌ་ཌྷ་ཌྷ་ཎ། ཏ་ཐ་ད་ད་དྷ་དྷ་ན།


GTD006_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕ་བ་བྷ་མ། ཡ་ཡ་ར་ལ་ལ་ཝ། ཤ་ཥ་ས་ཧ་ཀྵ་སྟེ་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡས་སྐོར་དང༌། སླར་ཡང་ཀ་ཁ་ག་གྷ་ང༌། ཞེས་པ་ནས། ཀྵ་སྟེ་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡོན་སྐོར་དུ་གནས་པ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དམར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཟླ་བའི་དབུས་སུ་དཀར་ལ་དམར་བའི་མདངས་ཅན་གྱི་ཧྲཱིཿ ལས་པདྨ་ཧྲཱིཿ ས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། ཧྲཱིཿ ལས་འོད་ཟེར་སྣ་ལྔ་འཕྲོས་པའི་སྣེ་མོར་ཐུགས་རྗེ་ཆེན་པོའི་ལྷའི་ཚོགས་ནམ་མཁའི་ཁམས་ཐམས་ཅད་གང་བ་སྤྲོས། འགྲོ་བ་རྣམས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། གཞན་ཡང་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་སྤྱན་དྲངས་ཏེ་མཉམ་པར་སྦྱར་བ་སྔོན་དུ་འགྲོ་བས་ཞུ་བར་གྱུར་ཏེ་ཧྲཱིཿ ཡིག་ལ་ཐིམ་པས་ཧྲཱིཿ ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་དུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས། ཟླ་ཉི་ས་བོན་ཕྱག་མཚན་དང་བཅས་པ་ཡོངས་སུ་གྱུར་པ་ལས་གདན་དང་ལྷ་རྣམས་སྐད་ཅིག་གིས་གྲུབ་པར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཡང་པངྨའི་ལྟེ་བར་ཟླ་ཉིའི་གདན་དང༌། ཕྱོགས་ཀྱི་འདབ་མ་བཞི་ལ་ཉི་མའི་གདན། དེའི་ཕྱི་རོལ་གྱི་ཕྱོགས་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། དབུས་ཀྱི་གདན་ལ་འཕགས་པ་


GTD006_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་པ། ཅུང་ཟད་ཁྲོ་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང་ལྷག་མ་སིལ་བུར་བབས་པས་སྐུ་སྟོད་ཁེབས་པ། རུས་པ་ལ་སོགས་པའི་རྒྱན་དཔག་ཏུ་མེད་པས་སྐུ་ལ་སྤྲས་ཤིང༌། ཕྱག་གཉིས་ཀྱི་གཡས་མུ་ཏིག་གི་ཕྲེང་བ་དང༌། གཡོན་པདྨ་དཀར་པོ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། ཞབས་གཡས་ཅུང་ཟད་བརྐྱངས་པས་བཞུགས་པ། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཕྱག་གཡས་གསེར་གྱི་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པས་ཡབ་ཀྱི་མགུལ་བ་ནས་འཁྱུད་ཅིང་ཞལ་དུ་སྟོབ་པ། པདྨའི་འདབ་མ་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་ནག་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ །བཞི་གའང་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང༌། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། དེའི་ཕྱི་རོལ་གྱི་ཤར་དུ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་དཀར་པོ་གཡས་རྡོ་རྗེ་དང་གཡོན་ཐོད་པ་འཛིན་པ། ལྷོར་རིན་ཆེན་རིགས་ཀྱི་ཁྲོ་བོ་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་པདྨའི་རིགས་ཀྱི་ཁྲོ་བོ་དམར་པོ་གཡས་


GTD006_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ། བྱང་དུ་ལས་ཀྱི་རིགས་ཀྱི་ཁྲོ་བོ་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ་འཛིན་ཅིང༌། གསུམ་གའང་གཡོན་པས་ཨུཏྤ་ལ་འཛིན་པའོ། །རྣམ་རྒྱལ་བུམ་པའི་མཚན་མ་ལྔའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རྣམས་ཀྱི་སྟེང་དུ་ཧྲཱིཿ ཧཱུཾ་ཨཾ་བྷྲུཾ་པཾ་རྣམས་ལས་པདྨ་དང་རྡོ་རྗེ་རིན་པོ་ཆེ་འཁོར་ལོ་རལ་གྲི་རྣམས་ཧཱུཾ་ལ་སོགས་པས་མཚན་པ་ཡོངས་སུ་གྱུར་པ་ལས། ཤར་དུ་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དཀར་པོ་གཡས་མུ་ཏིག་གི་ཕྲེང་བ་དང༌། གཡོན་པདྨ་དཀར་པོ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་གཡས་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། དེའི་འོག་གི་ཤར་དུ་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ། ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ། བྱང་དུ་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། ལས་བུམ་གྱི་ནང་དང་མཚན་མའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། དེ་གཉིས་ཀྱི་སྟེང་དུ་ཧྲཱིཿ ཡིག་གཉིས་ལས་ཁྲོ་རྒྱལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་པ། དབུ་སྐྲ་ཁམ་ནག་གྱེན་དུ་འབར་བའི་ཁྲོད་ན་རྟ་མགོ་ལྗང་ནག་རྟ་སྐད་འཚེར་བ། གཡས་པདྨས་མཚན་པའི་དབྱུག་ཐོ་འཕྱར་ཞིང༌། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཐོད་པ་སྐམ་རློན་དང་སྦྲུལ་གྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། གཙོ་བོའི་ཐུགས་ཀའི་ཧྲཱིཿ


GTD006_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་ཐམས་ཅད་ཀྱི་མིག་གཉིས་སུ་ཨོཾ། རྣ་བ་གཉིས་སུ་ཧཱུཾ། སྣ་བུག་གཉིས་སུ་ཏྲཱཾ། ཁ་ལ་ཨཱཿ དཔྲལ་བར་ཧཾ། སྙིང་གར་ཧཱུཾ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རང་རང་གི་རིགས་བདག་གིས་དབུ་བརྒྱན་ཅིང༌། ལས་བུམ་གྱི་རྟ་མགྲིན་གཉིས་ལ་སྣང་བ་མཐའ་ཡས་ཀྱིས་རྒྱས་བཏབ་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ལ་ཚིགས་བཅད་དང་བཅས་པས་མཆོད་ཅིང་བསྟོད། དེ་ནས་དུང་ཆོས་ཀྱི་ཆུ་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཞེས་དང༌། ཨོཾ་ཨཱཿ ཧཱུཾ། ལན་བདུན་བཟླས་ལ། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། སྔགས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུཾ་དྷུ་མ་ག་ཡེ་ཧ་རི་ནི་ས་ར་ཙ་ཧྲཱིཿ ཡ་སྭཱཧཱ། ཞེས་པ་བརྒྱ་རྩ་བརྒྱད། ཨུ་ད་ཀ་བརྒྱ་རྩ། ལས་བུམ་ལ། ཧྲཱིཿ བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་


GTD006_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཨོཾ་པདྨནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད། ཐུན་མོང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ཅི་མང་བཟླ། གཙོ་བོའི་སྔགས་དང་ཧཱུཾ་བདུན་གྱིས་བུམ་པ་སོ་སོར་མཆོད་ཡོན་དང༌། ལས་སྔགས་ཀྱིས་མེ་ཏོག་དཀར་པོ་གསུམ་གསུམ་དབུལ། ལས་སྔགས་ཀྱིས་བསངས་ལ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛོད་ཅིག །མེ་ཏོག་སོགས་ཀྱིས་མཆོད། མི་བསྐྱོད་རྡོ་རྗེ་ཞེས་སོགས་དང༌། འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔགས་ང་རོ་སྒྲོག་པའི་གསུང༌། །མཁྱེན་བརྩེ་ནུས་པ་དཔག་པར་དཀའ་བའི་ཐུགས། །ཁྲོ་རྒྱལ་རྟ་མགྲིན་དཔལ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། མཚན་མའི་ལྷ་རྣམས་ཀྱང་ཞུ་ནས་རང་རང་གི་ཕྱག་མཚན་གྱི་རྣམ་པར་གནས་པར་གྱུར། ༈ མདུན་བསྐྱེད་ནི། རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་མོས་ཏེ། ཧྲཱིཿ བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། བདག་དང་དཀྱིལ་འཁོར་ལ་སོགས་པ་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་པས་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཞེས་པ་ནས། པད་ཉིའི་གདན་རེ་རེ། ཞེས་པའི་བར་པཎ་ཆེན་ཐམས་ཅད་མཁྱེན་པའི་སྒྲུབ་ཐབས་ལྟར་ལ། དེ་ནས། གདན་དབུས་མའི་སྟེང་དུ། ཞེས་པ་ནས། བྱ་བ་སྒྲུབ་པའི་


GTD006_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས། ཞེས་པའི་བར་བུམ་བསྐྱེད་ལྟར་དང༌། དེ་ནས་ཡང༌། ཟླ་ཉི་ས་བོན་ཕྱག་མཚན་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་པ། ཅུང་ཟད་ཁྲོ་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང་ལྷག་མ་སིལ་བུར་བབས་པས་སྐུ་སྟོད་ཁེབས་པ། རུས་པ་ལ་སོགས་པའི་རྒྱན་དཔག་ཏུ་མེད་པས་སྐུ་ལ་སྤྲས་ཤིང༌། ཕྱག་གཉིས་ཀྱི་གཡས་མུ་ཏིག་གི་ཕྲེང་བ་དང༌། གཡོན་པདྨ་དཀར་པོ་འཛིན་པས་ཡུམ་ལ་འཁྱུད་ཅིང༌། ཞབས་གཡས་ཅུང་ཟད་བརྐྱངས་པས་བཞུགས་པ། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་པོ་ཕྱག་གཡས་གསེར་གྱི་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པས་ཡབ་ཀྱི་མགུལ་བ་ནས་འཁྱུད་ཅིང་ཞལ་དུ་སྟོབ་པ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་ནག་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ །བཞི་གའང་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང༌། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཤར་སྒོར་རྡོ་རྗེ་རིགས་ཀྱི་ཁྲོ་བོ་དཀར་པོ་གཡས་རྡོ་རྗེ་དང་གཡོན་ཐོད་པ་འཛིན་པ། ལྷོ་སྒོར་རིན་ཆེན་རིགས་ཀྱི་ཁྲོ་བོ་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་པདྨའི་རིགས་ཀྱི་ཁྲོ་བོ་དམར་པོ་གཡས་པདྨ། བྱང་སྒོར་ལས་ཀྱི་རིགས་ཀྱི་ཁྲོ་བོ་


GTD006_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ་འཛིན་ཅིང༌། གསུམ་གའང་གཡོན་པས་ཨུཏྤལ་འཛིན་པའོ། །ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཨོཾ་ལས་སྐྱེས་པའི་ནོར་བུ་བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཨཱཿ ལས་སྐྱེས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་བུ་ག་ཕཊ་ཀྱིས་བཀག་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་ནས་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཕྱུང་བའི་ཐིག་ལེ་ཆ་བརྒྱད་དུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ ཧཱུཾ་ཏྲཱཾ་ཧྲཱིཿ ཨཿ རྣམས་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་མ་བཞི་དང་ཁྲོ་བོ་བཞིར་གྱུར་པ་རྣམས་སླར་ཡང་ཧཱུཾ་ཏྲཱཾ་ཧྲཱིཿ ཨཿ ཧཱུཾ་ཏྲཱཾ་ཧྲཱིཿ ཨཿ རྣམས་ཀྱིས་པདྨ་ནས་ཕྱུང༌། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜ་ཧོཿ ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཐུགས་ཀའི་ཧྲཱིཿ ཡིག་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཛ་ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་སུ་མེད་པར་


GTD006_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ལྷ་ཐམས་ཅད་ཀྱི་མིག་གཉིས་སུ་ཨོཾ་དང་འཁོར་ལོ་ལས་གཏི་མུག་རྡོ་རྗེ་དཀར་པོ་གཡས་འཁོར་ལོ་འཛིན་པ། རྣ་བ་གཉིས་སུ་ཧཱུཾ་དང་རྡོ་རྗེ་ལས་ཞེ་སྡང་རྡོ་རྗེ་ནག་པོ་གཡས་རྡོ་རྗེ་འཛིན་པ། སྣ་བུག་གཉིས་སུ་ཏྲཱཾ་དང་རིན་པོ་ཆེ་ལས་སེར་སྣ་རྡོ་རྗེ་སེར་པོ་གཡས་རིན་པོ་ཆེ། ཁར་ཨཱཿ དང་པདྨ་ལས་འདོད་ཆགས་རྡོ་རྗེ་དམར་པོ་གཡས་པདྨ། དཔྲལ་བར་ཧཾ་དང་སྣ་ཚོགས་རྡོ་རྗེ་ལས་ཕྲག་དོག་རྡོ་རྗེ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། སྙིང་གར་ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་ཡིད་དཀར་པོ་གཡས་རྡོ་རྗེ། སྤྱི་བོར་ཨོཾ་དང་འཁོར་ལོ་ལས་སྐུ་རྡོ་རྗེ་དཀར་པོ་གཡས་འཁོར་ལོ། མགྲིན་པར་ཨཱཿ དང་པདྨ་ལས་གསུང་རྡོ་རྗེ་དམར་པོ་གཡས་པདྨ། སྙིང་གར་ཧཱུཾ་དང་རྡོ་རྗེ་ལས་ཐུགས་རྡོ་རྗེ་ནག་པོ་གཡས་རྡོ་རྗེ་འཛིན་ཅིང༌། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་དྲིལ་བུ་འཛིན་པའོ། །སླར་ཡང་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། སྔར་ལྟར་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོ་ཡབ་ཡུམ་དང་ནུབ་ཕྱོགས་པ་གཉིས་ལ་འོད་དཔག་མེད། ཤར་ཕྱོགས་པ་གཉིས་ལ་མི་བསྐྱོད་པ། ལྷོ་ཕྱོགས་པ་གཉིས་ལ་རིན་འབྱུང༌། བྱང་ཕྱོགས་པ་གཉིས་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་


GTD006_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་སྦྱངས་བྱིན་གྱིས་བརླབས་ལ། དག་ཅིང་དྲི་མེད་ཅེས་སོགས་དང༌། ལྷ་ཡི་མེ་ཏོག །ཁ་དོག་དབྱིབས་ལེགས། ཞིང་འདི་རིན་ཆེན། ལྷ་རྫས་ལས་བྱས་ཞེས་སོགས་ལ་རང་རང་གི་སྔགས་སྦྱར་ཏེ་ཆུ་གཉིས་ཉེར་སྦྱོད། འདོད་ཡོན། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་རྣམས་དབུལ། གཞན་ཡང༌། དྲི་མེད་གསེར་གྱི་རྩིབས་སྟོང་འོད་འབར་བ། །རིན་ཆེན་ཨིནྡྲ་ནཱི་ལའི་ཏོག་གིས་མཛེས། །སྣ་ཚོགས་ཕྲ་བཀོད་མུ་ཏིག་ཆུན་འཕྱང་གིས། །ཁོར་ཡུག་བརྒྱན་པའི་གདུགས་ཀྱིས་མཆོད་པར་བྱ། །ཨོཾ་བཛྲ་ཙྪ་ཏྲཾ་ག་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པས་གདུགས་དབུལ། དྲང་ཞིང་ལྡེམ་པའི་རིན་ཆེན་ཡུ་བ་ནི། །ཟླ་ཕྱེད་རྡོ་རྗེ་རིན་ཆེན་རྩེ་མོ་ཅན། །དར་ལྕེ་གསུམ་པ་རླུང་གིས་བསྐྱོད་པ་ན། །སིལ་སིལ་འཁྲོལ་བའི་དྲིལ་ཆུང་སྒྲ་སྒྲོག་ཅིང༌། །སུམ་ཁུག་འཁྱོག་གི་འགྱིང་དང་རབ་ཏུ་ལྡན། །མཛེས་པའི་སྲོག་ཆགས་མཚན་མ་ཡོད་མེད་ཀྱིས། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་དང༌། །རབ་མཛེས་བ་དན་རྣམས་ཀྱིས་མཆོད་པར་བྱ། །ཨོཾ་བཛྲ་ཀེ་ཏུ་པྲ་ཏངྐ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་རྒྱལ་མཚན་དང་བ་དན། ནམ་མཁའི་རྒྱན་གྱུར་རིན་ཐང་མེད་པའི་གོས། །སྣ་ཚོགས་དར་གྱི་ཤམ་བུ་གཡོ་བ་ཅན། །ཙན་དན་སྦྲུལ་གྱི་སྙིང་པོའི་དྲིས་བསྒོས་པ། །རབ་འབྱམས་བླ་རེ་སྤྲིན་གྱིས་མཆོད་པར་བྱ། །ཨོཾ་བཛྲ་བི་ཏཱ་ན་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་བླ་རེ་དབུལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །ཞེས་ཚིགས་བཅད་སྔགས་དང་བཅས་པས་གོས་དབུལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །ཞེས་སོགས་ཚིགས་བཅད་སྔགས་དང་བཅས་པས་གང་བུམ་རྣམས་དབུལ། སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་མཎྜ་ལ་ས་པ་


GTD006_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཝཱ་ར་ཨོཾ་ཨཱཿ ཧཱུཾ། ནང་མཆོད་དབུལ། མཆོད་པའི་མགོར་རང་གཙོ་བོ་ལས་ལོགས་སུ་ཕྱེ་བ་དེ་ཉིད་སླར་ཐ་མི་དད་དུ་གྱུར་པར་བསམ་ལ། ཡབ་ཀྱི་གསང་གནས། ཞེས་པ་ནས། ཕཊ་ཀྱིས་བཀག་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས་པས་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། དཀྱིལ་འཁོར་པའི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་དང་དེ་ཁོ་ན་ཉིད་ལ་སྙོམས་པར་ཞུགས་པས། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་མ་གཉིས་བཤམས་ཤིང་བྱིན་གྱིས་བརླབས་ཏེ། ཐུགས་ཀའི་ས་བོན་ལས་སྤྲོས་པའི་འོད་ཟེར་གྱིས་འཕགས་པ་ཐུགས་རྗེ་ཆེན་པོའི་ཡེ་ཤེས་པའི་དཀྱིལ་འཁོར་པ་དང༌། ཕྱོགས་སྐྱོང་ཞིང་སྐྱོང་ལ་སོགས་པ་ཐམས་ཅད་སྤྱན་དྲངས། འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་མཎྜ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པ་དང་བཅས་པ་སྒྲུབ་ཐབས་ཀྱི་སྔོན་འགྲོ་གཏོར་མའི་སྐབས་ལྟར་དབུལ། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆང་ཞིང༌། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ།


GTD006_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཐོགས་པ་མེད་པར་ཞུགས་པར་གྱུར། ཅེས་བརྗོད་ཅིང་རྩིག་པ་བཏེགས་ནས་འོག་ནས་ནང་དུ་ཞུགས། ལྷ་རྣམས་ཀྱི་སྟེང་ནས་མ་རྒྱུད་རྣམས་ལ་གཡོན་སྐོར་དང༌། གཞན་ཐམས་ཅད་ལ་གཡས་སྐོར་དུ་སློབ་མ་རྣམས་དང་ལྷན་ཅིག་ཏུ་རོལ་མོའི་སྒྲ་དང་བཅས་ཡིག་བརྒྱ་འདོན་ཞིང༌། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་བར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འཁྲིལ། །ཛཿ ཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་ཧི། །མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །ཨོཾ་བཛྲ་ཨུད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ལན་བཞི། ཨོཾ་ས་མ་ཡ་པྲ་བེ་ཤ་ཡ་མི། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག །དེ་ནས་བདག་ཉིད་འཇུག་ཅིང་དབང་བླངས་པ་ལ། ཐོར་མར་པཎྜལ་རྒྱས་པར་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་བདག་ལ་སྩལ་ཏུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཨ་ལངྐ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲི་ཧཱུཾ། ཞེས་སྨད་གཡོགས། ཨོཾ་བཛྲ་རཀྵ་ཧཾ། ཞེས་སྟོད་གཡོགས། ཨོཾ་བཛྲ་ཨུཥྞཱི་ཧཱུཾ་ཕཊ། ཅེས་གཙུག་གཏོར། ཨོཾ་ཙཀྵུ་བནྡྷ་ཝ་རཱ་མ་ན་ཡ་ཧཱུཾ། ཞེས་མིག་དར། ཨཱཿ ཁཾ་བཱི་ར་ཧཱུཾ། ཞེས་མེ་ཏོག་གཏད། ཧྲཱིཿ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་བསངས། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་


GTD006_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། རང་གི་སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ། མགྲིན་པར་ཉི་མ་ལ་ཨཱཿ དམར་པོ། སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། ཡི་གེ་གསུམ་གྱི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས། ཀྱེ་ཁྱོད་སུ་ཡིན་ཅི་ལ་དགའ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་བྱང་སྡོམ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་ལན་གསུམ་གྱིས་སྔགས་སྡོམ་གཟུང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་གྱུར། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ཏ་ཡཱ་མི། ཨོཾ་སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿ སིདྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཧཱུཾ་ཛཿ ཧཱུཾ། ཨཱཿ ཁཾ་བཱི་ར་ཧཱུཾ། མཧཱ་ར་ཏ། སུ་དྲི་ཌྷ། སུ་ཏོ་ཥོ། སུ་སུ་ཥོ། བཛྲ་སཏྭ་ཨཱཿ དྷྱ་སིདྷྱ་མཾ། ལན་གསུམ། ཨོཾ་ན་མཿ ཏེ་ཧཱུཾ། ཨོཾ་ན་མཿ མི་ཧཱུཾ། ཨོཾ་ན་མོ་ན་མཿ ཧཱུཾ་སྭཱཧཱ། དེང་


GTD006_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུད་ཀ་ཋཿ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །དེང་ཕྱིན་ཆད་ཁྱོདཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྷུང་བར་འགྱུར་ཏ་རེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ་ལས་སྔགས་ཀྱིས་བསངས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་བརྐྱང་གིས་བཞུགས་པའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་


GTD006_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། གསང་གནས་སུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཛྙེ་ཡིག་གིས་མཚན་པ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་ཧཱུཾ་གིས་མཚན་པ། མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ་ལ་ཨཱཿ དམར་པོ། སྤྱི་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཧས་མཚན་པ་བསྒོམ། དེ་ནས་སླར་སྙིང་གར་ཉི་མའི་དཀྱིལ་འཁོར་འོད་ཟེར་འཕྲོ་བས་མཚན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་དཀྱིལ་འཁོར་པའི་ལྷའི་རྣམ་པར་སྤྱན་དྲངས། རང་གི་ལུས་ལ་ཆར་བཞིན་དུ་བབས་པར་གྱུར། འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་པ། །དེ་རིང་ཉིད་དུ་འབབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུཾ་དྷུ་མ་ག་ཡེ་ཧ་རི་ནི་ས་ར་ཙ་ཧྲཱིཿ ཡ་སྭཱཧཱ། ཏིཥྛ་བཛྲ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་ལྟར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །རང་ཉིད་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོ་འཁོར་བཅས་ཀྱི་མདུན་ན་གནས་པར་གྱུར། པྲ་ཏཱིཙྪ་བཛྲ་ཧོཿ ཨོཾ་པྲ་ཏི་གྲྀཧྞ་སྟྭཾ། ཨི་མཾ་སཏྭ་མཧཱ་བཱ་ལ། རང་གི་


GTD006_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ཟླ་བ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ཨོཾ་འོད་ཟེར་འབར་བ་རེ་རེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཱཿ སྭཱཧཱ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཧེ་བཛྲ་པཱ་ཤྱ། དེ་ཡང་བསྲུང་བའི་འཁོར་ལོ་མེ་རི་དང་བཅས་པའི་ནང་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ཤར་སྒོར་རྡོ་རྗེའི་རིགས་ཀྱི་ཁྲོ་བོ། ལྷོ་སྒོར་རིན་ཆེན་རིགས་ཀྱི་ཁྲོ་བོ། ནུབ་སྒོར་པདྨའི་རིགས་ཀྱི་ཁྲོ་བོ། བྱང་སྒོར་ལས་ཀྱི་རིགས་ཀྱི་ཁྲོ་བོ། ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ། དབུས་སུ་འཕགས་པ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྟེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ས་མ་ཡ་ཧོཿ ཧོཿ ཧོཿ དབང་དངོས་གཞི་ལ་བཞི་ལས། བུམ་པའི་དབང་གི་ཐུན་མོང་བ་སློབ་མའི་དབང་རྣམས་ཞུ་བའི་དོན་དུ་མཎྜལ་དབུལ། བྱང་ཆུབ་རྡོ་རྗེས་


GTD006_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། ཧྲཱིཿ བཛྲ་ཀྲོ་དྷ་སོགས་ཀྱིས་བསངས། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་ཉིད་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐོན་པ་སྐད་ཅིག་གིས་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་མ་མཱ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཞེས་པ་ནས། འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཡབ་ཡུམ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་བདག་ལའང་སྩལ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་ཞུ། བླ་མ་དང་གཙོ་བོ་ཐ་མི་དད་པའི་སྤྱི་བོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་ཉིད་མི་བསྐྱོད་པར་བྱས་པ་ལ་དབང་བསྐུར། ཡུམ་གྱི་པདྨ་ནས་ཕྱུང་སྟེ། དཀྱིལ་འཁོར་གྱི་ཤར་དུ་ཁྲུས་ཀྱི་


GTD006_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་དམར་ནག་པའི་རྩིག་པ་རིམ་པ་གསུམ་དང་ལྡན་པ། འབར་མ་གཉིས་དང་ལྡན་པའི་དབུས་སུ་རྡོ་རྗེ་ནག་པོ། ཤར་དུ་འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུས་མཚན་པའི་སྟེང་དུ་ཤིང་སྟན་ལ་གནས་པའི་སྣ་ཚོགས་པདྨའི་གདན་ལ་འཁོད་པར་གྱུར། ཧྲཱིཿ བཛྲ་ཀྲོ་དྷས་བསངས། ཨོཾ་ཤཱུ་ནྱ་ཏ་༝ ཧཾ། དབང་རྫས་བུམ་ཆུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་མ་མཱ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། བླ་མ་དང་གཙོ་བོ་ཐ་མི་ཞེས་པ་ནས། འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཞེས་པ་ནས། འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། དབང་རྫས་ཀྱི་ལྷ་ལ་བུམ་པའི་ཆུས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཞེས་པ་ནས། འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་བསྐུར་བའི་ཕྱིར་དུ་བསྐུལ་ཏེ་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། བསྒྲུབས་པའི་དཀྱིལ་འཁོར་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་


GTD006_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རང་གི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང༌། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿ བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ། དེ་ལྟར་བདུད་རྩིའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང༌། བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་མི་བསྐྱོད་པའི་རང་བཞིན་དུ་བཀུག་ནས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་ལུས་ངག་ཡིད་གསུམ་དང་བ་སྤུའི་བུ་ག་ནས་བསྟིམ་པས་རང་མི་བསྐྱོད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། དེ་ལྟར་མི་བསྐྱོད་པ་


GTD006_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །ཅོད་པན་གྱི་དབང་ལ་རང་ཉིད་ལས་སྔགས་ཀྱིས་བསངས། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་ཉིད་དྲངས་པ། ཞེས་པ་ནས། སྟོང་པའི་ངང་ལས་ཏྲཱཾ་དང་རིན་པོ་ཆེ་ལས་རིན་འབྱུང་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ་འཛིན་པས་ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཞེས་པ་ནས། ཕྱུང་སྟེ་རང་གནས་སུ་འཁོད་པར་གྱུར། དབང་རྫས་ཅོད་པན་བསངས་སྦྱངས། སྟོང་པའི་ངང་ལས་ཏྲཱཾ་དང་རིན་པོ་ཆེ་ལས། ཞེས་སོགས་ནས། རིན་འབྱུང་ཡབ་ཡུམ་ཞུ་བ་ལས་བྱུང་བའི་ཅོད་པན་དུ་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི། ཞེས་པ་ནས། བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཞེས་པ་ནས། དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ། ཞེས་པ་ནས། སྦྱིན་པ་བྱ། །ཨོཾ་བཛྲ་རཏྣ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། དབང་བསྐུར། ཞེས་པ་ནས། སྦྱིན་པར་བྱ། །ཨོཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་བདུད་རྩིའི་ཆུས་དབང་བསྐུར། ཞེས་པ་ནས། རིན་འབྱུང་གིས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་རིན་འབྱུང་གི་རང་བཞིན་དུ་བཀུག་ནས། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣའི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་བསྒྱུར། མཉམ་པ་


GTD006_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །རྡོ་རྗེའི་དབང་ལ་རང་ཉིད་ལས་སྔགས་ཀྱིས་བསངས། བླ་མ་དང་གཙོ་བོ་ཐ་མི་དད་པའི། ཞེས་པ་ནས། སྟོང་པའི་ངང་ལས་ཧྲཱིཿ དང་པདྨ་ལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཞེས་པ་ནས། ཕྱུང་སྟེ་རང་གནས་སུ་འཁོད་པར་གྱུར། དབང་རྫས་རྡོ་རྗེ་བསངས་སྦྱངས། སྟོང་པའི་ངང་ལས་ཧྲཱི་དང་པདྨ་ལས། ཞེས་པ་ནས། འོད་དཔག་མེད་ཡབ་ཡུམ་ཞུ་བ་ལས་བྱུང་བའི་རྡོ་རྗེར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི། ཞེས་པ་ནས། བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །ཞེས་པ་ནས། དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཞེས་པ་ནས། སྦྱིན་པར་བྱ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །དབང་བསྐུར་རྡོ་རྗེ། ཞེས་པ་ནས། སྦྱིན་པར་བྱ། །ཨོཾ་ཨཱཿ སརྦ་ཏ་ཐཱ་ག་ཏ། ཞེས་པ་ནས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་འོད་དཔག་མེད་ཀྱི་རང་བཞིན་དུ་བཀུག་ནས། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་དེའི་


GTD006_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་པར་བྱས་སོ། །དྲིལ་བུའི་དབང་ལ་རང་ཉིད་ལས་སྔགས་ཀྱིས་བསངས། བླ་མ་དང་གཙོ་བོ། ཞེས་པ་ནས། སྟོང་པའི་ངང་ལས་ཁཾ་དང་རལ་གྲི་ལས་དོན་གྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཞེས་པ་ནས། ཕྱུང་སྟེ་རང་གནས་སུ་འཁོད་པར་གྱུར། དབང་རྫས་དྲིལ་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཁཾ་དང་རལ་གྲི་ལས་དོན་གྲུབ་ལྗང་གུ །ཞེས་སོགས་ནས། དོན་གྲུབ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་དྲིལ་བུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི། ཞེས་པ་ནས། བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །ཞེས་པ་ནས། དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ། ཞེས་པ་ནས། སྦྱིན་པར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དབང་བསྐུར་རྡོ་རྗེ། ཞེས་པ་ནས། སྦྱིན་པར་བྱ། །ཨོཾ་ཨཱཿ སརྦ་ཏ་ཐཱ་ག་ཏཱ། ཞེས་པ་ནས། དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་དོན་གྲུབ་ཀྱི་རང་བཞིན་དུ་བཀུག་ནས། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར། བྱ་བ་སྒྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པ་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །མིང་གི་དབང་ལ་རང་ཉིད་ལས་སྔགས་ཀྱིས་བསངས། སྟོང་པའི་ངང་ལས་ཨོཾ་དང་འཁོར་ལོ་ལས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་


GTD006_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་ཡུམ་སྤྱན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཞེས་པ་ནས། ཕྱུང་སྟེ་རང་གནས་སུ་འཁོད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས་ཐམས་ཅད། ཅེས་པ་ནས། བགེགས་བསྐྲད་པར་གྱུར། བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །ཞེས་པ་ནས། དབང་རབ་བསྐུར། །དབང་བསྐུར་རྡོ་རྗེ། ཞེས་པ་ནས། སྦྱིན་པར་བྱ། །ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷ་ིཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དབང་བསྐུར་རྡོ་རྗེ། ཞེས་པ་ནས། སྦྱིན་པར་བྱ། །ཨོཾ་ཨཱཿ སརྦ་ཏ་ཐཱ་ག་ཏ། ཞེས་པ་ནས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་རྣམ་སྣང་གི་རང་བཞིན་དུ་བཀུག་ནས། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །སྙིང་བརྩེའི་གཏེར་ཀྱེ་བདག་ལ་སྩོལ། །རང་ཉིད་ལས་སྔགས་ཀྱིས་བསངས། སྟོང་པའི་ངང་ལས་ཧཱུཾ་དང་རྡོ་རྗེ་ལས་རྡོ་རྗེ་འཆང་དཀར་པོ་ཞལ་གཅིག །ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་


GTD006_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། ཞེས་པ་ནས། རང་ཉིད་རྡོ་རྗེ་འཆང་དུ་བྱས་པ་ལ་དབང་བསྐུར། ཡུམ་གྱི་པདྨ་ནས་ཕྱུང་སྟེ་དཀྱིལ་འཁོར་གྱི་ཤར་དུ་ཁྲུས་ཀྱི་དཀྱིལ་འཁོར། ཞེས་པ་ནས། བྱང་དུ་རལ་གྲི་ལྗང་གུས་མཚན་པའི་དབུས་སུ་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་འཁོད་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། ཕྱོགས་ཐམས་ཅད་དུ་མཆོད་པའི་སྤྲིན་དང་བཅས་ཏེ་འཁོད་པར་གྱུར། ཧྲཱིཿ བཛྲ་ཀྲོ་དྷས་བསངས། ཤཱུ་ནྱ་ཏས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོའི་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་མཆོག་གི་དང་པོའི་སྐྱེས་བུའོ། །ཨོཾ་མཧཱ་བཛྲ་ཧཱུཾ། སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ངོ་བོ་ནི་གསང་བའམ་ནང་གི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་ཟུངས་ཤིག །དྲིལ་བུ་སྔར་ལྟར་བསངས་སྦྱངས། སྟོང་པའི་ངང་ལས་ཨཿ ལས་བྱུང་བའི་དྲིལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོག་པར་སེམས་པའི་སྒོ་ནས་དྲིལ་བུ་འཛིན་པ་དྲིལ་བུ་དེ་ཁོ་ན་ཉིད་ཀྱིས་ཟུངས་ཤིག །ཨཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་


GTD006_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་སྲིད་འགལ་བྱས། །རང་བཞིན་དག་པའི་སེམས་ལྡན་པས། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷཎྜ་ཨཿ ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ནས་ཕྱག་རྒྱར་རབ་ཏུ་བསྒྲགས། །ཡེ་ཤེས་ཕྱག་རྒྱས་བྱིན་རླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །རང་རྡོ་རྗེ་འཆང་ཡབ་ཡུམ་ཕན་ཚུན་འཁྱུད་པ་ལས་བྱུང་བའི་བདེ་བ་དང་སྟོང་པ་ཉིད་སྦྱར་བའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་ཡིན་ནོ། །བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རྒྱལ་བ་འཁོར་བཅས། ཞེས་པ་ནས། བགེགས་བསྐྲད་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་ཞེས་སོགས་ཚིགས་བཅད་གསུམ་གྱིས་ཤིས་པ་བརྗོད། དབང་བསྐུར་རྡོ་རྗེ། ཞེས་པ་ནས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས། རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། དེ་ཡང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ་ལྔ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་ཡོད་པ་རྣམས་གཙོ་བོ་དང་འཁོར་རྟེན་དང་བརྟེན་པ་སོ་སོའི་རྣམ་པར་ཤར་བ་ཡིན་པས། དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་ཤེས་པར་བྱ་ཞིང༌། ལས་ཀྱི་རིམ་པ་ནི་བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་དང༌། གཏོར་མའི་ཆོ་ག་དང༌། སྲུང་བ་དང༌།


GTD006_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཟློག་དང༌། དཀྱིལ་འཁོར་བསྒྲུབ་པ་དང༌། དེར་སློབ་མ་གཞུག་པའི་མཚན་ཉིད་ནི་སློབ་དཔོན་གྱི་ལས་སུ་བྱ་བའི་རིམ་པ་ཡིན་ནོ། །རང་ཉིད་འཕགས་མཆོག་རྒྱལ་བ་རྒྱ་མཚོ་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པ་སེམས་དཔའ་སུམ་བརྩེགས་ཅན་གྱི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿ ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ། གོང་གི་སྔགས་ཀྱང་ལན་གསུམ་བརྗོད། སྐབས་འདིར་གཙོ་བོའི་སྔགས་ཀྱིས་ཆོག་པར་གསུངས་ཀྱང༌། འདིར་ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་གཙོ་བོའི་སྔགས་དང༌། དྷུ་མ་ག་ཡེ་ཞེས་པ་ཡུམ་གྱི་སྔགས། ལྷག་མའི་ཡིག་འབྲུ་བརྒྱད་འཁོར་གྱི་སྔགས་ཡིན་ཀྱང་དཀྱུས་གཅིག་ཏུ་འབྱུང་བས་སྦྲེལ་ནས་བཟླས་ན་ལེགས་སོ། །སྔགས་ཀྱི་ཕྲེང་བ་བླ་མའི་ཐུགས་ཀ་ནས་བརྒྱུད་དེ་རང་གི་སྙིང་གར་ཧཱུཾ་གི་མཐའ་སྐོར་དུ་གནས་པར་གྱུར། རང་གི་མིག་གཉིས་ལ་ཡི་གེ་པྲཾ་རེ་རེ། ཨོཾ་བཛྲ་ནེ་ཏྲེཾ་ཨ་པ་ཧ་ར་པ་ན་ལཾ་ཧྲཱིཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །མ་རིག་པའི་ལིང་ཏོག་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་ཕྱེ་བར་གྱུར། ཨཱཿ ལས་བྱུང་བའི་མེ་ལོང༌། ཨཱཿ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །


GTD006_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །སྤྱིར་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་དང༌། ཁྱད་པར་དུ་རང་གི་སྙིང་ལ་ཞུགས་པའི་རྡོ་རྗེ་སེམས་དཔའ་ནི་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཤིག །ཧོ་ལས་སྐྱེས་པའི་མདའ་གཞུ། ཧོ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི། རང་ཉིད་རྡོ་རྗེ་སེམས་དཔར་གྱུར། ཧཱུཾ་ལས་བྱུང་བའི་རྡོ་རྗེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་བརྟུལ་ཞུགས་དང་རྟག་ཏུ་མི་འབྲལ་བར་གྱིས་ཤིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧོཿ ཧི་ཧི་ཧི་ཧི་ཧཱུཾ། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་པ། ཞེས་པ་ནས། ཞབས་གཡས་ཅུང་ཟད་བརྐྱངས་པས་བཞུགས་པ་ཡུམ་དང་བཅས་པའི་སྐུར་བཞེངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཁ་ཊྭཱཾ་ག་དང་ཌཱ་མ་རུ་


GTD006_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་རྣམས་སྙིང་པོ་ལན་གསུམ་གསུམ་བཟླས་པས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་ན་ཡང་དག་གནས། །ཁ་ཊྭཱཾ་ཅང་ཏེའུ་ལྷུང་བཟེད་དག །བྱིན་པ་དཔའ་བོས་བཟུང་བར་གྱིས། །ཁ་ཊྭཱཾ་ག་ལྷའི་སྐུ་བདེ་བ་ཆེན་པོ། ཌཱ་མ་རུ་ཤེས་རབ་སྟོང་པ་ཉིད། ཐོད་པ་བདེ་སྟོང་དབྱེར་མེད་དུ་སྐྱོང་བ། ཚངས་སྐུད་རྣམ་པར་མི་རྟོག་པའི་མཚོན་བྱེད་དུ་ཤེས་པར་གྱིས་ལ་དེ་དག་དང་མི་འབྲལ་བར་གྱིས་ཤིག །བྷྲུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་ཧེ་ཏུ་མཾ། དབྱངས་ཐ་མ་ཨཿ ལས་བྱུང་བའི་དུང༌། ཨོཾ་བཛྲ་བྷ་ཥ་རཾ། དབྱངས་དང་པོ་ཨ་ལས་བྱུང་བའི་རྒྱུད་ཀྱི་པོ་ཏི། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱི་ཆོས་དུང་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དབྱངས་ཐ་མ་ཨཿ ལས་བྱུང་བའི་དྲིལ་བུ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །རང་ཉིད་སྤྱན་རས་གཟིགས་སུ་གྱུར། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ༌༝། འཇིག་རྟེན་ཀུན་ཏུ༌༝། ཇི་ལྟར་སྣ་ཚོགས༌༝། རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན༌༝། འཇིག་རྟེན༌༝། ཇི་ལྟར༌༝། རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན༌༝། འཇིག་རྟེན༌༝། ཇི་ལྟར༌༝། པདྨའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན༌༝། འཇིག་རྟེན༌༝།


GTD006_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར༌༝། ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །བླ་མ་རྒྱལ་བ་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་དུ་གྱུར། འདིར་ནི་ཁྱེད་རྣམས་ངས་ལུང་བསྟན། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷཱུར་བྷུ་བ་སྭཱ་ཨ། གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དེ། ཕྱག་རྒྱ་འདི་ཉིད་ཀྱི་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ། །ད་ནི་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱང་ནི་མཐུན་པར་དགོངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །དེ་ལྟར་ཕྱི་ནང་གི་དཀྱིལ་འཁོར་གཉིས་ལས། ཕྱི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་སློབ་དཔོན་དུ་བྱ་བའི་ཆེད་དུ་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང༌། ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་ཞིང་ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་ཅན་སྐྲུན་པར་བྱེད་པའི་ཕྱིར་ན་ཕྱིར་མི་ལྡོག་པའི་དབང་ཞེས་པ་དང༌། དབང་དྲུག་ཀ་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་ན་བུམ་པའི་དབང་ཞེས་བྱ་བ་དེ་ཐོབ། གཙོ་བོར་ལུས་


GTD006_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དྲི་མ་གསུམ་སྔར་བསགས་སྦྱོང་ཞིང་ཕྱི་མ་སྡོམ་པ་དང༌། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་འཁྲུད་པས་ན་སྐུ་རྡོ་རྗེ་སྦྱོང༌། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་བའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་གོ །༈ གསང་དབང་གི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པ་འཕགས་མཆོག་ཐུགས་རྗེ་ཆེན་པོ་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། རིག་མ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཕྱག་གཡས་གསེར་གྱི་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པས་ཡབ་ཀྱི་མགུལ་བ་ནས་འཁྱུད་ཅིང་ཞལ་དུ་སྟོབ་པ། དེའི་མིག་གཉིས་སུ་ཨོཾ། ཞེས་པ་ནས། མཚན་པར་གྱུར། ཡབ་ཀྱི་གསང་གནས་མི་དམིགས་པ་ལས། ཞེས་པ་ནས། ཨཱཏྨ་ཀོ྅ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སྤྱི་བོ་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེ་ནོར་བུའི་ནང་དུ་ལྷན་ཅིག་སྐྱེས་པ་བརྟན་པར་བྱས། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ནང་མཆོད་མྱང་ཞིང༌། ཨ་


GTD006_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ་མཧཱ་སུ་ཁ། ཞེས་བརྗོད། དེ་ལྟར་བླ་མ་ཡབ་ཡུམ་གྱིས་བྱིན་པའི་བྱང་སེམས་དཀར་དམར་མྱང་བ་ལས་བདེ་བ་ཆེན་པོ་སྐྱེ་ལ། བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དེ་ཉིད་གསང་དབང་གི་དངོས་གཞི་ཡིན་ནོ། །ཁྱོད་ཀྱིས་དཀྱིལ་འཁོར་གཞི་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་རྫས་གསང་བ་ལས་བྱུང་བའི་དབང་ལ་གསང་བའི་དབང་བསྐུར་བ་ཞེས་བཤད་པ་དེ་ཐོབ། ཐུན་མོང་བ་ངག་གི་དྲི་མ་སོགས་སྔར་བསགས་འདག་ཅིང་ཕྱི་མ་སྡོམ་པ་དང༌། ཐུན་མོང་མ་ཡིན་པ་རླུང་ལ་ངག་ཏུ་གསུངས་པའི་དྲི་མ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་ན་གསུང་རྡོ་རྗེ་སྦྱོང༌། ཀུན་རྫོབ་སྒྱུ་མའི་སྐུའི་རང་བཞིན་ཅན་གྱི་རྡོ་རྗེའི་སྐུ་བདག་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་གོ །༈ ཤེར་དབང་གི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ནས། དེང་བདག་སྩོལ། །ལན་གསུམ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་པ་ལྟ། །ཞེས་གསུངས་ཤིང་ཤེས་རབ་མ་གཏད་པས། རིག་མ་དེས་ཀྱང་ཙན་དན་དང་གུར་གུམ་ལ་སོགས་པས་བྱུགས་ཤིང༌། ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ་གོས་མེད་པར་པདྨ་རབ་ཏུ་རྒྱས་པ་གསལ་བར་སྟོན་ཅིང༌། དྲི་ཆེན་དྲི་ཆུ་བཟའ་བ་དང༌། །ཁྲག་དང་ཁུ་བ་


GTD006_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཤ། །བུད་མེད་གུས་མཆོག་དེ་བཞིན་དུ། །བྷ་ག་པདྨར་ཙུམ་པ་ནི། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུས་སྨྲོས་ཤིག །ཅེས་འདྲི་བ་ལ། དྲི་ཆེན་དྲི་ཆུ་སོགས་བཟའ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་བྱ། །བྷ་ག་ཉིད་ལ་ཙུམ་པ་ནི། །ཞེས་བརྗོད་པས་ལྷ་མོ་དེ་དགྱེས་ནས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་སྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོ་ཀྵ་ཧོཿ ཞེས་གསུངས་པར་གྱུར། རང་ཉིད་བསངས་སྦྱངས། སྟོང་པའི་ངང་ལས་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། ཞེས་པ་ནས། བརྐྱངས་པས་བཞུགས་པ། དེའི་པང་ན་རིག་མ་ཡུམ་གསང་བ་ཡེ་ཤེས་ཀྱི། ཞེས་པ་ནས། ཧཱུཾ་གིས་མཚན་པ། ཡབ་ཀྱི་གསང་གནས། ཞེས་པ་ནས། ཟེའུ་འབྲུ་བུ་ག་ཕཊ་ཀྱིས་བཀག་པ། རང་དང་རིག་མའི་ལུས་འདོད་ལྷ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། གཉིས་ཀའི་མཁའ་གསང་བྱིན་གྱིས་བརླབས་ཏེ་ཡི་གེ་བཀོད་པ་སྔགས་ཀྱི་འདུ་ཤེས་དང༌། ཐབས་འདི་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བཀུག་ནས་བདག་གི་ལུས་ལ་ཐིམ་པ་རྣམས་ཆགས་པ་


GTD006_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་མངོན་དུ་བྱས། ཡེ་ཤེས་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དབང་གསུམ་པའི་ངོ་བོ་ཡིན་ནོ། །ཁྱོད་ཀྱིས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་མ་ལ་བརྟེན་ནས་ཐོབ་པའི་དབང་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་པ་བཤད་པ་དེ་ཐོབ། ཐུན་མོང་བ་ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་པ་སྔར་བསགས་འདག་ཅིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་འཁྲུད་པས་ཡིད་དག་པར་བྱེད། འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་གོ །༈ དབང་བཞི་པའི་དོན་དུ་མཎྜལ་ཕུལ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །གསུམ། ཁྱོད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་དེ་བཞིན་དུ། དོན་འདི་གོམས་པར་བྱས་པ་ལས་མཐར་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན་དང༌། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་


GTD006_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགའ་བ་དང་སྟོང་པ་ཉིད་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ། །དེ་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་བག་ཆགས་འཁྲུད་པའི་ནུས་པ་བཞག །བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་སོགས་ལ་དབང་བར་བྱས། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །མི་ཚུགས་པ་དང་མི་བཅིངས་པར། །གང་ལའང་འཇིགས་མེད་དགའ་བར་གྱིས། །སྲིད་པ་ཤིན་ཏུ་ཞི་བའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་ཕྱིར། །སྟོན་པའི་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་གསུངས་པ། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་རྣམས་ལ། །ཉེས་པ་བརྗོད་པར་མི་བྱ་འོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་ངེས་པར་སྤངས་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨོད་དོ། །ཡོངས་སུ་མ་སྨིན་


GTD006_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །གདུག་པའི་བྱམས་པ་རྟག་ཏུ་སྤངས། །ཆོས་ལ་ཚད་གཟུང་མི་བྱ་འོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློང་མོས་མི་རྒྱུ་ཞིང༌། །རྣལ་འབྱོར་སྤངས་པར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག་ལ་སོགས་བསྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་པར་གྱུར་ན། །དེ་ཚེ་དཀྱིལ་འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །གནས་པར་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་གྱིས་ཚེ་ལྡན་དེང་དབང་བསྐུར། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །རྒྱལ་སྲིད་བདག་པོར་བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་འདིར་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དྭངས་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་བར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་གྱུར། །གཙོ་བོས་ཇི་ལྟར་བཀའ་བསྒོས་པའི། །གསུང་ནི་དེ་ལྟར་བདག་གིས་བགྱི། །ལན་གསུམ། མཎྜལ་རྒྱས་པར་ཕུལ།


GTD006_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ། གོང་བཞིན་དབུལ་ཞིང་བསྟོད་པས་བསྟོད། སྨོན་ལམ་ནི། འདི་ཡི་དགེ་བས་མྱུར་བར་སྙིང་རྗེའི་ལྷ། །རྒྱལ་བ་རྒྱ་མཚོའི་གོ་འཕང་མངོན་གྱུར་ཏེ། །སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་བ་ཀུན། །ཉམ་ང་སྲིད་པའི་མཚོ་ལས་སྒྲོལ་གྱུར་ཅིག །མི་རྟག་སྲིད་པའི་སྡུག་བསྔལ་བཟོད་དཀའ་ཞིང༌། །རང་ཉིད་ཀྱིས་མཚོན་འགྲོ་ལ་སྙིང་རྗེའི་བློ། །ཤུགས་དྲག་རྒྱུན་མི་འཆད་པའི་དབང་གྱུར་ཏེ། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་སློབ་གྱུར་ཅིག །ཕྱི་དང་གསང་བ་རྒྱུད་སྡེ་རབ་འབྱམས་ལས། །ལེགས་གསུང་མགོན་པོ་སྙིང་རྗེའི་གཏེར་ཆེན་གྱི། །དཀྱིལ་འཁོར་བཀོད་པ་ཀུན་ཏུ་སྨིན་བྱས་ཏེ། །མཚན་བཅས་མཚན་མེད་རིམ་གཉིས་སྣོད་གྱུར་ཅིག །ཉེས་ལྟུང་རྙོག་མས་མ་བསླད་བག་ཡོད་ཀྱི། །ཆུ་ལོན་བརྟན་ལྡན་དམ་ཚིག་གཙང་མའི་མཚོར། །མཆོག་ཐུན་དངོས་གྲུབ་པདྨ་དཀར་པོའི་ཕྲེང༌། །བཞད་པའི་རྩེ་དགའ་ཁོང་ནས་རྒོད་གྱུར་ཅིག །གྲངས་རིང་བསྐལ་པའི་ཚོགས་ཀྱི་དབྱེ་བ་བརྒྱར། །ལྟོས་མིན་སྐྱེ་ཤི་བར་དོ་བཙན་ཐབས་སུ། །སྦྱངས་ཏེ་སྐུ་གསུམ་ལམ་དུ་བསྒྱུར་བ་ཡི། །སྨིན་བྱེད་བསྐྱེད་པའི་རིམ་པ་མཐར་ཕྱིན་ཤོག །གཏུམ་མོ་རླུང་དང་སྡུད་རིམ་རྣལ་འབྱོར་གྱིས། །འོད་གསལ་ལྷན་སྐྱེས་ཡེ་ཤེས་མངོན་གྱུར་ཏེ། །གང་འདུལ་བཀོད་པ་སྒྱུ་མའི་སྐུར་བཞེངས་པའི། །བདེན་གཉིས་རྫོགས་རིམ་རྟོགས་པ་མཐར་ཕྱིན་ཤོག །བརྟན་པ་མ་ཐོབ་ཚེ་ཡི་མཐར་གཏུགས་ན། །སྤྱན་རས་གཟིགས་དབང་མཁའ་འགྲོའི་ཚོགས་བཅས་ཀྱིས། །ཞལ་བསྟན་ལྷང་ལྷང་སྙན་པའི་གསུང་དབྱངས་ཀྱིས། །དབུགས་ཕྱུང་དགའ་དད་ངང་ནས་འཕོ་གྱུར་ཅིག །ལས་ཀྱི་བར་དོ་མི་དགེའི་རླུང་


GTD006_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས། །བདས་མིན་བླ་མ་ལྷ་ཡི་དཔུང་ཚོགས་མཐུས། །བསམ་བཞིན་བདེ་བ་ཅན་དང་གྲུ་འཛིན་ནམ། །སྔགས་སྤྱོད་རྟེན་བཟང་མཆོག་ཏུ་སྐྱེ་གྱུར་ཅིག །སྐྱེ་ཞིང་སྐྱེ་བར་སྤྱན་རས་གཟིགས་མགོན་གྱིས། །ནམ་ཡང་མི་འབྲལ་དགེ་བའི་བཤེས་མཛད་ཅིང༌། །བཀའ་བཞིན་བསྒྲུབས་པས་ས་ལམ་རིམ་བགྲོད་དེ། །བླ་མ་ལྷ་ཡི་གོ་འཕང་མྱུར་ཐོབ་ཤོག །ཅེས་བསྔོ་ཞིང༌། ཡིག་བརྒྱ་ལན་གསུམ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཅེས་ནོངས་པ་བཟོད་པར་གསོལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། འཁོར་གྱི་ལྷ་རྣམས་ཀྱི་དམ་ཚིག་པའི་ཆ་གཅིག་བསྡུས་ཏེ་རང་ཉིད་ལ་ཐིམ། རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཕྱེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་གནས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། བསྒྲུབས་པའི་དཀྱིལ་འཁོར་པའི་དམ་ཚིག་པའི་ཆ་གཅིག་དང་ཡེ་ཤེས་པ་རྣམས་བསྒྲུབ་གཞི་འདི་ལ་ས་ཆུ་མེ་རླུང་གི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་ནས་བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། འདི་ནི་གཟུགས་དང་ལྷན་ཅིག་ཏུ། །ནས། ལེགས་པར་སྩལ་ཏུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྟན་བཞུགས་བྱ། ཤིས་
བརྗོད་པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །སྨྲས་པ། རྣམ་འདྲེན་ཀུན་ལས་ལྷག་པའི་ཐུགས་རྗེ་ཡི། །བདག་ཉིད་མཆོག་ཏུ་བསྔགས་པ་སྤྱན་རས་གཟིགས། །རྣལ་འབྱོར་གསང་མཐའི་རྒྱུད་ལྟར་སྒྲུབ་པའི་ཚུལ། །དཀྱིལ་འཁོར་བྱ་བའི་ལས་ཀྱི་རིམ་པར་བཅས། །བཀོད་པའི་དགེ་བས་མཁའ་མཉམ་ལུས་ཅན་ཀུན། །མི་ཁོམ་ངན་འགྲོའི་གཡང་ས་ལས་གྲོལ་ཏེ། །སྤྱན་རས་གཟིགས་དབང་ཡབ་ཡུམ་ས་མཁན་གྱིས། །རྨད་བྱུང་དག་པའི་ཞིང་དུ་འཁྲིད་གྱུར་ཅིག །ཅེས་པ་འདི་ནི་ཐོས་དོན་སྒྲུབ་ལ་གཞོལ་བའི་སྤོང་བ་པ་དཀོན་མཆོག་རྒྱལ་མཚན་གྱིས་རྫིས་ཚང་དགོན་དུ་འདིའི་སྒྲུབ་མཆོག་ཚུགས་རྒྱུར། འདིའི་དཀྱིལ་ཆོག་ཆ་ལག་ཚང་བ་ཞིག་དགོས་ཚུལ་བསྐུལ་མ་བྱུང་བར་བརྟེན། འཇམ་དབྱངས་རལ་གྲི་དང༌། སྔགས་འཆང་འཇམ་དབྱངས་པ་སོགས་ཀྱིས་མཛད་པའི་ཆོ་ག་ཤིན་ཏུ་བསྡུས་པ་དང༌། སྐྱིད་ཤོད་པ་དང༌། ༸རྒྱལ་དབང་བདུན་པ་སོགས་ཀྱིས་ཆོ་ག་གསུམ་བསྐྱེད་ཙམ་མཛད་ལ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱིས་མ་རྒྱུད་སྤྱིའི་སྒྲུབ་ཐབས་ཀྱི་ཆིངས་སྔགས་རིམ་ལས་འབྱུང་བ་ལྟར་དུ་མཛད་པ་རྣམས་ཀྱི་ནང་ནས་ཕྱི་མ་གཞིར་བྱས་ཏེ། དེ་དང་འགྲོས་བསྟུན་ནས་མདུན་བསྐྱེད་ཀྱི་སྐོར་གསར་དུ་བསྒྲིགས་ཤིང༌། དབང་གི་ཆོ་ག་འཁོར་སྟོན་དང༌། སྔགས་འཆང་འཇམ་དབྱངས་པས་མཛད་པ་གཉིས་དང་པཎ་ཆེན་གྱི་དཀྱིལ་ཆོག་རྣམས་གུང་བསྒྲིགས་ཏེ། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྡེབས་པའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའ་འོ། །འདིས་ཀྱང་བསྟན་པ་དང་འགྲོ་བ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ། །།


previousའཕགས་མཆོག་རྒྱལ་བ་རྒྱ་མཚོའི་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད། next