Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་གི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་གི་བརྒྱུད་འདེབས། next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་གི་བརྒྱུད་འདེབས།


GTD006_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་གི་བརྒྱུད་འདེབས་དང་མངོན་རྟོགས་བསྡུས་པ་བཞུགས་སོ། ། ༈ དཔལ་ལྡན་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང༌། །སྙིང་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས། །བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ཏེ། །རྒྱལ་དང་རྒྱལ་བའི་


GTD006_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་པོ་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །དངོས་གྲུབ་མཆོག་བརྙེས་ཏེ་ལོ་ཤེར་བཟང་དང༌། །རྣལ་འབྱོར་དབང་ཕྱུག་རོལ་པའི་རྡོ་རྗེའི་ཞབས། །འཕགས་པས་རྗེས་གཟུང་མི་ཏྲ་ཛོ་ཀི་སྟེ། །གྲུབ་པའི་དབང་ཕྱུག་ཆེན་པོ་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འཇིག་རྟེན་མིག་གཅིག་ལོ་ཆེན་བྱམས་པ་དཔལ། །མཁས་ཤིང་གྲུབ་པ་བསོད་ནམས་དབང་ཕྱུག་དང༌། །ཉམས་རྟོགས་མཐར་སོན་བསོད་ནམས་སེང་གེའི་ཞབས། །རྗེ་བཙུན་རིན་ཆེན་སེང་གེ་རྣམ་བཞི་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཐམས་ཅད་མཁྱེན་དངོས་བུ་སྟོན་རིན་ཆེན་གྲུབ། །ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་དང༌། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །ཐུབ་བསྟན་ཡོངས་ཀྱི་མངའ་བདག་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་


GTD006_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །སྨྲ་བའི་ཉི་མ་མཁས་གྲུབ་དགེ་ལེགས་དཔལ། །སྙན་བརྒྱུད་བཀའ་བབས་ཆོས་ཀྱི་རྒྱལ་མཚན་དང༌། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཆོས་རྡོ་རྗེ། །དགེ་ལྡན་བསྟན་པའི་རྩ་ལག་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཟབ་ལམ་མངོན་གྱུར་རྒྱལ་བ་དབེན་ས་པ། །མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་དང༌། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། །མཚུངས་མེད་བསྟན་འགྲོའི་དཔུང་གཉེན་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྔགས་འཆང་ཆེན་པོ་དགེ་འདུན་དོན་གྲུབ་དང༌། །ལུང་རྟོགས་མངའ་བདག་ངག་དབང་བསྟན་འཛིན་ཞབས། །འདུལ་འཛིན་དམ་པ་བློ་བཟང་མཁས་བཙུན་ཏེ། །གསང་ཆེན་གདམས་པའི་གཏེར་མཛོད་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་སྡེ། །རྗེ་བཙུན་བློ་བཟང་བསྟན་པའི་ཉི་མའི་ཞབས། །སྨྲ་བའི་དབང་ཕྱུག་བློ་བཟང་དར་རྒྱས་ཏེ། །བྱང་ཕྱོགས་སྐྱེ་དགུའི་འདྲེན་མཆོག་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་


GTD006_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །རིགས་ཀུན་ཁྱབ་བདག་འཇིགས་མེད་དབང་པོའི་སྡེ། །སྐྱེས་མཆོག་དམ་པ་བློ་བཟང་རྒྱལ་མཚན་དང༌། །རྩ་བའི་བླ་མ་དཀོན་མཆོག་རྒྱལ་མཚན་ཏེ། །བཀའ་དྲིན་མཚུངས་མེད་འདྲེན་པ་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་བ་ཀུན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་བརྟེན་ནས། །མྱུར་དུ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །འདི་ཡང་བཙུན་པ་དཀོན་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བླ་མ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །འདིར་འཕགས་མཆོག་རྒྱལ་བ་རྒྱ་མཚོའི་མངོན་རྟོགས་ཤིན་ཏུ་བསྡུས་པའི་ཚུལ་དུ་ཉམས་སུ་ལེན་པ་ལ། སྐྱབས་སེམས་སྔོན་དུ་བཏང་སྟེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཧྲཱིཿ ལས་པདྨ་ཧྲཱིཿས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆགས་འཛུམ་པའི་ཉམས་ཅན། དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་ཤིང༌། སྤྱན་གསུམ་དང་ལྡན་པ། ཕྱག་གཡས་མུ་ཏིག་གི་ཕྲེང་བ་བསྣམས་ཤིང༌། གཡོན་པདྨ་དཀར་པོ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང༌། ཞབས་གཡས་ཅུང་ཟད་བརྐྱངས་


GTD006_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་དུ་བཞུགས་པ། དེའི་པང་ན་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་ཞིང༌། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། དེའི་མིག་གཉིས་སུ་ཨོཾ། རྣ་བ་གཉིས་སུ་ཧཱུཾ། སྣ་བུག་གཉིས་སུ་ཏྲཱཾ། ཁ་ལ་ཨཱཿ དཔྲལ་བར་ཧཾ། སྙིང་གར་ཧཱུཾ་རྣམས་དང༌། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས་ཏེ། བུམ་པའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། ཡབ་ཡུམ་གཉིས་ཀ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང༌། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་ནས། ཨོཾ་ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྒྱལ་ཀུན་སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །གཟུགས་སྐུའི་རྣམ་རོལ་རྒྱལ་བ་རྒྱ་མཚོའི་བདག །ཡེ་ཤེས་མཁའ་འགྲོའི་གཙོ་དང་མཉམ་


GTD006_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ། །བཅོམ་ལྡན་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །རང་གི་ཐུགས་ཀར་ཧྲཱིཿ ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་མ་ལུས་པ་སྦྱངས་ཏེ་འཕགས་པའི་གོ་འཕང་ལ་བཀོད། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་མ་ལུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པར་གྱུར་པར་བསམས། ཨོཾ་མ་ཎི་པདྨེ་ཧཱུཾ་དྷུ་མ་ག་ཡེ་ཧ་རི་ནི་ས་ར་ཙ་ཧྲཱིཿ ཡ་སྭཱཧཱ། ཞེས་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྔགས་སམ། ཡང་ན་ཡིག་དྲུག་ནི་ཐུགས་རྗེ་ཆེན་པོའི་སྤྱི་སྔགས་ཡིན་པས། འདིའི་མངོན་རྟོགས་ཀྱི་སྒོ་ནས་མ་ཎི་གྲངས་གསོག་གི་བཟླས་པ་བྱས་ཀྱང་རུང་བར་གསུངས་སོ། །མཇུག་ཏུ་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། མཆོད་བསྟོད་གོང་བཞིན་བྱས་ལ་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་ཐོས་དོན་སྒྲུབ་ལ་གཞོལ་བའི་སྤོང་བ་པ་དཀོན་མཆོག་རྒྱལ་མཚན་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། དགེ་ལེགས་འཕེལ།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་གི་བརྒྱུད་འདེབས། next