Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ།next

ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ།


GTD006_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་ཐར་པའི་གྲོང་དུ་འཇུག་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །


GTD006_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱརྻ་ལོ་ཀི་ཤྭ་རཱ་ཡ། སྤྱན་རས་གཟིགས་ཞེས་མཚན་གསོལ་གྲགས་པའི་དབྱངས། །བདུད་རྩིའི་ཐིགས་པ་རྣ་བར་ལྷུང་བས་ཀྱང༌། །ནམ་ཡང་འཆི་མེད་གཏན་བདེའི་སྲོག་སྟེར་བ། །བཅོམ་ལྡན་ཐུགས་རྗེའི་གཏེར་ཆེན་དེ་ཡིས་སྐྱོངས། །ཐུན་མོང་ལམ་སྦྱངས་སྙིང་རྗེས་རྒྱུད་བསྐུལ་ཏེ། །གང་གི་དཀྱིལ་འཁོར་ཆེན་པོར་ལེགས་ཞུགས་ནས། །ཟབ་ལམ་རྣལ་འབྱོར་སྒྲུབ་པ་དང་མཚུངས་པའི། །ཐར་པར་བགྲོད་པའི་ཐེམ་སྐས་གཞན་ཡོད་མིན། །དེ་ཕྱིར་བརྒྱུད་ལྡན་དམ་པའི་མན་ངག་བཞིན། །དེ་ཡི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ། །ཉུང་ངུའི་ཚིག་གི་ཕྲེང་བར་སྤེལ་བ་འདི། །རྣམ་གྲོལ་དོན་གཉེར་གཞོན་ནུའི་མགུལ་རྒྱན་མཛོད། །འདིར་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས། འཕགས་མཆོག་ཐུགས་རྗེ་ཆེན་པོ་གྲུབ་བརྙེས་དཔལ་མོའི་ལུགས་ཀྱི་མངོན་དཀྱིལ་ཆ་ལག་དང་བཅས་པ། བློ་དམན་འཇུག་པ་བདེ་བའི་


GTD006_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་བའི་ཆོ་གའི་ཡག་ལག་རྒྱས་པ་རྣམས་བཞག་སྟེ། མེད་མི་རུང་གི་གནད་རྣམས་ཆ་ཚང་བར་ཕྱོགས་གཅིག་ཏུ་བསྡེབས་པ་ལ་གསུམ། བདག་བསྐྱེད་བསྙེན་པ་དང་བཅས་པ། དཀྱིལ་འཁོར་སྒྲུབ་ཅིང་དབང་བླང་བ། ཞར་བྱུང་ཆོ་གའི་ཡན་ལག་གཞན་བསྟན་པའོ། །དང་པོ་ནི། འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ལ་གནས་པའི་གང་ཟག་གིས། ས་ག་ཟླ་བ་སོགས་དུས་བཟང་པོར། གནས་ཁང་བྱི་དོར་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། ཚོགས་ཞིང་མཆོད་པ་དང༌། བདག་བསྐྱེད་མཆོད་པ། རྡོར་དྲིལ་ལམ་ཏིང་ཤག་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས། ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ནས་སྟན་བདེ་བ་ལ་འཁོད། ལག་པ་ཐལ་མོ་སྦྱར་ནས་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱེད་པ་པདྨའི་རིགས་ཀྱི་དམ་རྒྱ་སྙིང་གར་བཞག་སྟེ། ཨོཾ་པདྨ་ཨུཏ་བྷ་ཝ་ཡེ་སྭཱཧཱ། ཞེས་བརྗོད། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་བཞེངས་པར་གྱུར་པར་བསམས་


GTD006_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཚོགས་ཞིང་གི་མཆོད་པ། ཨོཾ་པདྨནྟ་ཀྲྀཏ་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི། ཞལ་ཟས་རོལ་མོ་ལ་སོགས་པ་རྣམས་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ཨོཾ་པཱདྱཾཨཱཿ ཧཱུཾ། ཨོཾ་པུཥྤེ་ཨཱཿ ཧཱུཾ། ཨོཾ་དྷུ་པེ་ཨཱཿ ཧཱུཾ། ཨོཾ་ཨ་ལོ་ཀེ་ཨཱཿ ཧཱུཾ། ཨོཾགནྔྷེ་ཨཱཿ ཧཱུཾ། ཨོཾ་ནཻ་ཝི་ཏེ་ཨཱཿ ཧཱུཾ། ཨོཾ་ཤཔྟ་ཨཱཿ ཧཱུཾ་གིས་བྱིན་གྱིས་བརླབས། སྐྱབས་འགྲོ་སེམས་བསྐྱེད་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། འཕགས་པ་སྤྱན་རས་གཟིགས་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། མདུན་གྱི་ནམ་མཁར་པདྨའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་བཞུགས་


GTD006_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཅེས་ཚོགས་ཞིང་སྤྱན་དྲངས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཕྱག་མཆོད་སོགས་བྱེད་པར་མོས་ནས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོས་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཌཱ་ཀཱིའི་གཙོ་མོ་ལ་ཀྵིཾ་ཀཱ་རའི་ཞབས། །ལྔ་རིག་པཎ་ཆེན་ཟླ་བ་གཞོན་ནུ་དང༌། །ཡེ་ཤེས་བཟང་པོ་ཟླ་བ་རྒྱལ་མཚན་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པའི་ཞབས། །མཁྱེན་བརྩེའི་བདག་ཉིད་རྒྱལ་བ་ཡབ་སྲས་དང༌། །ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ་སྟེ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་བདག་ལ་རིག་པ་བསླབ་པ་དང༌། །མདོ་རྒྱུད་བསྟན་བཅོས་མན་ངག་རྗེས་བསྟན་ཅིང༌། །བསླབ་པ་མནོས་དང་དབང་བསྐུར་བྱིན་བརླབས་པའི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་


GTD006_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གུས་ཕྱག་འཚལ། །འཕགས་པ་སེང་གེའི་སྒྲ་དང་ཡིད་བཞིན་ནོར། །པདྨ་གར་དབང་ཐུགས་རྗེ་མི་བཤོལ་དང༌། །དོན་ཡོད་ཞགས་དང་ཧ་ལ་ཧ་ལ་སྟེ། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །པདྨ་རྒྱན་དང་རྡོ་རྗེ་ཆོས་དབང་ཕྱུག །ཧ་རི་ཧ་རི་ལ་ཞོན་མགྲིན་སྔོན་ཏེ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་པ་ཀུན། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ་རྣམས་བཅུག་སྟེ་བྱ་རྒྱུད་ནས་འབྱུང་བའི་རང་རང་གི་ཕྱག་རྒྱ་དང་བཅས་པས་མཆོད། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་མཎྜལ་ཚོམ་བུ་བདུན་མ་འབུལ། ལོང་ཡོད་ན་མཚམས་འདིར་ལྟུང་བཤགས་དང་སྤྱི་བཤགས་འདོན། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པར་གང་གྱུར་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །སྐྲག་པས་རྨི་འདྲར་བཤགས་བགྱི་ཞིང༌། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་ཀུན་ལ་རྗེས་ཡི་རང༌། །འཁོར་ལོ་བསྐོར་ཞིང་བཞུགས་གསོལ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང༌། །དམ་པ་གསུམ་ལ་སྐྱབས་སུ་མཆི། །ཞེས་ཡན་ལག་བདུན་པ་བྱ། དེ་ནས་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་


GTD006_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་བརྗོད་དེ། ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར་པར་བསམ། དེ་ནས་བདག་བསྐྱེད་དངོས་གཞི་བསྒོམ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དཀར་པོ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿ ལ་ཐིམ་པས་པདྨ་འདབ་མ་བརྒྱད་པ་གསེར་གཙོ་མ་ལྟར་འབར་བའི་ལྟེ་བར་ཧྲཱིཿས་མཚན་པར་གྱུར། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། པདྨ་ཧྲཱིཿ དང་བཅས་པ་ལ་ཐིམས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་སྐུ་མདོག་དཀར་པོ་ལང་ཚོ་དར་ལ་བབ་ཅིང་འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་གི་རྩ་ཞལ་དཀར་བ། གཡས་ལྗང༌། གཡོན་དམར་བ། དེའི་སྟེང་མ་དབུས་ལྗང༌། གཡས་


GTD006_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་ཀྱང་སྤྱན་དཀྱུས་རིང་ཞིང་ཕྲ་བ་ཞལ་འཛུམ་པའི་མདངས་ཅན། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ་སྤྱན་གསུམ་པ་རལ་པ་དམར་སེར་གྱེན་དུ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། རྒྱན་སྤངས་ཤིང་མགུལ་བ་དང་བཅས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་འཕྲེང༌། གསུམ་པས་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་མར་པུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་ཅིང༌། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་པ་དམར་སེར་གྱི་ཕྲེང་བས་མཛེས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་ཅན། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་ཤིང་འོད་ཟེར་དཀར་པོ་འཕྲོ་བ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། པོ་ཏ་ལ་


GTD006_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འོད་དཔག་མེད་གཙོ་བོར་གྱུར་བའི་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་གོས་དཀར་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཿ ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། བདག་བསྐྱེད་ཀྱི་མཆོད་པ་ཚོགས་ཞིང་གི་སྐབས་ལྟར་བྱིན་གྱིས་བརླབས། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། ཤཔྟའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རང་གིས་ཐུགས་ཀར་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿ ཡིག་དཀར་པོ། དེའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས། ཐུགས་ཀའི་ཧྲཱིཿ ལ་ཐིམ་པར་གྱུར་པར་བསམ། ན་མོརཏྣ་ཏྲ་ཡཱ་ཡ།


GTD006_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྻ་ཛྙཱ་ན་ས་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷྱ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མཧཱ་སཏྭཱ་ཡ་མཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝ་ཊྚེ། ཙ་ལེ་ཙ་ལེ། པྲཙ་ལེ་པྲཙ་ལེ། ཀུ་སུ་མེ། ཀུ་སུ་མ་ཝ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱཧཱ། ཞེས་གཟུངས་རིང་དང་སྙིང་པོ་ཅི་འགྲུབ་བཟླ་ཞིང༌། སྙིང་པོ་ནི། ཏདྱ་ཐཱ། ཞེས་པ་མན་ཆད་དོ། །གལ་ཏེ་སྙིང་པོ་དང་གཟུངས་རིང་མི་ཤེས་ན་ས་བོན་གྱི་མཐར་ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བར་མོས་ཏེ། མ་ཎི་བགྲང་བས་ཆོག་ལ། དེའང་སེམས་གཡེང་བ་དང༌། གླལ་བ་སྦྲིད་པ་འོག་རླུང་ལྷ་གཞན་གྱི་བཟླས་པས་བར་ཆོད་པ་སོགས་སྐྱོན་གྱིས་མ་གོས་པར་བྱ་ཚུལ། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཞིན་ལག་ལེན་དུ་གདབ། དེ་ནས་ཨོཾ་པདྨ་སཏྭ་ས་མ་ཡ། ཞེས་སོགས་ཡིག་བརྒྱས་ལྷག་ཆད་བསྐང༌། མཆོད་བསྟོད་གོང་བཞིན་བྱས་ལ་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་རང་དམ་ཚིག་པའི་ང་རྒྱལ་གྱིས་ཐུན་མཚམས་སུ་འཇུག་ཅིང༌། བདག་བསྐྱེད་རྐྱང་པ་རྒྱུན་འཁྱེར་དུ་བྱེད་ཚེ་ཐུན་མཐར་གཏོར་མ་འབུལ་བར་འདོད་ན། མཆོད་བསྟོད་ཀྱི་མཇུག་ཏུ། གཏོར་མ་བསངས་སྦྱངས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ་ལ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་ཨཱརྻ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་བ་ལིཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཞེས་ལན་བདུན་ནམ་གསུམ་གྱིས་


GTD006_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ། མཆོད་བསྟོད་སྔར་ལྟར་བྱས་ནས། བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྒྲིབ་པ་མ་ལུས་པ་བྱང་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། ཨོཾ་བཛྲ་མུཿ བདག་བསྐྱེད་ཀྱི་ཡེ་ཤེས་པ་དང༌། གཏོར་མགྲོན་རང་གནས་སུ་གཤེགས་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བྱ་ཞིང་ཐུན་མཚམས་སུ་འཁྱེར་སོ་གསུམ་དང་མི་འབྲལ་བ་ལ་སློབ་བོ། །འདི་ནི་གཙོ་བོར་བསྙེན་པའི་དབང་དུ་བྱས་པས། བདག་མདུན་འབྲེལ་མར་བྱེད་ན་གཏོར་འབུལ་དང་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་གསོལ་མི་དགོས་སོ། །༈ གཉིས་པ་དཀྱིལ་འཁོར་སྒྲུབ་ཅིང་དབང་བླང་བ་ལ། སྟ་གོན་དང༌། དངོས་གཞིའི་ཆོ་ག་གཉིས། དང་པོ་ལའང༌། ས་ལྷ་དང༌། ལྷ་དང༌། བུམ་པ་སྟ་གོན། ལྷ་ལ་གསོལ་བ་གདབ་པ། སློབ་མ་སྟ་གོན་དང་ལྔ། དང་པོ་ནི། དཀྱིལ་འཁོར་འགྲེམ་པའི་གཞི་དེའི་དབུས་སུ་མཉྫིའི་ཁར་མཎྜལ་ལ་དྲིའི་ཐིག་ལེ་དང་ཚོམ་བུ་བཀོད། ས་ལྷའི་མཆོད་གཏོར་བྱིན་གྱིས་བརླབས། དཀྱིལ་འཁོར་གྱི་དབུས་སུ་བཾ་ལས་སའི་ལྷ་མོ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། དགའ་བ་དང་ལྡན་པའི་ཐུགས་ཅན་ཞི་བ། ན་བཟའ་དཀར་པོ་མནབས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལུས་ཕྱེད་འཐོན་པ་གཡས་མི་འཇིགས་པའི་ཕྱག་རྒྱ་དང༌། གཡོན་གསེར་གྱི་བུམ་པ་བསྣམས་ཤིང་པདྨའི་གདན་ལ་བཞུགས་པར་གྱུར། རང་གི་ལག་པ་གཡས་པའི་མཐིལ་དུ་ཟླ་བའི་སྟེང་དུ་ཧཱུཾ་ཧཱུཾ་ཧཱུཾ་སོར་


GTD006_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རྩེ་མོ་ས་ལ་ལན་གསུམ་བསྣུན་པའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས་ས་གཡོས་པའི་གསེབ་ནས་སའི་ལྷ་མོ་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཕྱག་རྒྱ་དང་བཅས། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་བྷྱཿ ས་པ་རི་ཝཱ་ར་པཱདྱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དང་པཱདྱཾ་གྱི་གནས་སུ། ཨཉྩ་མཱ་ཎཾ། ཨརྒྷཾ། པུཥྤེ། སོགས་ཀྱི་སྔགས་བཅུག་པས་མཆོད། ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་ཕུལ། ལག་པ་གཡས་རྡོ་རྗེ་གསོར་ཞིང་གཡོན་དྲིལ་བུ་དཀྲོལ་བ་དང་བཅས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་སྟོབས། །བཅོམ་ནས་དཀྱིལ་འཁོར་བསྒྲུབ་པར་བྱ། །ཞེས་ལན་གསུམ་བརྗོད་རྗེས། དཀྱིལ་འཁོར་གྱི་ལས་ཇི་ལྟར་བདེ་བར་གྱིས་ཤིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར་པར་བསམས། དེ་ནས་ལག་པ་གཉིས་རྡོ་རྗེ་ནང་བསྡམས་བྱས་པ་དེས་ས་མནན་ལ། ཨོཾ་བཛྲི་བྷཱ་ཝ་ཧཱུཾ། ཞེས་ལན་གསུམ་བརྗོད། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཧཱུཾ་ཡིག་འོད་ཟེར་འབར་བ་འཕྲོས་པས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་རྡོ་རྗེར་བྱས་པར་གྱུར་པར་བསམས་ལ། ཨོཾ་བཛྲ་དྲི་ཌྷ་ཏིཥྛ། ཞེས་ལན་གསུམ་བརྗོད་ནས་བྱིན་གྱིས་བརླབ་བོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ས་གཞིར་དྲི་བཟང་ལ་སོགས་པས་བྱུགས་ཤིང་མེ་ཏོག་གཅལ་དུ་བཀྲམ། ཕྱིའི་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོས་ལྷ་གནས་སོ་སོར་རམ་མཎྜལ་ལྟ་བུའི་སྟེང་དུ་ཐིག་ལེ་བྱ་ཞིང༌། དེའང་གཙོ་བོའི་གནས་སུ་གྲུ་བཞི་དང༌། ལྷ་གཞན་རྣམས་ཀྱི་གནས་སུ་ཟླུམ་པོ། དྲིའི་ཐིག་ལེའི་སྟེང་དུ་ལྷ་རང་རང་གི་སྔགས་བརྗོད་ནས་མེ་ཏོག་གི་ཚོམ་བུ་རེ་འགོད། མཐའ་སྐོར་དུ་ཉེར་སྤྱོད་ཉུང་མཐའ་ཚར་བཅུ་ལས་མི་ཉུང་བ་མདུན་གྱི་ལྷའི་གཡས་ནས་མགོ་བརྩམས་ཏེ་བཤམས། རང་ཤར་


GTD006_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབུས་སུ་ཕྱོགས་པར་འདུག་པ་ལྷའི་རྣལ་འབྱོར་དང་ལྡན་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་མེ་རི་དང་བཅས་པ་ཡོངས་སུ་རྫོགས་པའི་དབུས་སུ། སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་རྟ་བབས་དང་བཅས་པའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བ་དང་ཕྱོགས་བཞིའི་འདབ་མར་ཟླ་བའི་གདན་རེ་རེ། དབུས་ཀྱི་ཟླ་བའི་གདན་གྱི་སྟེང་དུ་ཧྲཱིཿ ལས་པདྨ། ཞེས་པ་ནས། ཡེ་ཤེས་པ་བསྟིམ་པ། དབང་བསྐུར། རྒྱས་གདབ། མཆོད་པ་བྱིན་རླབས་ཀྱི་བར་འོག་ནས་དཀྱིལ་འཁོར་སྒྲུབ་པའི་སྐབས་བཞིན་བྱས་ལ་མཆོད་པ་སྔགས་འབུལ་དང༌། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་ཞེས་སོགས་ཀྱིས་བསྟོད་པ་བྱ། ༈ གསུམ་པ་ནི། རྣམ་རྒྱལ་བུམ་པ་མཚན་ཉིད་ཚང་བ་དང༌། ལས་བུམ་གཉིས་ལེགས་པར་བསྒྲུབས་ལ་ལས་སྔགས་ཀྱིས་བསྲུང༌། དར་གྱི་མགུལ་ཆིངས་ཟུང་པྲོག་གསུམ་པའི་ཚུལ་དུ་དཀྲི་ཞིང༌། ཨོཾ་བཛྲ་ཤེ་ཁ་ར་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ། ཞེས་སྲད་བུ་དཀར་པོས་བཅིངས། རྣམ་རྒྱལ་ལ་པད་ཟླའི་སྟེང་དུ་པདྨ། རྡོ་རྗེ། རིན་པོ་ཆེ། འཁོར་ལོ། རལ་གྲི་རྣམས་དང་ལས་བུམ་ལ་པད་ཉིའི་སྟེང་དུ་པདྨས་མཚན་པའི་དབྱུག་པ་བྲིས་པ་གདགས། སྟེགས་ཀྱི་ཁར་ཀུ་ཤའི་གདན་ལ་བཀོད་དེ། ཆུ་གཙང་གི་རན་པར་བཀང་བའི་ནང་དུ་བྱ་རྒྱུད་ཀྱི་བུམ་རྫས་གཞུག །འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། སྟེང་དུ་དུང་ཆོས་གཟུངས་རྡོར་དང་བཅས་པ་ཕྱག་ལེན་བཞིན་བཤམས་ནས། པདྨནྟ་ཀྲྀཏ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། བུམ་པ་གཉིས་སྟོང་པ་


GTD006_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ། ལྷའི་ཆུ་བོ་གང་གཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཙོ་འཁོར་གདན་དང་བཅས་པ་ཡོངས་སུ་རྫོགས་པར་གྱུར་པ་ནི་དབུས་ཀྱི་གདན་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ། ཞེས་པ་ནས། ན་བཟའ་ཅན་དུ་གྱུར། ཅེས་པའི་བར་མངོན་རྟོགས་བཞིན་བརྗོད། རྣམ་རྒྱལ་བུམ་པའི་མཚན་མ་ལྔའི་གནས་སུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། དབུས་སུ་ཧྲཱིཿ ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ། ཞེས་པ་ནས། འོད་ཟེར་དཀར་པོ་འཕྲོ་བ། ཞེས་པའི་བར་དང༌། ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་གཞག །ལྷོར་ཏྲཱཾ་ལས་རིན་འབྱུང་སེར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག །ནུབ་ཏུ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨ་ལས་དོན་གྲུབ་ལྗང་གུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། ལས་བུམ་གྱི་ནང་དང་མཚན་མའི་གནས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ལས་ཁྲོ་རྒྱལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་པ་མཆེ་བ་གཙིགས་ཤིང་སྤྱན་གསུམ་པ། དབུ་སྐྲ་ཁམ་ནག་གྱེན་དུ་འབར་བའི་ཁྲོད་ན་རྟ་མགོ་ལྗང་ནག་རྟ་སྐད་འཚེར་བ། ཕྱག་གཉིས་ཀྱི་གཡས་པདྨས་མཚན་པའི་དབྱུག་ཐོ་འཕྱར་ཞིང༌། གཡོན་


GTD006_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་སྡིགས་མཛུབ་མཛད་པ། ཐོད་པ་སྐམ་རློན་དང་སྦྲུལ་གྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་གིས་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་རྣམས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱདྱཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ་དང༌། པཱདྱཾ་གྱི་གནས་སུ། ཨཉྩ་མཱ་ནཾ། ཨརྒྷཾ་ཞེས་པ་བཅུག་སྟེ་ཆུ་གསུམ་ཕུལ། ཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་སོ་སོ་ལ་ཐིམ་པར་གྱུར་པར་བསམ་མོ། །བུམ་པའི་མཆོད་པ་རྣམས་བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ་དང༌། ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ་ནས། ཤཔྟའི་བར་བཅུག་པའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ཅིང༌། རྒྱས་པར་སྤྲོ་ན། ཚིགས་སུ་བཅད་པའི་མཆོད་ཕྲེང་གི་སྒོ་ནས་མཆོད་ཀྱང་རུང་ངོ༌། །དེ་ནས་རྣམ་རྒྱལ་བུམ་པའི་ལྷ་ལ་སྒྲུབ་ཐབས་ནས་འབྱུང་བའི་བསྟོད་པ་རྒྱས་བསྡུས་གང་ཡང་རུང་བ་དང༌། ལས་བུམ་གྱི་ལྷ་ལ། ཧཱུཾ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀཿ ཧཱུཾ་དང༌། ཨོཾ་ཨཱཿ ཧཱུཾ། ལན་བདུན་བཟླས། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། ཅེས་དུང་ཆོས་ཀྱི་ཆུ་བྱིན་གྱིས་བརླབས། ཧཱུཾ། ཞེས་བརྗོད་ཅིང་གཟུངས་ཐག་གི་སྣེ་མོ་ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང༌། གཡས་པས་བགྲང་འཕྲེང་བཟུང་ལ། རང་གི་ཐུགས་ཀ་


GTD006_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་ཟེར་འཕྲོས་པ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར་པར་བསམ་ནས། གཙོ་བོའི་སྔགས་རིང་ཐུང་གང་རིགས་བརྒྱ་རྩ་བརྒྱད་དང༌། འཁོར་རྣམས་ཀྱི་སྔགས་བཟླ་བར་འདོད་ན། ཨོཾ་ཨཱཿ ཨཀྵོ་བྷྱཿ ཧཱུཾ་ཧཱུཾ། ཨོཾ་ཨཱཿ རཏྣ་སམྦྷ་ཝ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ བཻ་རོ་ཙ་ན་ཧཱུཾ་ཧཱུཾ། ཨོཾ་ཨཱཿ ཨ་མོ་གྷ་སིདྡྷི་ཧཱུཾ་ཧཱུཾ། ཞེས་པ་རྣམས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་གམ་བདུན་རེ་བཟླ། གཟུངས་རྡོར་ལས་བུམ་གྱི་ཁར་སྤོས་ནས། ཧྲཱིཿ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པའམ་སྔགས་ཐུང་གང་རིགས་བརྒྱ་རྩ་བརྒྱད་བཟླ། ཡི་གེ་བརྒྱ་པ་བརྗོད་དེ་གཟུངས་ཐག་བསྡུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་དང༌། ཧཱུཾ། ལན་བདུན་བཟླས་ནས་དུང་ཆོས་ཀྱི་བུམ་པ་གཉིས་ཀར་མཆོད་ཡོན་ཕུལ། ཨོཾ་པདྨཱནྟ་ཀྲིཏ་ཧཱུཾ་ཕཊ། ཅེས་བཟླས་ནས་བུམ་པ་གཉིས་ཀར་མེ་ཏོག་དཀར་པོ་གསུམ་གསུམ་གཞུག །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་པདྨཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ལས་བུམ་གྱི་ཆུས་བུམ་པ་གཉིས་ལ་གཡས་སྐོར་གྱིས་བསངས་ཏེ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་རྣམས་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམ་པར་བཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་ནས་ལས་ཀྱི་ལྷ་ལ་འཕྲིན་ལས་བཅོལ། གཏོར་མ་བྱིན་རླབས་སྒྲུབ་ཐབས་བཞིན་བྱས་རྗེས། བུམ་པའི་ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་


GTD006_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི། ཞེས་པ་ལན་གསུམ་ལ་སོགས་པས་གཏོར་མ་ཕུལ། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཞེས་སོགས་ཤོ་ལོ་ཀ་གཅིག་དང༌། ཧཱུཾ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང༌། །ཞེས་སོགས་ཀྱིས་བསྟོད། བུམ་པའི་ལྷ་རྣམས་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་ཅིང༌། མཚན་མའི་ལྷ་རྣམས་ཀྱང་འོད་དུ་ཞུ་ནས་ཕྱག་མཚན་གྱི་རྣམ་པར་གནས་པར་གྱུར། ཅེས་བརྗོད་ཅིང་མོས་ལ་རྣམ་རྒྱལ་བུམ་པ་གནས་དབེན་པར་སྦ་ཞིང་ལས་བུམ་བསང་གཏོར་གྱི་དོན་དུ་རང་གི་ཉེ་ལོགས་སུ་འཇོག །བུམ་པའི་ལྷ་ལ་དཀྱིལ་འཁོར་གྱི་བྱ་བ་མ་ཟིན་པར་ཉིན་རེ་བཞིན་མཆོད་བསྟོད་བཟླས་པ་སྔ་མ་བཞིན་ཚར་རེ་མ་ཆག་པ་བྱའོ། །བཞི་པ་ལྷ་ལ་གསོལ་བ་གདབ་པ་ནི། སྟ་གོན་གྱི་ལྷ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། པུས་མོ་གཡས་པ་ས་ལ་བཙུགས་ཏེ། བདག་ཉིད་ཀྱི་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར་པར་བསམས་ལ། ལག་པ་གཡས་སྤོས་ཕོར་ཐོགས། གཡོན་པས་དྲིལ་བུ་དཀྲོལ་ནས། བཅོམ་ལྡན་མགོན་པོ་སྤྱན་རས་གཟིགས། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་སྒྲུབ་པར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་


GTD006_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྤྱོད་པས། །འགྲོ་བ་སྦྱངས་ཕྱིར་བསྒྲུབ་པར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པར་རིགས། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པར་བྱའོ། །ལྔ་པ་སློབ་མ་སྟ་གོན་ལ་ལྔ། ཀུན་སློང་འཆོས་ཤིང་གཙོ་བོར་བསྐྱེད་པ། གསོལ་བ་གདབ་ཅིང་འཛིན་དུ་གཞུག་པ། སྡོམ་པ་གཟུང་ཞིང་བྱིན་གྱིས་བརླབས་པ། སོ་ཤིང་དོར་ཞིང་ཁྱོར་ཆུ་སོགས་གསུམ་སྦྱིན་པ། སྤྲོ་བ་བསྐྱེད་ཅིང་བསྲུངས་ཏེ་རྨི་ལམ་བརྟག་པར་གདམས་པའོ། །དང་པོ་ནི། སྟ་གོན་གྱི་ཚོམ་བུ་དང་བུམ་པ་སོགས་ཡོལ་བ་ལྟ་བུས་བསྒྲིབས། སློབ་མ་རྣམས་ལ་ཁྲུས་བྱས་ཤིང་གོས་གསར་པ་བགོས་ནས་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། སྟ་གོན་གྱི་རིམ་པ་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །སྤྱི་བྱེ་བྲག་གི་ཆོས་བཤད་ཇི་ལྟར་འཚམ་པ་དང་ཁྱད་པར་དུ། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡིས། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུའང་རྒྱས། །ཞེས་གསང་བ་སྤྱི་རྒྱུད་ནས་འབྱུང་བ་འདི་ཉིད་ཀྱི་དོན་གང་ཟག་ལ་ལ་ཚེ་འདིའི་ཕུན་ཚོགས་དོན་དུ་གཉེར་བས། གསང་སྔགས་ཀྱི་ལས་སྒྲུབ་པར་འདོད་ནས་དེའི་ཆེད་དུ་དཀྱིལ་


GTD006_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་འདུག་པ་དང༌། ཡང་གང་ཟག་གི་རིགས་འགའ་ཞིག་ཕྱི་མར་ཕན་པའི་བསོད་ནམས་འདོད་ནས་དེའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་དང༌། ལ་ལ་འཇིག་རྟེན་ལས་གཞན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ནས་དེའི་ཆེད་དཀྱིལ་འཁོར་དུ་འཇུག་པ་གསུམ་ཡོད་པ་ལས་སྔ་མ་གཉིས་ལྟར་མི་བྱ་བར། ཕྱི་མ་ལྟར་བྱ་དགོས་པའི་ཚུལ་བཤད་དེ་སློབ་མ་གཞན་དོན་དང་བྱང་ཆུབ་འདོད་པའི་སེམས་བསྐྱེད་དུ་བཅུག་ནས་ཀུན་སློང་འཆོས་པ་ཤིན་ཏུ་གལ་ཆེ་སྟེ། བསམ་པ་འདི་ཚིག་ཙམ་དུ་སོང་ན་ཐེག་ཆེན་པའང་ཚིག་ཙམ་དུ་འགྲོ་བའི་ཕྱིར་རོ། །དེ་ནས་སློབ་མ་གཙོ་བོར་བསྐྱེད་པ་ནི། བསང་ཆུ་གཏོར་བ་དང་མཉམ་དུ། ཨོཾ་པངྨནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་པས་བསང༌། སློབ་མ་རྣམས་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་ཅན་དུ་གྱུར། ཅེས་བརྗོད་ཅིང་བསམ། གཉིས་པ་ནི། སློབ་མ་ལ་གསོལ་འདེབས་ཀྱི་ཚིག་དོན་བཤད་ནས་དེ་རྣམས་དྲན་བཞིན་པའི་སྒོ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཕྱི་རོལ་ཏུ་གནས་པས་གསོལ་བ་འདེབས་པར་མོས་སུ་བཅུག་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་ཏུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་བགྱི། །ཞེས་པ་ལན་གསུམ་རྗེས་ཟློས་ཀྱིས་གསོལ་བ་གདབ། དེ་ནས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་


GTD006_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཡིན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པའི་དོན་བཤད་ནས་སྔགས་ལ་མོས་པ་བརྟན་པོ་འཛིན་དུ་འཇུག །གསུམ་པ་བྱང་སྡོམ་གཟུང་བ་ནི། མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་ལྷ་ལ་སོགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་བཞུགས་པར་མོས་ནས། བླ་མ་དང་ལྷ་ཚོགས་ཀྱི་སྤྱན་སྔར་སྐྱབས་འགྲོ་སྡིག་བཤགས་ཡི་རང་རྣམས་སྔོན་དུ་འགྲོ་བའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་སྨོན་སེམས་གཟུང་བ་དང༌། བྱང་སྡོམ་བླངས་ནས། རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསླབ་པར་བྱ་སྙམ་དུ་སྡོམ་པ་གཟུང་ཞིང༌། སྲུང་འདོད་པ་སྐྱེད་པ་སོགས་བརྡ་འཕྲོད་ངེས་བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་གྱིས་བྱང་སྡོམ་འཛིན་དུ་གཞུག་ཅིང་ལན་གསུམ་པའི་མཐར་བྱང་སྡོམ་སྐྱེས་པའི་ཐོབ་དུས་ཀྱང་གོ་བར་བྱ། བྱིན་གྱིས་བརླབ་པ་ནི། ལས་སྔགས་བརྗོད་ཅིང་བསང་ཆུ་གཏོར་ལ་བསྲུང༌། སློབ་མ་རྣམས་ཀྱི་སྙིང་གར་རྡོ་རྗེ་ནག་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་ཧཱུཾ་ནག་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཨཱཿ དམར་པོ། སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོས་མཚན་པར་གྱུར།


GTD006_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་ཅིང་སློབ་མའི་སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་དྲིའི་ཆུ་བྱུག་ཅིང༌། ཧཱུཾ་ཨཱཿ ཨོཾ། ཞེས་གནས་གསུམ་བྱིན་གྱིས་བརླབས། དེ་ནས། སློབ་མ་ལྷར་གསལ་བའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་ནས་མཆོད་ཡུལ་དུ་བྱས་ལ། དབུ་ལ་མེ་ཏོག །ཤངས་ལ་བདུག་སྤོས། སྤྱན་ལ་མར་མེ། སྙིང་གར་དྲིའི་བྱུག་པ་ཕུལ་བར་མོས་ཏེ་མཆོད་པ་དེ་བཞི་རིམ་པ་བཞིན། བཛྲ་པུཥྤེ། བཛྲ་དྷུ་པེ། བཛྲ་ཨཱ་ལོ་ཀེ །བཛྲ་གནྡྷེ། ཞེས་བརྗོད་ནས་འབུལ། བཞི་པ་ནི། སོ་ཤིང་འདོར་བའི་གནས་རྒྱར་ཁྲུ་བཞི་པ། དབྱིབས་གྲུ་བཞི་པའི་དཀྱིལ་འཁོར་ལ་བ་ལྕི་སོགས་ཀྱིས་སྲབ་མཐུག་བའི་ཀོ་བ་ཙམ་བྱུག།།སོ་ཤིང་འོ་མ་ཅན་གྱི་ཤིང་ཧ་ཅང་སྦོམ་ཕྲའི་སྐྱོན་དང་བྲལ་བ་དྲངས་ཤིང་སྲོག་ཆགས་མེད་པ་མ་གས་པ་རྨ་མེད་པ་མགོ་མཇུག་མཉམ་པ་སོར་བཅུ་གཉིས་པའི་ཚད་ཅན་དྲི་བཟང་གི་ཆུས་བཀྲུ་ཤིང་བདུག་པས་བདུགས། རྩེ་མོར་མེ་ཏོག་བཅིངས་པ་ལ་བླ་མས། ཨོཾ་པདྨནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་བཟླས་ཏེ་ཁ་བྱང་དུ་ཕྱོགས་པས་སློབ་མའི་ལག་པ་ཐལ་མོ་སྦྱར་བའི་བར་དུ་བྱིན་ལ་དེས། ཨོཾ་བཛྲ་ཧཱ་ས་ཧཾ། ཞེས་བརྗོད་ཅིང་རྩེ་མོ་ནས་འཆོས་ཏེ་དཀྱིལ་འཁོར་གྱི་སྟེང་དུ་ལྟོས་པ་མེད་པར་འདོར། སོ་ཤིང་གི་མགོ་གང་དུ་བསྟན་པ་ལ་བརྟགས་ནས་དངོས་གྲུབ་འདི་འགྲུབ་ཅེས་བརྡ་སྤྲོད། དེ་ནས། བཾ་ལས་སྐྱེས་པའི་ཆུ། །བཾ་བཟླས་པ་ཁ་བཤལ་བའི་ཕྱིར་བྱིན་ཏེ་ཁ་བཤལ་དུ་བཅུག །དེ་ནས། ལས་སྔགས་ལན་བདུན་བཟླས་པའི་དྲི་ཞིམ་པོའི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿ བི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཙ་ཨ་སྱ་ཤོ་དྷྱ་སརྦ་བི་ཀལྤཱན་ཨ་བ་ན་ཡ་ཧཱུཾ། ཞེས་བརྗོད་ནས་བྱིན། དེ་ནས། བཀྲ་ཤིས་པའི་རྨི་ལམ་མི་འཁྲུལ་བའི་ཆེད་དུ་ཀུ་ཤ་མང་བ་རྩེ་མོ་མ་ཉམས་པ། ཧཱུཾ་ལས་


GTD006_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཀུ་ཤ །ཧཱུཾ་ཞེས་བྱིན་གྱིས་བརླབས་པ་སྟན་དང༌། ཀུ་ཤ་ཉུང་བ། དྷཱིཿ ལས་བྱུང་བའི་ཀུ་ཤ །དྷཱིཿ དང༌། ལས་སྔགས་བཟླས་ནས་སྔས་ཀྱི་དོན་དུ་སློབ་མའི་ལག་པ་ཐལ་མོ་སྦྱར་བའི་བར་དུ། ཨོཾ་བཛྲ་ཏཱིཀྵ་བཾ། ཞེས་སྔགས་བརྗོད་ནས་བྱིན། དེ་ནས། ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཚད་གསུམ་བལྟབ་ལ་མདུད་པ་གསུམ་བརྒྱབ་སྟེ། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱན་སྭཱཧཱ། ཞེས་བརྗོད་ཅིང་སློབ་མའི་དཔུང་པ་གཡས་སུ་བཅིང་ངོ༌། །ལྔ་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱིས་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གི་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་འདི་ཀུན་ལ་ཡོངས་སུ་བཟུང༌། །གནས་པ་སྐྱེ་བར་འགྱུར་བ་ནི། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་


GTD006_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པའི་དོན་བཤད་ནས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་སློབ་མ་རྣམས་ལ་བསང་ཆུ་གཏོར་བ་དང་མཉམ་དུ་ལས་སྔགས་བཟླ་བས་བསྲུང༌། སྔགས་དེ་སློབ་མ་ལ་བཟླས་པའི་དོན་དུ་བྱིན་ལ། ཁྱེད་རྣམས་ཀྱིས་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་སུ་བཅུག་ནས། ཤར་ཕྱོགས་སུ་མགོ་བསྟན་སེང་གེའི་ཉལ་སྟབས་ཀྱིས་ཉལ་བའི་ཐོ་རངས་ཀྱི་ཆར་རྨི་ལམ་གང་བྱུང་བ་དེ་ཉིད་མ་བརྗེད་པར་བྱོས་ལ། ནང་པར་ང་ལ་སྨྲོས་ཤིག་ཅེས་རྨི་ལམ་བརྟགས་པར་གདམས། སློབ་མའི་སྟ་གོན་ཐོབ་པའི་གཏང་རག་གི་མཎྜལ་ཕུལ། བླ་མ་རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ་སྲུང་བའི་དོན་དུ་ལས་སྔགས་བཟླ། སྟ་གོན་གྱི་ལྷ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུཾ་བཛྲ་ཨུཏ་ཏིཥྛ། ཞེས་པའི་སྔགས་དང་ཕྱག་རྒྱས། སྟ་གོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཞུགས་པར་བསམ་མོ། །༈ གསུམ་པ་དངོས་གཞིའི་ཆོ་ག་ལ་གཉིས། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང༌། དབང་བསྐུར་བའོ། །དང་པོ་ནི། སྟེགས་ཀྱི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་ལེགས་པར་བཀྲམ། སྔར་ལྷག་གནས་བྱས་པའི་བུམ་པ་སྤོས་རོལ་སོགས་ཀྱིས་སྣ་དྲངས་ཏེ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ནས་རྣམ་རྒྱལ་དང་ལས་བུམ་ཤར་སྒོའི་ཁ་ནང་ལྟའི་གཡས་གཡོན་དུ་འགོད། དཀྱིལ་འཁོར་ལ་ཉེར་སྤྱོད་མ་མཐའ་བཅུ་ལས་མི་ཉུང་བའི་གང་རྒྱས་དང༌། གཞན་ཡང་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམས་པ་རྣམས། ཧཱུཾ་དང༌། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་དང༌། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བརྗོད་པས་དབུལ་ལོ། །དེ་ནས་བདག་བསྐྱེད་རྒྱས་པ་སྔོན་དུ་བཏང་སྟེ་ལྷའི་རྣལ་འབྱོར་ལ་གནས་བཞིན་པའི་ངང་ནས་ཁ་དཀྱིལ་འཁོར་ལ་ཕྱོགས་ཏེ། ཨོཾ་པདྨཱནྟ་ཀྲིཏ་ཧཱུཾ་ཕཊ།


GTD006_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ཅིང་ལས་བུམ་གྱི་ཆུས་དཀྱིལ་འཁོར་ལ་གནས་པའི་བགེགས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་ཐུགས་ཀའི་ཧྲཱིཿ ལས་བྷྲུཾ་དཀར་པོ་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་གཅིག་མདུན་དུ་ཆད། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང༌། ཕྱོགས་བཞིའི་འདབ་མར་ཨ་ལས་ཟླ་བའི་གདན་རེ་རེ། དབུས་ཀྱི་ཟླ་བའི་གདན་གྱི་སྟེང་དུ་ཧྲཱིཿ ལས་པདྨ་ཧྲཱིཿ ས་མཚན་པ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་སྐུ་མདོག་དཀར་པོ་ལང་ཚོ་དར་ལ་བབ་ཅིང་འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་གི་རྩ་ཞལ་དཀར་བ། གཡས་ལྗང༌། གཡོན་དམར་བ། དེའི་སྟེང་མ་དབུས་ལྗང༌། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་ཀྱང་སྤྱན་དཀྱུས་རིང་ཞིང་ཕྲ་བ། ཞལ་འཛུམ་པའི་མདངས་ཅན། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། རྒྱན་སྤངས་ཤིང་མགུལ་བ་དང་བཅས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང༌། གསུམ་པས་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ།


GTD006_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ་ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་མར་པུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་ཅིང༌། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་པ་དམར་སེར་གྱི་ཕྲེང་བས་མཛེས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་ཅན། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་ཤིང་འོད་ཟེར་དཀར་པོ་འཕྲོ་བ། ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ལྷོར་ཏྲཾ་ལས་རིན་འབྱུང་སེར་པོ་གཡས་མཆོག་སྦྱིན་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨ་ལས་དོན་ཡོད་གྲུབ་པ་ལྗང་གུ །གཡས་སྐྱབས་སྦྱིན་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། མ་ལུས་སེམས་ཅན་


GTD006_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀཱི་ཤྭ་ར་ས་པ་རི་ཝ་ར་བཛྲ་ས་མ་ཛཿ ཛཿ ཧཱུཾ་བཾ་ཧོཿ ཡེ་ཤེས་པའི་རྟེན་བརྟེན་པ་རྣམས་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ནམ་མཁར་བཏེག་པའི་སྟ་གོན་གྱི་ལྷ་ལ། ཨརྒྷཾ་སོགས་ཀྱིས་མཆོད། ཛཿ ཧཱུཾ་བཾ་ཧོཿ སྟ་གོན་གྱི་རྟེན་བརྟེན་པ་རྣམས་ཀྱང་དམ་ཚིག་པ་སོ་སོ་ལ་ཐིམ་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང༌། འཁོར་རྣམས་ལ་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་རླབས་ནི། ཨོཾ་པདྨནྟ་ཀྲྀཏ་ཧཱུཾ་ཕཊ། སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན།


GTD006_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལ། ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤཔྟ་ཞེས་པ་རྣམས་བཅུག་སྟེ་བྱིན་གྱིས་བརླབས། མཆོད་པ་འབུལ་བ་ནི། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་དང༌། མཆོད་ཡོན་གྱི་གནས་སུ་རིམ་པ་བཞིན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་དང༌། ཨརྒྷཾ་གྱི་གནས་སུ། པཱདྱཾ་ནས་ཤཔྟའི་བར་བཅུག་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང༌། ཡང་མཆོད་ཡོན་གྱི་གནས་སུ། གཟུགས་མཆོག །སྒྲ་སྙན། དྲི་མཆོག །རོ་མཆོག ། རེག་མཆོག་དང༌། ཨརྒྷཾ་གྱི་གནས་སུ། རཱུ་པ། ཤཔྟ། གནྡྷེ། ར་ས། སྤརྴ། རྣམས་བཅུག་སྟེ་འདོད་ཡོན་ལྔ་འབུལ། དེ་ནས། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱངས་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝ་སྟྲ་ཡེ་ཨཱཿ ཧཱུཾ་སྭཱཧཱ། ཞེས་པས་ན་བཟའ་དང༌། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨ་ལཾ་ཀ་ར་ཝ་པུ་ཥ་ཎི་ཨཱཿ ཧཱུཾ་སྭཱཧཱ། ཞེས་པས་རྒྱན་དང༌། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་


GTD006_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་དང་ཉོན་མོངས་དྲི་མ་ཀུན་བྱང་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ཨོཾ་བཛྲ་ཀ་ལ་ཤ་ཨཱཿ ཧཱུཾ། ཞེས་པས་བུམ་པ་ཕུལ། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་གྱི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རིགས་དྲུག་སོ་སོའི་གནས་སུ་སོང་སྟེ་རང་རང་གི་སྡུག་བསྔལ་ལས་བསྒྲལ་ནས་འཕགས་པའི་གོ་འཕང་ལ་བཀོད་ཅིང༌། དེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྔགས་ཀྱི་སྒྲ་བསྒྲགས་པར་བསམས་ལ། གཙོ་བོའི་སྔགས་བརྒྱ་རྩ། འཁོར་གྱི་སྔགས་ཉེར་གཅིག་སོགས་གང་འགྲུབ་བྱ། འདས་གཏོར་བྱིན་གྱིས་བརླབ་ནས་ལྗགས་བྱིན་རླབས་མན་ཆད་གོང་བཞིན། ཕྱི་རོལ་ཏུ་ཆ་གསུམ་དཀྱུས་ལྟར་གཏོང༌། ཉེ་རེག་བྱས་པ་ལས་སྔགས་གསུང་བཞིན་པར་ནང་དུ་འོང་སྟེ། རང་ཉིད་ཧཱུཾ་མཛད་དུ་གསལ་བས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ། ཡིག་བརྒྱ་ལན་གསུམ་གྱིས་བསྐོར་བ་བྱ། ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་ལན་བཞིས་སྒོ་སོ་སོར་ཕྱེ། ཨོཾ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏན། ཞེས་ཕྱག་བྱས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག།།ཅེས་གསོལ་བ་གདབ་བོ། །གཉིས་པ་དབང་བསྐུར་བ་ལ་གསུམ། བདག་ཉིད་ཞུགས་ཤིང་དབང་བླངས་ཏེ་བདེན་པའི་བྱིན་རླབས་བྱ་བ། སློབ་མ་བཅུག་ཅིང་དབང་བསྐུར་བ་དཀྱིལ་འཁོར་གྱི་མཇུག་གི་བྱ་བའོ། །དང་པོ་ལ་གཉིས། བདག་ཉིད་ཞུགས་ནས་དབང་བླངས་པ་དང༌། བདེན་པའི་བྱིན་རླབས་བྱ་བའོ། །དང་


GTD006_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང༌། ཞུགས་ནས་དབང་བླང་བའོ། །དང་པོ་ནི། བདག་འཇུག་གི་མཆོད་པ་རྣམས་བྱིན་གྱིས་བརླབ། རང་ལ་དབང་བསྐུར་བའི་བླ་མ་དང༌། དཀྱིལ་འཁོར་གྱི་གཙོ་བོ་ངོ་བོ་དབྱེར་མེད་དུ་མོས་པས་རང་ལ་དབང་གི་བྱ་བ་རྣམས་མཛད་པ་དང༌། རང་གཙོ་བོ་ལས་ཕྱེ་ནས་དབང་ཞུ་བ་པོའི་སློབ་མའི་ཚུལ་དུ་མོས་ནས་ཐོག་མར་ཤར་སྒོའི་ཕྱི་རོལ་ཏུ་གནས་པས་དཀྱིལ་འཁོར་དུ་འཇུག་པའི་སྐོར་རྣམས་ཞུ་བའི་ཕྱིར་མཎྜལ་རྒྱས་པ་ཕུལ་ལ། གསོལ་འདེབས་ཀྱི་ཚིག་དོན་རྣམས་དྲན་བཞིན་པར། གདུང་ཤུགས་དྲག་པོས། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་ཏུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་བགྱི། །ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ། ལས་བུམ་གྱི་ཆུ་འཐོར་བ་དང་བཅས། ཧྲཱིཿ བཛྲ་ཀྲོ་དྷ་ཧ་ཡ་གྷྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་པའམ། ཨོཾ་པདྨནྟ་ཀྲིཏ་ཧཱུཾ་ཕཊ། ཅེས་པ་གང་རིགས་བརྗོད་ནས་བདག་དང་དབང་རྫས་སོགས་ཀྱི་བགེགས་བསངས། ཨོཾ་ཙཀྵུ་བནྡྷ་ཝ་ར་མ་ན་ཡེ་སྭཱཧཱ། ཞེས་པས་མིག་དར་བཅིང༌། ཨཱ་ཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་བཟུང༌། པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་རང་གི་སྙིང་གར་བཅིངས་ནས། ཨོཾ་པདྨ་ཨུཏྦྷ་ཝ་ཡེ་སྭཱཧཱ། ཞེས་བརྗོད། རང་ཉིད་རྗེ་བཙུན་སྤྱན་རས་གཟིགས་སུ་གྱུར་པའི་སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ་ཡི་གེ་གསུམ་གྱི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་པར་བསམ། སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་གྱི་བྱང་སྡོམ་


GTD006_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའི་ཡུལ་དང་ཀུན་སློང་སོགས་ཚུལ་བཞིན་གསལ་ལེགས་པར་བཏབ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་བྱང་སྡོམ་གཟུང༌། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ལ་བྱང་ཆུབ་ཀྱི་སེམས་གཉིས་ལེགས་པར་བསྐྱེད་ཅིང༌། དེ་གཉིས་ཀྱང་འབྲས་དུས་ཀྱི་སེམས་གཉིས་ཀྱི་ངོ་བོར་མོས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་ཀུན་རྫོབ་པ་དེ་ཉིད། སྙིང་གར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་གྱུར། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང༌། རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པ་ཅན་དུ་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤཱ་ཏ་ཡ་མི། ཞེས་བརྗོད། བླ་མས་རྡོ་རྗེ་མེ་ཏོག་དང་བཅས་པས་སྙིང་གར་རེག་ཅིང༌། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿ སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ནས་སེམས་གཉིས་བརྟན་པར་བྱས་པར་མོས། དེ་ནས་གསང་བར་གདམས་པ་ནི། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ནང་དུ་བཅུག་པར་མོས་ལ་དངོས་སུ་དཀྱིལ་འཁོར་གྱི་ཡོལ་བ་བསལ། དེ་ནས་ཤར་སྒོ་ནས་ཐལ་མོ་སྤྱི་མགྲིན་སྙིང་ག་རྣམས་སུ་རིམ་བཞིན་སྦྱར་ནས་གཙོ་བོ་ལ་ལུས་ངག་ཡིད་གསུམ་གྱིས་ཕྱག་བྱས་པར་མོས་ལ། ཨོཾ་ན་མོ་ཏེ་ཧཱུཾ། ན་མ་མེ་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱཧཱ། ཞེས་བརྗོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཐུགས་རྗེ་ཆེན་པོ་


GTD006_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧྲཱིཿ ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཧྲཱིཿ ཡིག་ལ་སོགས་པའི་རྣམ་པར་སྤྱན་དྲངས། རང་གི་ལུས་ལ་ཐིམ་པར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཨ་ཨ། ཞེས་ལན་བདུན་ནམ་ཉེར་གཅིག་སོགས་བརྗོད། བླ་མས་རྡོ་རྗེ་མགོ་བོར་བཞག་ནས། ཏིཥྛཿ བཛྲ། ཞེས་ཡེ་ཤེས་པ་བརྟན་པར་བྱས་པར་བསམ། དེ་ནས་སློབ་མ་ལ་དབང་བསྐུར་བའི་སྐབས་ཡིན་ན། མིག་དར་ཅུང་ཟད་བསལ་ནས་དཀྱིལ་འཁོར་གྱི་སྟེང་གི་བར་སྣང་ལ་ཧར་གྱིས་བལྟར་བཅུག་ནས། ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ལ་དཀར་པོ་སོགས་སུ་སྣང་ཟེར་ན། ཞི་སོགས་ཀྱི་དངོས་གྲུབ་འགྲུབ་པའི་སྐལ་བ་དང་ལྡན་ཚུལ་གོ་བར་བྱ་ཞིང༌། འདི་བདག་འཇུག་ལ་མི་དགོས་སོ། །དེ་ནས་རང་གི་མཐེ་བོང་གཉིས་བླ་མའི་ཕྱག་གཡས་པ་རྡོ་རྗེ་དང་བཅས་པས་བཟུང་སྟེ། རྡོ་རྗེའི་རྐང་སྟབས་ཀྱི་གར་གྱི་ཚུལ་གྱིས་དཀྱིལ་འཁོར་ལ་སྐོར་བ་གསུམ་བྱས་པར་མོས་ནས། ལས་སྔགས་ལན་གསུམ་བརྗོད་དོ། །དེ་ནས་བླ་མ་དཀྱིལ་འཁོར་གྱི་ཤར་སྒོ་ནས་གཙོ་བོ་ལ་མངོན་དུ་ཕྱོགས་པར་བྱས་ཏེ་རྡོར་དྲིལ་བཟུང་བས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བར། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་པ་བརྗོད་ནས་བདེན་པའི་བྱིན་རླབས་


GTD006_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པར་བསམ། སྔར་བཟུང་བའི་མེ་ཏོག་གི་འཕྲེང་བ་ཏྲཱཾ་གྱིས་བསྔགས་པ་ལས་ཡང་ཞིང་མ་རྙིང་པའི་མེ་ཏོག་གཅིག་བཏོན་ལ་ལག་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་བ་རིན་པོ་ཆེའི་འཕྲེང་བར་མོས། རང་ཉིད་འབྲུ་གསུམ་གྱི་འོད་ཟེར་གྱིས་སྒོ་གསུམ་གྱི་སྡིག་སྒྲིབ་བཀྲུས་ཏེ་དཀྱིལ་འཁོར་གྱི་ནང་དུ་ཞུགས། གཙོ་བོ་འཁོར་བཅས་ཀྱི་མདུན་ན་གནས་པར་གྱུར་པར་བསམ། དེ་ནས་མེ་ཏོག་དེ་ཉིད་གཙོ་བོའི་དབུ་ལ་ཕུལ་བར་བསམས་ནས། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ནས་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧཱུཾ་ཕཊ། ཅེས་བརྗོད་ནས་མེ་ཏོག་འདོར་ཞིང་འཇུག་པ་བདེ་བར་འདོད་ན། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་པའི་སྔགས་ཙམ་གྱིས་དོར་ཀྱང་རུང༌། སློབ་མ་ལ་དབང་བསྐུར་བའི་སྐབས་ཡིན་ན་མེ་ཏོག་གཙོ་བོ་དང༌། ཤར་ལྷོ་ནུབ་བྱང་གི་མཚན་མ་རྣམས་ལ་ཕོག་ན་རིམ་པ་བཞིན་སྣང་མཐའ། མི་བསྐྱོད་པ། རིན་འབྱུང༌། རྣམ་སྣང༌། དོན་གྲུབ་ཀྱི་རིགས་དང་གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་དང༌། ཉེ་རིང་མཉམ་ན་གཉིས་ཀའི་དངོས་གྲུབ་འགྲུབ་པ་སོགས་ཀྱི་བརྡ་སྤྲད་པར་བྱའོ། །དེ་ནས་བླ་མས་མེ་ཏོག་ཕུལ་བ་དེ་བཟུང་ནས། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བཱ་ལ། ཞེས་བརྗོད་ནས་སློབ་མའི་མགོ་བོར་བཅིངས། དེ་ནི་མེ་ཏོག་འཕྲེང་བའི་དབང་བསྐུར་ཞེས་བླ་མས་ལྷ་ལ་སློབ་མ་གཏད་པས་དེས་སློབ་མ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་པའི་རྟེན་འབྲེལ་བསྒྲིག་པའི་ཐབས་ཟབ་མོའོ། །དེ་ནས། རང་གི་སྙིང་གར་ཟླ་བ་ལ་ཧཱུཾ། དཔྲལ་བར་རཾ། མིག་གཉིས་ལ་ཨོཾ་འོད་ཟེར་འབར་བ་རེ་རེ་བསམས་ནས། བླ་མས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་


GTD006_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ནས་གདོང་གཡོགས་བསལ་བར་བསམ། ཧེ་བཛྲ་པ་ཤྱ། ཞེས་པས་དཀྱིལ་འཁོར་ལ་བལྟ་བར་བསྐུལ་རྗེས་དཀྱིལ་འཁོར་བསྟན་པའི་རིམ་པ་བཞིན་དུ་མཐོང་བར་མོས་ལ། དེ་ཡང་ཕྱི་རོལ་ཏུ་རྡོ་རྗེའི་རྭ་བ་མེ་རི་དང་བཅས་པས་བསྐོར་བའི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་དང་བཅས་པའི་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །དེའི་ཤར་དུ་མི་བསྐྱོད་པ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་རྣམ་པར་སྣང་མཛད། བྱང་དུ་དོན་ཡོད་གྲུབ་པ་སྟེ། དེ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པར་བསམ་ཞིང༌། ལྷ་ངོ་སྟོན་པའི་ཚིག་བསྡུས་པ་ལ་མོས་ན། དེ་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར། ཅེས་བརྗོད་ཀྱང་རུང་ངོ༌། །གཉིས་པ་བཞུགས་ནས་དབང་བླང་བ་ལ་བཞི། ཆུའི་དབང༌། ཅོད་པན་གྱི་དབང༌། ཆོས་བཤད་ཀྱི་རྗེས་གནང༌། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ངོ་། །དང་པོ་ནི། དབང་གི་དོན་དུ་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་ལན་གསུམ་བཏབ། དཀྱིལ་འཁོར་གྱི་ཤར་དུ་དབང་སྟེགས་པདྨ་དང་ཟླ་བའི་གདན་ལ་རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གྱུར་པར་བསམ། དབང་རྫས་བུམ་ཆུ་ལ། ཧྲཱིཿ བཛྲ་ཀྲོདྷ་སོགས། ལས་སྔགས་རྒྱས་བསྡུས་གང་རིགས་དང་བུམ་ཆུས་


GTD006_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བསངས། སྭ་བྷཱ་ཝས་སྦྱངས། བུམ་ཆུ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱ་རྣམས་ལས་བྱུང་བའི་ཡེ་ཤེས་ལྔའི་བུམ་ཆུར་གྱུར་པར་བསམ། དེ་ནས་དབང་ལྷ་གསར་པ་སྤྱན་འདྲེན་པ་ནི། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧྲཱིཿ ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་འཁོར་བཅས་ཐམས་ཅད་རང་ལ་དབང་སྐུར་བའི་ཕྱིར་སྤྱན་དྲངས་པ་རྣམས་ནམ་མཁར་བཞུགས། བསྒྲུབས་པའི་དཀྱིལ་འཁོར་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་ནམ་མཁར་བཞུགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་པ་རང་གི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་བརྡུང༌། མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབས། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར་པར་བསམ། བླ་མ་ནམ་མཁའི་དབང་ལྷ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་རང་ལ་བཀྲ་ཤིས་བརྗོད་པར་མོས་ནས། ཕུན་སུམ་ཚོགས་པ་མངའ་བ། ཞེས་སོགས་བརྗོད། དེ་ནས་སློབ་དཔོན་གྱིས། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པའི་ཆུས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ན་མོ་རཏྣ་ཏྲ་ཡཱ་ཡ་ནས་ཨ་པ་ན་ཡེ་སྭཱཧཱའི་བར་དང༌། ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་མཎྜ་ལ་ས་པ་རི་ཝཱ་ར་དེ་ཝ་ཀ་ལ་ཤ་ཨ་བྷི་ཥིཉྩ་མི། ཨོཾ་ཨཱརྻ་ལོ་ཀེ་


GTD006_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་ར་མཎྜ་ལ་ས་པ་རི་ཝཱ་ར་པཱུ་ཛ་ཀ་ལ་ཤ་ཨ་བྷི་ཥིཉྩ་མི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །ཨོཾ་ཨཱཿ བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨཧཾ། ཞེས་བརྗོད་ནས་བུམ་པའི་ཆུས་དབང་བསྐུར་བས་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། འབྲས་དུས་ཀྱི་ཡེ་ཤེས་ཁྱད་པར་ཅན་ཐོབ་པའི་མོས་པ་བྱེད་ཅིང༌། སློབ་མར་དབང་བསྐུར་བའི་སྐབས་བུམ་པ་མགོར་འཇོག་པ་དང༌། བུམ་ཆུ་འཐུང་དུ་བཅུག་ཀྱང་རུང་ངོ༌། །དེ་ལྟར་དབང་བསྐུར་བས། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར་པར་བསམ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་ལྟར་ཆུའི་དབང་ཐོབ། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། རྣམ་པར་ཤེས་པ་ལྔ་གནས་བསྒྱུར། ལམ་མཚན་མ་མེད་པའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་གོ །ཞེས་དབང་གི་དག་པ་བརྗོད། གཉིས་པ་ཅོད་པན་གྱི་དབང་ནི་སྔར་ལྟར་གསོལ་བ་ལན་གསུམ་གདབ། ཅོད་པན་བསངས་སྦྱངས། སྟོང་པའི་ངང་ལས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿ ལས་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་གྱི་ཅོད་པན་དུ་གྱུར་པར་བསམ། དབང་ལྷ་གསར་པ་སྤྱན་འདྲེན་པ་ནི། བླ་མ་དང་གཙོ་བོ་ཐ་


GTD006_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མི་དད་པའི་ཐུགས་ཀའི་ཧྲཱིཿ ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི། ཞེས་པ་ནས། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་གྱུར་གྱི་བར་དང༌། སྔར་ལྟར་མཆོག་གསུམ་གྱི་བཀྲ་ཤིས་བརྗོད། དེ་ནས་བླ་མ་ཐུགས་རྗེ་ཆེན་པོས་རང་གི་མགོར་རིན་པོ་ཆེའི་དབུ་རྒྱན་བསྐོན་པར་བསམ་ནས། དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་རཏྣ་མུ་ཀུ་ཊ་བཛྲ་པཊྚཾ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་ཅིང་དབང་གི་ངོ་བོའི་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཞེས་སོགས་ཀྱིས་མཐའ་རྟེན་ཆུ་དབང་བསྐུར། དེ་ལྟར་དབང་བསྐུར་བས། ལུས་ཐམས་ཅད་གང༌། ཞེས་སོགས་ནས། བདག་ཉིད་ལ་མཆོད་པའི་བར་སྔར་བཞིན། དེ་ལྟར་ཅོད་པན་གྱི་དབང་ཐོབ། དྲི་མ་ལྔ་སྦྱངས། ཕུང་པོ་ལྔ་གནས་བསྒྱུར། ལམ་མཚན་མ་དང་བཅས་པའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་གཟུགས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་གོ །ཞེས་དག་པ་བརྗོད། གསུམ་པ་ནི། བྷྲུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་ཧེ་ཏུ་མཾ། ཞེས་པས་མདུན་ནམ་སྟན་དུ་བྱིན། དབྱངས་ཐ་མ་ཨཿ ལས་བྱུང་བའི་དུང༌། ཨོཾ་བཛྲ་བྷ་ཥ་རཾ། ཞེས་པས་ལག་པ་གཡས་སུ་བྱིན། དབྱངས་དང་པོ་ཨ་ལས་བྱུང་བའི་བྱ་རྒྱུད་རིགས་གསུམ་གྱི་པོ་ཏི། ཨ་ཞེས་བརྗོད་ནས་ལག་པ་གཡོན་དུ་བྱིན་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་དུང་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་


GTD006_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་ཀྱང་འཛིན་པར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་གསུངས། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད། བཞི་པ་ནི། རྒྱལ་སྲིད་སྣ་བདུན་གྱི་གཟུགས་བརྙན་ལ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་ནས། དུས་གསུམ་རྒྱལ་བ་ཀུན་གྱིས་བསྔགས་པ་ནི། །ཐེག་མཆོག་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་བའི། །རྒྱལ་སྲིད་རིན་ཆེན་བདུན་གྱིས་དབང་བསྐུར་བས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག །ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་མི། ཞེས་བརྗོད། བཀྲ་ཤིས་རྫས་བརྒྱད། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་མཐོང་བ་ཙམ་གྱིས་ཀྱང་མི་ཤིས་པ་མཐའ་དག་སེལ་བར་བྱེད་པའི་ཡོན་ཏན་དང་ལྡན་པར་གྱུར་པར་བསམས་ལ། གང་ཞིག་རེག་ཅིང་མཐོང་ཐོས་དྲན་པས་ཀྱང༌། །མི་ཤིས་ཀུན་སེལ་ཕུན་ཚོགས་མཆོག་སྩོལ་བར། །རྒྱལ་བས་བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས། །དམ་པས་དབང་བསྐུར་དགེ་ལེགས་འབར་གྱུར་ཅིག །ཨོཾ་ཨཥྚ་བ་ཏྲ་བེ་མངྒ་ལཾ་ཨ་བྷི་ཥིཉྩ་མི། ཞེས་པས་བཀྲ་ཤིས་རྫས་བརྒྱད་བྱིན། དེ་ལྟར་རིགས་གསུམ་སྤྱི་


GTD006_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱེ་བྲག་གི་ཆོས་སྟོན་པ་སོགས་ཀྱི་སློབ་དཔོན་དུ་བྱ་བའི་ཆེད་དུ་རྗེས་སུ་གནང་བ་སྦྱིན་པས་རིགས་གསུམ་སྤྱི་དང་བྱེ་བྲག་གི་དཀྱིལ་འཁོར་བྲི་བསྒྲུབ་དབང་བསྐུར་བ་སོགས་ལ་དབང་བར་བྱས། འཕྲིན་ལས་བཞིའི་སྒོ་ནས་འགྲོ་བའི་དོན་འགྲུབ་པའི་ནུས་པ་བཞག །འབྲས་བུ་རིགས་གསུམ་གྱི་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་གོ་འཕང་མྱུར་དུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་བརྗོད། དེ་ནས། དབང་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་མོས་པ་ལ་མཎྜལ་རྒྱས་པ་འབུལ་ལོ། །གཉིས་པ་ནི། དེ་ལྟར་བདག་འཇུག་ཟིན་ནས་སློབ་མ་ལ་དབང་བསྐུར་བའི་སྐབས་ཡིན་ན། བདེན་པའི་སྟོབས་བརྗོད་ནས་བྱིན་གྱིས་བརླབ་པར་བྱ་དགོས་པས། རྡོར་དྲིལ་བཟུང་སྟེ། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་དང་ཡང་དག་འབྱུང༌། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་ལན་གསུམ་བརྗོད་ནས་སློབ་མ་དབང་བསྐུར་བའི་རིམ་པ་ལ་འཇུག་པར་བྱའོ། །གཉིས་པ་སློབ་མ་བཅུག་ཅིང་དབང་བསྐུར་བ་ནི། གོང་དུ་བཀོད་པ་དེ་རྣམས་བདག་འཇུག་གི་དབང་དུ་བྱས་པ་ཡིན་པས་གཞན་ལ་དབང་བསྐུར་བའི་ཚེ་རང་ཉིད་ཅེས་པ་དང་རང་ལ་ཞེས་སོགས་རྣམས། སློབ་མ་རྣམས་ཞེས་པ་ལྟ་བུར་བསྒྱུར་ཞིང༌། ཚིགས་བཅད་དང་སྔགས་རྣམས་ཀྱི་དོན་དང༌། དབང་གི་ངོ་བོ་ཇི་ལྟ་བུ་ཞིག་རྒྱུད་ལ་སྐྱེ་ཚུལ་སོགས་སློབ་མའི་


GTD006_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་དང་འཚམ་པར་བརྡ་ལེགས་པར་སྤྲད་ནས། མེད་དུ་མི་རུང་བའི་དབང་གི་སྐོར་རྣམས་མ་ཆད་ཅིང་མཐའ་རྟེན་སོགས་ལ་ལོང་སྐབས་དང་མོས་པ་དང་བསྟུན་པའི་རྒྱས་བསྡུས་ཀྱི་དབྱེ་བ་ཤེས་པར་བྱས་ནས་བརྒྱུད་ལྡན་དམ་པའི་ཕྱག་ལེན་མཐོང་བ་བརྒྱུད་པས་ཀྱང་བརྒྱན་ཏེ་ལེགས་པར་དབང་བསྐུར་བར་བྱའོ། །གསུམ་པ་དཀྱིལ་འཁོར་གྱི་མཇུག་གི་བྱ་བ་ནི། གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད་ཅིང༌། བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། དགེ་བའི་རྩ་བ་རྣམས་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་སྨོན་ལམ་དང་བསྔོ་བ་ཤུགས་དྲག་པོ་བྱ་ཞིང༌། ཕྱག་བཞེས་ཀྱི་རྒྱུན་ལ་གཏང་རག་གི་མཎྜལ་ཕུལ་བའི་མཇུག་ཏུ་དཔོན་སློབ་ལྷན་ཅིག་ཏུ་སྨོན་ལམ་དང་བསྟན་པ་རྒྱས་པར་འགྱུར་བའི་བདེན་ཚིག །ཤིས་བརྗོད་བཅས་མཛད་པའི་སྲོལ་ཡོད། དེ་ནས་བླ་མས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བའམ། དེ་ལྟར་མོས་ནས་ཤར་སྒོ་ནས་གཙོ་བོ་ལ་ཕྱོགས་པར་འདུག་སྟེ་ཆད་ལྷག་གི་ཉེས་པ་ཞི་བར་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ནས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་པས་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བཟོད་གསོལ་བྱ་ཞིང༌། རང་གཞན་གྱི་ཆོས་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་ཞི་ཞིང་གནས་སྐབས་མཐར་ཐུག་གི་འདོད་དོན་རྣམས་འགྲུབ་པ་དང༌། བཤད་སྒྲུབ་ཀྱི་


GTD006_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྒྱས་པ་སོགས་ཀྱི་གསོལ་བ་གདབ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་ཏུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་ནས་ཡེ་ཤེས་པ་རས་བྲིས་ལ་བརྟན་བཞུགས་བྱ། རང་གི་བདག་འཇུག་ཙམ་ལེན་པ་ལ་བདག་བསྐྱེད་ཟིན་པའི་རྗེས་སུ་བུམ་པ་སྒྲུབ། དེ་ནས་མདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་སྒྲུབ་སྟེ་སྔར་ལྟར་དབང་ལེན་པའི་རྣམ་དབྱེ་ཤེས་པར་བྱའོ། །གསུམ་པ་ཞར་བྱུང་ཆོ་གའི་ཡན་ལག་གཞན་བསྟན་པ་ནི། ལྷོ་སྒོའི་ཆོ་གའང་ཡོངས་གྲགས་ལྟར་ལ་ཁྲུས་ཀྱི་སྐབས་སོགས་སུ་གཟུངས་རིང་ངམ་པདྨའི་རིགས་ཀྱི་ཡི་གེ་བརྒྱ་པ་འདོན། ངན་སོང་དགུག་དྲལ་གྱི་ཚུལ་སོགས་སྤྱིར་རྣལ་འབྱོར་རྒྱུད་ལས་གསུངས་པ། བླ་མ་གོང་མ་རྣམས་ཀྱིས་རྒྱུད་སྡེ་གོང་འོག་ཀུན་ཏུ་རྒྱས་འགེབས་མཛད་པ་ཡིན་ཅིང༌། བྱ་རྒྱུད་ལ་བརྟེན་པའི་ལྷོ་སྒོའི་ཆོ་ག་ཚད་ཐུབ་མང་པོར་མི་འབྱུང་བས་མ་བྱས་ཀྱང་ཆད་སྐྱོན་མེད་ལ། ༸རྒྱལ་དབང་བདུན་པའི་ཁ་སརཔ་ཎིའི་ལྷོ་སྒོའི་ཆོ་གར་དཀྱུས་ལྟར་གསུང་ཞིང༌། འཇུག་པ་བདེ་བའི་ཕྱིར་སྤྱི་འགྲོ་ལྟར་བྱས་ན་ལེགས། བདག་འཇུག་སོགས་དང་མ་འབྲེལ་བར་ཁྲུས་དབང་ཙམ་བྱེད་ཚེ། བུམ་པ་བསངས་སྦྱངས་ནས། གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་མ་ལུས་པ་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། གཟུངས་རིང་དང་ཡིག་དྲུག་ཡིག་བརྒྱ་རྣམས་ཅི་འགྲུབ་བཟླས་པའི་མཐར། ཟླ་བ་ཧྲཱིཿ ཡིག་སྔགས་འཕྲེང་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་


GTD006_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པར་གྱུར་པར་བསམས། ཁྱད་པར་དུ་འདིའི་བྱིན་རླབས་འཇུག་པའི་སྒོ་ཐུན་མོང་མ་ཡིན་པ་ལྟ་བུ་སྨྱུང་བར་གནས་པའི་ཆོ་ག་ནི་ཕན་ཡོན་བསམ་གྱིས་མི་ཁྱབ་པས། དེ་ཉིད་ཇི་ལྟར་ལག་ཏུ་བླང་བའི་ཚུལ་དང༌། བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་གི་ཆོ་ག་སོགས་ཀྱང་སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་ལས་ཤིན་ཏུ་གསལ་བར་འབྱུང་བས། འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས་ལ། གཞན་ཡང་འདིའི་རྣལ་འབྱོར་ལྷ་དྲུག་གི་བསྐྱེད་ཆོག་ལམ་མཚན་བཅས་མཚན་མེད་ཀྱིས་བགྲོད་ཚུལ་སོགས་ཟབ་གནད་ཆ་ཚང་བར་ཤེས་པར་འདོད་ན་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་བྱ་རྒྱུད་དོན་གསལ་སོགས་ལ་བལྟའོ། །ཞར་བྱུང་འཕོ་བའི་མན་ངག་ཉམས་སུ་ལེན་པར་འདོད་ན། དུས་གསུམ་གྱི་དགེ་ཚོགས་མཐའ་དག་ཀྱང་བདག་དང་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ཞབས་དྲུང་དུ་སྐྱེ་བའི་རྒྱུར་བསྔོ་བ་སོགས་འཕོ་བ་འབྱོངས་བའི་རྒྱུ་ཚོགས་རྣམས་སྒོ་དུ་མ་ནས་བསྒྲུབ། དངོས་གཞི་ལ་སྐྱབས་སེམས་སྔོན་དུ་བཏང་སྟེ་ཚིག་དོན་དྲན་བཞིན་པའི་སྒོ་ནས། རི་པོ་ཏ་ལ་ཡི་རྩེ་མོ་ནས། །ལྷ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །མ་མགོན་མེད་འགྲོ་བའི་མགོན་གཅིག་ཁྱོད། །ཐུགས་བརྩེ་བ་ཆེན་པོས་གནས་འདིར་གཤེགས། །ཞེས་སྤྱན་དྲངས། མདུན་མཁའ་ལ་པད་དཀར་ཟླ་བའི་སྟེང༌། །སྐུའི་སྣང་བ་མི་འགྱུར་བརྟན་པར་བཞུགས། །ཡིད་སྒོ་གསུམ་གུས་པའི་ཕྱག་དང་བཅས། །དཔལ་ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད། །སྡིག་ཉེས་ལྟུང་གང་བགྱིས་མཐོལ་ལོ་བཤགས། །ལས་རྣམ་དཀར་དགེ་ལ་རྗེས་ཡི་རང༌། །ཆོས་ཟབ་རྒྱས་འཁོར་ལོ་བསྐོར་བར་བསྐུལ། །


GTD006_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་མཐའ་དག་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་པས་ཡན་ལག་བདུན་པ་དབུལ། ལུས་ཤེལ་གྱི་ཕྲུ་མ་བུས་པ་ལྟར། །ཆེས་དྭངས་ཤིང་གསལ་བའི་དབུས་ཀྱི་ཆར། །རྩ་དབུ་མ་སྨད་ཕྲ་སྟོད་སྦོམ་པ། །རྩའི་མར་སྣེ་ལྟེ་འོག་སོར་གསུམ་ཙམ། །སྟེང་ཚངས་པའི་བུ་ག་ཐལ་གྱིས་ཕྱེས། །དབུས་ཆོས་ཀྱི་འཁོར་ལོའི་ཐད་དྲང་དུ། །ཆེས་ཕྲ་བ་གཉུག་མའི་སེམས་ཀྱི་དངོས། །མདངས་དཀར་ལ་དམར་བའི་འོད་ཆགས་པ། །གསལ་འཚེར་ཞིང་འཕར་ལ་ཁད་པ་ཡི། །འོད་ཐིག་ལེའི་གཟུགས་སུ་གནས་པར་གྱུར། །ཅེས་རྩ་དང་ཐིག་ལེ་གསལ་གདབ། དེའང་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་ཉིད་འཕེན་བྱ་དང༌། རང་ཉིད་འཕེན་པ་པོ་ལྟ་བུའི་སོ་སོ་བར་བསམ་ནས་ཇི་ཙམ་སྦྱང་ཡང་འཕོ་བ་གནད་དུ་མི་འགྲོ་བར་གསུངས་པས། རྩ་དབུ་མའི་ནང་དེར་ལམ་གྱི་འདུ་ཤེས་དང༌། རང་དང་ཕྲ་བའི་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་གཉིས་དབྱེར་མི་ཕྱེད་པའི་ཚུལ་གྱིས་དེར་འགྲོ་བ་པོར་མོས་པ་ཤིན་ཏུ་གནད་ཆེའོ། །དེ་ནས་ཡང་མདུན་གྱི་མགོན་པོ་སྤྱན་རས་གཟིགས་ལ་དམིགས་པའི་དད་པ་ཤུགས་དྲག་པོ་དང་བཅས། ལྷ་སྐྱབས་གསུམ་འདུས་པའི་ངོ་བོ་ཉིད། །རྗེ་དྲིན་ཅན་རྩ་བའི་བླ་མ་དང༌། །དབྱེར་མེད་པ་འཕགས་མཆོག་ཐུགས་རྗེའི་གཏེར། །བུ་ཉམ་ཐག་འགྲོ་བའི་མགོན་མཛོད་ཅིག །ཅེས་གསོལ་བ་གདབ། ཚུལ་དེ་ལྟར་གསོལ་བ་གདབ་པ་ཡིས། །མདུན་མཁའ་ལ་བཞུགས་པའི་སྤྱན་རས་གཟིགས། །ཚུར་བྱོན་ནས་རིགས་བདག་ཚུལ་བཞུགས་པའི། །སྐུའི་དཀྱིལ་དུ་དབུ་མ་སྟོད་ཕྲ་ཞིང༌། །སྨད་ཡངས་པ་རང་གི་ཚངས་བུག་དང༌། །དབྱེར་མེད་པར་སྦྱར་བའི་ཡར་སྣེའི་ནང༌། །ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དངོས། །ཧྲཱིཿ དཀར་ཞིང་གསལ་བས་མཚན་པར་གྱུར། །ཅེས་བརྗོད་ལ་མགོན་པོ་སྤྱན་རས་གཟིགས་


GTD006_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྤྱི་བོར་བྱོན་ནས་བཞུགས་པའི་དྷུ་ཏིའི་ཡར་སྣེའི་ནང་གི་ཟག་མེད་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿ ཡིག་དེ་ཉིད་རང་གི་དབུ་མའི་ལམ་ནས་ཡར་བལྟས་ཏེ་མཐོང་བས། རང་ཉིད་ཀྱང་དེར་འཕོ་འདོད་ཀྱི་འདུན་པའི་ཤུགས་དྲག་པོ་བསྐྱེད་ལ་སླར་ཡང་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། རྣམ་འདྲེན་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །རྒྱལ་སྲས་ཕྱག་ན་པདྨ་སྙིང་རྗེའི་ལྷ། །ཆེར་སྙིགས་ལྔ་བདོ་གདུལ་དཀའི་འགྲོ་བ་རྣམས། །སྒྲོལ་བའི་ཐུགས་བསྐྱེད་དམ་བཅའ་ཉེར་དགོངས་ཏེ། །སྲིད་ཞིའི་རྒུད་པ་ཀུན་ལས་བསྐྱབ་ཏུ་གསོལ། །འཁྲུལ་སྣང་བར་དོའི་འཇིགས་སྐྲག་བསལ་དུ་གསོལ། །བཟོད་དཀའ་ངན་འགྲོའི་གཡང་ལས་བསྒྲལ་དུ་གསོལ། །འདི་སྣང་ཞེན་པའི་འཆིང་བ་བཅད་དུ་གསོལ། །ཞིང་མཆོག་པོ་ཏ་ལ་རུ་དྲང་དུ་གསོལ། །བྱང་ཆུབ་བར་དུ་རྗེས་སུ་གཟུང་དུ་གསོལ། །གསོལ་བ་འདེབས་སོ་མགོན་པོ་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་བླ་མ་ལྷག་པའི་ལྷ། །ཞེས་ལན་གསུམ་བརྗོད། དེ་ནས་སྟེང་གི་ཧྲཱིཿ ཡིག་ལས་འོད་ཟེར་ཐུར་དུ་འཕྲོས་པས། རང་སེམས་ཐིག་ལེའི་རྣམ་པ་དེ་ཉིད་ཉ་ལ་ལྕགས་ཀྱུས་བཏབ་པ་བཞིན་དུ་ཡར་དྲངས་ཤིང་འོག་རླུང་དྲག་ཏུ་འཐེན་པའི་ཤུགས་ཀྱིས་གྱེན་དུ་འཕངས་པའི་དམིགས་པ་དང་བཅས་ངག་ཏུ། ཧིཀ།ཅེས་བརྗོད། སླར་ཡང་ཀ་ཞེས་བརྗོད་པས་རང་གནས་སུ་དབབ་པ་ལན་གསུམ་སོགས་སུ་བྱས་ལ། འཆི་ཀའི་ཉམས་ལེན་ནམ། གཤིན་པོ་ལྟ་བུའི་དོན་དུ་ཡིན་ན་ཧིཀ་ལན་གསུམ་གྱི་མཐར། ཕཊ་ཅེས་བརྗོད་པས། མགོན་པོ་སྤྱན་རས་གཟིགས་དེ་ཉིད་པོ་ཏ་ལར་རྒྱངས་ཏེ་བྱོན་པའི་ཐུགས་ཀ་ནས་རྣམ་པར་ཤེས་པ་ཕྱིར་ཐོན། པདྨའི་སྦུབས་སུ་ཡིད་ལུས་བླངས་ནས་དེའི་གསུང་གི་བདུད་རྩི་ལོངས་སྤྱད་པའི་དམིགས་


GTD006_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱའོ། །མདོར་ན་ལྷ་མཆོག་ཐུགས་རྗེའི་གཏེར་ཆེན་འདི་ཉིད་ལྷག་པའི་ལྷའི་གཙོ་བོར་གཟུང་སྟེ་ལས་རབ་འབྱམས་ཀྱི་སྒོ་ནས་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་པའི་ཚུལ་བརྒྱུད་ལྡན་དམ་པའི་མན་ངག་བཞིན་ཉམས་སུ་བསྟར་ཏེ་དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱའོ། །དེ་ནས་སྨོན་ལམ་དང་ཤིས་བརྗོད་ནི། ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་དབང་གི །དཀྱིལ་འཁོར་མཆོད་བསྟོད་བསྒོམ་དང་བཟླས་པ་སོགས། །བསྒྲུབས་པའི་དགེ་བས་བདག་དང་འགྲོ་བ་ཀུན། །རྣམ་འདྲེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །མཚན་ཉིད་ཀུན་ལྡན་བཤེས་གཉེན་ཞབས་བསྟེན་ནས། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཐུན་མོང་ལམ་གྱི་དྲི་མ་ཀུན་སྦྱངས་ནས། །ཟབ་ལམ་རྡོ་རྗེ་ཐེག་པའི་སྣོད་གྱུར་ཅིག །འཕགས་མཆོག་སྤྱན་སྟོང་མངའ་བའི་དཀྱིལ་འཁོར་དུ། །ཆུ་དང་ཅོད་པན་བྱིན་རླབས་བདུད་རྩིའི་ཆུས། །ཡིད་ཀྱི་བུམ་བཟང་གང་བ་ཐོབ་གྱུར་ཏེ། །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང་བར་ཤོག །ཚོགས་ཀྱི་ཞིང་ལ་སྦྱོར་བ་ཚོགས་གསོག་དང༌། །ས་བོན་ཕྱག་མཚན་སྐུ་གཟུགས་རྫོགས་པ་དང༌། །བཟླས་བརྗོད་དང་བཅས་སྲོག་རྩོལ་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག །མེ་དང་སྒྲ་ལ་གནས་པའི་བསམ་གཏན་གྱིས། །ལྷ་དང་སྔགས་ཀྱི་གསལ་སྣང་མཐར་ཕྱིན་ཅིང༌། །སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་མཐུས། །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་ཤོག །འཕགས་པའི་འཕྲིན་ལས་གྲུ་གཟིངས་ལ་བརྟེན་ནས། །མི་བཟད་སྡུག་བསྔལ་རྒྱ་མཚོ་ཉེར་བརྒལ་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་ནོར་བུ་ཡིས། །རེ་བའི་ཤིང་རྟ་ཡོངས་སུ་གང་བར་ཤོག །ཚེ་ཡི་འདུ་བྱེད་གཏོང་ཚེ་སྤྱན་རས་གཟིགས། །འཁོར་དང་བཅས་


GTD006_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་ནས་དེ་མ་ཐག །བུ་བུ་དག་པའི་ཞིང་དུ་ཚུར་ཤོག་ཅེས། །དགྱེས་པའི་གསུང་གིས་དབུགས་འབྱིན་ཐོབ་པར་ཤོག །ནུབ་ཕྱོགས་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཡིད་འཕྲོག་པདྨའི་སྦུབས་སུ་སྐྱེ་ནས་ཀྱང༌། །རྒྱལ་སྲས་སྤྱོད་པ་རྒྱ་མཚོ་རྫོགས་བྱས་ཏེ། །སྐུ་གསུམ་གོ་འཕང་བདེ་བླག་ཐོབ་པར་ཤོག །༈ རབ་ཡངས་ལྷ་ཡི་ལམ་ཀུན་སྤྱན་རས་གཟིགས། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་དཀྱིལ་འཁོར་པས། །ཁྱོད་ལ་མཆོག་སྩོལ་རབ་དགའ་སྐྱེད་ཅིག་དང༌། །ཤིས་བརྗོད་གདངས་སྙན་བདག་གིས་བསྒྲག་པར་བྱ། །དགེ་ལེགས་མེ་ཏོག་བྱེ་བའི་ཆར་འབེབས་པ། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་དཔལ་མོའི་ཞབས། །ཡེ་ཤེས་བཟང་པོ་པེ་ཉ་པ་ལ་སོགས། །དངོས་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །པདྨའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང༌། །རྣམ་པར་སྣང་མཛད་དོན་ཡོད་གྲུབ་པ་སྟེ། །དེ་བཞིན་གཤེགས་པ་ལྔ་ཡི་བཀྲ་ཤིས་ཤོག །རྩ་བའི་རྒྱུད་དང་པདྨ་དྲ་བའི་རྒྱུད། །དོན་ཡོད་ཞགས་སོགས་རྒྱུད་དང་གཟུངས་ཀྱི་སྐོར། །མཚན་བཅས་མཚན་མེད་རྣལ་འབྱོར་ལ་སོགས་པ། །ལུང་རྟོགས་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག །ཕྱོགས་བཅུའི་ཞིང་ན་དད་པས་ཡིད་དྲངས་ཏེ། །རྨད་བྱུང་པདྨའི་རིགས་ཀྱི་ཉམས་ལེན་ལ། །བརྩོན་པ་ལྷུར་ལེན་སྐལ་བཟང་སྒྲུབ་པ་པོ། །ཚོགས་མཆོག་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །འཕགས་པའི་སྤྱན་སྔར་ཐུབ་བསྟན་ཚུལ་བཞིན་དུ། །བསྲུང་བར་ཞལ་འཆེས་མྱུར་མཛད་མགོན་པོ་སོགས། །མཐུ་ལྡན་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་


GTD006_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །དེང་འདིར་བཀྲ་ཤིས་དགེ་ལེགས་སྩོལ་གྱུར་ཅིག །ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཉི་ཟླའི་འོད་དང་མཉམ་པའི་འོད་འཕྲོ་ཞིང༌། །གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཅག་གང་དང་གང་དུ་གནས་པ་དེར། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང༌། །ཞིང་གི་འབྱོར་པ་ཕུལ་དུ་བྱུང་བ་ཡིས། །བདེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། སྨྲས་པ། དམིགས་མེད་དབྱིངས་སུ་རོལ་པ་སྙིང་རྗེའི་སྤྲིན། །སྲིད་ཞིའི་གདུང་སེལ་བདུད་རྩིའི་སྙིང་པོ་ཅན། །ཞིང་ཁམས་རབ་འབྱམས་ཀུན་ཁྱབ་སྤྲོ་བསྡུའི་གར། །བསྒྱུར་མཁས་གངས་རིའི་མགོན་པོ་སྤྱན་རས་གཟིགས། །སྒྲུབ་པའི་རིམ་པ་དཔལ་ལྡན་དཔལ་མོའི་ལུགས། །སྐལ་ལྡན་སྨིན་བྱེད་དབང་གི་ཆོ་གར་བཅས། །མཚན་ལྡན་བཤེས་གཉེན་བརྒྱུད་པའི་མན་ངག་བཞིན། །ཉུང་ངུའི་ཚིག་གིས་དོན་ཚང་གསལ་བར་བྲིས། །འདིར་འབད་དགེ་བ་འཛམ་བུ་པྲྀཀྵའི་འབྲས། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་མ་དྲོས་མཚོར། །ཞུགས་ཏེ་མཁའ་མཉམ་འགྲོ་བའི་དབུལ་སེལ་བ། །བྱང་ཆུབ་སྙིང་པོ་མཆོག་ཏུ་སྨིན་གྱུར་ཅིག །ཅེས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་ཐར་པའི་གྲོང་དུ་འཇུག་པའི་མྱུར་ལམ་ཞེས་བྱ་བ་འདི་ནི། ཧར་ཆེན་ཐུ་མེད་ཤོག་ནས་རྣམ་དཔྱོད་མཆོག་ཏུ་ཡངས་པ་རབ་འབྱམས་པ་དཀོན་མཆོག་རྒྱ་མཚོས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དམ་པ་གོང་མ་རྣམས་ཀྱི་གསུང་གི་སྙིང་པོ་བསྡུས་ཏེ་གཡར་ཁྲལ་དུ་བཀོད་པ་འདིས་ཀྱང་སྐྱེ་བོ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག།། ཕན་བདེའི་འབྱུང་


GTD006_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་དགའ་བ་བརྒྱ་ལྡན་ཕོ་བྲང་ནས། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ།། དགེའོ།།


previousཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ།next