Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ། next

ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ།


GTD006_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ་བཞུགས་སོ། །


GTD006_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་སྤྲིན་གྱི་གདེངས་ཀ་ལས། །བྱིན་རླབས་ཆར་གྱི་རྒྱུན་འབེབས་པས། །སྐལ་བཟང་ཡིད་ཀྱི་རེ་སྐོང་བ། །ཕྱག་ན་པདྨོས་དགེ་ལེགས་སྩོལ། །དེ་ཡང་ཆར་འབེབས་ཀྱི་གདམས་པ་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དགོངས་པ་བཞིན་རྗེ་བླ་མས་མཛད་པའི་སྟོབས་པོ་ཆེའི་ཆར་འབེབས། ཀླུ་དབང་རྒྱལ་པོ། རྟ་མགྲིན། ཁྱུང་ཁྲ། རིག་བྱེད་མ་སོགས་ལྷག་པའི་ལྷ་སྣ་ཚོགས་ཆོས་སྐྱོང་དུ་མ་དང༌། དམིགས་བརྩེ་མའི་སྒོ་ནས་འབེབས་ཚུལ། གཞན་ཡང་འཇམ་དཔལ་ཟླ་གསང་གི་རྒྱུད་ལ་བརྟེན་པའི་ཆར་འབེབས། ཀླུ་སྒྲུབ་ཀྱི་མན་ངག་རྒྱ་ནག་ཆུ་འཁོར་དུ་གྲགས་པ། ས་ལྟ་ཞི་བའི་འཁོར་ལོ། གནམ་ལྟ་དྲག་པོའི་འཁོར་ལོ་གཉིས། དེ་དང་འབྲེལ་བ་དྲང་སོང་རཱ་ཧུ་ལའི་ཆར་འབེབས་ལག་འཁོར་དུ་གྲགས་པ། རིག་འཛིན་རཏྣ་གླིང་པས་བུམ་ཐང་མཁར་ནས་བཏོན་པའི་གཏེར་ཆོས་བཞིན་སྐྱེར་ཕུར་དང༌། རྫས་ལྔའི་སྨྱུག་ཚིགས་ལ་བརྟེན་པ། བཀྲ་ཤིས་སྟོབས་རྒྱལ་དབང་པོའི་གཏེར་ཕྲན་ཆར་འབེབས་གླ་བ་ཆུ་འཐུང་དུ་གྲགས་པ། དབང་ཕྱུག་ཆེན་པོའི་སྒོ་ནས་རྫས་སྔགས་འཁོར་ལོ་གསུམ་གྱིས་ཆར་འབེབས་གཅོད། སོག་ལུགས་ཆར་རྡོ་ལ་བརྟེན་པ་སོགས་ལུགས་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་ཀྱང༌། འདིར་འཇུག་པ་བདེ་ཞིང་འདི་ཕྱི་གཉིས་ཀར་ཕན་པའི་ཐབས་སུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་འབེབས་ཚུལ་བཤད་པར་བྱ་སྟེ། དེ་ཡང་རང་གིས་སྒྲུབ་ནུས་ན་ལྷག་པའི་ལྷ་གང་ཡིན་ཀྱང་དངོས་གྲུབ་ཕྲ་མོ་འདི་ཙམ་ཚོལ་བ་ལ་དཀའ་བ་མི་སྲིད་ཅིང༌། ཁྱད་པར་ཐུགས་རྗེ་ཆེན་པོ་འདི་ཉིད་ཀླུའི་དོན་ལ་མངའ་བརྙེས་པའི་དབང་གིས་ཆར་འབེབས་སོགས་ལ་བྱིན་རླབས་བླ་ལྷག་ཏུ་མྱུར་བའི་ཚུལ། ཟ་མ་ཏོག་བཀོད་པའི་མདོ་ལས། གང་ཡི་གེ་དྲུག་པའི་རིག་སྔགས་འདི་རྟག་ཏུ་འཛིན་ཅིང་


GTD006_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་པ་ལ་བརྩོན་པའི་སེམས་ཅན་དེ་དག་བསོད་ནམས་དང་ལྡན་པ་ཡིན་ནོ། །དེ་དག་བཟླས་པ་བྱེད་པའི་ཚེ་ཀླུའི་རྒྱལ་པོ་རྒྱ་མཚོ་འཆིང་རྣམས་དང༌། ཀླུའི་རྒྱལ་པོ་མ་དྲོས་པ་དང༌། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་ཏེ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ནི་ས་ཡོངས་སུ་སྲུང་བར་བྱེད་དོ། །ཞེས་གསུངས་ཤིང༌། ས་བསྲུང་ཚུལ་ཡང་སད་སེར་ཐན་པ་སོགས་ཀྱི་ཉེར་འཚེ་བཟློག་ནས་ཆར་ཆུ་དུས་སུ་འབེབས་པ་ལྟ་བུ་ཡིན་ལ། རྒྱུ་མཚན་གཞན་ཡང༌། རྒྱལ་སྲས་ཐོགས་མེད་དཔལ་བཟང་གིས། ཨིནྡྲ་བྷུ་ཏིས་ལུང་བསྟན་འཕགས་པ་སྒྲུབ། །ཅེས་གསུངས་པ་བཞིན། དགེ་སློང་མ་དཔལ་མོ་ལ་དང་པོར་ཀླུའི་གནོད་པ་དྲག་པོ་བྱུང་བའི་ཚེ། རྒྱལ་པོ་ཨིནྡྲ་བྷུ་ཏིས་ཀླུ་དང་ས་བདག་གི་དེད་དཔོན་ཐུགས་རྗེ་ཆེན་པོ་ཡིན་པས་དེ་སྒྲུབ་ན་ལེགས། ཞེས་བསྐུལ་བ་ལྟར། ལི་ཁ་ར་ཤིང་འཕེལ་དུ་འདིའི་བསྙེན་སྒྲུབ་ལ་གཅིག་ཏུ་གཞོལ་བར་མཛད་པས་རིང་པོར་མ་ཐོགས་པར་འཕགས་པའི་ཐུགས་རྗེ་ལ་བརྟེན་ནས་ནད་ཞི་ཞིང༌། དེ་ནས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཀླུ་རྣམས་བྲན་དུ་འཁོལ་བའི་ཚེ། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་བྱ་རྒྱུད་དོན་གསལ་ལས། ཕྱོགས་སྐྱོང་བཅོ་ལྔ་པོ་ཐམས་ཅད་བྲན་དུ་བཀོལ་ཞིང༌། ཁྱད་པར་དུ་ཡང་ཀླུ་ཆེན་བརྒྱད་ཀྱིས་ཞལ་བཅུ་གཅིག་པའི་སྒོས་ཀྱི་ཆོས་སྐྱོང་དུ་ཁས་བླངས། ཞེས་གསུངས་པ་ལྟར་རོ། །དེས་ན་འདི་ལ་སྦྱོར་བ་དངོས་གཞི་མཇུག་གི་རིམ་པ་གསུམ། དང་པོ་ལ་རྟེན་གྱི་གང་ཟག་ཚུལ་ཁྲིམས་རྣམ་པར་དག་ཅིང་བླ་མ་དང་ལྷ་ལ་ཡིད་ཆེས་རྙེད་པ། ཡིག་དྲུག་གི་བསྙེན་པ་རབ་དུང་ཕྱུར། འབྲིང་བྱེ་བ། ཐ་མའང་འབུམ་ཕྲག་བཅུ་སོང་བའི་སྒྲུབ་པ་པོས། སྔོན་དུ་དཀར་པོ་ཕྱོགས་བརྒྱད་དམ། སྨྱུང་གནས་ཅི་ཐུབ། མ་མཐའང་ཤ་ཆང་སྒོག་ཙོང་སོགས་ཞག་ཁ་ཤས་ཀྱི་གོང་ནས་སྤངས་ལ་དཀར་ཆོག་རེ་


GTD006_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་སྔོན་དུ་བཏང། སྤྱན་རས་གཟིགས་ཀྱི་སྐུ་བྲིས་འབུར་ཅི་རིགས་སོགས་རྟེན་རྣམས་ལེགས་པར་དགྲམ། དེའི་མདུན་དུ་དུག་རིགས་དང་ཤ་ཁྲག་གླ་རྩི་སོགས་ཀྱིས་མ་གོས་པའི་ཀླུ་སྨན་སྣ་ཚོགས་གྲོ་ཕྱེ་དང་སྦྱར་ཏེ་ར་དཀར་མོ་དང་བ་དམར་པོའི་འོ་མས་སྦྲུས་པའི་རིལ་བུ་ལུག་གི་རིལ་མ་ཙམ་ཁ་དོག་དཀར་པོར་བྱས་པ་བརྒྱ་རྩ་བརྒྱད་ཟངས་ཀྱི་བུམ་པར་བླུགས་ལ། དར་དམར་གྱིས་ཁ་བཅིངས་ནས་སྟེགས་མཐོན་པོར་བཀོད། ཡུལ་མི་ལས་ཕྱེ་ཕུད་དང་དཀར་ཕུད་བསྡུས་པས་མཆོད་གཏོར་གཙང་ཞིང་རྒྱ་ཆེ་བ་བཤམ། ཏིང་ཤག།།བུམ་པ། འཐོར་ནས། དར་ལྕོག་དཀར་ལྗང་དམར་སྔོན་སོགས་ཉེར་མཁོའི་ཡོ་བྱད་རྣམས་སྟ་གོན་བགྱིས་ནས། ཁྲུས་དང་གཙང་སྦྲ་བྱས་ལ་སྐྱབས་སེམས་སྔོན་དུ་བཏང་སྟེ། བདག་བསྐྱེད་བསྒོམ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དཀར་པོ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད་ཚུར་འདུས་ཧྲཱིཿ ལ་ཐིམ་པས་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟར་འབར་བའི་ལྟེ་བར་ཧྲཱིཿ ས་མཚན་པར་གྱུར། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། པདྨ་ཧྲཱིཿ དང་བཅས་པ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་སྐུ་མདོག་དཀར་པོ་ལང་ཚོ་དར་ལ་བབ་ཅིང་འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་གི་རྩ་ཞལ་དཀར་བ། གཡས་ལྗང༌། གཡོན་དམར་བ། དེའི་སྟེང་དབུས་ལྗང༌།


GTD006_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་ཀྱང་སྤྱན་དཀྱུས་རིང་ཞིང་ཕྲ་བ། ཞལ་འཛུམ་པའི་མདངས་ཅན། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་རྒྱན་སྤངས་ཤིང་མགུལ་བ་དང་བཅས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང༌། གསུམ་པས་མཆོག་སྦྱིན་ལས་བདུད་རྩིས་རྒྱུན་བབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་མར་པུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་ཅིང༌། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་པ་དམར་སེར་གྱི་ཕྲེང་བས་མཛེས་པ། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་ཅན། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་ཤིང་འོད་ཟེར་དཀར་པོ་འཕྲོ་བ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་


GTD006_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྔོན་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། འོད་དཔག་མེད་གཙོ་བོར་གྱུར་བའི་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་གོས་དཀར་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿ ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་ལ། ཨོཾ་ཨཱརྻ་ལོ་ཀི་ཤྭ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་ཞེས་སོགས་ཀྱིས་བསྟོད། རིལ་བུ་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེ་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་རིལ་བུ་རྣམས་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿ ལས་པདྨ་ཧྲཱིཿ ས་མཚན་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། པདྨ་ཧྲཱིཿ དང་བཅས་པ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས། ཞེས་རང་སྒྲ་དོར་ལ་དབང་བསྐུར་རྒྱས་གདབ་ཀྱི་ཚེ་འདི་ལ་ཞེས་བསྒྱུར་བ་མ་གཏོགས། མཆོད་བསྟོད་ཀྱི་བར་བདག་བསྐྱེད་བཞིན་བྱ། དེ་ནས། མདུན་བསྐྱེད་ཀྱི་ལྷའི་ཐུགས་


GTD006_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཟླ་བའི་སྟེང་དུ་ཧྲཱིཿ ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་སྤྱན་དྲངས། རིལ་བུ་ལྷར་གསལ་བ་ལ་ཐིམ་པར་གྱུར་པར་བསམས་ལ། གཟུངས་རིང་ཅི་འགྲུབ་སྔོན་དུ་བཏང་སྟེ་ཡིག་དྲུག་རིལ་བུའི་གྲངས་ཀྱི་བརྒྱ་རྩ་བརྒྱད་རེ་བཟླ། པདྨའི་རིགས་ཀྱི་ཡིག་བརྒྱས་ལྷག་ཆད་བསྐང༌། མཆོད་བསྟོད་མདོར་བསྡུས་བྱས་ལ་མཐར། མདུན་བསྐྱེད་ཀྱི་ལྷ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པར་བསམས། དར་ལྕོག་བཞི་ལ་དབུས་སུ་རང་རང་གི་ས་བོན་དང༌། དེའི་གཤམ་དུ་འོག་ནས་འབྱུང་བའི་བཟླས་སྔགས་རྣམས་རིན་པོ་ཆེའམ། སྨན་དང་སྦྱར་བའི་མཚལ་གྱིས་དབུ་ཅན་དུ་བྲིས་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་རིམ་པ་བཞིན་ཨོཾ་ལས་རྣམ་སྣང་གི་རིགས་ཀྱི་ཁྱུང་དཀར་པོ་གཡས་འཁོར་ལོ། མ་ཎི་ལས་རིན་འབྱུང་དང་ལས་ཀྱི་རིགས་ཀྱི་ཁྱུང་ཁྲ་བོ། པདྨེ་ལས་པདྨའི་རིགས་ཀྱི་ཁྱུང་དམར་པོ་གཡས་པདྨ། ཧཱུཾ་ལས་མི་བསྐྱོད་པའི་རིགས་ཀྱི་ཁྱུང་སྔོན་པོ་གཡས་རལ་གྲི །གཡོན་པ་རྣམས་ཀྱིས་རང་རང་གི་མདོག་ཅན་གྱི་སྦྲུལ་བཟུང་ནས་ཞལ་དུ་གསོལ་བ། རྭ་དང་མཆུ་སྡེར་ཤིན་ཏུ་རྣོ་བ། ཀླུ་དཀར་ཕྱོགས་པ་རྣམས་རྗེས་སུ་འཛིན་ཅིང༌། ནག་ཕྱོགས་པ་རྣམས་ཚར་གཅོད་པའི་ནུས་པ་ཅན་དུ་གྱུར། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་


GTD006_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད། ཕྱག་བྱར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། སྔགས་ཕྲེང་གི་སྤྲོ་བསྡུའི་དམིགས་པ་གོང་བཞིན་བྱས་ལ་ཡིག་དྲུག་དང༌། ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏ་བྷ་ག་ཝན། ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷི་ཥྛཱ་ན་ཨ་དྷི་ཥྛཱི་ཏེ་སྭཱཧཱ། ཨོཾ་བཀྵིཾ་སྭཱཧཱ། ཨོཾ་ནཱ་ག་ཕུཿ པྲ་ཏི་བཛྲ་ཏུནྟེ། མི་ལི་མི་ལི། ཧཱུཾ་ཧཱུཾ་ཕཊ། བྷ་རི་ཤ་ཡ། བྷ་རི་ཤ་ཡ། ཆར་དྲག་ཏུ་ཕོབ། མྱུར་དུ་ཕོབ། མཱ་ར་ཡ། བྷྱོཿ བྷྱོཿ བྷྱོཿ ཕོབ། ཨོཾ་བུ་ལེ་ནི་ཏེ་མི་ལི་སྭཱཧཱ། ཆར་དྲག་ཏུ་ཕོབ། མྱུར་དུ་ཕོབ། ཅེས་ཅི་མང་བཟླ། མཐར། ལྷ་རྣམས་འོད་དུ་ཞུ་ནས་དར་སོ་སོའི་རྣམ་པར་གྱུར་པར་བསམས། ཁྱུང་གཉིས་པའི་ཁ་དོག་པཎ་ཆེན་ཐམས་ཅད་མཁྱེན་པའི་དམིགས་བརྩེ་མའི་ལས་ཚོགས་སུ་ལྗང་གུར་གསུངས་ལ། སྐྱབས་མགོན་མཆོག་གི་གསུང་ལས་ཁྲ་བོ་ཞེས་འབྱུང་ཡང༌། ཕྱག་མཚན་ཁྱད་པར་མེད་པས། གཉིས་ཀ་ཡང་ཁྱུང་འདི་རིན་འབྱུང་དང་དོན་གྲུབ་ཀྱི་རིགས་གཉིས་འདུས་སུ་བཞེད་པར་དགོངས་པ་མཐུན་ཏེ། རྒྱུད་སྡེ་སྤྱི་རྣམ་ལས། སེམས་ཅན་གྱི་བསམ་པ་རྫོགས་པར་བྱེད་པའི་སྒོ་ནས་རིན་པོ་ཆེའི་རིགས་ཡིན་ལ། ལས་སུ་བྱ་བའི་སྒོ་ནས་ལས་ཀྱི་རིགས་ཡིན་པས་ལས་དང་བྱེད་པ་པོ་གཅིག་ཏུ་བསྡུས། ཞེས་གསུངས་པ་ལྟར་རོ། །དེ་ནས་བཞི་པའི་ཕྱག་གི་རལ་གྲི་ཡང་དོན་གྲུབ་ཀྱི་ཕྱག་མཚན་དུ་བྱས་པ་མིན་གྱི། མི་བསྐྱོད་པ་ཐུགས་ཀྱི་རིགས་ཡིན་པས་དྲག་པོའི་ཕྱག་མཚན་གྱི་དབང་དུ་བྱས་པ་སྟེ། རིགས་ལྔ་དང་འཕྲིན་ལས་བཞི་སྦྱོར་ཚུལ་དེ་ལྟར་དགོས་པར་རྗེ་ཡབ་སྲས་ཀྱི་གསུང་རབ་དུ་མར་འབྱུང་ངོ༌། །དེ་ལྟར་སྒྲུབ་པའི་རིམ་པ་སྔོན་དུ་བཏང་སྟེ་ལས་ལ་སྦྱོར་བ་ནི། ཆུ་གཟའ་ཆུ་སྐར་སོགས་འཕྲོད་སྦྱོར་འཛོམས་པའི་དུས་སུ་ཀླུ་གནས་ངེས་ཀྱི་ཆུ་མགོའི་ཁར་འགྲོ་བའི་ཚེ། ལྷའི་ང་རྒྱལ་


GTD006_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་ཆེས། སེམས་ཅན་ལ་ཕན་སེམས་དྲག་པོ་གསལ་བཞིན་པས་འགྲོ་ཞིང༌། དེར་སླེབ་ཕྲལ་སྐྱབས་སེམས་དང༌། སྐད་ཅིག་གིས་རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྐུར་བཞེངས་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཀླུ་ཆེན་བརྒྱད་ལ་སོགས་པའི་འཇིག་རྟེན་ཁམས་ཀྱི་ཀླུ་རིགས་ཐམས་ཅད་སྤྱན་དྲངས། ཀླུ་གཏོར་རྒྱས་བསྡུས་གང་འགྲིག་བཏང་ལ། ཀླུ་ཆེན་བརྒྱད་ལ་སོགས་པ་ཀླུ་རིགས་བཞིས་བསྡུས་པའི་ཀླུ་མཆོག་འབྲིང་དམན་གསུམ་ཐམས་ཅད་དང༌། ཁྱད་པར་ས་ཕྱོགས་ཡུལ་ཕྱོགས་ཆུ་མིག་འདི་ལ་གནས་པའི་ཀླུ་རྣམས་ཉོན་ཅིག །ཁོ་བོ་ཁྱེད་རྣམས་ལ་དོན་མེད་ཀྱི་གླགས་ཚོལ་བའི་ཕྱིར་འོངས་པ་མིན་གྱི། ཆར་གྱི་དངོས་གྲུབ་ཞུ་བའི་དོན་དུ་འོངས་པ་ཡིན་པས། ཁྱེད་རྣམས་ཀྱིས་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དང༌། གྲུབ་བརྙེས་དགེ་སློང་མ་དཔལ་མོ། པཎ་ཆེན་ཟླ་བ་གཞོན་ནུ་ལ་སོགས་པའི་རྩ་བརྒྱུད་ཀྱི་བླ་མའི་དམ་ལས་མ་འདའ་བར་ཆར་ཕུན་སུམ་ཚོགས་པ་ཕབ་སྟེ། རྩི་བཅུད་ལོ་ཏོག་རྒྱས་པར་མཛོད་ཅིག །ཅེས་ལན་གསུམ་གྱིས་བཀའ་བསྒོ། རིང་ཐུང་འཚམ་པར་ཆུ་མིག་གི་ཕྱོགས་བཞིར་ཐོ་བསླང་ལ་དར་ལྕོག་བཞི་སོ་སོར་བཙུག་སྟེ། སྔར་བཞིན་བསངས་སྦྱངས་ལྷར་བསྐྱེད་པ་ནས་མཆོད་བསྟོད་ཀྱི་བར་བྱ། གཏོར་མ་བསངས་སྦྱངས་བདུད་རྩིར་བྱིན་གྱིས་བརླབས། ཨོཾ་ག་རུ་ཊ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་བསྔོ། སླར་ཡང་མཆོད་བསྟོད་དང༌། ཡེ་ཤེས་ཀྱི་ཁྱུང་རིགས་བཞིས་ཆར་འབེབས་པའི་འགལ་རྐྱེན་ཐམས་ཅད་བཟློག་ནས། ཀླུ་རྣམས་གཞན་དུ་མ་གཏོང་བར་ཆར་འབེབས་སུ་གཞུག་པའི་འཕྲིན་ལས་མཛོད་ཅིག །ཅེས་གསོལ་བ་


GTD006_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འདབ། དེ་ནས་སྡོད་རིང་ཉིན་རེ་བཞིན་མཆོད་གཏོར་འབུལ་ཞིང་འཕྲིན་ལས་བཅོལ། ཡུལ་གྱི་གཞི་བདག་རྣམས་ལ་ཡང་བསང་དང་དཀར་གཏོར་བཏང་སྟེ་འདོད་དོན་བཅོལ་ཁྱད་པར་དུ་རླུང་གནོན་པ་གལ་ཆེ་བས། རས་སམ་ཤོག་བུ་ལ་རླུང་ལྷ་གཙོ་བོ་གཅིག་གཞན་དྲུག་གིས་བསྐོར་བའི་གཟུགས་དང་དེ་དག་གི་སྙིང་གར་ཡཾ་ཡིག་གི་མཐར། བྷ་ཡུ་སྟམ་བྷ་ཡ་ལཾ་ནན། ཞེས་པས་བསྐོར་བ་བྲིས་ཏེ་མདུན་དུ་བཞག་ནས་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་སྔོན་པོ་བདུན་ཡོངས་སུ་གྱུར་པ་ལས། རླུང་ལྷ་མཆེད་བདུན་དུ་བའི་མདོག་ཅན་ཤ་བ་ནག་པོ་ལ་ཞོན་པ། ལག་པ་གཉིས་ཀྱིས་རླུང་རས་དྲིལ་ཏེ་འཛིན་པ། རླུང་ལྷ་ཤ་བ་དང་བཅས་པ་གཉིད་ལོག་པའི་རྣམ་པ་ཅན་དུ་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ནུབ་བྱང་ནས་རླུང་ལྷ་མཆེད་བདུན་བཀུག་སྟེ་གཟུགས་བརྙན་ལ་ཐིམ་པར་གྱུར། བྷ་ཡུ་ཨ་ཀརྵ་ཡ་ཛཿ ཛཿ ཧཱུཾ་བཾ་ཧོཿ ཞེས་གང་མང་བརྗོད་ཅིང་ཁུག་པའི་མོས་པ་བརྟན་པོ་བྱ། དེ་ནས་ཡཾ་སོ་སོ་ལ་ལྟེབ་ཆག་མ་ཤོར་བར་བལྟེབ་ལ། ནུབ་བྱང་མཚམས་སུ་དོང་གྲུ་གསུམ་བྲུས་པའི་ནང་དུ་བཞག །དེའི་སྟེང་དུ་ཁྱི་དཀར་སྣ་དམར་གྱི་ཐོད་པའམ། རྫ་ཕོར་གྱི་ནང་དུ་རི་རབ་ཧཱུཾ་སུཾ་ཧཱུཾ་གིས་མཚན་པ་བྲིས་པས་བཀབ། དེའི་སྟེང་དུ་རྡོ་གཡམ་ལ་ས་དཀྱིལ་སེར་པོ་གྲུ་བཞི་པའི་དབུས་སུ་རྡོ་རྗེ་ལྟེ་བ་ལ་ལམ་གྱིས་མཚན་པ་བྲིས་པས་མནན་ནས་སྟེང་སས་བཀང༌། དེའི་སྟེང་དུ་སཙྪ་སེར་པོ་རབ་གནས་ཅན་གྱིས་མནན་པས་རླུང་ལྷ་འཁོར་བཅས་ཐིབ་ཀྱིས་ནོན་པས་ལྡང་མི་ནུས་པར་བསམ་སྟེ། རིགས་གསུམ་མགོན་པོའི་སྙིང་པོ་དང༌། མཇུག་ཏུ། བྷ་ཡུ་སྟཱམ་བྷ་ཡ་སུ་མ་ལཾ་ནན། ཞེས་བཏགས་ལ་ཅི་མང་བཟླ། དངོས་གཞི་ཆུ་མིག་གི་ཁར་རིལ་བུའི་བུམ་པའི་སྟེང་དུ་ཐུགས་རྗེ་ཆེན་པོའི་སྐུ་བཞུགས་སུ་བཅུག །མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་བཤམས་


GTD006_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བདག་བསྐྱེད་གོང་བཞིན་བྱས། མདུན་གྱི་སྐུ་བརྙན་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧྲཱིཿ ལས་པདྨ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། པདྨ་ཧྲཱིཿ དང་བཅས་པ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས། ཞེས་སོགས་རང་སྒྲ་དོར་ལ་མཆོད་བསྟོད་བར་བདག་བསྐྱེད་བཞིན་བྱ། སྤྲོ་ན་མཆོད་ཕྲེང༌། རྒྱལ་བ་རྒྱ་མཚོ་སོགས་ཚིགས་བཅད་བྱས་ན་ལེགས། དེ་ནས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་དང་བུམ་ནང་གི་རིལ་བུ་རྣམས་ལས་འོད་ཟེར་ཕྱོགས་བཅུར་སྤྲོས། སེམས་ཅན་རྣམས་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་ཡུལ་དེའི་སྐྱེ་འགྲོ་རྣམས་ཀྱི་རྒྱུད་ཀྱི་ཐན་པའི་གདུངས་པ་བསྐྱེད་པའི་ལས་དང༌། དེའི་གྲོགས་སུ་གྱུར་པ་ནག་པོའི་ཕྱོགས་ཀྱི་ཀླུ་ལ་སོགས་པའི་བསམ་ངན་སྦྱོར་རྩུབ་ཐམས་ཅད་སྦྱངས། ཡུལ་གྱི་གཞི་བདག་ཀླུ་གཉན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་ལ་བཀོད་ཅིང༌། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས་པས་དེ་དག་ཐམས་ཅད་ཀྱང་འཇིག་རྟེན་ཁམས་སུ་མཐུན་པའི་གྲུ་ཆར་འབེབས་པའི་ལས་ལ་བརྩོན་པར་གྱུར། ཡང་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་རང་སྲུང་མའི་ཚོགས་ལ་མཆོད་པ་ཕུལ་ཞིང་ཐུགས་རྗེ་བསྐུལ། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས། ནམ་མཁར་སྤྲིན་གྱི་ཕུང་པོ་ཤིན་ཏུ་སྟུག་པོ་འཁྲིགས་པ་ལས་ཆར་གྱི་རྒྱུན་ཆེན་


GTD006_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བབས་ཏེ་རྩི་བཅུད་ལོ་ཏོག་རྒྱས་པས་སྐྱེ་འགྲོ་རྣམས་དགའ་བདེའི་དཔལ་ལ་བཀོད་པར་གྱུར་པར་བསམས་ལ། དམིགས་པ་གསལ་པོ་རེ་མོས་ཀྱི་ངང་ནས་གཟུངས་རིང་དང་ཡིག་དྲུག་གང་མང༌། བར་བར་དུ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་རཱ་ཛཱ་ལ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཚིནྡྷ། ཚིནྡྷ། བཛྲ་ཤེ་ལ་ཏིང་ཡེ་སྭཱཧཱ། ཞེས་སྤྲིན་སྡུད་ཀྱི་སྔགས་དང༌། ཨོཾ་བཛྲ་ཏུནྟེ་མི་ལི་མི་ལི་སྭཱཧཱ། ཞེས་སྤྲིན་འཛིན་པའི་སྔགས། ཨོཾ་ནཱ་ག་ཕུཿ པྲ་ཏི་བཛྲ་ཏུནྟེ། ཞེས་སོགས་གོང་གི་ཆར་འབེབས་ཀྱི་སྔགས་རྣམས་སྤེལ་ཏེ་བཟླ། ཟླ་གྲོགས་སོགས་སྟབས་འགྲིག་ན་སྔགས་ཐུན་མ་ཆད་པར་བྱ་ཞིང༌། ཐུན་འཇོག་ཁར་ཡིག་བརྒྱ་བཟླས་ལ་མཆོད་བསྟོད་མདོར་བསྡུས་བྱ། ཐུན་མཚམས་སུ་ཡང་བརྒྱ་རྩ། ཀླུ་གཏོར། བསང༌། འབྱུང་བཞི་དང་ལན་ཆགས་གཏོར་མ་སོགས་གཏོང་བ། སྤྲིན་ཆེན་པོ་དང་གཟུངས་འདུས་སྒྲོགས་པ། ཡི་དམ་ཆོས་སྲུང་ལ་མཆོད་གཏོར་འབུལ་ཞིང་ཁྲུས་གསོལ་དང་ཆར་གྱི་དོན་ལ་གསོལ་བ་འདེབས་པ་སོགས་རྒྱབ་ཆོས་ལ་འབད། ཡུལ་གྱི་སྐྱེ་བོ་ཐམས་ཅད་ལ་ཡང་ཐུགས་རྗེ་ཆེན་པོར་གསོལ་འདེབས་དང༌། ཡིག་དྲུག་གྲངས་གསོག་བྱེད་དུ་འཇུག །ཤ་ཆང་སྒོག་བཙོང༌། ཐ་མ་ཁ། དམ་ཉམས་ཀྱི་ཟས་དང༌། མི་གྲིབ་ཅན་ལ་ཕྲད་པ་འཐབ་རྩོད་ངག་འཁྱལ་སོགས་སྤངས་ཤིང་གཙང་སྦྲ་དང༌། སེམས་ཅན་ལ་ཕན་སེམས། དཀོན་མཆོག་ལ་དད་པ་སོགས་སྒོ་གསུམ་བག་ཡོད་ལ་གནས་པས་ཞག་གསུམ་མམ་བདུན་དུ་སྒྲུབ་ན་འདོད་དོན་ངེས་པར་འགྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། མཆོད་གཏོར་རྒྱ་ཆེན་པོ་བཤམ་ལ་གཏང་རག་གི་ཚུལ་དུ་འབུལ་ཞིང༌། དགེ་རྩ་རྣམས་བསྟན་འགྲོའི་དོན་དང་རྫོགས་བྱང་གི་རྒྱུར་བསྔོ་སྨོན་རྣམ་པར་དག་པས་ཁ་བསྒྱུར། རླུང་ལྷའི་གཟུགས་ཀྱང་བཏོན་ཏེ། ཡུལ་གྱི་ལྷ་ཀླུ་རླུང་ལྷ་རྣམས་ལ་བསང་དང་དཀར་གཏོར་རྒྱས་པར་བསྔོས།


GTD006_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྐྱོང་བ་ཁྱེད་རྣམས་ཀྱིས་ཆར་དབབ་པའི་གྲོགས་ལྡན་འཕྲིན་ལས་མཛད་པ་ལེགས་ཚོགས་སུ་གྱུར་ཅིང༌། སླད་ཀྱང་ཆར་ཆུ་དུས་སུ་འབེབ་ཅིང༌། ལོ་ཕྱུགས་རྟག་ཏུ་ལེགས་པའི་འཕྲིན་ལས་སྡོངས་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ལེགས་སོ་བརྗོད། རིལ་བུ་ཆུ་མགོའི་ནང་དུ་བླུགས་པས་ཀླུ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མོས་ཤིང༌། བྱ་ཁྱི་སོགས་ཀྱིས་མི་ཟ་བའི་ཐབས་བྱ། དར་ལྕོག་བཞིའི་ཁྱུང་རྣམས་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ། འཇིག་རྟེན་པའི་མགྲོན་གློ་བུར་དུ་ལྷགས་པ་རྣམས་དང་རླུང་ལྷ་སོགས་ཀྱང་རང་རང་སོ་སོའི་གནས་སུ་གཤེགས་པར་གྱུར། བཀྲ་ཤིས་ཀྱིས་མཐའ་བརྒྱན་ཅིང༌། དར་ལྕོག་བསྡུས་ཏེ་ཐོ་བསྒྱེལ་ནས་རྗེས་མི་མངོན་པར་བྱ། ཡུལ་མི་རྣམས་ལ་ཡང་འཕགས་པའི་བཀའ་དྲིན་བསྒྲགས་ཏེ་དགེ་བ་ལ་འགོད་ཅི་ནུས་སུ་བྱའོ། །སྨྲས་པ། བློ་གྲོས་ཆུ་འཛིན་འཁྲིགས་པས་ལེགས་བཤད་དང༌། །བྱིན་རླབས་དབྱར་སྐྱེས་འཕྲེང་བས་ཕན་དང་བདེ། །སྤྲིན་སྔོན་བརྩེགས་མ་སྟུག་པོས་གྲུ་ཆར་གསུམ། །ལྷན་ཅིག་འབེབས་པའི་དགའ་སྟོན་དེང་འདིར་འགྲུབ། །གང་ལ་གང་འདུལ་སྤྲུལ་བའི་ཟློས་གར་མཁན། །གངས་རིའི་མགོན་པོ་སྤྱན་རས་གཟིགས་དབང་མཐུས། །གང་བསམ་ཡིད་ཀྱི་རེ་བའི་འབྲས་བཟང་གི །གང་བུ་གཡུར་དུ་ཟ་བའི་བཀྲ་ཤིས་ཤོག །ཅེས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆར་འབེབས་བྱེད་ཚུལ་འདི་ནི། སྨྱུང་གནས་པ་དགེ་སློང་བློ་བཟང་དར་རྒྱས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྐྱེ་བོ་རྣམས་ལ་འཕྲལ་ཡུན་གཉིས་ཀར་ཕན་དུ་རེ་བས་བྲིས་པའོ།། །།དགེའོ།།


previousཐུགས་རྗེ་ཆེན་པོ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ། next