Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་གྱི་ལམ་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་གྱི་ལམ་ཡིག next

སྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་གྱི་ལམ་ཡིག


GTD006_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་གྱི་ལམ་ཡིག་ཅེས་བྱ་བ་བཞུགས་སོ། །


GTD006_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་རྒྱལ་བ་ཀུན་གྱི་ཐུགས་རྗེ་ནི། །མཁའ་མཉམ་འགྲོ་བའི་མགོན་དུ་ཤར་བའི་ལྷ། །ཁྱད་པར་སྙིགས་མའི་འགྲོ་ལ་རྗེས་བརྩེ་བ། །བླ་མ་སྤྱན་རས་གཟིགས་མགོན་ཞབས་ལ་འདུད། །བདེ་གཤེགས་གཞན་གྱིས་འདུལ་བར་མ་ནུས་པ། །ཁྱོད་ཉིད་གཅིག་པུས་བདག་གིར་མཛད་པ་བཞིན། །བདག་ཀྱང་ལྷ་མཆོག་ཀུན་ལས་ཁྱོད་ཞབས་ལ། །གུས་པས་བསྙེན་ནོ་བྱང་ཆུབ་བར་དུ་སྐྱོངས། །དེའང་དུས་གསུམ་རྒྱལ་བ་ཀུན་གྱིས་འགྲོ་བ་སྐྱོབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ནི་བརྩེ་བ་སྙིང་རྗེ་ཆེན་པོ་ཡིན་ལ། དེ་ཉིད་གཅིག་ཏུ་བསྡུས་ཏེ་བཞིན་ལག་གི་རྣམ་པར་ཤར་བ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིན་པས། སྲིད་ཞིའི་འཇིགས་པ་ལས་ཐར་བར་འདོད་པས་མེད་མི་རུང་དུ་འདི་ཉིད་སྐྱབས་སུ་བསྟེན་དགོས་སོ། །དེ་བསྟེན་པའི་ཚུལ་མི་འདྲ་བའི་བཀའ་བབ་ཀྱི་བརྒྱུད་པའང་འཕགས་པ་ཐུགས་རྗེ་ཆེན་པོ་ཉིད་མི་རྗེའི་གཟུགས་སུ་བྱོན་པ་སྲོང་


GTD006_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་སྒམ་པོའི་བཀའ་འབུམ་སོགས་ནས་འབྱུང་བ་རྒྱལ་པོ་ལུགས་གྲུབ་ཐོབ་དངོས་གྲུབ་ནས་བརྒྱུད་པ་དང༌། ངོ་མཚར་བའི་རྣམ་ཐར་བཅོ་བརྒྱད་དང་ལྡན་པ་མི་ཏྲ་ཛོ་ཀི་ནས་བརྒྱུད་པ་དང༌། ལ་སྟོད་དམར་པོའམ་དམ་པ་དམར་པོས་རྡོ་རྗེ་གདན་པ་ལ་ཞུས་པ་ནས་བརྒྱུད་པ་དང༌། བི་རུ་པ་གྲུབ་ཐོབ་མང་པོའི་བླ་མར་གྱུར་པའི་པཎྚི་ཏ་ཨེ་ར་པ་ཏི་ནས་བརྒྱུད་པ་དང༌། ཇོ་བོ་རྗེའི་དབོན་པོ་དཱ་བྱང་ཆུབ་སེམས་དཔའ་ནས་བརྒྱུད་པ་དང༌། དམར་ཁྲིད་བྱང་སེམས་ཟླ་བ་རྒྱལ་མཚན་ནས་བརྒྱུད་པ་དང༌། གཉན་ཚེམ་བུ་པ་དར་མ་འོད་ཟེར་ནས་བརྒྱུད་པ་སོགས་མང་དུ་ཡོད་ཀྱང༌། སྙིགས་མའི་དུས་འདིར་འཕྲིན་ལས་དང་བྱིན་རླབས་ཀྱི་བཀའ་བབ་ཁྱབ་བརྡལ་དུ་ཆེ་བ་ནི་གྲུབ་བརྙེས་དགེ་སློང་མ་དཔལ་མོའི་ལུགས་གཙོ་བོ་སྨྱུང་བར་གནས་པའི་སྒོ་ནས་སྒྲུབ་པ་འདི་ཡིན། སྨྱུང་གནས་ཀྱི་ཆོ་ག་རྒྱས་འབྲིང་


GTD006_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་རིམ་པ་མཐའ་ཡས་པ་ཞིག་བཞུགས་པས་གསར་དུ་བྲི་མི་དགོས། འདིར་དེ་ཐམས་ཅད་ལ་ཐུན་མོང་དུ་སྦྱོར་རྒྱུའི་ཉེར་མཁོའི་རིམ་པ་འགའ་ཞིག་ཟུར་འདེབས་ཀྱི་ཚུལ་དུ་འགོད་པ་ལ། སྤྲོ་བ་བསྐྱེད་པའི་ཕྱིར་ལོ་རྒྱུས་དང་ཕན་ཡོན་བཤད་པ། གནད་དུ་འགྲོ་བའི་ཕྱིར་བླང་དོར་གྱི་ལག་ལེན་བཤད་པ། ཐུགས་རྗེ་བསྐུལ་བའི་ཕྱིར་གསོལ་འདེབས་ཀྱི་དམིགས་པ་བཤད་པ་དང་གསུམ། དང་པོ་ནི། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱོན་པས། གཞན་རྣམས་ཀྱིས་རང་རང་གི་ཞིང་བདག་གིར་མཛད་དེ་སྙིགས་མ་ལྔ་བདོ་བའི་སྐབས་འདི་ཡལ་བར་འདོར་བ་ན་སྟོན་པ་ཐུགས་རྗེ་ཅན་གྱིས་རྗེས་སུ་གཟུང་སྟེ་བྱོན་ནས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་ཀྱང༌། ཁ་བ་ཅན་གྱི་ཞིང་འདི་དེའི་འང་དངོས་ཀྱི་འདུལ་ཞིང་དུ་མ་གྱུར་པར་ལུས་པ་འཕགས་མཆོག་ཐུགས་རྗེ་ཆེན་པོས་བདག་ཏུ་མཛད་དེ་ཟ་མ་ཏོག་བཀོད་པར་གསུངས་པ་བཞིན། དང་པོར་སྤྲུལ་བའི་སྒོ་ནས་མིའི་འགྲོ་བ་བསྐྱེད། དེ་ནས་ཟས་གོས་སོགས་གནས་སྐབས་ཀྱི་འཚོ་ཆས་དང༌། དེ་སྒྲུབ་ལུགས་ཚུན་ཆད་བསླབས་ཏེ་ཕན་པ་ལ་སྦྱར། རིམ་པས་བློ་གྲོས་རྒྱས་ཏེ་ཆོས་ཀྱི་སྣོད་དུ་གྱུར་པ་ན་སྐུ་གསུང་ཐུགས་ཀྱི་སྤྲུལ་བ་སྣ་ཚོགས་པས་ཆོས་ལ་བཅུག་པ་ཡིན་པས། རང་ཅག་རྣམས་ལ་དུས་གསུམ་རྒྱལ་བ་ཐམས་ཅད་ལས་ཀྱང་འདི་ཉིད་བཀའ་དྲིན་ཆེ་ཞིང་འབྲེལ་ཟབ་སྟེ། ལྷ་ཐོ་ཐོ་རིའི་རིང་ལ་བསྟན་པའི་དབུ་བརྙེས་པའི་


GTD006_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཚེའང་ཕོ་བྲང་སྟེང་དུ་ཟ་མ་ཏོག་བཀོད་པའི་གླེགས་བམ་བབས་པ་ཡིན་ལ། སྲོང་བཙན་སྐུ་འཁྲུངས་པའི་ཚེ་མ་ཎིའི་སྒྲ་འབྲུག་སྐད་ལྟ་བུ་ཞིག་གྲགས་ཤིང་གྱེ་རེའི་བྲག་ལ་ཡིག་དྲུག་རང་བྱོན་དུ་ཕེབས་པས་གསུང་རྟེན་གྱི་མགོའང་དེ་དག་ནས་ཚུགས་པ་ཡིན། སྐུའི་རྟེན་གྱི་ཐོག་མའང་སྲོང་བཙན་དགུང་ལོ་བཅོ་ལྔ་པའི་དུས་ཙན་དན་སྦྲུལ་གྱི་སྙིང་པོ་ལས་རང་བྱོན་གྱི་ཐུགས་རྗེ་ཆེན་པོའི་སྐུ་གདན་དྲངས་ཏེ་རང་བྱོན་ལྔ་ལྡན་བཞེངས་པ་ནས་ཚུགས་པ་ཡིན་ཞིང༌། ད་ལྟའང་བྱིས་པ་ཆུང་ངུ་ཚུན་ཆད་ལ་ཆེད་དུ་སློབ་མི་དགོས་པར་མ་ཎི་ཤེས་པ་འདི་དེའི་འདུལ་སྐལ་ཡིན་པ་དང་འབྲེལ་ཆེ་བའི་རྟགས་ཡིན། ལྷག་པའི་ལྷ་གང་ལ་འབྲེལ་ཆེ་བ་དེ་སྒྲུབ་ན་འགྲུབ་ཐག་ཉེ་ལ། ལྷག་པར་ཡང་འདི་སྙིང་རྗེའི་ལྷ་ཡིན་པས་འགྲུབ་སླ་སྟེ། སྔོན་དགེ་སློང་མ་དཔལ་མོ་ལའང་སྔོན་ལས་ཀྱིས་ཀླུ་ནད་བྱུང་བ་ཐབས་གང་གིས་ཀྱང་མ་ཕན་པའི་ཚེ་ཨིནྡྲ་བྷུ་ཏིས་ལུང་བསྟན་ཏེ། ལི་ཁ་ར་ཤིང་འཕེལ་གྱི་ཇོ་བོ་བཅུ་གཅིག་ཞལ་ལ་ཞག་བདུན་དུ་གསོལ་བ་བཏབ་པས་ཀླུ་ནད་སོས་ཤིང་གྲུབ་པའི་གོ་འཕང་བརྙེས། འགའ་ཞིག་གིས་སྐུར་པ་བཏབ་པར་རང་གི་དབུ་བཅད་ནས་འཁར་གསིལ་གྱི་རྩེ་ལ་བཏགས་ཏེ་གར་སྟབས་མཛད་ཅིང་ང་ལ་ཕམ་པ་མ་བྱུང་ན་སྔར་བཞིན་གྱུར་ཅིག་གསུང་བས་ཕྱིར་འབྱར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན། དེའི་ཚེ་པཎྚི་ཏ་ཡེ་ཤེས་བཟང་པོ་བྱ་བར་ཕོལ་མིག་བྱུང་སྟེ་ལུས་ལྕགས་སྲེག་བཞིན་


GTD006_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བ་འབར་བས་མཚེའུ་བསྐྱིལ་ཏེ་ནང་དུ་བསྡད་ན་ཆུ་ཁོལ་བ་བྱུང་ཡང་སྔོན་ལས་ཀྱིས་སྲོག་འདོར་མི་ཐུབ་པ་བྱུང་ནས། ཁོ་རང་གི་བླ་མ་པཎྚི་ཏ་ཟླ་བ་གཞོན་ནུ་གདན་དྲངས་པ་ན། དེ་ལ་མཁའ་འགྲོ་མས་ཁྱོད་རང་ཕྱིན་ཡང་མི་ཕན། དགེ་སློང་མ་དཔལ་མོ་སྤྱན་དྲངས་ན་དོན་ཆེ་ཚུལ་གྱི་ལུང་བསྟན་བྱུང་བ་བཞིན་ཁོང་གིས་གདན་དྲངས་ཏེ་ཕེབས་ནས་པཎྚི་ཏ་གཉི་གར་དབང་དང་གདམས་པ་གནང༌། ཡེ་ཤེས་བཟང་པོས་སྨྱུང་གནས་ལན་བདུན་བྱས་པས་ནད་ལྷག་མེད་དུ་དྭངས། མཐར་གཉིས་ཀས་ཀྱང་མཆོག་གི་དངོས་གྲུབ་བརྙེས་སོ། །དེ་རྗེས་བལ་པོ་པེ་ཉ་པ་ཟེར་བ་སེམས་ཅན་ལ་སྙིང་རྗེ་ཤུགས་འབྱུང་གིས་དུས་འདའ་བས་འདི་ཐམས་ཅད་ལ་ཕན་ཆེ་ཞིང་སྒྲུབ་སླ་བའི་གདམས་པ་ཞིག་དགོས་པར་འདུག་སྙམ་ནས་རྒྱ་གར་དུ་ཕེབས་ཏེ་པཎྚི་ཏ་དེ་གཉིས་དང་མཇལ་ནས་གསོལ་བ་བཏབ་པས་འདི་ལས་ཟབ་པ་མེད་གསུངས་ཏེ་འདིའི་ཆོས་སྐོར་གནང༌། ལོ་ལྔར་བསྒྲུབས་པས་འཕགས་པའི་ཞལ་མཐོང་གྲུབ་པ་བརྙེས་ཏེ་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད། དེའི་དྲུང་ནས་བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་གསན་ཏེ་རང་བྱུང་ཝ་ཏིའི་དྲུང་དུ་སྨྱུང་གནས་མང་དུ་མཛད། ཞག་བདུན་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པས་འཕགས་པའི་ཞལ་མཐོང༌། ས་ཆེན་ཀུན་སྙིང་དང་ཕག་མོ་གྲུབ་པ་སོགས་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དུ་གྱུར་མི་བརྒྱ་ཕྲག་གི་སྲོག་བསྐྱབས་པ། གཙུག་ལག་ཁང་བརྒྱ་ཕྲག་བཞེངས་པ། དགེ་སློང་ལྔ་བརྒྱ་ཙམ་གྱི་འཚོ་བ་སྦྱོར་བ་སོགས་གཞན་ཕན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང༌། དེའི་སློབ་མ་ཉི་ཁུག་པས་ཀྱང་འཕགས་པ་བསྒྲུབས་པས་མངོན་ཤེས་རྫུ་འཕྲུལ་ལ་དབང་འབྱོར། དེའི་སློབ་མ་སྤྲུལ་བ་


GTD006_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྒྱལ་པོས་སྨྱུང་གནས་ལོ་ལྔ་དང༌། དེའི་སློབ་མ་ཞིང་སྟོན་དགྲ་འཇིགས་ཀྱིས་སྨྱུང་གནས་ལོ་གསུམ་མཛད་པས་འཕགས་པ་ཞལ་གཟིགས། དེའི་སློབ་མ་མཁན་ཆེན་རྩི་འདུལ་བ། དེའི་སློབ་མ་བྱང་སེམས་བདེ་བ་ཅན་པ། དེའི་སློབ་མ་བྱང་སེམས་ཆུ་བཟང་བ་གསུམ་གས་སྨྱུང་གནས་སུམ་བརྒྱ་རེ་སོང་བའི་མཚམས་སུ་འཕགས་པ་ཞལ་གཟིགས་ཏེ་གྲུབ་པ་བརྙེས་པ་སོགས་ཡི་དམ་གཞན་ལས་འདི་ཉིད་སྒྲུབ་ཐག་ཉེ་བའི་ལོ་རྒྱུས་ཤིན་ཏུ་མང་ངོ༌། །སྡིག་པ་ཚན་པོ་ཆེའི་ཇི་ལྟ་བུའང་འདི་ལ་བརྟེན་ནས་སྦྱང་སླ་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་གཟུངས་ཞེས་བྱ་བའི་རྒྱུད་ལས། བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ནི་དེ་ལྟར་རྫུ་འཕྲུལ་ཆེ་བ་ལེགས་སོ། །ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པར་འབྱང་བར་འགྱུར་ན། ཇི་སྐད་བསྟན་པ་བཞིན་དུ་ནན་ཏན་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང༌། བསྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བགྱིའོ། །སུ་ཞིག་བདག་གི་སླད་དུ་ཚེས་བཅུ་བཞིའམ། བཅོ་ལྔ་ལ་སྨྱུང་བར་བགྱིས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་གི་མིང་འཛིན་པ་ནི་དོན་མཆིས་ཏེ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་བས་ལྷག་ལགས་སོ། །བདག་གི་མིང་འཛིན་པའི་སེམས་ཅན་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར། བྲོ་ནད་ཐམས་ཅད་ལས་


GTD006_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཐར་བར་འགྱུར། སྒྲིབ་པ་ཐམས་ཅད་དང༌། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ལགས་སོ། །གང་ལ་ལ་ཞིག་ཆོ་ག་བཞིན་དུ་སྦྱོར་བ་བགྱིད་ན་དེ་དག་གི་སུག་པར་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ལགས་སོ། །ཞེས་གསུངས། ཐབས་གཞན་གྱིས་སྦྱོང་མི་ནུས་པ་དགེ་འདུན་གྱི་དཀོར་འཕྲོག་པ་ལྟ་བུའང་འདིས་སྦྱོང་ནུས་པའི་ཚུལ། ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ལས། སེམས་ཅན་གང་ལ་ལ་ཞིག་དགེ་འདུན་གྱི་ཞལ་ཟས་དང་དཀོར་འཕྲོག་ཅིང་ཆུད་གསོན་པ་གང་ལགས་པ་དེ་དག་གི་སངས་རྒྱས་སྟོང་འཇིག་རྟེན་དུ་བྱུང་བ་དག་ལ་འགྱོད་པས་མཐོལ་ཞིང་བཤགས་ནའང་འབྱང་ཞིང་ཚངས་པར་མི་འགྱུར་མོད་ཀྱི། འོན་དང་ཐུགས་རྗེ་ཆེན་པོའི་རིགས་སྔགས་འདི་བཏོན་པ་དེ་དག་ཡོངས་སུ་འབྱང་བར་འགྱུར་ལགས་ཏེ། དཀོན་མཆོག་གསུམ་གྱི་ཞལ་ཟས་དང༌། དཀོན་མཆོག་གསུམ་གྱི་དཀོར་ནོར་འཕྲོག་ཅིང་ཆུད་གསོན་པ་དེ་དག་ནི་ཕྱོགས་བཅུའི་སྟོན་པ་རྣམས་མངོན་སུམ་དུ་གྱུར་པའི་སྤྱན་སྔར་བཤགས་ན་གདོད་ཡོངས་སུ་འབྱང་བར་འགྱུར་ལགས་ལ། ཐུགས་རྗེ་ཆེན་པོའི་གཟུངས་འདི་འདོན་པའི་ཚེ་ཕྱོགས་བཅུའི་སྟོན་པ་རྣམས་དེར་གཤེགས་ནས་དབང་མཛད་པར་འགྱུར་བས་ཁ་ན་མ་ཐོ་བའི་སྒྲིབ་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་འབྱོང་བར་འགྱུར། མི་དགེ་བ་བཅུ་དང༌། མཚམས་མ་མཆིས་པ་ལྔ་དང༌། གང་ཟག་ལ་སྐུར་པ་བཏབ་པ་དང༌། ཆོས་ལ་སྐུར་པ་བཏབ་པ་དང༌། གསོ་སྦྱོང་བཤིགས་པ་དང༌། ཚུལ་ཁྲིམས་བཤིགས་པ་དང༌། མཆོད་རྟེན་བཤིགས་པ་དང༌། གཙུག་ལག་ཁང་བཤིགས་པ་ཐམས་ཅད་དང༌། དགེ་


GTD006_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་དཀོར་བརྐུས་པ་དང༌། ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་སུན་པར་བགྱིས་པ་འདི་ལྟ་བུ་ལ་སོགས་པ་སྡིག་པའི་ལས་ལྕི་བ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་ལགས་སོ། །ཞེས་གསུངས་ཏེ། ཇོ་གདན་མཁན་ཆེན་བསོད་ནམས་བཟང་པོས་མཛད་པའི་སྨྱུང་གནས་ཀྱི་ལོ་རྒྱུས་ལས་ཀྱང༌། ཟས་བཅད་དེ་སྨྱུང་གནས་བྱས་པས་ལུས་ཀྱི་སྒྲིབ་པ་འདག །གཏམ་མི་སྨྲ་བར་ངག་བཅད་བྱས་པས་ངག་གི་སྒྲིབ་པ་འདག །ཆགས་སྡང་གི་ངན་རྟོག་བཀག་སྟེ་དད་པ་དང་ཡིད་བཟླས་བྱས་པས་ཡིད་ཀྱི་སྒྲིབ་པ་འདག །དེ་གསུམ་གྱིས་རིམ་པ་བཞིན་ཡི་དྭགས། དུད་འགྲོ །དམྱལ་བ་རྣམས་སུ་སྐྱེ་བའི་ལས་ཀྱང་སྦྱོང་བར་གསུངས། འོན་ཀྱང་ཡིད་ཆེས་ཀྱི་དད་པ་མེད་མི་རུང་དུ་གལ་ཆེ་སྟེ། ཐེ་ཚོམ་ཅུང་ཟད་ཅིག་སྐྱེས་ནའང་ཕན་ཡོན་བཤད་པ་བཞིན་མི་འབྱུང་བའི་ཚུལ་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལུང་དེའི་འཕྲོ་དེ་མ་ཐག་ཏུ། ཐེ་ཚོམ་འཚལ་བར་གྱུར་ན་ཐ་ན་ཁ་ན་མ་ཐོ་བ་ཆུང་ངུའི་ལས་ཡང་བ་ཙམ་ཡང་ཡོངས་སུ་འབྱང་བར་མི་འགྱུར་ན་ཁ་ན་མ་ཐོ་བ་ལྕི་བ་ལྟ་སྨོས་ཀྱང་ཅི་འཚལ་ལགས་ཞེས་སྟོབས་ཆུང་ཚུལ་དང༌། ཡང་ཡིད་ཆེས་མེད་པར་ཁ་ནས་བཏོན་པ་ཙམ་ལ་དགོས་པ་ཅི་ཡང་མེད་དམ་སྙམ་པ་ལ། དེ་མ་ཡིན་པར་ནམ་ཞིག་ན་དེས་ཀྱང་ཐར་བའི་ས་བོན་བཞག་སྟེ་འཁོར་བ་མཐའ་ཅན་དུ་འགྱུར་ཚུལ་སྟོན་པར། ཁ་ན་མ་ཐོ་བ་ལྕི་བ་དག་ཡོངས་སུ་འབྱང་བར་མི་འགྱུར་མོད་ཀྱི། འོན་ཀྱང་བྱང་ཆུབ་ཀྱི་རིང་བའི་རྒྱུ་ནི་བགྱིད་པར་འགྱུར་ལགས་སོ། །ཞེས་གསུངས་སོ། །ཤིན་ཏུ་སྙིགས་མའི་དུས་འདིར་དེ་འདྲ་ཙམ་ལའང་དོན་ཆེ་ཚུལ་ཤེས་དགོས་


GTD006_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་ལས། རྗེ་དཔོན་གྱིས་སྐྲག་པས་བགྱིས་སམ། བཞད་གད་ཙམ་གྱི་རྒྱུས་ཉན་པར་བགྱིད་ན། བཅོམ་ལྡན་འདས་མཁས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུས་དེ་དག་གི་རྣ་ཁུང་དུ་སྒྲ་དེ་གྲག་པ་ལགས་པར་འཚལ་བར་བགྱིའོ། །ཞེས་པ་ནས། གཡོ་དང་རྒྱུས་མཆོད་པ་བགྱིད་ནའང་དེ་ཉིད་སེམས་ཅན་དམུ་རྒོད་དག་གི་དགེ་བའི་རྒྱུར་འགྱུར་ལགས་སོ། །ཞེས་གསུངས་ཏེ་ཐུགས་རྗེ་དང་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་མཐུ་ཡིན་ནོ། །སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་བའི་གཟུངས་ལས། གང་ཞིག་རི་བྲག་དགོན་པར་གནས་པའི་ཚེ། །གཅན་གཟན་སྟག་དང་དོམ་དྲེད་སྤྱང་ཀི་དང༌། །སྦྲུལ་གདུག་ཅན་དང་བརླབས་པའི་འདྲེ་རྣམས་ལ། །སྔགས་འདི་བརྗོད་པ་ཙམ་གྱིས་གནོད་མི་ནུས། །གང་ཞིག་རྒྱ་མཚོའམ་ཆུ་ཀླུང་སར་འགྲོ་ན། །ཀླུ་གདུག་འཇོག་པོ་ཆུ་སྲིན་ཉ་རྣམས་དང༌། །གནོད་སྦྱིན་སྲིན་པོ་འབར་བ་རུ་སྦལ་རྣམས། །སྔགས་འདི་ཐོས་པ་ཙམ་གྱིས་ལུས་སྦེད་འགྱུར། །ཕ་རོལ་དམག་ཚོགས་ཕྲད་དེ་དགྲས་བསྐོར་རམ། །སྡིག་པ་ཅན་གྱིས་ནོར་ཟས་འཇོམས་པའི་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །དེ་དག་བྱམས་སེམས་གཡོ་ཞིང་ཕྱིར་ཡང་ལྡོག །གང་ཞིག་རྗེ་དཔོན་དག་གིས་བཙོན་བཟུང་ནས། །ཁྲི་མོན་དང་ནི་བཙོན་རར་འཇུག་པའི་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །རྗེ་དཔོན་སེམས་སློད་གནང་ཞིང་སླར་ལ་གཏོང༌། །དུག་ཅན་ཟས་རྣམས་གནོད་པར་གྱུར་པའི་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །དུག་ཅན་ཟས་དེ་འཕྲལ་དུ་བདུད་རྩིར་འགྱུར། །བུད་མེད་གང་ཞིག་བུ་དག་བཙའ་བ་ན། །གདོན་


GTD006_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཞུགས་ཏེ་སྡུག་བསྔལ་མི་བཟད་ཚེ། །ཐུགས་རྗེ་ཡི་ནི་སྔགས་འདི་བརྗོད་བྱས་པས། །གདོན་བགེགས་བྱེར་ཞིང་བདེ་བར་བཙའ་བར་འགྱུར། །ཀླུ་གདུག་གོར་འདྲེས་རིམས་ནད་གཏོང་བ་ན། །ན་ཚ་མི་བཟད་འཆི་སྒོར་བསྙེན་པའི་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །རིམས་ནད་ཞི་ཞིང་ཚེ་སྲོག་ནུས་པར་འགྱུར། །ཀླུ་དང་ཆུ་སྲིན་གདོན་གྱིས་སྐྲངས་གྱུར་ཅིང༌། །འབྲས་དང་ཤུ་བ་རྣག་ཁྲག་མི་བཟད་ཚེ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ནས། །མཆིལ་མ་ཐེངས་གསུམ་བཏབ་པས་རྗེས་བཞིན་འབྱང༌། །སྙིགས་མ་ཅན་གྱི་སེམས་ཅན་སྡིག་སྤྱོད་ཅིང༌། །སྔགས་དང་བྱད་ཀྱིས་ཁོན་ལ་ཤར་གཉེར་བ། །བསམ་པ་ཐག་པས་ཐུགས་རྗེའི་སྔགས་བརྗོད་ན། །བྱང་སྔགས་དྲག་པོ་དེ་ལ་སླར་འཁོར་རོ། །དུས་ངན་སྙིགས་ཅན་འཁྲུག་ཅིང་ཆོས་འཇིག་ཚེ། །ཆགས་མེད་བདེ་ཞིང་འདོད་ལ་སེམས་རྨོངས་ཏེ། །བཟའ་ཤུག་དབེན་ཞིང་ཉིན་མཚན་གཞན་དག་ལ། །འདོད་པའི་ཆགས་སེམས་གཏོང་བའི་དུས་མེད་པ། །དེ་ཚེ་ཐུགས་རྗེ་ཅན་གྱི་སྔགས་བརྗོད་ན། །འདོད་ཆགས་མེ་དང་འཁྲུག་སེམས་འགག་པར་འགྱུར། །གལ་ཏེ་ང་ཡི་སྔགས་ཀྱི་ཡོན་ཏན་ཀུན། །རྒྱ་ཆེར་བཤད་དུ་བསྐལ་པར་མི་རྫོགས་སོ། །ཞེས་གསུངས་ལ། དམ་ཆོས་པད་དཀར་དུ་འཇིགས་པ་བརྒྱད་ལས་ཐར་ཚུལ་གསུངས་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་མཐའ་ཡས་པ་ཞིག་མདོ་རྒྱུད་དུ་མ་ལས་གསུངས་ཤིང༌། ཁྱད་པར་དུ་འཆི་ཁའི་དུས་སངས་རྒྱས་རྣམས་ཀྱིས་ཞལ་བསྟན་ནས་དག་ཞིང་དུ་འཁྲིད་པའི་ཚུལ་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པའི་


GTD006_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ལས། ལྷའམ་མི་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་ཚིག་འདོན་ཞིང་འཛིན་པར་བགྱིད་ན་འཆི་བའི་དུས་ཀྱི་ཚེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དེར་གཤེགས་ནས་ཕྱག་སློང་བར་འགྱུར་བས་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འཚལ་བར་ཇི་ལྟར་སྨོན་པ་བཞིན་དུ་དེ་དག་ཏུ་སྐྱེ་བར་འགྱུར་ལགས་སོ། །ཞེས་དང༌། དོན་ཞགས་ཀྱི་རྒྱུད་ལས། འགུམ་པའི་དུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་གི་གཟུགས་སུ་མངོན་སུམ་དུ་ཞལ་སྟོན་པར་འགྱུར་རོ། །བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །ལྟ་བ་འཁྲུལ་བར་མི་འགྱུར་རོ། །ཞེས་པ་ནས། སངས་རྒྱས་ཀྱི་ཞིང་གང་དུ་སྨོན་པ་དེར་སྐྱེ་བར་འགྱུར་ཞིང༌། དགེ་བའི་བཤེས་གཉེན་དང་འབྲལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །མདོར་ན་དམ་ཆོས་པད་དཀར་ལས། གང་ཞིག་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་བཞུགས་ཏེ་འཚོ་ཞིང་གཞེས་པ། ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ལ་བཀུར་སྟི་བྱས་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དང༌། གང་གིས་ཐ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ལན་ཅིག་བྱས་པ་དང༌། མིང་འཛིན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་གཉི་ག་མཉམ་སྟེ། ལྷག་པའང་མེད། འཕགས་པའང་མེད་དོ། །ཞེས་མཚན་ཐོས་པ་ཙམ་ལའང་གཞན་ལས་ལྷག་པའི་ཕན་ཡོན་འབྱུང་བ་ནི་མགོན་པོ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས། སྤྱོད་འཇུག་ལས། དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡིས། །འཁོར་བའི་འཇིགས་


GTD006_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པའང་བསལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །ཞེས་གསུངས་ཏེ། སྙིང་ནས་གསོལ་བ་འདེབས་ནུས་ན་ཉིན་ཞག་གཅིག་ལ་སྨྱུང་གནས་བསྲུང་ཞིང་ཡིག་དྲུག་བགྲང་བས་ཀྱང༌། ས་ཆེན་པོའི་རྡུལ་གྲངས་དང་མཉམ་པའི་ལོ་ལ་དམྱལ་བའི་མེ་ནང་དུ་བར་མཚམས་མེད་པར་བསྲེག་ངེས་པའི་ལས་ངན་ཚན་པོ་ཆེའང་བྱང་ཞིང་དག་པར་རྒྱུད་སྡེ་ལས་གསུངས་པས། རང་ཅག་ཐོག་མེད་ནས་བསགས་པའི་སྡིག་པ་མཐའ་ཡས་པའི་ཐོག་ཏུ་ཚེ་འདིར་ཡང་སྡོམ་གསུམ་གྱི་བཅས་མཚམས་དང་འགལ་བ། བླ་མ་དང་གྲོགས་རྡོ་རྗེ་སྤུན་དཀོན་མཆོག་གསུམ་གྱི་རྟེན་སོགས་ཞིང་ཁྱད་པར་ཅན་ལ་སྡིག་བསགས་པ། དཀོར་ཟས་སོགས་ལ་བག་མེད་དུ་སྤྱད་དེ་དམྱལ་བའི་གཡང་ཁར་གནས་པ་རྣམས་ཀྱིས་ལྷ་དང་ཆོས་འདི་ལྟ་བུ་ཞིག་དང་མཇལ་བའི་ཚེ་སེམས་ཤིག་ཡོད་ན་རང་ལ་ནུས་པ་གང་ཡོད་ཀྱིས་འབད་པ་ཆིག་དྲིལ་དུ་མི་བྱ་བའི་ཐབས་མེད་དོ། །གཉིས་པ་གནད་དུ་འགྲོ་བའི་ཕྱིར་བླང་དོར་གྱི་ལག་ལེན་བཤད་པ་ནི། རང་ཅག་ཆོས་སྒྲུབ་པའི་ཁུལ་བྱས་ཀྱང་ཇི་བཞིན་མི་འགྲུབ་པ་དེ། སངས་རྒྱས་ཀྱིས་འབྲས་བུ་འདི་འགྲུབ་པ་ལ་རྒྱུ་འདི་བྱེད་དགོས་གསུངས་པ་གཅིག་ཀྱང་མ་བྱས། འདི་དང་འདི་བྱར་མི་རུང་གསུང་བ་ཐམས་ཅད་བྱས་པས་ལན་པ་མི་ཤེས་པར་ད་དུང་སངས་རྒྱས་ཀྱི་གསུང་མ་བདེན་པར་བརྩི་བ་ནི་སྨྱོན་པའི་སྤྱོད་པ་ཡིན་ཏེ། དཔེར་ན་ཤར་གྱི་གྲོང་ཁྱེར་དུ་འགྲོ་འདོད་པ་ལ་གཞན་ཞིག་གིས་དེའི་ལམ་དྲང་པོར་བསྟན་ཀྱང༌། ཁོ་རང་ནུབ་ཏུ་སོང་སོང་ནས་ཤར་དུ་སླེབ་རྒྱུ་མ་བྱུང་


GTD006_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གཞན་དེས་རྫུན་སྨྲས་པར་འདུག་ཅེས་བཤད་པ་དང་ཁྱད་མེད་དོ། །འདི་ལ་དགོངས་ཏེ་འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །ཞེས་དང༌། རྡོ་རྗེ་རྩེ་མོ་ལས། གང་ཟག་བཞིས་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་སྐྱེས་དང༌། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་སྤྱོད་པ། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཞེས་གསུངས་པས། འགལ་རྐྱེན་རྣམས་དང་བྲལ་ཞིང་མཐུན་རྐྱེན་རྣམས་ཚང་ན་འབྲས་བུ་ཇི་ལྟར་གསུང་བ་བཞིན་འབྱུང་བ་ལ་ཐེ་ཚོམ་མེད་དོ། །དེའང་བསམ་པའི་ཁྱད་པར་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པའི་ངེས་འབྱུང་དང༌། རང་ཉམས་ལ་དཔག་སྟེ་མ་རྒན་སེམས་ཅན་རྣམས་ལ་དམིགས་པའི་སྙིང་རྗེ། དེ་དག་གི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་སེམས་བསྐྱེད་རྣམས་མ་མཐའ་བཅོས་མ་ཙམ་རེ་ཡིན་ཀྱང་གསལ་བཏབ་ནས་དེས་ཟིན་པར་བྱེད་པ་དང༌། སྦྱོར་བའི་ཁྱད་པར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ལས་མ་འདས་ལ། འདིར་སྡོམ་པ་ནི་ཐུགས་རྗེ་ཆེན་པོའི་དབང་ངེས་པར་སྔོན་དུ་ཐོབ་དགོས་ཤིང༌། དེར་སྔགས་སྡོམ་འཛིན་རྒྱུ་མེད་ཀྱང་བྱང་སྡོམ་ལེན་དགོས་པས། དེའི་བསླབ་བྱ་རྩ་ལྟུང་བཅོ་བརྒྱད་དང༌། ཉེས་བྱས་ཞེ་དྲུག་གི་བསྲུང་མཚམས་སོགས་འདིར་བྲིས་ན་ཧ་ཅང་མང་འགྲོ་བ་དང༌། བླ་མ་གོང་མའི་གསུང་གི་བསླབ་བྱ་རྒྱས་བསྡུས་ཅི་འདྲ་ཞིག་དགོས་ཀྱང་ལག་མི་ཐོགས་པས་དེ་དག་གི་སྟེང་ནས་ལེགས་པར་རྩད་བཅད་དེ་བསྲུང་དགོས། དེའི་སྟེང་དུ་སྔགས་ཀྱི་དམ་ཚིག་


GTD006_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མང་པོ་ཞིག་གསུང་བས་འདིར་ལག་ལེན་ཉེར་མཁོ་གལ་ཆེ་བ་འགའ་ཙམ་སྨོས་ན། ལེགས་གྲུབ་ཀྱི་རྒྱུད་ལས། དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གསང་སྔགས་ཟློས་པའི་འདུལ་བ་བཤད། །མཁས་པས་གསང་སྔགས་ཆོ་ག་དང༌། །གསང་སྔགས་རང་བཟོ་མི་བྱ་ཞིང༌། །བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པར་གྱུར་ན་ཡང༌། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཡང་སྨད་པར་མི་བྱ་འོ། །གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །སྔགས་ཀྱི་སྒྲུབ་པ་པོ་དག་དང༌། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་སྤྱད་མི་བྱ། །ཟློས་པ་ཆོ་ག་ལ་གནས་པས། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་པར་བྱ་ཕྱིར་ཕྲེང་བ་དང༌། །ཁ་དོག་འཆང་བར་མི་བྱ་འོ། །འགོང་བ་དང་ནི་མཆོང་བ་དང༌། །རྒྱུག་པ་དང་ནི་ཙབ་ཧྲལ་དང༌། །ལུས་ལས་བྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤངས་པར་བྱ། །བདེན་པའི་ཆོས་ལ་གནས་པ་ཡིས། །དོན་མེད་གཏམ་ཡང་མི་བྱ་འོ། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སྔགས་གཡོག་གཅིག་པུ་མ་གཏོགས་པར། །གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་སྨྲ་མི་བྱ། །སྙིམ་པ་ཁོ་ནར་མི་ཟ་སྟེ། །འཁར་བའི་སྣོད་དུའང་ཟ་མི་བྱ། །ལོ་མའི་རྒྱབ་ཏུའང་མི་ཟ་ཞིང༌། །མཁས་པས་ཆགས་པའི་ཟས་མི་ཟ། །ཡང་དང་ཡང་དུ་མི་ཟ་སྟེ། །ཧ་ཅང་ཆུང་དང་ཆེར་མི་ཟ། །མི་ཟ་བར་ཡང་མི་བྱ་ལ། །གང་དག་དོགས་པའང་མི་ཟ་འོ། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོངས་མི་བྱ། །སྒྲིམ་པ་ལྷོད་པར་མི་བྱ་འོ། །


GTD006_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ནི་གཞན་དུ་མ་གྱུར་དང༌། །བསམ་པ་མང་པོ་མ་ཡིན་དང༌། །མི་གཙང་ཆགས་པའི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་གདོན། །ཞེས་དང༌། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། སྟངས་དང་མཆོད་པ་དང་ནི་གར་བྱེད་དང༌། །གླུ་ལེན་རྔ་བརྡུང་སྐྱེ་བོས་དཔྱས་འགྱུར་དང༌། །ལྷག་པའི་ང་རྒྱལ་འདྲིད་དང་འདོད་ཆེན་དང༌། །རྒྱན་པོ་དང་མི་འདུས་པ་བལྟ་འདོད་དང༌། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང༌། །བསྟན་བཅོས་ངན་དང་སྙན་དངགས་ཀློག་འདོན་དང༌། །ཆགས་དང་འཚིག་དང་དྲེགས་དང་རྒྱགས་པ་དང༌། །ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང༌། །ཤ་ཆང་ཀེ་འུ་བཙོང་དང་སྒོག་རྡོག་དང༌། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང༌། །གུ་ལང་མཆོད་བྱས་གཏོར་མ་མི་ཟའོ། །ཞེས་གསུངས། དོན་ཞགས་ཀྱི་རྒྱུད་ལས་ཀྱང༌། ཆང་དང་ཤ་དང་ཀུན་དོང་དང་ཀེའུ་དང་སྒོག་སྐྱ་དང༌། འདྲེས་པ་དང༌། ལྷག་རོལ་དང༌། འདི་རྣམས་ཁྱད་པར་དུ་དོན་དུ་གཉེར་བས་སྤང་བར་བགྱིའོ། །ཞེས་དྲི་ངན་འདི་དག་ལ་འཛེམ་དགོས་ཚུལ་ནན་ཏན་དུ་གསུངས་པས་ངེས་པར་ཕན་ཡོན་ཞིག་འདོད་ན་ཤིན་ཏུ་ཟོན་བྱེད་དགོས་ཏེ། སྔོན་ལོ་ཙཱ་བ་རིན་ཆེན་བཟང་པོའི་སློབ་མ་ཞིག་ལ་རྗེ་བཙུན་འཇམ་དབྱངས་ཀྱི་སྒྲུབ་ཐབས་གནང་ནས་སྒོམ་དུ་བཅུག་པའི་ཚེ་དེས་ཀྱང་རྩེ་གཅིག་ཏུ་བསྒྲུབས་ཏེ་དུས་ཡུན་རིང་སོང་ཡང་གྲུབ་པའི་མཚན་མ་གང་ཡང་མ་བྱུང་བ་ན། ལོ་ཆེན་གྱི་ཞལ་ནས་ངས་ནི་ཁྱོད་ལ་དགའ་བཞིན་དུ་བྱིན་པ་ཡིན། ཆོ་གའི་ཡན་ལག་འདྲ་ཉམས་པ་མིན་ནམ་གསུངས་པ་ན། ཁོང་གིས་ཆོ་གའི་ཡན་ལག་གཞན་རྣམས་ཚང་སྟེ། ཁྲུས་བྱེད་པ་མ་བྱུང་ཞུས་པ་ན། ལོ་ཆེན་གྱི་ཞལ་ནས་དེར་ལན་པ་ཡིན་པས།


GTD006_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཁྲུས་གྱིས་ལ་སྒྲུབས་ཤིག་ཅེས་གསུང༌། ཁོང་གིས་ཀྱང་དེ་བཞིན་བྱས་པས་མྱུར་དུ་གྲུབ་པའི་གཏམ་རྒྱུད་ལྟ་བུ། ཕྲ་མོ་དེ་ཙམ་རེས་ཀྱང་ཕན་གནོད་ཆེན་པོ་བྱུང་བ་ཡིན། །མདོར་ན་བྱ་རྒྱུད་དོན་གསལ་ལས། འདུལ་བའི་བཅས་མཚམས་དག་པ་དང༌། བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པ་གཞིར་བཟུང་ནས་སྔགས་ཀྱི་ཉམས་ལེན་བྱ་དགོས་ཚུལ་དང༌། སྐབས་འདིར་གཙང་སྦྲ་ཤིན་ཏུ་གལ་ཆེ་བས་སྤྱོད་ལམ་ཀུན་ཏུ་གཙང་སྦྲ་དགོས་ཚུལ་དང༌། དེའི་ནང་ནས་ཀྱང་བཟའ་བཏུང་གི་ཚེ་གཙང་སྦྲ་ཤིན་ཏུ་གལ་ཆེ་བས། གནས་གང་དུ་ཟ་བ་དང༌། གང་དུ་མི་རུང་བའི་ཁྱད་པར། སྣོད་གང་དུ་ཟ་བ་དང་གང་དུ་མི་རུང་བའི་ཁྱད་པར། ཟས་གང་ཟ་བ་དང་གང་ཟ་མི་རུང་བའི་ཁྱད་པར༌། སྦྱིན་བདག་ཇི་ལྟ་བུ་ལ་སློང་རུང་བ་དང་མི་རུང་བའི་ཁྱད་པར་རྣམས་ཞིབ་ཏུ་ཤེས་པར་བྱས་ནས་ཇི་ལྟར་གསུངས་པ་ལྟར་བྱེད་པ་ཤིན་ཏུ་གལ་ཆེ། གསུངས་པ་ལྟར་ཡིན་པས་ཟས་དང་སྤྱོད་ལམ་གྱི་སྐོར་འདི་ལ་གཟབ་དགོས་ལྷག་པར་ཡང་བདུད་ཀྱི་ཆོ་འཕྲུལ། དུས་ངན་སྙིགས་མའི་རང་རྟགས་ཐ་མ་ཁ་ཟེར་བའི་རྫས་ངན་འདི་ལ་ཤིན་ཏུ་འཛེམ་དགོས་ཏེ། གོང་དུ་སྒོག་པ་སོགས་ལ་དགག་བྱ་ཆེར་མཛད་ནའང༌། དེའི་ནུས་པ་འདུལ་བ་མདོ་རྩ་བར། སྒོག་སྐྱ་ནི་ཞག་བདུན། ཀུན་དོང་ནི་ཞག་གསུམ། ཀེའུ་ནི་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །ཞེས་ཡུན་དེའི་བར་དུ་དྲི་ངན་ཡལ་མི་ཐུབ་པས་གཙུག་ལག་ཁང་དུ་འཇུག་མི་རུང་ཡང༌། རླུང་ནད་ཅན་གྱིས་རྟེན་གསུམ་མེད་པའི་དབེན་པར་བསྡད་ན་སྐྱོན་མེད་པར་གསུངས། འདི་ནི་དྲི་ངན་པ་ཙམ་མ་ཡིན་པར་འདི་ཕྱི་


GTD006_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་གནོད་པའི་ཉེས་དམིགས་མང་པོ་ཡོད་དེ། དེའི་རྒྱུ་མཚན་དང་པོའི་འབྱུང་ཁུངས་ཀྱང༌། སློབ་དཔོན་པདྨས་རཏྣའི་ལུང་བསྟན་དུ་གསུངས་པ་ལྟར་དམ་སྲི་སྤུན་དགུའི་ཐ་ཆུང་གིས་སྨོན་ལམ་ལོག་འདེབས་བྱས་པས་བདུད་རིགས་ཀྱི་བུད་མེད་ཅིག་ཏུ་སྐྱེས་སླར་ཡང་ལས་སྨོན་ལོག་པ་དེ་ལ་གསོས་བཏབ་སྟེ་ཤི་བའི་ཟླ་མཚན་གྱིས་ས་བོན་བྱས་ནས་སྐྱེས། དམ་སྲིས་སྙིང་བསྒུལ་ཏེ་སྐྱེ་བོ་མང་པོས་དེ་ལ་ལོངས་སྤྱད་པས་འཕྲལ་དུ་དགའ་སྣང་སྐྱེ་ཞིང༌། དེ་ནས་ཉོན་མོངས་པ་དུག་ལྔ་མེ་ལྟར་མཆེད། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ལད། དཀར་ཕྱོགས་ཀྱི་ལྷ་རྣམས་མནོལ། ནད་གདོན་ཀུན་གྱི་སྣ་འདྲེན་པའི་ཉེས་དམིགས་ཤིན་ཏུ་མང་སྟེ། རཏྣའི་ལུང་བསྟན་ལས། རྟེན་གྱི་སྐུ་ལ་དུ་བ་ཕོག་པ་ཡིས། །ལྷན་ཅིག་སྐྱེས་པའི་ལྷ་ནི་བྲོས་པ་དང༌། །འཐུང་བའི་མོད་ལ་བྱང་ཆུབ་སེམས་རྩ་སྐེམས། །སྲོག་རྩར་གདོན་ཞུགས་ཚེ་ཐུང་དབུགས་ཀྱང་འཚང༌། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སྣ་འདྲེན་བྱེད། །མདོག་ངན་འགྱུར་དང་མཁྲིས་ནད་འཕེལ་བར་འགྱུར། །ཡུལ་དེར་མུ་གེ་བྱུང་ནས་ཕལ་ཆེར་འཆི། །འཐབ་རྩོད་འཁྲུག་པ་བྱུང་ནས་མཚོན་གྱིས་འཆི། །བསྟན་འཛིན་སྐུ་ཚེ་མི་བརྟན་ཞིང་གཞན་གཤེགས། །དུག་གི་དུད་པ་ཧ་ཅང་ཆེ་དྲགས་པས། །ནམ་མཁར་ལྟས་ངན་གཏོང་བའི་སྐར་མ་འཆར། །དུག་གི་དུད་པ་ནམ་མཁར་ཕོག་པ་ཡིས། །ལྷ་ཡི་གྲོང་ཁྱེར་འབུམ་ཚོ་འཇིག་པར་བྱེད། །དེ་ཡི་སྟོབས་ཀྱིས་གནམ་ནས་ཆར་མི་འབབ། །དུག་གི་དུད་པ་ས་གཞིར་ཕོག་པ་ཡིས། །ཀླུ་ཡི་གྲོང་ཁྱེར་ཆེན་པོ་འབུམ་ཚོ་འཇིག །དེ་ཡི་དབང་གིས་གནམ་ལ་སྤྲིན་མི་འབྱུང༌། །ཆར་ཆུ་མི་འབབ་ལོ་ཕྱུགས་མི་ལེགས་ཤིང༌། །


GTD006_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་བའི་མི་རྣམས་ཡི་དམ་ལྷ་བསྒྲུབས་ཀྱང༌། །ལྷ་ཞལ་མི་སྟོན་ཚུར་ལ་གདོན་ཞལ་མཐོང༌། །བསྐལ་པར་བསྒྲུབས་ཀྱང་མི་འགྲུབ་བར་ཆད་འབྱུང༌། །ཞེས་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། མི་གཙང་རྩོག་གིས་མནོལ་བས་སད་སེར་དང༌། །མི་འདོད་འབྲས་བུ་སྣ་ཚོགས་འགྲོ་ལ་འབྱུང༌། །རྣམ་སྨིན་རང་ཉིད་མ་ཟད་དྲི་ཕོག་པའི། །འགྲོ་རྣམས་དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །གནས་ངན་མི་ཁོམ་གནས་སུ་སྐྱེ་བས་ན། །རིག་ལྡན་སུ་ཞིག་དེ་འདྲ་ལ་མི་འཛེམ། །ཞེས་གསུངས་ཤིང༌། རང་གིས་འཐེན་པར་མ་ཟད་གཞན་གྱིས་འཐེན་པའི་དུ་བ་ཕོག་ནའང་དགེ་སྦྱོར་ལ་ཤིན་ཏུ་གནོད་པར་རྒྱལ་སྲས་བློ་བཟང་བསྟན་འཛིན་གྱིས་གསུངས་སོ། །འདི་སངས་རྒྱས་ཀྱི་དུས་སུ་མེད་པས་གླེང་གཞི་མ་བྱུང་བ་མ་གཏོགས། བྱུང་ན་ཆང་དང་ཁྱད་མེད་དུ་འགོག་རྒྱུའི་ཚོད་ཡིན་ཞེས་པཎ་ཆེན་གྱིས་གསུངས་ཚུལ་དམ་པ་གོང་མའི་གསུང་རྒྱུན་ལས་འབྱུང་བས། འདུལ་བ་མདོར་བསྡུས་ཀྱི་དོན་བཞིན་རུང་མཐུན་སྦྱར་ཚེ་འདུལ་བའི་བཅས་མཚམས་དང་འགལ་བའི་ཉེས་པའང་ཆེན་པོར་འགྲོ། དེའི་རྒྱུ་མཚན་ནི་འདིས་སེམས་མྱོས་པར་བྱེད་ཅིང་མང་དུ་བསྟེན་གྱིན་སྤྱོད་པ་ཇེ་རྩིང་དུ་སོང་སྟེ་འཕྱར་གཡེང་སོགས་བག་མེད་པའི་སྤྱོད་པ་སྣ་ཚོགས་ལ་འཇུག་པར་འགྱུར་བ་དང༌། དམ་སྲིའི་ལོག་སྨོན་གྱིས་བསྐྱེད་པའི་རྫས་ཡིན་པས། དམ་སྲིས་སྣ་དྲངས་ཏེ་གདོན་བགེགས་ལོག་འདྲེན་ཐམས་ཅད་ཤ་རུལ་ལ་སྦྲང་བུ་འཁོར་བ་བཞིན་དུ་དེར་འདུ། དེ་དག་འདུས་པ་བཞིན་གྱིས་གྲིབ་དང་ཆམ་པ་གློ་ནད་ཚད་རིམས་སོགས་ལུས་ཀྱི་ནད་སྣ་ཚོགས་པ། འདོད་ཆགས་


GTD006_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་སོགས་ཉོན་མོངས་པའི་རྟོག་པ་དང་དེ་ལ་བརྟེན་པའི་ལུས་སེམས་ཀྱི་སྡུག་བསྔལ་མི་ཁ་གཏམ་ངན་སོགས་མི་འདོད་པ་སྣ་ཚོགས་པ། ཡུལ་ཁམས་སུའང་སད་སེར་ལོ་ཉེས་མི་ནད་ཕྱུགས་ནད་དམག་འཁྲུག་སོགས་བཀྲ་མི་ཤིས་པ་སྣ་ཚོགས་སྒོ་དུ་མ་ནས་འོང་ངོ༌། །ཁྱད་པར་དུ་སྒྲུབ་པ་ཉམས་ལེན་བྱེད་པ་ལ་ཕྱིའི་སྒབ་འདྲེ་མནན་པ་ཞེས་དམ་སྲི་ཕར་བསྐྲད་དགོས་པ་དེ་བསམ་བཞིན་དུ་ཚུར་བོས། བསྟེན་རྒྱུའི་ཡི་དམ་ཆོས་སྲུང་རྣམས་ལ་ལྷ་དབྱེའི་རྫས་ངན་གྱི་དུད་པ་བདུག་སྟེ་རང་མགོན་སྐྱབས་དང་བྲལ་བའི་ཐབས་ཕ་རོལ་གྱི་བྱད་མས་བྱེད་རྒྱུ་དེ་རང་གིས་བྱས་པ་ཡིན་སྔགས་ཀྱི་ནུས་པ་ཉམས་ཤིང༌། དུ་བ་མང་དུ་འཐེན་པ་དེས་རྩ་ལམ་རྣམས་འགགས་ཏེ་འཕོ་བ་སྦྱངས་ཀྱང་མི་ཐེབས་ལ། འཆི་ཁའི་དུས་སྐྱེས་བུ་དམ་པ་གཞན་གྱིས་འཕོ་བ་བཏབ་ཀྱང་ཕན་མི་ཐོགས་པས་འདི་ཕྱི་གཉི་ག་ཕུང་བ། གཞན་གྱིས་མཐོང་ན་མ་དད་པ་སྐྱེ་བས་ཁྱིམ་པ་སུན་འབྱིན་དུ་འགྲོ་ཞིང་བསྟན་པའི་དབུ་འཕང་སྨོད་པ། ཉེས་དམིགས་ཆེ་ལ་དགོས་པ་ཅི་ཡང་མེད་པའི་སྨྱོན་པའི་སྤྱོད་པ་ལྟ་བུ་འདིར་དགའ་བ་ནི་ཤེས་རྒྱུད་བདུད་ཀྱིས་བརླམས་པ་ཡིན་པས་རྟོག་དཔྱོད་དང་ལྡན་པ་ཞིག་ཡིན་ན་འཇུག་ཚུལ་མེད་དོ། །དེ་དག་གིས་སྤང་བྱའི་གཙོ་བོར་རགས་རིམ་ཙམ་བཤད་པ་ཡིན་ཞིང༌། དེ་ནས་ལག་ཏུ་ལེན་རྒྱུའི་རིམ་པ་ཉེར་མཁོ་གལ་ཆེ་བ་རྣམས་བརྗོད་ན། བསྙེན་མཚམས་ལྟ་བུ་བྱེད་ཚེ་གནས་བཟང་པོར་ཕྱག་དར་བྱས་ཏེ་བགེགས་གཏོར་གཏང༌། ཨོཾ་ཨ་མོ་གྷ་ས་མནྟ། ད་ཤ་དིཀ་མཧཱ་བི་མ་ན། བནྷ་ཡི་དྷུ་རུ་དྷུ་རུ་ཧཱུཾ་ཕཊ་སྭཱཧཱ། ཡུངས་ཀར་ལ་ལན་བདུན་བཟླས་བརྗོད་བྱས་པས་མཚམས་གཅད། ཡུལ་ལྷ་ལ་


GTD006_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་བསྔོས། སྨན་པ་ལྟ་བུ་གལ་ཅན་སླར་འོངས་དགོས་པ་ཡོད་ན་དེའི་འདུ་ཤེས་ཀྱི་རྡེའུ་བཞག་སྟེ་མཚམས་ནང་དུ་ཡོད་པའི་དམིགས་པ་བྱ། རྒྱུན་གྱི་མཚམས་གཡོག་དམ་གཙང་བག་ཡོད་བློ་དང་མཐུན་པ་གལ་ཆེ། མཚམས་ཐོ་འཕགས་སྐྱེས་པོར་བསམ་ལ་མཆོད་པ་དངོས་སུ་ཡོད་ན་ཨརྒྷཾ་སོགས་དང༌། མེད་ཚེ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིདྡྷི་ལོ་ཙཱ་ནི་སརྦྦ་ཨརྠ་ས་དྷ་ནི་སྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤྲུལ་ཏེ་དབུལ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་བཞིན། །བདག་གི་སྒྲུབ་པའི་གྲོགས་མཛོད་ཅིག །ཅེས་པ་ལྟ་བུས་འཕྲིན་ལས་བཅོལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཨ་མོ་གྷ་བི་མོ་ཀྵ། མཎྜ་ལ་མཧཱ་ད་བྷཱུ་ཏ་བི་མ་ལེ། དྷ་ར་དྷ་ར། དྷི་ར་དྷི་ར། མཧཱ་བྷཱུ་ཏ། ཨ་མི་ཏཱ་བྷ། མ་ཀུ་ཊ་དྷ་ར་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་ཏེ་བསྔགས་པའི་ཆུས་ཆག་ཆག་བཏབ་སྟེ་ས་གཞི་བྱིན་གྱིས་བརླབ། ཨོཾ་ཨ་མོ་གྷ་པདྨ་ས་སུན་དྷ་ར། དྷ་ར་དྷ་ར། དྷ་ར་ཎི། མཎྜེ་ཧཱུཾ། ཞེས་སྟན་བྱིན་གྱིས་བརླབ། ཨོཾ་ཨ་མོ་གྷ་རཀྵ་ཎ། པཱ་ཤ་ཧ་སྟེ། བྷུ་རུ་བྷུ་རུ་སྭཱཧཱ། ཞེས་བདག་བསྲུང་བ་བྱ་སྟེ་འདི་དག་ཟླ་མེད་ཀྱི་བསྲུང་འཁོར་སྒོམ་པའི་དོད་ཡིན། སྟན་གྱི་འོག་ཏུ་གཡུང་དྲུང་གཡས་སྐོར་བྲི་ཞིང་དུར་བ་དགྲམ་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས་ལ། དཔུང་བཟང་གི་རྒྱུད་དུ་ཀུ་ཤ་དགྲམ་པར་གསུང༌། དུས་ཡར་ངོའི་ཚེས་བརྒྱད་དང་བཅོ་ལྔ་སོགས་གཙོ་བོར་བྱ་སྟེ། དོན་ཞགས་ཀྱི་


GTD006_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། རིག་སྔགས་འཆང་བ་ཁྲུས་བྱས་ནས། །གོས་གཙང་བགོས་ཏེ་སྨྱུང་བ་ལ། །ཉེ་བར་གནས་པ་ཚེས་བརྒྱད་དམ། །བཅུ་བཞི་ཚེས་ནི་བཅོ་ལྔ་སྟེ། །ཟླ་བ་ཡར་གྱི་ངོ་ལ་བསྒྲུབ། །ཅེས་གསུངས། ཁྱད་པར་དུ་ས་གའི་བཅོ་ལྔ་ནི་དུས་ཆེན་གསུམ་འཛོམ་ཡིན་པར་མ་ཟད། དགེ་སློང་མ་དཔལ་མོས་ལམ་འདིའི་སྒོ་ནས་མཆོག་གི་དངོས་གྲུབ་བརྙེས་པའི་དུས་ཡིན་ཞིང༌། བརྒྱུད་པའི་བླ་མ་མང་པོས་ཀྱང་དུས་འདིར་འཕགས་པའི་ཞལ་གཟིགས་པ་སོགས་ཀྱི་རྟེན་འབྲེལ་གྱིས་སྒྲུབ་པའི་མགོ་འདི་ནས་བརྩམས་ན་བྱིན་རླབས་མྱུར་བའི་ཁྱད་ཆེ། ཁ་ལྟ་ཕྱོགས་ཤར་དུ་གསུང་བ་མང་ཡང༌། སྨྱུང་གནས་འདི་ལ་ཁང་པའི་སྟབས་འགྲིག་ན་ནུབ་ཏུ་བལྟ་ཞིང༌། མིན་ན་དེར་ཡིད་ཀྱིས་མོས་པ་གཙོ་བོར་བྱེད་པ་སྒོས་ཆོས་ཡིན། དེ་ནས། ཨོཾ་ཨ་མོ་གྷ་ཛ་ལ་བི་མ་ལེ། སུ་རུ་སུ་རུ་སྭཱཧཱ། ཞེས་ཉེར་གཅིག་བཟླས་པའི་དྲི་བཟང་གི་ཆུ་ཁྲུས་དང་ཉེ་རེག་སོགས་ཀྱི་དོན་དུ་བཞག །དཀྱིལ་ཐང་ངམ་པདྨ་འདབ་བརྒྱད་ལ་ཚོམ་བུ་དགོད་པ་དང༌། གཞན་ཡང་འཕགས་པའི་སྐུ་བྲིས་འབུར་ཅི་རིགས། བྱ་རྒྱུད་ཀྱི་བུམ་རྫས་བཏབ་པའི་བུམ་པ་གཙང་མ་མགུལ་ཆིངས་ཅན་མཆོད་གཏོར་དང་བཅས་པ་བཤམ་ཚུལ་ངག་འདོན་གྱི་རིམ་པ་སོགས་ཆོ་གའི་གཞུང་བཞིན་བྱ། དོན་ཞགས་ལས་གཙུག་ཏོར་སོགས་ཀྱི་ཆོས་གོས་ཐམས་ཅད་ལ་སྔགས་མང་པོ་སོ་སོར་གསུངས་པ་བཞིན་གྲུབ་ན་རྒྱུད་སྡེ་གོང་མའི་སྐྱེ་མཆེད་བྱིན་རླབས་སོགས་ཀྱི་དོད་ཡིན་པས་གལ་ཆེ་ལ། དངོས་དག་པ་ཞིག་ཡོང་དཀའ་བས་དེ་ཐམས་ཅད་ཀྱི་ཚབ་ཏུ་སྐུ་གསུང་ཐུགས་བྱིན་རླབས་ཀྱི་འཕྲོ་དེར་ལག་པ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་པ་པདྨའི་རིགས་ཀྱི་དམ་རྒྱ་སྙིང་ག །སྨིན་མཚམས། མགྲིན་པ། དཔུང་མགོ་གཡས་གཡོན་ཏེ་གནས་ལྔར་གཏུགས་ལ། ཨོཾ་པདྨ་ཨུདྡྷ་ཝ་


GTD006_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་སྭཱཧཱ། ཞེས་པ་ཚར་ལྔ་བརྗོད་ན་གོ་ཆོད་པས་ནན་ཏན་དུ་བྱའོ། །འཕྲེང་བ་ནི་དེ་བཞིན་གཤེགས་པའི་རིགས་ལ་བོ་དེ་ཙེ། པདྨའི་རིགས་ལ་པདྨའི་སྙིང་པོ། རྡོ་རྗེའི་རིགས་ལ་རུ་རཀྴ་མཆོག་ཏུ་གསུངས་པས་སྐབས་འདིར་པདྨའི་སྙིང་པོ་འབྱོར་ན་རབ་དང༌། དེ་མིན་བོ་དེ་ཙེའམ། ཤེལ་འཕྲེང་གང་རིགས་བྱས་ན་ལེགས་པར་མངོན། འཕྲེང་བ་གསར་དུ་བཟུང་བའམ་མཚམས་མགོ་ལྟ་བུ་ལ་སྙིམ་པར་བཞག་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་ཝ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཨོཾ་ཨ་མྲྀ་ཏ་མ་ག་ལེ་ཤྲཱི་ཡེ་ཤྲཱི་ཡ་མ་ལི་ན་སྭཱཧཱ། ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་རབ་གནས་བྱ། རྒྱུན་པར་བཟླས་པ་བྱེད་དུས་ནི། ཐལ་མོ་སྙིང་གར་སྦྱར་ནས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མ་ན་སརྦ་ཏ་ཐཱ་ག་ཏཱ་བཛྲ་པཱ་ད་བནྡྷ་ནཾ་ཀ་རོ་མི། ཞེས་ལྷ་དང་བླ་མ་ལ་ཕྱག་བྱས་ཏེ་འཕྲེང་བ་སྙིམ་པར་བླངས་ལ། ཨོཾ་བ་སུ་མ་ཏཾ་ཤྲཱི་ཡེ་སྭཱཧཱ། ཞེས་པ་འདི་ལན་བདུན་བཟླས་ཏེ་བྱིན་གྱིས་བརླབ། ཞོགས་ཀ་ངག་བྱིན་རླབས། འགྱུར་སྔགས། ཕྲེང་སྔགས་སོགས་ཁོ་བོས་ཆོས་སྤྱོད་གསལ་སྒྲོན་དུ་བཀོད་པ་བཞིན་བྱས་ཡོད་ན་དེས་འཐུས། འཕྲེང་བ་འཛིན་ཚུལ། གུང་མོ་དང་མཐེའུ་ཆུང་བརྐྱངས། མཛུབ་མོ་རྒྱབ་ཏུ་བཞག་ནས་སྲིན་ལག་དང་མཐེ་བོས་འདྲེན་པར་གསུངས་ལ། འདིའང་ལས་ཐམས་ཅད་པ་ལ་ཤིས་པའི་འཕྲེང་བ་འཛིན་ལུགས་ཡིན་པས་ཐོག་མར་གཟུངས་རིང་ངམ་སྙིང་པོ་བརྒྱ་རྩ་རེ་ལྟ་བུ་གཡས་ཀྱིས་དེ་བཞིན་འདྲེན་ལ། རྒྱུན་པར་མ་ལྕོགས་ན་གཡོན་པས་ཀྱང་གང་བདེར་བགྲང་ཆོག་པར་སྔགས་རིམ་ལས་གསུང༌། བཟླས་པའི་སྐབས་ཀྱི་དམིགས་པ་ནི། རང་


GTD006_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲའམ་ཞལ་གཅིག་ཕྱག་གཉིས་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿ དཀར་པོ། དེ་ལ་སྔགས་ཕྲེང་དཀར་པོ་འོད་ཟེར་སྤྲོ་བཞིན་པས་གཡས་སྐོར་དུ་བསྐོར་བ། དེའི་འོད་ཟེར་གྱིས་ལུས་གང་བས་སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས། ཕྱིར་སྤྲོས་པའི་སྣེ་ལས་མཆོད་ལྷ་སྤྲོས་རྒྱལ་བ་སྲས་བཅས་མཆོད། རིགས་དྲུག་སོ་སོའི་གནས་སུ་སོང་སྟེ་རང་རང་གི་སྡུག་བསྔལ་ལས་ཐར་བར་བྱས། འཕགས་པའི་གོ་འཕང་ལ་བཀོད་པ་སོགས་འཁྱེར་སོ་གསུམ་གྱི་ངང་ནས་བཟླ། སྔགས་འདོན་ཚུལ་ནི་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང༌། །སྒྲ་ཆེར་མི་བྱ་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེང་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚེག་རྣམས་ཉམས་པ་མིན། །ཞེས་དང༌། ལེགས་གྲུབ་ཀྱི་རྒྱུད་ལས། བཟླས་བརྗོད་བྱེད་པས་ཁྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང༌། །འཇུངས་དང་ང་རྒྱལ་ཡོངས་སུ་སྤངས། །ཟློས་ཚེ་ཅི་ཡང་མི་སྨྲ་ཞིང༌། །ཡན་ལག་འགྱུར་བར་མི་བྱའོ། །ཀུན་རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །ཞེས་རྣམ་རྟོག་སྣ་ཚོགས་ཀྱི་དབང་དུ་མི་གཏོང་བར་གསུངས་པས་སེམས་མ་གཡེང་བ་ཤིན་ཏུ་གལ་ཆེ་སྟེ། གདོང་དྲུག་གི་རྒྱུད་ལས། གཞན་དུ་མི་འགྲོ་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་པའི་ཕྱིར་རོ། །བཟླས་པའི་སྐབས་ནོར་ནས་ལྷ་གཞན་གྱི་སྔགས་བཟླས་པ་དང༌། གཏམ་སྨྲ་བ། གཉིད་དང་འོག་རླུང༌། གླལ་བ་དང་སྦྲིད་པ་སོགས་བྱུང་ན་ཉེ་


GTD006_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱས་ནས་ཐུན་སླར་བསྡམས་དགོས་ཀྱི། དེ་ཡན་ལ་ཐུན་དེར་བཟླས་པ་རྣམས་ཀྱིས་གྲངས་ཀྱི་གོ་མི་ཆོད་དོ། །གཞན་ཡང་འཕྲེང་བ་མ་རྫོགས་པར་འཕྲོ་བཞག་པ་དང༌། གནས་གཞན་དུ་བཟླས་པའི་འཕྲོ་བསྐང་བ་ལྟ་བུས་བསྙེན་གྲངས་ཀྱི་གོ་མི་ཆོད་ལ། མཚན་མོ་རྨི་ལམ་ངན་པ་བྱུང་ཚེ་ནངས་པར་རིགས་ཀྱི་བདག་པོའི་སྔགས་བརྒྱ་མ་བཟླས་པར་བསྙེན་པ་བྱས་ཀྱང་གྲངས་སུ་མི་འགྲོ་བར་གསུངས་སོ། །བྱ་རྒྱུད་ཀྱི་སྐབས་འདིར་སྤྱོད་ལམ་ཤིན་ཏུ་གཟབ་དགོས་ལ། ཐུན་རིང་ན་སྐྱོན་མེད་ཅིག་འོང་དཀའ་བས་དང་པོ་ཐུང་ཙམ་བྱས་ན་ལེགས། ཐུན་གྱི་གྲངས་ནི་བསམ་གཏན་ཕྱི་མ་ལས། དུས་གསུམ་དུ་ནི་ཕྲ་མོ་འདི། །གསང་སྔགས་སྒྲུབ་ལ་བརྟུན་པ་ཡིན། །ཞེས་དང༌། ལེགས་གྲུབ་ལས། མཁས་པས་དུས་གསུམ་ཁོ་ནར་ཡང༌། །ཁྲུས་བྱེད་ནས་ནི་བཟླས་བརྗོད་བྱ། །ཞེས་གསུངས་ལ། དོན་ཞགས་ཀྱི་རྒྱུད་ལས་ཀྱང༌། གསོ་སྦྱོང་དག་ནི་བླངས་པ་དང༌། །དཀར་གསུམ་ཟས་ཀྱི་འཚལ་ནས་སུ། །དུས་གསུམ་བཟླས་བརྗོད་བགྱིས་ནས་སུ། །ཞེས་གསུངས་པའི་དུས་གསུམ་ནི་ལེགས་གྲུབ་ལས། སྔ་དྲོ་མེལ་ཚེ་ཐུན་གཅིག་དང༌། །ཕྱི་དྲོ་མེལ་ཚེ་ཐུན་གཅིག་བཟླས༌། །ཉི་མའི་གུང་ལ་ཐུན་ཕྱེད་དམ། །ཡང་ན་ཐུན་གྱི་སུམ་ཆ་བཟླས། །ཡང་ན་ཐུན་གྱི་བཞི་ཆའམ། །ཡང་ན་མཁས་པས་ཅུང་ཟད་བཟླས། །ཞེས་སྔ་དྲོ་ཉི་མ་ཕྱེད་ཤར་ནས་གྲིབ་མ་སོར་བཞི་ལ་སླེབ་པའི་བར་དང༌། ཉིན་གུང་ཆུ་ཚོད་བརྒྱད་དམ་དགུ །ཕྱི་དྲོ་གྲིབ་མ་སོར་བཞི་ལུས་པ་ནས་ཉི་མ་ཕྱེད་ནུབ་པའི་བར་གསུམ་ལ་བྱེད་པར་སྔགས་རིམ་ལས་གསུངས། དོན་ཞགས་ལས། ཉིན་པར་དུས་སུ་ལན་གསུམ་རེ། །མཚན་མོའི་དུས་སུ་ལན་གསུམ་བགྱིད། །ཅེས་ཐུན་དྲུག་


GTD006_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཚུལ་ཡང་གསུངས་ལ། ལེགས་གྲུབ་ཀྱི་ལུང་སྔ་མའི་འཕྲོར། མཚན་མོ་སྲོད་དང་ཐོ་རངས་ལ། །མེལ་ཚེ་ཐུན་ནི་ཕྱེད་ཕྱེད་དུ། །གང་ཞིག་མཁས་པས་བཟླས་བྱས་པ། །དེ་ནི་ལྷག་པར་མཆོད་པར་འགྱུར། །ཞེས་པ་ལྟར་ན་མཚན་ཐུན་གཉིས་ལྟ་བུར་སྣང་ཞིང༌། དེ་ནི་ཉི་མ་ཕྱེད་ནུབ་ནས་སྲོད་ཕྱེད་ཀྱི་བར་དང༌། ཐོ་རངས་ཀྱི་ཕྱེད་ནས་ཉི་མ་ཕྱེད་ཤར་བའི་བར་ཡིན་ལ། ནམ་ཕྱེད་ཀྱི་དུས་དེ་བསྙེན་གྲངས་དངོས་གཞིའི་དུས་ཡིན་མིན་སྔགས་རིམ་ལ་དཔྱད་དགོས། བསྙེན་པའི་གྲངས་ནི་ལེགས་གྲུབ་ལས། བཅོ་ལྔ་མན་ཆད་གྲངས་རྣམས་ལ། །སྤྱིར་ན་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་ཡི་གེ་མང་པོ་ལ། །སྔོན་དུ་བསྙེན་པ་ཁྲི་བྱ་འོ། །ཞེས་གསུངས་པ་ལྟར་རོ། །ཟླ་ཕྱེད་ཀྱི་མཚམས་སུ་སྨྱུང་གནས་བྱས་ཏེ་བ་བྱུང་དང་བཅས་པའི་ཆུ་ལ། ན་མོ་བྷ་ག་ཝ་ཏེ་ཨུཥྞཱི་ཡ་ཨཾ་བི་ཤུདྡྷེ་བཱི་ར་ཛ་ཤི་བི་ཤནྟི་ཀ་རེ་སྭཱཧཱ། ཞེས་པའི་སྔགས་བརྒྱ་བཟླས་ནས་ཤར་དུ་བལྟས་ཏེ་ཙོག་པུར་བསྡད་ནས་ཆུ་སྲང་གསུམ་ཙམ་འཐུང་ན་ཟླ་ཕྱེད་ཀྱི་རིང་གླལ་བ། སྦྲིད་པ། བཟའ་བྱ་མིན་པ་ཟོས་པ་སོགས་ཀྱིས་སྔགས་ནུས་ཕྲོགས་པའི་ཉེས་པ་ཐམས་ཅད་བྱང་བར་ལེགས་གྲུབ་ལས་གསུངས་པས། རང་ཅག་ཉེས་སྤྱོད་ཤིན་ཏུ་མང་བ་རྣམས་ཀྱིས་རྡོ་རྗེ་འཆང་གིས་གསུངས་པའི་ཉེས་སྤྱོད་སྦྱོང་ཐབས་ཟབ་མོ་འདི་དག་ཤེས་པ་ཤིན་ཏུ་གལ་ཆེའོ། །གཞན་ཡང་དགེ་རྩ་ཁོང་ཁྲོ་སོགས་ཀྱིས་མི་འཇོམས་པར་བྱ་བ་དང༌། དགེ་བ་མི་ཉམས་ཤིང་གོང་འཕེལ་དུ་འགྱུར་ཕྱིར་བཟླས་བརྗོད་ཀྱི་མཇུག་ཏུ་བུམ་པའི་ཕྱག་རྒྱ་བཅས་ཏེ་དགེ་རྩ་ལྷ་ལ་འབུལ་བ་སོགས་ནི་ཆོ་གའི་གཞུང་ལས་འབྱུང་བ་བཞིན་


GTD006_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་དུ་བྱ། མཚམས་ཀྱི་སྐབས་གཞན་གྱིས་རང་མཐོང་བ་ལ་རལ་བ་དང༌། རང་གིས་གཞན་མཐོང་བ་ལ་བུག་པ་ཟེར་བས་འཛེམ་དགོས་ཤིང༌། ལྷག་པར་དམ་ཚིག་ཉམས་པའི་ལག་ནས་བྱུང་བའི་ཟས་སོགས་དུག་ལྟར་སྤངས། མེ་མི་སྤུར་ཞིང་མཚོན་རྩེ་ཁར་མི་གཞུག་པ། གདན་མི་སྤྲུག་ཅིང་དྲོད་མ་ཡལ་བར་བྱེད་པ། ཕྲེང་བ་མི་འགོམ་པ། ཐུན་མཚམས་སུ་ལོང་གཏམ་སྣ་ཚོགས་མི་བྱ་བར་ཕྱག་དང་མཆོད་པ། གཟུངས་ཀྱི་ཕན་ཡོན། བླ་མ་བརྒྱུད་པའི་རྣམ་ཐར། འཁོར་བའི་ཉེས་དམིགས། བྱམས་སྙིང་རྗེའི་དམིགས་རྣམ་སོགས་ཡང་ཡང་གསལ་བཏབ་སྟེ་ཐུན་དངོས་གཞིའི་བོགས་འབྱིན་དུ་འགྱུར་བ་བྱ། གཏོར་འབུལ་སྐབས་མཚམས་ཐོའི་རྒྱལ་ཆེན་ལའང་བསྔོ་ཞིང༌། མཚམས་གྲོལ་ཚེ་རྒྱལ་ཆེན་ལ་གཏང་རག་གི་མཆོད་བསྟོད་གཤེགས་གསོལ་བྱས་ཏེ་མཚམས་ཐོ་དབེན་པའི་གཙང་སར་འཇོག །དང་པོ་ནང་མཚམས་གྲོལ་ཏེ་ཡིད་མཐུན་རེ་གཉིས་དང་ཕྲད་ཅིང༌། དེ་ནས་ཕྱི་མཚམས་གྲོལ་བ་མ་གཏོགས་ཧར་འདོན་མི་བྱ། ཆོ་ག་གཞན་འདོན་མི་འདོན་དམ་པའི་ཕྱག་བཞེས་གཉིས་འབྱུང་ཡང༌། དམ་བཅའ་ཅན་ཡིན་ན་བདག་བསྐྱེད་བསྡུས་ཏེ་ཐུན་བར་དུ་གདོན། སྲུང་མའི་གཏོར་འབུལ་སོགས་རང་ཐུགས་རྗེ་ཆེན་པོར་གསལ་བའི་ངང་ནས་བྱས་པར་འགལ་བ་མེད། མཚམས་ཀྱི་སྤང་བླང་ཞིབ་པ་ནི་སློབ་དཔོན་སངས་རྒྱས་གསང་བའི་རྣལ་འབྱོར་རྟོགས་པའི་གེགས་སེལ་དང་བྱ་རྒྱུད་དོན་གསལ་སོགས་ལས་ཤེས་པར་བྱའོ། །གསུམ་པ་ཐུགས་རྗེ་བསྐུལ་བའི་ཕྱིར་གསོལ་བ་འདེབས་པ་པོ་བསྟོད་ཀྱི་དོན་ནི། ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཞེས་ཨོཾ་སྨོས་པ་ནི། རྡོ་རྗེ་རྩེ་མོར་ཨོཾ་གྱིས་མཆོག་དང་ནོར་སྟེར་བ་དང་བཀྲ་


GTD006_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པའི་དོན་དུ་གསུངས་ལ། དོན་ཞགས་ཀྱི་རྒྱུད་ལས་ཐུགས་རྗེ་ཆེན་པོའི་སྔགས་ཡི་གེ་གཅིག་པར་གསུངས་པས་ཐུགས་རྗེ་སྐུལ་བྱེད་ཡིན་ནོ། །འཇིག་རྟེན་མགོན་པོ་ཞེས་པ་འགྱུར་ཕྱག་ཡིན་ནམ་སྙམ། དེ་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་རང་རང་དང་འཚམ་པར་ཕན་པ་མཛད་དེ་དེ་དག་ཀུན་གྱི་གུས་པའི་ཡུལ་དུ་གྱུར་པས། འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ཚངས་པ་དང་དབང་ཕྱུག་སོགས་ཀྱང་གནས་སྐབས་ཀྱི་ཕན་པ་ཙམ་སྒྲུབ་ནུས་རུང༌། གཏན་གྱི་དོན་ལ་རང་རང་ཡང་མགོན་པོ་འདིའི་ཐུགས་རྗེར་རེ་དགོས་པས། ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པས་རྒྱལ་བ་མཆོག་ཅེས་བསྟོད་ཡུལ་ལ་བྱས་ནའང་བསྟོད་པ་གཞན་དང་འགྲིག་ལ། འོན་ཀྱང་མགོན་པོ་འདིར་གུས་པས་བསྟེན་པ་ལས་ཉེས་སྤྱོད་མཐའ་དག་སྡོམ་ཞིང་བདུད་བཞི་ལས་རྒྱལ་བའི་སངས་རྒྱས་ཀྱང་འགྲུབ་ནུས་པས། ཐུབ་པས་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འགྲོ་བ་རིས་མེད་པར་སྲིད་ཞིའི་འཇིགས་པ་ཀུན་ལས་སྒྲོལ་བས། འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །ཞེས་མདོར་བསྟན་ཏོ། །རྒྱས་པར་བཤད་པ་ནི་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། རྟེན་གྱི་ཡོན་ཏན་དག་དང་ནི། །བརྟེན་པའི་ཡོན་ཏན་ཕན་ཚུན་དུ། །འཚམ་པས་ཁྱོད་ཀྱི་སྐུ་དང་ནི། །ཡོན་ཏན་ཕུན་ཚོགས་མཆོག་དང་ལྡན། །ཞེས་རྟེན་སྐུ་དང༌། བརྟེན་པ་ཡོན་ཏན་གཉིས་ཕན་ཚུན་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་མཚོན་བྱ་མཚོན་བྱེད་དུ་གསུང་བ་དང་མཐུན་པར་བཤད་པ་ལ། རྟེན་སྐུའི་ཡོན་ཏན་དང༌། དེ་ལ་བརྟེན་པ་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་གཉིས་ལས། དང་པོ་ནི། བདེ་གཤེགས་དཔག་མེད་ཅེས་པ་ནས་ཤམ་ཐབས་འཛིན་པ་པོ། །ཞེས་པའི་བར་གྱིས་


GTD006_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །དེའང་ཟ་མ་ཏོག་བཀོད་པར་གསུངས་པ་བཞིན་བ་སྤུའི་ཁུང་བུ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་དཔག་མེད་བཞུགས་པ་དང༌། ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ལས་འབྱུང་བ་བཞིན་ཕྱག་སྟོང་ལས་འཁོར་སྒྱུར་སྟོང་དང༌། སྤྱན་སྟོང་ལས་བསྐལ་བཟང་སངས་རྒྱས་སྟོང་སྤྲུལ་བ་དང༌། གཞན་ཡང་སྤྱན་གཉིས་ལས་སྒྲོལ་མ་དཀར་ལྗང༌། རྟ་མགྲིན། ཛཾ་དཀར་སོགས་སྤྲུལ་བའི་ལོ་རྒྱུས་ལྟར་ཀུན་གྱི་འབྱུང་གནས་སུ་གྱུར་པས། བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །རིགས་ཀྱི་བདག་པོ་བླ་མ་འོག་དཔག་མེད་སྐུ་ལུས་ཡོངས་རྫོགས་སམ་ཞལ་གྱི་རྣམ་པར་འབྲལ་མེད་དུ་སྤྱི་བོར་བཀུར་བས། བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །རྒྱུན་པར་བསྒོམ་དུས་རང་བློར་གང་འཚམ་གྱི་ཕྱག་སྟོང་དང༌། བརྒྱད་དང༌། བཞི་དང༌། གཡས་མཆོག་སྦྱིན་གཡོན་པདྨ་བསྣམས་པའི་ཕྱག་གཉིས་གང་བདེ་བྱ་བར་དཔལ་མོའི་སྒྲུབ་ཐབས་སུ་གསུང་བས་འདིར་ཕྱག་གཉིས་གཙོ་བོར་བསྟན། དེའང་སྐུ་ལས་ཆུ་རྒྱུན་འབབ་པས་དམྱལ་མེ་ཆིལ་ཆིལ་གསོད་ཅིང༌། ཁྱད་པར་དུ་ཉམ་ཐག་རྣམས་དབུགས་དབྱུང་བའི་ཕྱིར་ལེགས་པར་བརྐྱངས་པའི་སོར་རྩེ་ལས་བདུད་རྩི་དང་འོ་རྒྱུན་འབེབས་པས། ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །རང་ཉིད་འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན་པའི་ཕྱིར། ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །ཡུལ་ལ་ཞེན་པ་སྤངས་པས་དབུ་སྐུ་གཞན་རྣམས་གནག་ཅིང་སྣུམ་ལ་བྱང་ཆུབ་ཡན་ལག་གོམས་པས་དྲི་བཟང་དང་མྱང་འདས་མངོན་དུ་མཛད་པའི་བརྡར་སྟེང་གི་ཁྲོ་ཞལ་གྱི་དབུ་སྐྲ་གྱེན་དུ་བརྫེས་པ་སྟེ།


GTD006_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །སྨོན་ལམ་ཡོངས་སུ་རྫོགས་པས་དབུ་དང་འགྲམ་པ་སོགས་ལ་འབུར་དང་རྙོངས་མེད་པར་ཆ་མཉམ་དུ་གང་བས། ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །ཆོས་ཐམས་ཅད་གཟིགས་ཤིང་འགྲོ་བ་ཀུན་ལ་བུ་གཅིག་པ་ལྟར་དགོངས་པས་དཀར་ནག་འགྱེས་ཤིང་དཀྱུས་རིང་བས། སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །སྐྱོན་གྱི་རིགས་མཐའ་དག་ཟད་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པས་མཁུར་ཚོས་དང་འགྲམ་པ་སོགས་ཞལ་དང་སྐུའི་ཆ་གང་ལ་ཡང་ནག་པོའི་ར་རི་མེད་པ། ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡང་བ་པོ། །དཔལ་མོས་མཛད་པའི་འཇིག་རྟེན་དབང་ཕྱུག་གི་བསྟོད་པ་དང༌། ཟླ་མཛེས་མས་མཛད་པའི་བསྟོད་པ་ཟེར་བ་གཉིས་ཀྱང་པོ་བསྟོད་འདི་དང་འགྲོས་མཐུན་པར་སྣང་བས། སྔ་མར་པདྨ་ལྟར་ཡངས་མཆོག་ཏུ་མཛེས་པའི་སྤྱན། །མཁུར་བ་གངས་ཀྱི་དུམ་བུ་ལྟ་བུར་དཀར། །ཞེས་དང༌། ཕྱི་མར། མཆོག་ཏུ་མཛེས་པའི་སྤྱན་ནི་པདྨ་ལྟ་བུར་སངས། །ཁ་བ་དུང་ལྟར་རྣམ་པར་དཀར་བའི་འགྲམ་མདོག་ཅན། །ཞེས་འབྱུང་བས་ཞལ་ནས་མར་རིམ་གྱིས་སྨོས་པར་སྣང་ངོ༌། །རྒྱན་སོ་སོའི་མཚོན་དོན་དང་དག་པ་བླ་མེད་ཇི་ལྟ་བ་འདིར་མི་སྦྱོར་ཡང༌། ཐུན་མོང་བ་རྣམས་སྦྱར་དུ་རུང་བ་གོང་གི་དབུ་རྒྱན་གྱིས་བླ་མ་ལ་གུས་པར་མཚོན་པ་དེས་ཞེ་སྡང་སྤངས་པའང་མཚོན་ཞིང༌། འདིར་ང་རྒྱལ་དང་སེར་སྣ་སྤང་བ་མཚོན་བྱེད་དུ་མགུལ་བར་ནོར་བུའི་རིགས་དུ་མ་དང་སྤེལ་བའི། དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །ཡང་འདིའི་འཇིག་རྟེན་དབང་ཕྱུག་གི་བསྟོད་པར། ཉི་མ་འཆར་ཀ་ལྟར་དམར་བཙོད་ཀྱི་མདོག །པདྨ་གཞོན་ནུ་ལྟ་བུ་མཆུ་དམར་ལ། །ཞེས་


GTD006_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་འདིར་འབྱུང་བ་བཞིན་སྐྱ་རེངས་ཤར་ཏེ་མཚམས་སྤྲིན་གྱི་མདངས་ཤར་བ་ལྟར་འཛུམ་ཞིང༌། མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །གཡས་གཡོན་གྱི་ཕྱག་རྣམས་བསྒྲིགས་ཏེ་གནས་པ་ནི་ཕན་ཚུན་གྱི་འགྲམ་བརྒྱུད་དེ་མེ་ཏོག་གི་ཕྲེང་བ་ཁ་ཕྱེ་ནས་ཡོད་པའི། པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །ཕྱག་དེ་དག་ཀྱང་འདྲེས་ནས་ཡོད་པ་ལྟ་བུ་མ་ཡིན་པར་མཚམས་གསལ་ཞིང་བརྩེགས་མ་བརྩེགས་མར་ཡོད་པ་ཆར་དང་བྲལ་བའི། སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །འཇམ་གཉེན་གཞོན་ཤ་ཆགས་པའི་ཕྱག་དེ་དག་ཀྱང་ཚིགས་ཀྱི་མཚམས་གོང་འོག་ཏུ་གདུ་བུས་སྤྲས་པ་གཏི་མུག་རྣམ་པར་དག་པ་མཚོན་བྱེད་ཡིན་པས། རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །གདུལ་བྱ་ལ་ཕན་བདེའི་ཆོས་ཀྱི་དགའ་སྟོན་སྩོལ་བའི་ཕྱིར་ཕྱག་ལྷག་མ་ཕལ་ཆེར་མཆོག་སྦྱིན་མཛད་པའི་ངོས་ནི་ལྕུག་ཕྲན་གསར་སྐྱེས་ཀྱི། ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །ཁྱད་པར་དུ་སྙིང་རྗེ་ཆེན་པོ་མཚོན་པའི་ཕྱིར་ཀྲྀཥྞ་ས་རའམ་དེ་ཟུར་ཆག་པས་སྙན་ཞེས་བྱ་བའི། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །འདོད་ཆགས་རྣམ་པར་དག་པ་མཚོན་བྱེད་དུ། སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །སྲིད་པར་གནས་ཀྱང་དེ་བཞིན་ཉིད་ལས་མི་གཡོ་བས་སྲིད་པའི་སྐྱོན་གྱིས་མ་གོས་པའི་བརྡར། དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །དེ་ལྟར་བཞེངས་པའི་རྣམ་པ་བརྗོད་པ་ན་ལྟེ་བ་དང་སྐུ་སྨད་ཀྱི་ཉམས་ཤར་ཡོང་བ་དེ་དང་མཐུན་པར་བསྟོད་པ་ནི། དཀུ་ཟླུམ་ཞིང་མ་རྙོང་བས་ཕྱང་ངེ་བ་པདྨ་


GTD006_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་རྒྱས་པའི་འདབ་མ་ཐང་ཆོད་པ་ལྟ་བུའི་དཀྱིལ་ན་ཆོས་ཟབ་མོ་རྟོགས་པ་མཚོན་པས་ལྟེ་བའི་སྦུབས་ཟབ་ལ་གཡས་སུ་འཁྱིལ་བའི། ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །ཕྲག་དོག་རྣམ་པར་དག་པ་མཚོན་བྱེད་འོག་པག་གམ། གསེར་གྱི་སྐུ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །རྒྱན་འདི་རྣམས་ཀྱིས་དུག་ལྔ་རྣམ་པར་དག་པ་མཚོན་པའི་ཤུགས་ཀྱིས་ཡེ་ཤེས་ལྔ་མཚོན་ཚུལ་ཤེས་དགོས་ལ། བརྟག་གཉིས་སུ་ཕྱིན་དྲུག་ལ་སྦྱར་བ་རྣམས་ཀྱང་འདིར་ཚང་ངོ༌། །རྒྱན་ལས། རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །ཞེས་པ་ལྟར་ངོ་ཚ་ཁྲེལ་ཡོད་མཚོན་བྱེད། སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཞེས་པ་འདི་ཡན་གྱིས་སྐུའི་རྣམ་པ་གཙོ་བོར་བྱས་ཏེ་བསྟོད་པ་ཡིན་ནོ། །གཉིས་པ་དེ་ལ་བརྟེན་པ་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་ལ། རང་དོན་ཚོགས་གཉིས་ཡོངས་སུ་རྫོགས་པ་དང༌། གཞན་དོན་འཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་གཉིས། དང་པོ་ལ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་མཉམ་རྗེས་རེས་འཇོག་མེད་པར་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མཐའ་དག་ཅིག་ཅར་མངོན་སུམ་དུ་གཟིགས་པ་མཐར་ཐུག་པས། ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་ཏེ། རིན་ཆེན་ཕྲེང་བར་འཇིག་རྟེན་ཀུན་གྱི་བསོད་ནམས་བཅུ་འགྱུར་བྱས་པས་སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་འགྲུབ་པར་གསུངས་པ་ལྟ་བུ་རྒྱ་ཆེ་བའི་སྤྱོད་པ་མཐར་ཕྱིན་པ་ལས་བྱུང་བས་ན། མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསག་པ་པོ། །སྟེ་འདི་གཉིས་ལ་འཇིག་རྟེན་དབང་ཕྱུག་གི་བསྟོད་པར། རྒྱལ་བའི་ཡེ་ཤེས་རྒྱ་མཚོའི་ཕ་རོལ་


GTD006_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན། །བསོད་ནམས་དུ་མ་ལས་ནི་འཁྲུངས་པའི་མགོན། །ཞེས་འབྱུང་ངོ༌། །གཉིས་པ་གཞན་དོན་ཕྲིན་ལས་ལ། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་དོན་སོ་སོར་མཛད་ཚུལ་དང༌། ཞིང་ཁམས་རིས་མེད་ཀྱི་སེམས་ཅན་མ་ལུས་པའི་དོན་མཛད་ཚུལ་གཉིས། དང་པོ་ནི་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང༌། །ངན་སོང་དག་ནི་ཐབས་མིན་དང༌། །འཇིག་ཚོགས་ཐེག་པ་དམན་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་འོ། །ཞེས་པ་ལྟར་ཆུང་ངུའི་རིགས་ཅན་རྣམས་ཚེ་འདིར་ནད་རིམས་རྒུད་པ་ཀུན་གྱི་འཚེ་བ་ལས་སྐྱོབ་ཅིང་ཕྱི་མར་རིམ་པས་ངེས་ལེགས་ཀྱི་བདེ་བ་འབྱུང་བའི་གནས་མངོན་མཐོ་ཁྱད་པར་ཅན་ལ་འགོད་པས། རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །འབྲིང་རྣམས་འཁོར་བའི་རྩ་བ་འཇིག་ཚོགས་ལ་ལྟ་བའི་འཆིང་བ་བཅད་དེ་ཁམས་གསུམ་གྱི་འཁོར་བ་ལས་ཐར་པའི་ཉེར་ཞིའི་དབྱིངས་ཀྱི་མཁའ་ལ་འཁྲིད་པས། གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ཆེན་པོའི་རིགས་ཅན་རྣམས་བདུད་བཞི་ཕྲ་རགས་མ་ལུས་པ་ལས་རྒྱས་པའི་སངས་རྒྱས་ཀྱི་སར་བཀྲི་བས། ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུག་ལས་རྒྱལ་བ་པོ། །འདི་གསུམ་འཇིག་རྟེན་དབང་ཕྱུག་གི་བསྟོད་པར། རིམས་དང་ནད་འཇོམས་བདེ་བ་མཆོག་སྐྱེད་པ། །སྲིད་པ་མཐའ་མཛད་མཁའ་ལ་རྒྱུ་བ་དང༌། །བདུད་རིགས་སྣ་ཚོགས་སྟོབས་ནི་ངེས་པར་འཇོམས། །ཞེས་འབྱུང་བ་དང་སྦྱར་ན་གོ་བདེའོ། །གཉིས་པ་ཞིང་ཁམས་རིས་མེད་ཀྱི་སེམས་ཅན་མ་ལུས་པའི་དོན་མཛད་ཚུལ་ནི། མངོན་ཤེས་དྲུག་གི་རིམ་པས་སེམས་ཅན་གྱི་དོན་མཛད་ཚུལ། རྒྱན་ལས་འབྱུང་


GTD006_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན། དང་པོར་གདུལ་བྱ་གར་ཡོད་ཀྱི་ཞིང་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ནས་བྱོན་ཏེ་དོན་མཛད་དགོས་པས། གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །འཇིག་རྟེན་འབྱོར་རྒུད་འདུ་འཛི་འཁྲུག་ལོང་སོགས་ཟང་ཟིང་ཇི་ལྟ་བུའི་གསེབ་ཏུ་བྱོན་ཡང་ཐེག་ཆེན་གྱི་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞིའི་སྒོ་ནས་དམན་པའི་ཡིད་བྱེད་དང་མཚན་མའི་རྣམ་གཡེང་རྒྱང་རིང་དུ་བསྲིངས་ཏེ། ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །དེའང་མི་ལ་སོགས་པས་སྟེང་གི་འགྲོ་བ་ཙམ་དུ་མ་ཟད་ས་བླ་དང་ས་འོག་གི་འཇིག་རྟེན་དུའང་བྱོན་ནས་དེའི་འགྲོ་བ་རྣམས་གདུལ་བར་མཛད་པ་ལ་མཁས་པ་ཉིད་ཀྱིས། ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །མདོར་ན་རྗེ་བླ་མས། འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །གསུངས་པ་བཞིན་ལུས་ཅན་ཡོངས་ཀྱི་ཕན་བདེའི་འབྱུང་གནས་གཅིག་པུར་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་བསགས་ཤིང་བསྒྲུབས་པའི་བསྟན་པ་འདི་ཉིད་འཕེལ་ཞིང་གནས་པའི་ཐབས་ཁོ་ན་དོན་དུ་གཉེར་བས། ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །ཞེས་པའམ། ཡང་ན་དང་པོར་ཐུགས་བསྐྱེད་བར་དུ་ཚོགས་བསགས་པ་ཀུན་གྱི་དགོས་པའི་མཐིལ་གདུལ་བྱའི་དོན་ཡིན་ལ། དེའི་གཙོ་བོ་ཆོ་འཕྲུལ་གསུམ་ལས་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སོ་སོའི་སྐལ་བ་བཞིན་ཆོས་བསྟན་ནས་སྨིན་གྲོལ་ལ་འགོད་པའི་དོན་དུ་བྱ་སྟེ། འགྱུར་གཞན་ལས། ཚོགས་ཀུན་ཉེ་བར་བསགས་ནས་ཆོས་ཀུན་སྟོན་པ་པོ། །ཞེས་འབྱུང་ངོ༌། །དེ་ལྟར་བྱས་ཏེ་གདུལ་བྱའི་དོན་


GTD006_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་གྲུབ་ཚུལ་ནི་ཉན་རང་གི་མྱང་འདས་ཐོབ་ན་ཟག་མེད་ཀྱི་བདེ་བ་དང་ལྡན་ཡང་ཞི་བའི་མཐའ་ལ་ལྷུང་བར་གཟིགས་ཏེ། དེ་ལས་ཀྱང་སྒྲོལ་བར་མཛད་ན་སྡུག་བསྔལ་གསུམ་གྱི་རྦ་ཀློང་འཁྲུགས་པའི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ་ལྟ་ཅི་སྨོས་པས། འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །སྟེ་སྲིད་ཞིའི་རྒུད་པ་མཐའ་དག་ལས་བསྐྱབས་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པའི་དོན་ནོ། །འགྱུར་གཞན་དུ། སྡུག་བསྔལ་མཚོ་དང་ཉོན་མོངས་མཚོ་ལས་སྒྲོལ་བ་པོ། །ཞེས་འབྱུང་བ་དོན་ལ་བསམས་ནས་བསྒྱུར་བའམ། ཡང་ན་འོ་མའི་མིང་དངོས་ནི། བ་ཡཿ ཡིན་ཀྱང༌། བཞོས་པའི་དོན་གྱི་དུ་གྔྷཾ་ཞེས་ཟེར་བ་དང༌། ཆུའི་མིང་གི་རྣམ་གྲངས་ཀཱི་ལཱ་ལཾ་འཆིང་བྱེད་དང༌། ཨམྦྷཿ ནི་ནང་བྱེད་ལ་འཇུག་པས་སྐད་དོན་གྱི་སྟེང་ནས་ཡིན་དཔྱོད་དགོས། ཟླ་མཛེས་མས་མཛད་པར། འོ་མའི་ཆུ་གཏེར་རྒྱ་མཚོ་ལྟ་བུར་རྟག་ཏུ་གནས། །ཞེས་འབྱུང་བ་ནི་འགྱུར་འཆུག་པའམ་དོན་གཞན་ཡིན་གྱི་འདི་དང་བསྒྲིག་ཏུ་མེད་དོ། །མཇུག་གི་དོན་ཕན་ཡོན་ནི། སྤྱིར་རྒྱུན་དུ་གསོལ་བ་འདེབས་ཤིང༌། ཁྱད་པར་ཐོ་རངས་ནི་བྱང་ཆུབ་པའི་དུས་དང་དཔལ་མོ་རང་གིས་ཀྱང་མཆོག་བརྙེས་པའི་དུས་ཡིན་པས་རྟེན་འབྲེལ་གྱི་ཁྱད། གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །རེ་ས་གཞན་ན་མེད་པའི་བློ་ལྟོས་བྱས་ཏེ། སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང༌། །དེའི་ཡོན་ཏན་བརྗོད་པ་ཚིག་རིས་ཙམ་གོ་སླ་ཞིང་ཞར་ལ་སྐུའི་རྣམ་པ་འཆར་བདེ་བ། བློ་གྲོས་ཅན་གྱིས་བརྟག་ན་དོན་ཟབ་ཅིང་རྒྱ་ཆེ་བའི། བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །ངེས་པར་རྗེས་སུ་འཛིན་ལ། མ་མཐའ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་


GTD006_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པ་འདི་དཔལ་མོ་རང་གིས་མཛད་པ་པོ་བསྟོད་འདིའི་དོན་བསྡུ་ལྟ་བུ་ཡིན་པས་དེ་ཙམ་ལས་མི་ཤེས་ཀྱང་ཡིད་ཆེས་ཀྱིས་གསོལ་བ་འདེབས་ནུས་ན་དབང་པོ་རྟུལ་ཞིང་སྡིག་པ་ཆེ་བ་རིགས་ངན་ཐ་ཤལ་ཇི་འདྲ་ཞིག་ཡིན་ཀྱང་འཕགས་པའི་ཐུགས་རྗེ་ལ་ཉེ་རིང་མེད་པས། དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཡང་རུང༌། །བརྩེ་བས་རྗེས་སུ་གཟུང་སྟེ་ནད་རིམས་གདོན་བགེགས་ཕྱིན་ཅི་ལོག་གི་བློ་སྣ་ངན་པ་སོགས་ཞི་ཞིང༌། ཚེ་དང་བསོད་ནམས་དད་བརྩོན་ཤེས་རབ་སོགས་རྒྱས་པས། སྐྱེ་བ་འདི་འམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །བདེ་བ་ནས་བདེ་བར་འགྲོ་ཞིང་ས་ལམ་གྱི་རྟོགས་པ་གོང་ནས་གོང་དུ་འཕེལ་བས། འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་བཀའ་བདེན་པས་ཞལ་གྱིས་བཞེས་པ་ལ་ཡིད་ཆེས་བསྐྱེད་དེ་འབད་པར་བྱའོ། །བསྟོད་པ་འདི་འདོན་པའི་ཚེ་དམིགས་པ་བྱ་ཚུལ་ནི། དགེ་སློང་མ་དཔལ་མོ་རང་གི་སྤྱི་བོར་བཞུགས་ཏེ་འཕགས་པའི་ཞལ་ལ་གཟིགས་ནས་ངོ་ཆེན་གྱི་ཚུལ་དུ་རང་ལ་འདོན་གྲོགས་མཛད། རང་གིས་ལག་པ་གཉིས་ཐལ་མོ་སྦྱར་བས་འཕགས་པའི་ཞབས་ལ་འཇུས། ཞབས་ཀྱི་མཐེ་བོང་ལ་སྨིན་མཚམས་གཏད་ནས་གསོལ་བ་བཏབ་པ་ན་ཆང་རྫའི་ཐེམ་བུ་བརྡོལ་བ་བཞིན་མཐེ་བོང་གི་རྩེ་ལས་བདུད་རྩིའི་རྒྱུན་བབས་པ་སྨིན་མཚམས་ནས་ཞུགས་པས་ལུས་ཀུན་གང༌། སྡིག་སྒྲིབ་ཐམས་ཅད་བྱང༌། འཕགས་པའི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་པ་བྱ། གོམས་པ་ན་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་དཔལ་མོ་རེ་བཞུགས་ཏེ་གསོལ་བ་


GTD006_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་བདུད་རྩི་འབེབ་སྦྱང་དང༌། མཐར་ཐམས་ཅད་འཕགས་པའི་སྐུར་གྱུར་པའི་མོས་པ་བྱའོ། །སྨྲས་པ། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་ཅིང༌། །ངན་སོང་གསུམ་གྱི་གཡང་ས་ཉམ་ང་བས། །ཞིང་མཆོག་བདེ་བ་ཅན་དུ་འབྲོས་འདོད་རྣམས། །འཕགས་མཆོག་སྒྲུབ་པའི་ཉེ་ལམ་འདིར་ཞུགས་ཤིག །ཟབ་ཅིང་རྒྱ་ཆེའི་གདམས་པ་གྲངས་མང་ཡང༌། །སྙིགས་དུས་སྒྲུབ་སླ་ཤིན་ཏུ་དོན་ཆེ་བ། །ལྷ་ཆོས་འདི་ལས་ལྷག་པ་གཞན་མེད་པས། །འབད་པར་རིགས་སོ་ཤེས་ལྡན་གྲོགས་པོ་དག །འདིར་འབད་དགེ་བ་རྟ་མཆོག་བ་ལ་ཧས། །བདག་སོགས་མཁའ་མཉམ་ལུས་ཅན་དོན་མཐུན་ཚོགས། །འཁོར་བ་སྲིན་མོའི་གླིང་ནས་མྱུར་དྲངས་ཏེ། །བདེ་ཆེན་ཐར་པའི་ས་ལ་འགོད་གྱུར་ཅིག །ཅེས་སྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་གྱི་ལམ་ཡིག་ཅེས་བྱ་བ་འདི་ནི་ཆོས་ཚུལ་འདི་ལ་མཆོག་ཏུ་མོས་པ་རབ་འབྱམས་པ་དཀོན་མཆོག་སྨོན་ལམ་གྱིས་འདིའི་ཕན་ཡོན་ལོ་རྒྱུས་བླང་དོར་གྱི་ལག་ལེན་དང་བཅས་གསལ་བར་བསྟན་པ་ཞིག་དགོས་ཞེས་ལན་བཅུ་གསུམ་གྱི་བར་ནན་ཏན་དུ་བསྐུལ་ཅིང༌། དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཀོན་མཆོག་ཡེ་ཤེས་ཀྱིས་ཐུགས་རྗེ་ཆེན་པོས་གཙོས་པའི་བྱ་རྒྱུད་ཀྱི་བསྙེན་ཡིག་ཅིག་དགོས་ཚུལ་སྔར་ནས་བསྐུལ་བ་དང༌། ཡང་དགེ་སྦྱོར་ལ་བརྩོན་པའི་རི་ཁྲོད་པ་དཀོན་མཆོག་མཆོག་ལྡན་གྱིས་པོ་བསྟོད་ལ་ཊཱིཀྐ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བ་རྣམས་དོན་མཐུན་པར་སྣང་བས་ཕྱོགས་གཅིག་ཏུ་བསྡེབས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མེ་བྱིའི་དགུན་མཚམས་སྐབས་ཉིན་གུང་གི་


GTD006_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གསེང་ལ་སུག་བྲིས་སུ་བགྱིས་པ་ལས་ཤོག་བུར་འབེབས་པ་པོ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།དགེ་འདིས་ཕན་བདེའི་འབྱུང་གནས་ཐུབ་བསྟན་དར། །བསྟན་འཛིན་ཐུགས་མཐུན་བཤད་སྒྲུབ་བྱ་བ་འཕེལ། །མི་ཡི་དབང་ཕྱུག་པཻ་ལི་བློན་འབངས་སོགས། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བར་ཤོག །ཁྱད་པར་འབྲེལ་ཐོགས་འགྲོ་བ་མ་ལུས་པ། །ཕྱག་ན་པདྨས་འབྲལ་མེད་རྗེས་གཟུང་སྟེ། །ཞིང་མཆོག་བདེ་བ་ཅན་དང་པོ་ཏ་ལར། །སྐྱེས་ནས་ས་ལམ་བགྲོད་པ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་ཧལ་ཧ་དང་ཧན་པཻ་ལིའི་ཤོག་ནས་དད་ལྡན་སྔགས་རམས་པ་དཀོན་མཆོག་བསྟན་འཕེལ་གྱིས་པར་གསར་བསྐྲུན་བགྱིས་སྐབས་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousསྨྱུང་གནས་ཀྱི་ཆོ་གའི་ཟུར་རྒྱན་བདེ་བ་ཅན་གྱི་ལམ་ཡིག next