Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨྱུང་གནས་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨྱུང་གནས་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་གnext

སྨྱུང་གནས་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག


GTD006_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུང་གནས་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་ཕན་བདེའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


GTD006_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་མཁྱེན་དང་བརྩེ་བའི་སྤྱན་རས་ཀྱིས། །གཟིགས་པའི་ཆ་ཙམ་གང་ལ་ལྷུང་བས་ཀྱང༌། །སྲིད་ཞིའི་རྒུད་པ་ཀུན་སེལ་སྐྱབས་ཀྱི་ཕུལ། །འཕགས་མཆོག་ཕྱག་ན་པདྨས་རྟག་སྐྱོངས་ཤིག །སྙིགས་མའི་རྒུད་པ་ལྷག་པར་བདོ་བའི་ཚེ། །མགོན་འདི་ལས་ལྷག་སྐྱབས་གཞན་ཡོད་མིན་པས། །སྐལ་བཟང་བློ་དང་ལྡན་པའི་སྐྱེ་བོ་རྣམས། །འདི་ཉིད་བསྙེན་ཅིང་མཆོད་ལ་འབད་པར་རིགས། །དེའང་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེ་ཆེན་པོར་སྟོང་མཆོད་འབུལ་ཚུལ་མདོ་ཙམ་བརྗོད་པ་ལ། སྤྱིར་སྟོང་མཆོད་ཀྱི་ཁུངས་ནི་རྣམ་རྒྱལ་མའི་གཟུངས་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཏེ་བསྙེན་གནས་ལ་གནས་ཏེ་ལན་སྟོང་དུ་བཟླས་བརྗོད་བྱས་ན་སེམས་ཅན་ཚེ་ཟད་པའི་ཚེ་ཕྱིར་ནུར་བར་འགྱུར་རོ། །ནད་དང་བྲལ་བར་འགྱུར་རོ། །ཞེས་སོགས་ཀྱང་ཡིན་ལ། ཚིག་རིས་འདི་དང་ཆ་འདྲ་བ་ཞིག་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་སུའང་འབྱུང་ངོ༌། །ཁུངས་ཤིན་ཏུ་གསལ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་རྟོག་པ་དང་བཅས་པ་ལས། དེ་ལྟ་བུའི་ཆོ་གས་མཆོད་རྟེན་ལ་གཡས་སྐོར་གྱི་སྦྱོར་བས་པདྨའི་འདབ་མ་ལ་བྲི་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་བྲིས་ལ། དེའི་


GTD006_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱས་ལ་དྲི་ཞིམ་པོ་དང་བསྲེས་པའི་ཆུ་གཏོར་ཞིང་དྲི་ཞིམ་པོའི་མེ་ཏོག་གིས་མཆོད་ལ་སྟོང་ཕྲག་གཅིག་གི་མཆོད་པ་ཆེན་པོ་བྱས་ཏེ། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་སྨྱུང་བར་གནས་ཤིང་སེམས་ཅན་ཐམས་ཅད་ལ་ཕན་པའི་བློས་ཚེ་དང་བློ་སྟེར་བའི་ཡོན་བྱིན་ཏེ་སྟོང་ཕྲག་གཅིག་བཟླ་བར་བྱའོ། །ཟླ་བ་རེ་རེ་ཞིང་བྱས་ན་ཟླ་བ་དྲུག་གིས་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །རྟག་ཏུ་ལོ་གཅིག་ཏུ་བྱས་ན་ཚེ་ལོ་འབུམ་ཐུབ་པར་འགྱུར་རོ། །ཞེས་གསུངས་པ་འདི་ཡིན་ནོ། །ཡང་དེ་ཉིད་ལས། མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཉི་མ་རེ་རེ་ཞིང་བརྒྱད་བརྒྱའི་བཟླས་པ་བྱའོ། །ཡང་ཟླ་བ་རེ་རེ་ལ་སྟོང་སྟོང་གི་མཆོད་པ་བྱས་ཤིང་སྟོང་སྟོང་གི་བཟླས་པ་བྱས་ན་ཚེ་དཔག་ཏུ་མེད་པ་དང་ཞེས་སོགས་ཀྱིས་ཀྱང་འབྱོར་པ་རབ་ལ་མེ་ཏོག་སོགས་བཅུ་གཉིས་པོ་རེ་རེ་ནས་སྟོང་སྟོང་ཚང་བའི་སྟོང་མཆོད་དང༌། འབྲིང་བརྒྱད་བརྒྱ་པའི་མཆོད་པ། ཐ་མ་ཅི་འབྱོར་གྱི་མཆོད་པ་བྱེད་ཚུལ་གསུམ་བསྟན་པར་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་སོ། །གཞན་ལ་དེ་འདྲ་བའི་སྟོང་མཆོད་འབུལ་ཚུལ་གྱི་ཁུངས་གསལ་བ་མེད་ཀྱང་དགོས་དོན་ཁྱད་པར་ཅན་ལ་དཔག་སྟེ་མན་ངག་གིས་རྒྱས་བཀབ་ཆོག་པ་རྒྱུད་དང་གྲུབ་ཆེན་རྣམས་ཀྱི་དགོངས་པ་ཡིན་པར་མ་ཟད་རྗེ་བཙུན་ཆོས་ཀྱི་ཉི་མའི་ཞལ་སྔ་ནས་ཀྱིས་ཀྱང་ཨ་རུ་རའི་སྟོང་མཆོད་ཅེས་སྨན་བླ་དང་སྦྱར་ཏེ་མཆོད་པ་དང་ཕྱག་སྐོར་བ་སོགས་སྟོང་ཚང་བར་བྱེད་ཚུལ་གྱི་ཆོ་ག་མཛད་པ་དང༌། འཕགས་པ་སྤྱན་རས་གཟིགས་དབང་


GTD006_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་མིག་སྟོང་ལག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ་ལས། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་བསླབ་པའི་གཞི་བརྒྱད་བཟུང་སྟེ། གོས་གཙང་མ་བགོས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུའམ། སངས་རྒྱས་ཀྱི་གཟུགས་ཀྱི་སྤྱན་སྔར་ཙནྡན་དཀར་པོའི་དཀྱིལ་འཁོར་བགྱིས་ལ་དེར་མེ་ཏོག་སྣ་ཚོགས་གཏོར་བར་བགྱི། བདུག་པས་ཀྱང་བདུག་པར་བགྱི། མར་མེ་ཡང་བུད་པར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་ལ་གུས་པ་སྐྱེད་པར་བགྱིའོ། །ཞེས་གསུངས་པའང་རྣམ་རྒྱལ་སྟོང་མཆོད་ཀྱི་ཁུངས་སྔར་དྲངས་པ་རྣམས་དང་འགྲོས་ཤིན་ཏུ་མཐུན་ཞིང༌། འདིར་མཆོད་པ་ལས་ཟུར་དུ་གུས་པ་སྐྱེད་པར་གསུངས་པ་ནི་བསྟོད་པ་དང་ཕྱག་སྐོར་བ་སོགས་ལ་གོ་དགོས་ཏེ། བློ་གྲོས་བརྟན་པའི་རྒྱན་གྱི་འགྲེལ་བཤད་དུ་དེ་དག་མཆོད་པ་དང་བཀུར་སྟི་གཉིས་སུ་བྱས་པའི་ཕྱི་མར་གསུངས་པ་བཞིན་ནོ། །དེས་ན་འདིར་སྨྱུང་གནས་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་རིམ་པ་ནི། ཐོག་མར་སྟེགས་བུ་གྲུ་བཞི་པའི་སྟེང་ཙནྡན་དཀར་པོའི་ལྡེ་གུས་བྱུགས་པའི་སྟེང་དུ་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བའམ་པདྨ་འདབ་བརྒྱད་བྲིས་པར་ཚོམ་བུ་དགོད་ཚུལ་སོགས་ཕྱག་ལེན་བཞིན་བྱས་ལ། མཆོད་གཏོར་སོགས་ཀྱང་སྨྱུང་གནས་ཀྱི་ཆོ་གའི་གཞུང་བཞིན་བཤམ། སྟོང་མཆོད་ཀྱི་ཉིན་དེའི་སྟེང་དུ་མདུན་བསྐྱེད་ལ་འབུལ་རྒྱུའི་མཆོད་པ་སོ་སོ་ནས་སྟོང་རེ་དངོས་སམ་རི་མོ་བྲིས་པ་ཚུན་ཆད་ཀྱིས་ཚང་བ་དང༌། དེ་མ་འབྱོར་ན་ལྷ་བཤོས་མར་མེ་སྤོས་རྣམས་སྟོང་ཚང་བ། དེའང་མ་འབྱོར་ན་ལྷ་བཤོས་དང་མར་མེ་གང་རུང་སྟོང་ཚང་ཞིང་གཞན་རྣམས་ཅི་འབྱོར་བྱེད། རྣམ་


GTD006_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྟོང་མཆོད་སྐབས་གདུགས་དང་བ་དན་ལྡ་ལྡི་རྣམས་བསྣན་པ་ནི་གཟུངས་མདོ་ལས་སྔོན་གྱི་བྱུང་བ་གསུངས་ཚུལ་ཞིག་དང་བསྟུན་པར་སྣང་ལ། བྱ་རྒྱུད་སྤྱིའི་ལུགས་སུ་གོས་རྒྱན་གང་བུམ་རྣམས་གཙོ་བོར་གསུངས་པས་འདིར་ཡང་དེ་བཞིན་བྱེད། ཁྱད་པར་དུ་བུམ་པ་འབུལ་བ་ནི་ཚིགས་བཅད་ཀྱི་ནང་དུའང༌། ལས་དང་ཉོན་མོངས་དྲི་མ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ཅེས་འབྱུང་བ་ལྟར་ལས་ཉོན་སྡིག་སྒྲིབ་སྦྱོང་བ་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྟེན་འབྲེལ་གྱི་སྒོ་ཁྱད་པར་དུ་འཕགས་པ་ཡིན་པས་སྐབས་འདིར་ཤིན་ཏུ་འབྲེལ་ཞིང་གཙོ་ཆེའོ། །དེར་མ་ཟད་ལུང་ལས། ཇི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་འབྲས་བུ་ཇི་འདྲ་འབྱུང་རིགས་མཐུན་གྱི་རྒྱུ་ལ་ལྟོས་པར་མ་ཟད། ཞིང་ཁྱད་པར་ཅན་ལ་མཆོད་པ་ཕུལ་ན་གང་ཕུལ་བའི་དངོས་པོ་དེ་ཉིད་དང་རིགས་འདྲ་བ་དངོས་གྲུབ་ཀྱི་ཐོག་མར་འབྱུང་བ་རྟེན་འབྲེལ་གྱི་ཆེ་བ་ཡིན་པས། ད་ལྟ་སྙིགས་མའི་སྐྱོན་གྱིས་སྣོད་བཅུད་མཐའ་དག་གི་ནུས་པ་ཉམས་ཏེ་རྩི་བཅུད་ལོ་འབྲས་ཟས་ནོར་ལོངས་སྤྱོད་སོགས་སྒོ་མཐའ་དག་ནས་རྒུད་པ་སླར་གསོ་བའི་ཕྱིར་དུ་སྨན་ལྔ། འབྲུ་ལྔ། རིན་ཆེན་ལྔ། དྲི་ལྔ། སྙིང་པོ་ལྔ་རྣམས་ཕུལ་ན་ལེགས་པས་སྣོད་སོ་སོར་བཤམས་པའམ་གཅིག་ཏུ་སྤུངས་ཏེ་འཇོག །གཞན་ཡང་ཅི་འབྱོར་བའི་མཆོད་རྫས་སྣ་ཚོགས་བཀོད་པ་མཛེས་པར་བཤམས་ལ། ནངས་པར་ལག་རིས་མཐོང་བའི་ཚོད་ཙམ་དུ་གསོ་


GTD006_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གི་སྡོམ་པ་ལེན་པ་ནས་བཟུང་བདག་བསྐྱེད་དང༌། མདུན་བསྐྱེད་ཀྱི་དབང་བསྐུར་རྒྱས་གདབ་པར་ཆོ་གའི་དཀྱུས་ལྟར་བྱ། དེ་ནས་སྟོང་མཆོད་ཀྱི་སྤོས་དང་མར་མེ་སོགས་སྦར་ལ་མཆོད་པ་བྱིན་གྱིས་བརླབས་ནས་ཚིགས་བཅད་ཅི་རིགས་པ་དང༌། བྱ་རྒྱུད་རང་གཞུང་ལྟར་གྱི་ཕྱག་རྒྱ་སྔགས་དང་བཅས་པས་ཆུ་གཉིས་ཉེར་སྤྱོད་རོལ་མོ། འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན། གོས་རྒྱན། གང་བུམ་རྣམས་དབུལ། དེ་ནས། ༈ རྒྱལ་བ་མགོན་པོ་དཔལ་གྱིས་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་པཉྩ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿ ཧཱུཾ་སྭཱཧཱ། དེ་ནས་བཟླས་པའི་བར་གཞུང་བཞིན་ལ། འདིར་སྐོར་བ་དང་ཕྱག་སོགས་ཀྱང་སྟོང་རེ་འགྲོ་དགོས་པས། སྒྲུབ་པ་པོ་བཅུ་ཙམ་ཡིན་ན་སྐོར་བ་སོགས་བརྒྱ་རེ་དང༌། ཉི་ཤུ་ཡོད་ན་ལྔ་བཅུ་རེས་གྲངས་ཚང་བ་འབྱུང་བ། གོ་ཡུལ་དང་བསྟུན་ནས་རྟེན་དངོས་སམ་ལྷ་ཁང་ལ་སྐོར་བ་བྱེད་ཅིང༌། དེའང་བཟླས་པའི་སྐབས་འདིར་གཟུངས་བཟླ་བཞིན་དུ་བྱེད་པའམ་ཐུན་མཚམས་སུ་བྱས་ཀྱང་ཆོག་ལ། སྒྲུབ་པ་པོ་ཉུང་བས་མི་ལྕོགས་ན་གཞན་ལ་བྱེད་དུ་བཅུག་ཀྱང་རུང་ངོ༌། །ཕྱག་ནི་པོ་བསྟོད་ཀྱི་སྐབས་སུ་དེ་དང་སྦྲགས་ཏེ་སྒྲུབ་པ་པོ་མང་ཉུང་ལ་གཞལ་ནས་སྟོང་གི་གྲངས་ཚང་ངེས་སུ་བྱ། མཆོད་པའང་ཐུན་གསུམ་གར་པོ་བསྟོད་ཚར་ཉེར་གཅིག་རེ་འདོན་དགོས་པས། མི་བཅུ་དྲུག་ཡན་ཆད་ཡོད་ན་པོ་བསྟོད་ཚར་རེའི་མཇུག་ཏུ་མཆོད་པ་རེ་ཕུལ་བས་གྲངས་ཚང་བ་འབྱུང་ངོ༌། །འདིར་མཆོད་པ་འབུལ་ཚུལ་ཡང༌། ཨོཾ་ཨཱརྱ་


GTD006_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ། པཱདྱཾ། ཞེས་པ་ནས། ཤཔྟ་བཛྲ་ཝསྟྲ། ཨ་ལངྒཱ་ར། ཀ་ལཱ་ཤ །པཉྩ་པཉྩ་བི་མ་ལ་ཨཱཿ ཧཱུཾ་སྭཱཧཱ། ཞེས་སྔགས་ཙམ་གྱིས་དབུལ། སྒྲུབ་པ་པོ་གྲངས་ཉུང་བས་དེ་ཙམ་གྱིས་སྟོང་མི་འགྲོ་ན་པོ་བསྟོད་ཚར་བའི་རྗེས་སུ་མཆོད་སྔགས་དང༌། སྐྱོན་གྱིས་མ་གོས་ཞེས་སོགས་སྦྲེལ་བས་ཁ་བསྐང་སྟེ་སྟོང་ཚང་བར་བྱེད། ཡི་དམ་ཆོས་སྐྱོང་གི་གཏོར་མ་སོགས་ཆོ་གའི་གཞུང་བཞིན་ལོགས་སུ་བྱེད་དགོས་པས། འདིར་སྟོང་གི་གྲངས་གསོག་རྒྱུའི་གཏོར་མ་ནི་འཇིག་རྟེན་ལས་འདས་མ་འདས་ཀྱི་མགྲོན་མཐའ་དག་ལ་ཐུན་མོང་དུ་འབུལ་དགོས་པ་ཕྱག་ལེན་ཡིན་པས། རིལ་བུ་སྟོང་བྱས་ཏེ་ཟངས་ལ་སོགས་པའི་སྣོད་གཙང་མ་གཅིག་ཏུ་གཏོར་སྤུང་བྱེད་པའམ། སྣོད་བཅུར་རིལ་བུ་བཅུ་བཅུ་བླུགས་པ་ཆུ་དང་སྦྱར་ཏེ་བསང་སྦྱངས་བྱིན་གྱིས་བརླབས་ལ། ༈ དུས་གསུམ་ཕྱོགས་བཅུར་བཞུགས་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །འགྲོན་རྣམས་མ་ལུས་མཆོད་སྦྱིན་གནས། །འདིར་གཤེགས་འདོད་པའི་གདན་ལ་བཞུགས། །ཞེས་སྤྱན་དྲངས། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་ཕྱག་བྱ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱད་ཨོཾ་ཨཱཿ ཧཱུཾ་ཕཊ་སྭཱཧཱ། ཞེས་པས་བསྔོ། རིལ་བུ་བརྒྱ་རེ་ལྷན་དུ་བཤམས་ཚེ་མི་བཅུ་ཡོད་ན་སྔགས་ཀྱང་ཚར་བཅུ་རེས་བསྔོ་ཞིང༌། དེའི་མཚམས་སུ། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་


GTD006_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་ཁྱེར་བ་དང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བརྗོད། སླར་ཡང་རིལ་བུ་བརྒྱ་བཤམས་ཏེ། ཨོཾ་ཨཱཿ ཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཕྱག་བྱར་འོས་པ་མན་ཆད་སྔར་བཞིན་བྱ། དེ་ལྟར་སྟོང་ཚང་བ་ན་སླར་ཡང་ཡི་དམ་ཆོས་སྐྱོང་སོགས་ཀྱི་གཏོར་མ་རྣམས་ཐུན་མོང་དུ་བྱིན་གྱིས་བརླབས་ཏེ་གཞུང་བཞིན་དབུལ། མཇུག་འདིར་ཀླུ་ཆེན་རྣམས་ལའང་གཏོར་མ་གཏོང་བར་བཤད་དེ། དེའི་རྒྱུ་མཚན་མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་རྟག་ཏུ་འཛིན་ཅིང་ཟློས་པ་ལ་བརྩོན་པའི་སེམས་ཅན་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ། །ཞེས་པ་ནས། ཀླུའི་རྒྱལ་པོ་རྒྱ་མཚོ་མཆིང་རྣམས་དང༌། ཀླུའི་རྒྱལ་པོ་མ་དྲོས་པ་དང༌། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་ཏེ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ནི་ས་ཡོངས་སུ་སྲུང་བར་བྱེད་དོ། །ཞེས་འདིའི་བསྙེན་སྒྲུབ་བྱེད་པའི་ཕྱོགས་དེར་ཀླུའི་རྒྱལ་པོ་རྣམས་ཀྱིས་ཀྱང་ཆར་ཆུ་དུས་སུ་འབེབས་ཤིང་སད་སེར་སྲུང་བ་ལ་སོགས་པའི་སྒོ་ནས་སའི་བཅུད་གསོ་བར་གསུངས་ལ། བྱ་རྒྱུད་དོན་གསལ་ལས་ཀྱང་དགེ་སློང་མ་དཔལ་མོའི་སྤྱན་སྔར་ཀླུ་ཆེན་བརྒྱད་ཀྱིས་འཕགས་པ་ཞལ་བཅུ་གཅིག་པའི་སྒོས་ཀྱི་ཆོས་སྐྱོང་དུ་ཁས་བླངས་ཚུལ་གསུངས་པ་ལྟར་ཡིན་པས་ཡུལ་ཕྱོགས་སུ་ཟས་ནོར་ལོངས་སྤྱོད་སོགས་འཕེལ་བའི་དོན་ལ་ཆོ་ག་འདི་དང་འབྲེལ་བར་ཀླུ་གཏོར་བསྔོས་ན་ཕན་ཤིན་ཏུ་ཆེའོ། །དེའང་གཞན་ནས་འབྱུང་བ་བཞིན་ཀླུ་གཏོར་གྱི་ཆོ་ག་རྒྱས་པའམ།


GTD006_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ན་ཀླུ་སྨན་བཏབ་པའི་དཀར་གསུམ་གྱི་གཏོར་མ་བཤམས་ལ། ཀླུ་ཆེན་འཁོར་བཅས་སྐད་ཅིག་གིས་བྱོན་པར་བསམས་ཏེ། ན་མཿ སརྦྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པ་ལན་གསུམ་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ཅིང༌། དཀར་ཕྱོགས་སྐྱོང་བའི་ཀླུ་ཆེན་འཁོར་བཅས་རྣམས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །འབྲུ་བཅུད་ཟས་ནོར་ལོངས་སྤྱོད་འཕེལ་བ་ཡིས། །ཆོས་དང་སྲིད་ཀྱི་དགེ་མཚན་རྒྱས་པར་མཛོད། །ཅེས་འཕྲིན་ལས་བཅོལ། དེ་ནས་སྐུ་ཁྲུས་གསོལ་བ་མན་ཆད་དཀྱུས་ལྟར་བྱའོ། །བྱིན་རླབས་གཏེར་ཆེན་འཕགས་མཆོག་སྤྱན་རས་གཟིགས། །མཆོད་ཆོག་ལག་ལེན་རིམ་པར་བསྒྲིགས་པ་ཡི། །དགེ་བས་མཁའ་མཉམ་མར་གྱུར་འགྲོ་བ་ཀུན། །འཕགས་པའི་ཐུགས་རྗེས་རྟག་ཏུ་སྐྱོང་གྱུར་ཅིག །ཅེས་སྨྱུང་གནས་ཀྱི་ཆོ་ག་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་ཕན་བདེའི་ཆར་འབེབས་ཞེས་བྱ་བ་འདི་ནི་ཨོར་དུ་སུ་ཨོ་ཐོག་ཤོག་གི་མཚན་ཉིད་གྲྭ་ཚང་གི་བླ་མ་གཞུང་ལུགས་སྨྲ་བའི་དབང་པོ་བློ་བཟང་ཡོན་ཏན་དང་སྨན་རམས་པ་བརྩོན་འགྲུས་གཉིས་ནས་འདི་ལྟ་བུ་ཞིག་དགོས་ཚུལ་གྱི་སྐུལ་མ་ནན་ཆེར་བྱུང་བ་བཞིན་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །དགེ་འདིས་འབྲེལ་ཐོགས་སྐྱེ་བོ་ཀུན། །ཕྱག་ན་པདྨས་རྗེས་གཟུང་སྟེ། །ཕྲ་རགས་སྲིད་པའི་མཚོ་བརྒལ་ནས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདིའང་སྐུལ་བ་པོ་གཉིས་ནས་རྒྱུ་སྦྱར་ཏེ་པར་དུ་བསྒྲུབ་པའི་ཚེ་བྲིས་པའོ།། བཀྲ་ཤིས་ཤོག།།


previousསྨྱུང་གནས་དང་འབྲེལ་བར་སྟོང་མཆོད་འབུལ་ཚུལ་གྱི་ཆོ་གnext