Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་མིག་གཟུངས་ཉམས་སུ་ལེན་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ལ་བརྟེན་པའི་མིག་གཟུངས་ཉམས་སུ་ལེན་ཚུལ།next

ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་མིག་གཟུངས་ཉམས་སུ་ལེན་ཚུལ།


GTD006_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་མིག་གཟུངས་ཉམས་སུ་ལེན་ཚུལ་བྱིན་རླབས་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །


GTD006_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཐུགས་རྗེ་མིག་སྨན་ཐུར་མ་ཡིས། །མི་ཤེས་རྨོངས་པའི་རབ་རིབ་སེལ་མཛད་ཅིང༌། །མངོན་པར་མཐོ་དང་ངེས་ལེགས་ལམ་སྟོན་པ། །འཕགས་མཆོག་སྤྱན་རས་གཟིགས་མགོན་དེ་ཡིས་སྐྱོངས། །དེ་ཡང་ཐུགས་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས་ལ་བརྟེན་པའི་མིག་གཟུངས་འདི་ཉིད་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས་ཐོ་རངས་བྱ་རོག་གི་སྐད་མ་གྲགས་པའི་གོང་དེར། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་རྣམས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿ ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། རིགས་དྲུག་སོ་སོའི་གནས་སུ་སོང་སྟེ་རང་རང་གི་སྡུག་བསྔལ་ལས་བསྐྱབས་ཤིང༌། ཁྱད་པར་དུ་དབང་པོ་ཉམས་པ་སོགས་ཀྱི་ཉེར་འཚེ་མཐའ་དག་ལས་ཐར་བར་བྱས། ཚུར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ། ཞལ་གཅིག་ཕྱག་བཞི། གཡོན་གྱི་དང་པོ་ཐལ་མོ་ཁ་ཕྱེ་བའི་སྲིན་ལག་གི་རྩ་བར་གཡས་པའི་སྲིན་ལག་གི་རྩེ་མོ་གཏད་དེ་མིག་ལ་བྱུགས་པའི་ཕྱག་རྒྱ་མཛད་ཅིང༌། གཡས་འོག་མས་དངུལ་དཀར་གྱི་བུམ་པ་བདུད་རྩིས་གང་བ་དང༌། གཡོན་འོག་མས་དངུལ་དཀར་གྱི་མེ་ལོང་བསྣམས་པ། རིན་པོ་ཆེའི་རྒྱན་དུ་མས་སྤྲས་


GTD006_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀར་ཟླ་བ་ལ་ཧྲཱིཿ ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་ཐུགས་རྗེ་ཆེན་པོ་སོགས་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་མཐའ་དག་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པར་བསམ་ཞིང༌། ཏདྱ་ཐཱ། ཨོཾ་ཧཱུ་ཡ་ཧཱུ་ཡ། ཧུ་དུ་ཧུ་དུ། ཀི་ལི་ཀི་ལི། ཙཀྵུ་མཻ་ཏྲྀ་ཤྭ་ཏྲི་ན་ཡ་སྭཱཧཱ། ཞེས་ལན་ཉེར་གཅིག་རེ་མ་ཆག་པར་བཟླ། དེ་ནས་གཡོན་པའི་སྲིན་ལག་གི་རྩ་བར་སྔགས་ཀྱི་མཆིལ་མ་བཏབ་ནས། གཡས་པའི་སྲིན་ལག་གི་རྩེ་མོས་བླངས་ཏེ་མིག་གཡས་པ་ལ་བྱུགས། གཡོན་པའི་སྲིན་ལག་གི་རྩེ་མོར་བསྡུས་ཏེ། དེས་མིག་གཡོན་པ་ལ་ཡང་བྱུག་གོ །འདི་ནི་རྒྱུན་འཁྱེར་གྱི་དབང་དུ་བྱས་པ་ཡིན་ལ། དང་པོར་བསྙེན་པ་བྱེད་པའི་ཚེ་ཁྲུས་དང་གཙང་སྦྲ་ལ་འབད་ལ། ཤ་ཆང་སྒོག་རིགས་སྔོ་ཚོད་ཀྱི་ཟས་སྤོང་བ་སོགས་སྤྱོད་ལམ་ཚུལ་དང་མཐུན་ཞིང༌། ཐེག་པ་ཆེན་པོའི་གསོ་སྦྱོང་སོགས་ལ་གནས་པའི་སྒོ་ནས་ཐ་མལ་པའི་གཏམ་གྱིས་བར་མ་ཆོད་པར་སྟོང་ཕྲག་གཅིག་བཟླ་དགོས་པར་གསུངས་སོ། །རྒྱུན་དུའང་ཡིག་དྲུག་སོགས་ལ་འབད་ཅིང༌། མཇུག་ཏུ་སྔ་མའི་མིག་གཟུངས་དེ་ཉིད་ལན་ཁ་ཡར་དང༌། གཞན་ཡང་རྒྱུད་འབུམ་ལས་འབྱུང་བ་མིག་རྣམ་པར་སྦྱོང་བའི་སྔགས། ཏདྱ་ཐཱ། ཧི་ལི་མི་ལི་ཀི་ལི་མི་ལི་ཧི་ལི་ཏེ་མི་ལི་ཧུ་ཡཱ་ཧུ་ཡཱ་ཧུ་ཡཱ་མ་ནི་ཧུ་ལུ་ཧུ་ལུ་


GTD006_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྵུར་མེ་ཤོ་དྷ་ཡ་སྭཱཧཱ། ཞེས་པ་དང༌། མིག་ནད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཏདྱ་ཐཱ། རུ་ཏི་རེ་ཕུ་རེ་དྷི་ར་ཨཀྵི་ཕུ་རུ་དྷི་ར་བི་ག་ལེ་དུ་ཁཱ་ཏེ་ཕུཿ བཱ་ཏེ་ལེ་ཕུཿ ཧི་ཏེ་ཕུ་མཱཾ་ས་དུཾ་དུ་བྷི་ཕུ་པདྨ་ཨཀྵི་ཕུ་པདྨ་མ་དཎྜ་ཧ་རི་ཎཱི་ཡེ་ཕུ་སྭཱཧཱ། སངྒྷ་ས་པ་རི་ཝཱ་ར་དཱ་ན་པ་ཏི་ས་པ་རི་ཝཱ་ར་སྱ་ཙ། སརྦ་ཙཀྵུཿརོ་ག་པྲ་ཤ་མ་ནཱ་ཡ་སྭཱཧཱ། ཞེས་པ་གཉིས་ཀྱང་ཚར་ཁ་ཤས་རེ་བཟླས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ལ། མ་གྲུབ་ན་སྔ་མ་གཅིག་པུས་ཆོག་གོ །དེ་ནས། བསླུ་མེད་སྐྱབས་ཀྱི་དམ་པ་སྤྱན་རས་གཟིགས། །ཉམ་ཐག་འགྲོ་རྣམས་སྒྲོལ་མཛད་ཐུགས་རྗེའི་གཏེར། །ཁྱོད་ཀྱི་ཐུགས་རྗེའི་བྱིན་རླབས་བདེན་པའི་མཐུ། །དེང་འདིར་བདག་ལ་མངོན་སུམ་བསྟན་དུ་གསོལ། །ཐོག་མེད་དུས་ནས་མི་བཟད་སྡིག་པའི་ལས། །སྤྱི་དང་ཁྱད་པར་མིག་སོགས་དབང་པོ་རྣམས། །ཉམས་བྱེད་ཉེས་ལྟུང་བྱ་བ་གང་བགྱིས་པ། །མྱུར་དུ་བྱང་ཞིང་དག་པར་བྱིན་གྱིས་རློབས། །ཆོས་སྦྱིན་བགྱིས་དང་སྣང་གསལ་ཕུལ་བ་སོགས། །དགེ་བས་བདག་སོགས་འགྲོ་བ་མ་ལུས་པ། །ལྷ་མིག་རྣམ་པར་དག་པའི་དཔལ་ཐོབ་ཅིང༌། །ཟབ་མོའི་གནས་ལུགས་མངོན་དུ་འགྱུར་བར་ཤོག །མདོར་ན་སྙིང་རྗེའི་ལྷ་མཆོག་སྤྱན་རས་གཟིགས། །ཁྱོད་མིན་རེ་བའི་སྐྱབས་གཞན་མ་མཆིས་པས། །མགོན་མེད་ཉམ་ཐག་བདག་གི་དབུགས་ཕྱུང་སྟེ། །རེ་འབྲས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་འདོད་དོན་ལ་གསོལ་བ་གདབ་པོ། །རྒྱལ་མོ་ཆུ་འབྱེད་དང་ཁཎྜའི་སྦྱོར་བ་སོགས་སྨན་གྱི་སྦྱོར་བ་རྣམས་ནི་གཞན་དུ་ཤེས་པར་བྱའོ། །འཕགས་པའི་ཐུགས་རྗེ་ལ་བརྟེན་ནས། །མིག་གི་ནད་རྣམས་སེལ་བའི་


GTD006_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། །བྲིས་པའི་དགེ་འདིས་འགྲོ་བ་ཀུན། །ཆོས་ཀྱི་མིག་དང་ལྡན་པར་ཤོག །ཅེས་འཕགས་མཆོག་ཐུགས་རྗེ་ཆེན་པོ་རང་ཉིད་ཀྱིས་ལྷོ་བྲག་པའི་དགེ་བའི་བཤེས་གཉེན་ཉང་སྒྲུབ་པ་པོ་ལ་དངོས་སུ་སྩལ་བའི་མིག་གཟུངས་ཟབ་མོ་ཉམས་སུ་ལེན་ཚུལ་འདི་ནི། དད་བརྩོན་ལྡན་པ་རབ་འབྱམས་པ་ཤེས་རབ་རྒྱ་མཚོས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འབྲོང་རྩེའི་བེའུ་བུམ་སོགས་ལས་བཏུས་ཏེ་བསྒྲིགས་པའོ།། །།སརྦ་མངྒ་ལཾ།།


previousཐུགས་རྗེ་ཆེན་པོ་ལ་བརྟེན་པའི་མིག་གཟུངས་ཉམས་སུ་ལེན་ཚུལ།next