Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ།next

རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ།


GTD006_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་མཆོག་ཐུན་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


GTD006_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་བི་དཱ་རཱ་ཡ། གསང་གསུམ་སྦྲང་ཆར་བཅུད་ལྡན་གསང་བའི་བདག །མཐུ་སྟོབས་སྒྲ་བརྒྱས་བདུད་འཇོམས་རྡོ་རྗེ་ཅན། །བྱིན་རླབས་བདུད་རྩིའི་རྒྱུན་གྱིས་ཉེར་འཚེ་ཀུན། །རྣམ་པར་འཇོམས་པ་ལྷག་པའི་ལྷ་དེར་འདུད། །རྡོ་རྗེ་འཆང་དབང་ཉིད་ལས་གཞན་མིན་གསང་ཆེན་བཀའ་ཡི་སྡུད་པ་པོ། །སྙིགས་མའི་སྐྱོན་བརྒྱས་གཙེས་ཀྱང་གཞན་མིན་འགྲོ་བའི་དོན་ལ་གཅིག་ཏུ་གཞོལ། །ལྷག་པའི་ལྷ་མཆོག་གང་དང་གཞན་མིན་ཡབ་རྗེ་འཇིགས་མེད་དབང་པོ་ལ། །གུས་པས་འདུད་དོ་ནམ་ཡང་གཞན་མིན་ཁྱོད་ཉིད་ཁོ་ན་སྐྱབས་སུ་བསྟེན། །ནག་ཕྱོགས་རྣམ་པར་གཅོད་པའི་རྩིབས་སྟོང་གི །འཁོར་ལོས་རབ་འབྱམས་འཕྲིན་ལས་གླིང་བཞི་ལ། །དབང་བསྒྱུར་ཐབས་ཀྱི་རྣམ་པ་ཆ་ཚང་བར། །སྤེལ་འདི་སྐལ་ལྡན་རྣམས་ཀྱིས་གུས་པས་བསྟེན། །དེའང་རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པའི་བདག་ཉིད་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རྒྱུད་སྡེ་བཞི་སོ་སོར་གཏོགས་པ་དང༌། མདོ་


GTD006_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་གཏོགས་པ། གྲུབ་ཆེན་སོ་སོ་ནས་བརྒྱུད་པ་སོགས་སྲོལ་མཐའ་ཡས་པ་ཞིག་ཡོད་ཀྱང༌། གཙོ་ཆེ་བ་ཕྱག་ན་རྡོ་རྗེ་ཆེ་བ་བརྒྱད་དམ་དགུར་གྲགས་པ་རྣམས་ཡིན་ཞིང༌། དེའི་ནང་ནས་རྡོ་རྗེ་རྣམ་འཇོམ་ཁྲུས་ཀྱི་ཆེ་བ་ཞེས་བྱ་བ་ཡིན། འདིའི་གཟུངས་མདོ་དང་ཟ་མ་ཏོག་བཀོད་པ་སོགས་རྒྱུད་བསྒྱུར་བའི་ཐོག་མ་ཡིན་ཞིང་ཆོས་རྒྱལ་གོང་མ་རྣམས་ཐུགས་དམ་མཛད་པས་རྒྱལ་པོ་མདོ་ལྔར་གྲགས་པ་བྱུང༌། གྲུབ་མཐའ་རིས་མེད་ལ་འཕྲིན་ལས་ཁྱབ་བརྡལ་དུ་ཆེ་ཞིང༌། རྙིང་མ་པ་རྣམས་རྡོ་རྗེ་ཕུར་བ་དང་ངོ་བོ་གཅིག་པར་འདོད། འདི་ཉིད་ལས། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་ཞེས་པའི་དོན་དུ་བསམས་ཏེ་མ་གཤིན་ཕུར་གསུམ་སོགས་ཀྱི་ལས་སྦྱོར་གང་ལའང་བོགས་འབྱིན་པའི་རྒྱབ་ཆོས་འདི་ལ་བྱེད་དོ། །འདི་ལའང་རྣམ་འཇོམས་ལྗང་སྔོན་རྡོ་རྗེ་གདན་པ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་པ་ད་ལྟ་གྲགས་ཆེ་ཞིང༌། རྣམ་འཇོམས་དཀར་པོ་ས་ཝ་རི་བའི་ལུགས་ལྷ་བཅུ་དགུ་བའི་དབང་སོགས་དེ་ཝ་པཱུུ་རྞ་ནས་མགར་ཆོས་བཟང་ལ་བརྒྱུད་པ་དང༌། གྲུབ་ཆེན་རཱ་ཧུ་ལས་མཁས་གྲུབ་ཁྱུང་པོ་ལ་གནང་བ་རྣམ་འཇོམས་ཞི་བ་དཀར་པོ་དང་དྲག་པོ་ལྗང་གུ་སྦྲགས་སྒྲུབ་ཅིག་ཀྱང་ཡོད། རྣམ་འཇོམས་མཐིང་ག་གསང་སྒྲུབ་ནི་ཁྱུང་


GTD006_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ནི་གུ་མ་ལ་གསན་ཞིང༌། མང་འོད་བྱང་ཆུབ་ཤེས་རབ་ནས་བརྒྱུད་པ་རྣམ་འཇོམས་མཐིང་ག་ཁྲོ་བོ་བཅུས་བསྐོར་བ་ཞིག་ཀྱང་ཡོད། གྲུབ་ཐོབ་ཤོལ་པོ་བ་ཞེས་རྙིང་མ་དང་བཀའ་གདམས་འབྲེལ་མའི་ཆོས་བརྒྱུད་འཛིན་པ་ཞིག་གིས་ཀྱང་རྣམ་འཇོམས་མཐིང་གའི་སྒྲུབ་པ་བྱས་པས་ཞལ་གཟིགས་ཏེ་སྒྲུབ་ཐབས་སྔ་མ་དང་ཅུང་མི་འདྲ་བ་ཞིག་བྱས། རྗེ་བཙུན་ས་སྐྱ་བ་ཆེན་པོ་ལ་བིརྺ་པས་དག་སྣང་གི་ཚུལ་དུ་དབང་བསྐུར་བ་ནི་དབང་བཞི་ཚང་བས་བླ་མེད་ཀྱི་ལུགས་ཡིན་ཞིང་གཙོ་བོ་ཡབ་ཡུམ་ཁྲོ་བོ་བཅུ། ཕོ་ཉ་མོ་དྲུག་ཅུ་རྩ་བཞི། སྒོ་བ་བཞི་སྟེ་ལྷ་དོན་དགུ་ཡོད་པས་འདི་ལ་རྣམ་འཇོམས་བིར་ལུགས་སུ་གྲགས། མཁན་ཆེན་ལས་ཀྱི་རྡོ་རྗེའི་གདམས་པ་འདིའང་ཕྱོགས་ཙམ་དེ་དང་འདྲའང་དེ་ལ་ཁུངས་བཅོལ་བ་མིན་པར། རང་ཉིད་ལ་ཡི་དམ་ལྷས་ཇི་ལྟར་གནང་བ་བཞིན་བཀོད་པ་ཡིན་པར་འདུག་པས་གྲུབ་ཆེན་གྱི་དགོངས་པ་གཞིར་བཟུང༌། མན་ངག་གབ་སྦས་ཀྱིས་ཅུང་ཟད་མི་གསལ་ཞིང་གོ་རིམ་དཀྲུག་པ་རྣམས་དོན་དང་མི་འགལ་བར་བཅོས་ཤིང་བསྡེབས་ནས་ལག་ཏུ་བླང་བདེ་བར་ནག་འགྲོས་སུ་འགོད་པ་ལ། བདག་བསྐྱེད་དང་འབྲེལ་བར་བསྙེན་པ་སྔོན་དུ་བྱ་ཚུལ། བསྙེན་པ་ལས་སུ་རུང་ནས་དཀྱིལ་འཁོར་སྒྲུབ་ཅིང་མཆོད་དེ་དབང་བསྐུར་བ། ཞར་བྱུང་ཉེ་བར་མཁོ་བའི་ལས་ཚོགས་གཞན་བསྟན་པ་དང་གསུམ། དང་པོ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། རྟེན་དང་མཆོད་གཏོར་བཤམས། ཁྲུས་དང་གཙང་སྦྲ་བྱས། བདེ་བའི་སྟན་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ་སྐྱབས་སེམས་སྔོན་དུ་བཏང་ལ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པར་གྱུར། མཆོད་པ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་མཆོད་རྫས་རྣམས་


GTD006_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་ནས་ཨོཾ་ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། རང་གི་སྙིང་གར་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་མཐིང་གས་མཚན་པ་ལས་བཾ་ཡིག་ཅིག་ཆད་དེ་མདུན་དུ་གནས་པ་ཡོངས་སུ་གྱུར་པ་ལས། པདྨའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བ་འདབ་མ་སྟོང་དང་ལྡན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་གྱི་གནས་ནས་རྩ་བའི་བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་དབྱེར་མེད་པ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། པདྨའི་སྟེང་དུ་བཞུགས་པར་གྱུར། གང་གིས་འཁོར་བའི་ཉེས་པ་འདི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི། །བཅོམ་ལྡན་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཨརྒྷཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱིཙྪ་ཡེ་སྭཱཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་གྱིས་རྒྱུན་བཤགས་ལན་གསུམ་བྱ། བཛྲ་མུཿ ཚོགས་ཞིང་རྣམས་རང་


GTD006_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གཤེགས་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་མཐའ་དག་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་ལ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཆེན་པོའི་ས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། དངོས་གཞི་ལ་རྟེན་དང་བརྟེན་པ་གསལ་གདབ་པ། ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་ཅིང་བསྟིམ་པ། བཟླས་པའི་རིམ་པ་སོགས་གསུམ། དང་པོ་ནི། གོང་དུ་བསོད་ནམས་ཀྱི་ཚོགས་སོང་ཟིན་ནས། འདིར་ཡེ་ཤེས་ཀྱི་ཚོགས་གསོག་དགོས་པས་སྔགས་དོན་དྲན་བཞིན་པར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གྱུར། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཡི་གེ་ཧཱུཾ་མཐིང་ག་གཅིག་ཏུ་གྱུར་པ་དེ་ལས་ཨེ་ཡིག་ཅིག་ཆད་དེ་འོག་ཏུ་སོན་པ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་རྩ་བ་ཐུར་དུ་ཟུག་པ། གདེངས་ཀ་གྱེན་དུ་ཕྱོགས་ཤིང་ཕྱི་སྔོ་ལ་ནང་དམར་བའི་རང་བཞིན་ནམ་མཁའ་དང་མཉམ་པར་གྱུར། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུའི་མཆོག་མ་གཉིས་ལ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ཟུར་དུ་རཾ་འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཕྱོགས་བཞིར་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་ཕྱེད་པས་མཚན་པ། དེའི་དབུས་སུ་སུཾ་ལས་རིའི་རྒྱལ་པོ་རི་རབ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ཟུར་བཞིར་ལྕོག་ཆེན་བརྒྱད་ཀྱིས་ཉེ་བར་མཛེས་པ། དེའི་སྟེང་དུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག་


GTD006_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལྟེ་བ་སྔོན་པོ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ། རྡོ་རྗེ་ཆུང་ངུ་མང་པོས་སྲུབ་ཐམས་ཅད་བཀག་སྟེ་བསྐལ་པའི་རླུང་གིས་ཀྱང་མི་ཕྱེད་པའི་རང་བཞིན་ཅན་དུ་གྱུར། ཨོཾ་བཛྲ་རཀྵ་ཧཱུཾ། དེའི་འོག་གི་ཉི་དཀྱིལ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་མེའི་ངོ་བོར་གྱུར་ཏེ་ཤར་དུ་ཞེ་སྡང་སྲེག་པའི་མེ་མཐིང་ནག་ཏུ་འབར་བ། ལྷོར་ཕྲག་དོག་སྲེག་པའི་མེ་སེར་ནག་ཏུ་འབར་བ། ནུབ་ཏུ་འདོད་ཆགས་སྲེག་པའི་མེ་དམར་ནག་ཏུ་འབར་བ། བྱང་དུ་ང་རྒྱལ་སྲེག་པའི་མེ་ལྗང་ནག་ཏུ་འབར་བ། དབུས་སུ་གཏི་མུག་སྲེག་པའི་མེ་སྨུག་ནག་ཏུ་འབར་བ། སྟེང་གི་མེ་ལྕེ་འོག་ཏུ་འབར་ཞིང་འཁྲུག་པ། འོག་གི་མེ་ལྕེ་སྟེང་དུ་འབར་ཞིང་འཁྲུག་པ། མེའི་འུར་སྒྲ་དང་ཚེག་སྒྲས་སྟོང་གསུམ་གཡོ་བ་ལྟ་བུར་གྱུར། རང་སེམས་ཧཱུཾ་གི་རྣམ་པ་དེ་ལས་སླར་ཡང་བྷྲུཾ་ཡིག་ཅིག་ཆད་དེ་སྲུང་འཁོར་གྱི་དབུས་སུ་གནས་པ་ཞུ་བ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི་དང་ལྡན་པ། ནང་ནས་རིམ་པ་བཞིན་དུ་ནག་པོ་དང༌། ལྗང་གུ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་རིན་པོ་ཆེའི་ཤར་བུ་དང་མདའ་ཡབ་དང་པུ་ཤུས་མཛེས་པར་ཕུབ་པ། ནང་ཀ་བ་བརྒྱད་ཀྱིས་བཏེག་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་ཕྱེད་པའི་ཏོག་གིས་སྤྲས་པ། འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་དུ་མ་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། སྒོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་


GTD006_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ་དང་གདུགས་དང་རི་དྭགས་དང༌། གཞན་ཡང་འཕན་དང་ཟླ་བ་རླུང་གིས་བསྐྱོད་པ་རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་སྤྲས་པ། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་ཕྱི་རོལ་ཏུ་འཇིག་རྟེན་པའི་ཁོར་ཡུག་ལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཤིང་ལྗོན་པ་ལོ་འདབ་རྒྱས་པ། མེ་ཏོག་ཁ་དོག་སྣ་ཚོགས་དང་རོ་བཅུད་ཕུན་སུམ་ཚོགས་པའི་ཤིང་ཐོག་སྨིན་པར་འཕྱང་བ། ཤིང་ལྗོན་པ་དེ་ལ་སྤྲུལ་བའི་བྱ་མང་པོས་གསང་སྔགས་ཀྱི་སྒྲ་སྒྲོགས་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ་ལ་ཆུ་བྱ་མང་པོ་ལྡིང་བ། ནེའུ་གསིང་དང་མ་རྨོས་པའི་ལོ་ཏོག་སོགས་ཡིད་ལ་བདེ་བ་སྐྱེད་པའི་མཆོད་པས་དཀྲིགས་པ། དེའི་ཕྱི་རོལ་ཏུ་གཏུམ་དྲག་སོགས་ཀྱི་དུར་ཁྲོད་བརྒྱད་ན་ཤིརྵ་ལ་སོགས་པའི་ཤིང་བརྒྱད་ཀྱི་རྩ་བར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད་དང༌། རྩེ་མོར་གླང་པོའི་གདོང་པ་ཅན་སོགས་ཞིང་སྐྱོང་བརྒྱད། བྷི་ཤ་དྷ་ཀ་ལ་སོགས་པའི་ཆུ་བརྒྱད་ལ་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད་དང༌། དེའི་སྟེང་དུ་སྒྲོག་བྱེད་སེར་པོ་ལ་སོགས་པའི་སྤྲིན་བརྒྱད། བྱང་ཆུབ་ཆེན་པོ་ལ་སོགས་པའི་མཆོད་རྟེན་བརྒྱད་དང༌། ཨིནྡྲ་བོ་དྷི་ལ་སོགས་པའི་གྲུབ་ཆེན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད་དང་དེ་ལ་གནས་པའི་སྲིན་པོ་བརྒྱད། རིན་པོ་ཆེའི་རང་བཞིན་གྱི་ལྷུན་པོ་ལ་སོགས་པའི་རི་བརྒྱད། དེ་དག་གི་བར་མཚམས་རྣམས་སུ་མི་རོ་ཆེ་ཆུང་མང་པོ་ཁྲ་ཁྲེས་སུ་ཡོད་པ། ཀེང་རུས་སྐམ་རློན་དུ་མ་རང་རེང་དུ་སྤུངས་པ། སྟག་གཟིག་དོམ་དྲེད་མང་པོ་ངར་སྒྲ་དང་ངུར་སྒྲས་འགེངས་པ། དུར་བྱ་རྗེན་ཤ་ཟ་བ་མང་པོ་རྒྱུ་ལྟོ་འདྲད་པ། ཕྲ་མེན་དང་འདྲེ་སྲིན་མང་པོས་སྐྱོ་ཞིང་འཇིགས་པའི་སྣང་བ་སྣ་ཚོགས་སྟོན་པ། བདུད་དང་གཤིན་རྗེ་སྲིན་པོ་མ་རུངས་པས་གད་མོ་ཆེན་པོ་རྒོད་པ། ཞིང་སྐྱོང་མཁའ་འགྲོ་མང་པོ་སྣ་ཚོགས་


GTD006_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་མདོག་དང་ཕྱག་མཚན་དང་ཕྱག་རྒྱ་དང་བཅས་ཏེ་དུར་ཁྲོད་བརྒྱད་པོ་དེ་དག་ཉུལ་བ་སོགས་སྐྱི་གཡའ་ཞིང་ངོ་མཚར་བར་བྱེད་པ། གཞལ་ཡས་ཁང་གི་ནང་གི་སྟེང་དང་འོག་གི་ས་གཞི་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་ཨིནྡྲ་ནཱི་ལའི་ས་གཞི་ལྟར་མཐིང་ག །དེའི་ནང་དུ་སྣ་ཚོགས་པདྨ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་མུ་ཁྱུད་རིམ་པ་གསུམ་དང་ལྡན་པ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བ་དང་རཾ་ལས་ཉི་མའི་དཀྱིལ་འཁོར། ཕྱོགས་ཀྱི་པད་འདབ་བཞི་དང་འཁོར་ལོའི་རྩིབས་བཅུ། སྒོ་བཞི་སོགས་ལ་རཾ་ལས་ཉི་གདན་དང༌། མཚམས་ཀྱི་པད་འདབ་བཞི་ལ་ཨ་ལས་ཟླ་བའི་གདན་རེ་རེ། རང་སེམས་ཧཱུཾ་གི་ཡི་གེ་ནམ་མཁར་གནས་པ་དེ་ཉིད་གདན་དབུས་མའི་སྟེང་དུ་བབས་པ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ནམ་མཁའ་ལ་འཕྱར་བ། གཡོན་པ་ལོག་འདྲེན་ཚར་གཅོད་པའི་སྡིགས་མཛུབ་ཐུགས་ཀ་ན་གདེངས་པ། སྤྱན་གསུམ་དང་ལྡན་པ། མཆེ་བ་བཞི་གཙིགས་པ། ཤངས་ནས་བསྐལ་པའི་རླུང་འབྱིན་པ། སྨ་རའི་གསེབ་ནས་མེ་སྟག་འཕྲོ་བ། དབུ་སྐྲ་ཁམ་སེར་གྱེན་དུ་འཕྲོ་བ། ཞབས་གཡས་བསྐུམས་པས་དགྲ་དང་བགེགས་མནན་པ། གཡོན་བརྐྱངས་པས་བདུད་དང་མུ་སྟེགས་མནན་པ། ཀླུ་རྒྱལ་རིགས་དཀར་ཁྲས་དབུ་བརྒྱན་པ། རྗེའུ་རིགས་སེར་ཁྲས་སྙན་རྒྱན་དང་དཔུང་རྒྱན་བྱས་པ། བྲམ་ཟེའི་རིགས་དམར་ཁྲས་མགུལ་བ་བརྒྱན་


GTD006_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པ། དམངས་རིགས་ལྗང་ཁྲས་ཕྱག་གདུབ་བྱས་པ། གདོལ་པ་ནག་པོས་དོ་ཤལ་བྱས་པ། རྡོ་རྗེའི་ཐོད་དང༌། རྡོ་རྗེ་ཆུང་ངུ་ཟ་རམ་ཚགས་སུ་འཕྱང་བ། རྡོ་རྗེའི་སྙན་རྒྱན་དང་དཔུང་རྒྱན། རྡོ་རྗེའི་མགུལ་རྒྱན། རྡོ་རྗེའི་ཕྱག་གདུབ་ཞབས་གདུབ། རྡོ་རྗེའི་དོ་ཤལ། རྡོ་རྗེའི་ལ་ཐོད་དང༌། མགུལ་རྒྱན། དོ་ཤལ་གསུམ་ལ་རྡོ་རྗེ་ཆུང་ངུ་ཟ་རམ་ཚགས་སུ་འཕྱང་བ་སྟེ་རྡོ་རྗེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། རང་གི་ཐུགས་ཀ་ནས་ཧཱུཾ་བཞི་ཆད་དེ་ཕྱོགས་ཀྱི་འདབ་མར་འཁོད་པས། ཤར་དུ་ཧཱུཾ་ལས་རྡོ་རྗེ་གཏུམ་པོ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ། ལྷོར་ཧཱུཾ་ལས་རྡོ་རྗེ་ཕུར་པ་སྐུ་མདོག་སེར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཕུར་པ། ནུབ་ཏུ་ཧཱུཾ་ལས་རྡོ་རྗེ་བེ་ཅོན་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན། བྱང་དུ་ཧཱུཾ་ལས་རྡོ་རྗེ་ཐོ་བ་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཐོ་བ། ཐམས་ཅད་ཀྱིས་གཡས་ཀྱི་ཕྱག་མཚན་ནམ་མཁའ་ལ་འཕྱར་ཞིང༌། གཡོན་སྡིགས་མཛུབ་ཐུགས་ཀར་གདེངས་པ། སྤྱན་གསུམ་གསུམ་དང་ལྡན་པ། ཀླུ་རིགས་ལྔ་དང་རྡོ་རྗེའི་རྒྱན་དྲུག་གིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་ནས་བཞུགས་པ། རང་གི་ཐུགས་ཀ་ནས་ཧཱུཾ་ཏྲཱཾ་ཧྲཱིཿ ཏཱཾ་བཞི་ཆད་དེ་མཚམས་ཀྱི་འདབ་མར་འཁོད་པས། ཤར་ལྷོར་ཧཱུཾ་ལས་སངས་རྒྱས་སྤྱན་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། ལྷོ་ནུབ་ཏུ་ཏྲཱཾ་ལས་མཱ་མ་ཀཱི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་གཡས་རིན་པོ་ཆེ། ནུབ་བྱང་དུ་ཧྲཱིཿ ལས་གོས་དཀར་མོ་སྐུ་མདོག་དམར་མོ་ཞལ་


GTD006_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་གཡས་པདྨ། བྱང་ཤར་དུ་ཏཱཾ་ལས་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་ཨུཏྤ་ལ། གཡོན་པ་རྣམས་ཀྱིས་རིམ་པ་བཞིན་ཤེལ། གཡུ། བྱུ་རུ། ཨིནྡྲ་ནཱི་ལའི་བུམ་པ་བདུད་རྩིས་གང་བ་བསྣམས་པ། ཐམས་ཅད་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། ཞལ་གཙོ་བོ་ལ་ཕྱོགས་ཏེ་བཞུགས་པ། རང་གི་ཐུགས་ཀ་ནས་ཧཱུཾ་བཅུ་ཆད་དེ་རྩིབས་བཅུ་ལ་འཁོད་པ་ལས། ཤར་དུ་རྣམ་པར་རྒྱལ་བ་སྐུ་མདོག་དཀར་པོ་རྡོ་རྗེ་བསྣམས་པ། ཤར་ལྷོར་དབྱུག་སྔོན་ཅན་སྐུ་མདོག་སྔོན་པོ་དབྱུག་པ་བསྣམས་པ། ལྷོར་གཤིན་རྗེའི་གཤེད་སྐུ་མདོག་སེར་པོ་བེ་ཅོན་བསྣམས་པ། ལྷོ་ནུབ་ཏུ་ཁྲོ་གཉེར་ཅན་སྐུ་མདོག་དམར་ནག་རལ་གྲི་བསྣམས་པ། ནུབ་ཏུ་རྟ་མགྲིན་སྐུ་མདོག་དམར་པོ་པདྨ་བསྣམས་པ། ནུབ་བྱང་དུ་དོན་ཡོད་ཞགས་པ་སྐུ་མདོག་མཐིང་ག་མདུང་ཐུང་བསྣམས་པ། བྱང་དུ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ནག་རྡོ་རྗེ་བསྣམས་པ། བྱང་ཤར་དུ་རྡོ་རྗེ་འཁོར་ལོ་སྐུ་མདོག་ལྗང་གུ་འཁོར་ལོ་བསྣམས་པ། སྟེང་དུ་ཧཱུཾ་ཆེན་ཀཱ་ར་སྐུ་མདོག་མཐིང་ག་རྡོ་རྗེ་བསྣམས་པ། འོག་ཕྱོགས་སུ་སྟོབས་པོ་ཆེ་སྐུ་མདོག་ནག་པོ་རྩེ་གསུམ་བསྣམས་པ་སྟེ། ཐམས་ཅད་ཞལ་གཅིག་ཕྱག་གཉིས། གཡས་རང་རང་གི་ཕྱག་མཚན་ནམ་མཁའ་ལ་འཕྱར་བ། གཡོན་ཐུགས་ཀར་སྡིགས་མཛུབ་གདེངས་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་བཞི་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཀླུ་རིགས་ལྔས་བརྒྱན་ཅིང་རྡོ་རྗེའི་རྒྱན་དྲུག་གིས་སྤྲས་པ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་ཞབས་


GTD006_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བརྐྱང་བསྐུམ་གྱི་ཚུལ་གྱིས་བཞུགས་པའོ། །དེའི་ཕྱི་རིམ་གྱི་མུ་ཁྱུད་ལ་ཤར་དུ་བཀྲ་ཤིས་ཀྱི་ལྷ་མོ་སྐུ་མདོག་དཀར་མོ་གཡས་གདུགས་དང་གཡོན་མེ་ཏོག་བསྣམས་པ། ཤར་ལྷོར་བཀྲ་ཤིས་ཀྱི་ལྷ་མོ་སྐུ་མདོག་སེར་མོ་གཡས་གསེར་ཉ་དང་གཡོན་སྣང་གསལ་བསྣམས་པ། ལྷོར་བཀྲ་ཤིས་ཀྱི་ལྷ་མོ་སྐུ་མདོག་དམར་པོ་གཡས་དུང་དང་གཡོན་སིལ་སྙན་བསྣམས་པ། ལྷོ་ནུབ་ཏུ་བཀྲ་ཤིས་ཀྱི་ལྷ་མོ་སྐུ་མདོག་དམར་མོ་གཡས་པདྨ་གཡོན་ཞལ་ཟས་བསྣམས་པ། ནུབ་ཏུ་བཀྲ་ཤིས་ཀྱི་ལྷ་མོ་སྐུ་མདོག་སེར་མོ་གཡས་གསེར་བུམ་གཡོན་པི་ཝང་བསྣམས་པ། ནུབ་བྱང་དུ་བཀྲ་ཤིས་ཀྱི་ལྷ་མོ་སྐུ་མདོག་དམར་མོ་གཡས་རྒྱལ་མཚན་གཡོན་བདུག་སྤོས་བསྣམས་པ། བྱང་དུ་བཀྲ་ཤིས་ཀྱི་ལྷ་མོ་སྐུ་མདོག་སྔོན་མོ་གཡས་དཔལ་བེའུ་གཡོན་དྲི་ཆབ་བསྣམས་པ། བྱང་ཤར་དུ་བཀྲ་ཤིས་ཀྱི་ལྷ་མོ་སྐུ་མདོག་ལྗང་གུ་གཡས་འཁོར་ལོ། གཡོན་ལྷའི་ན་བཟའ་བསྣམས་པ། ཐམས་ཅད་ཀྱང་སྐུ་ལ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། ཞབས་གར་སྟབས་སུ་བཞུགས་པ། ཤར་གྱི་ཁྱམས་ལ་རྡོ་རྗེའི་རིགས་ཀྱི་ཕོ་ཉ་བཅུ་དྲུག་སྐུ་མདོག་དཀར་པོ། ཕྱག་གཡས་རྡོ་རྗེ་གཡོན་ལྕགས་ཀྱུ་བསྣམས་པ། ལྷོར་རིན་པོ་ཆེའི་རིགས་ཀྱི་ཕོ་ཉ་བཅུ་དྲུག་སྐུ་མདོག་སེར་པོ། གཡས་རྡོ་རྗེ་གཡོན་ཞགས་པ། ནུབ་ཏུ་པདྨའི་རིགས་ཀྱི་ཕོ་ཉ་བཅུ་དྲུག་སྐུ་མདོག་དམར་པོ། གཡས་རྡོ་རྗེ་གཡོན་ལྕགས་སྒྲོག །བྱང་དུ་ལས་ཀྱི་རིགས་ཀྱི་ཕོ་ཉ་བཅུ་དྲུག་སྐུ་མདོག་ལྗང་གུ །གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པ་སྟེ། ཐམས་ཅད་ཀྱང་རིན་པོ་ཆེས་བརྒྱན་ཅིང་ཞབས་བརྐྱང་


GTD006_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམ་གྱི་ཚུལ་གྱིས་པདྨའི་གདན་ལ་བཞུགས་པ། ཤར་སྒོར་ཛཿ ལས་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཧཱུཾ་ལས་ཞགས་པ་མ་སེར་མོ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་ཧོཿ ལས་དྲིལ་བུ་མ་ལྗང་གུ་སྟེ། ཐམས་ཅད་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དེ་བཞི་གའི་ཕྱི་ངོས་སུ་ཤར་སྒོར་ཡུལ་འཁོར་སྲུང༌། ལྷོ་སྒོར་འཕགས་སྐྱེས་པོ། ནུབ་སྒོར་སྤྱན་མི་བཟང༌། བྱང་སྒོར་རྣམ་ཐོས་སྲས་ཏེ་བཞི་གའང་སྐུ་མདོག་ཕྱོགས་ཀྱི་མདོག་ཅན། ཞི་མ་ཁྲོའི་ཚུལ་དུ་བཞུགས་པ། འདོད་ཡོན་གྱི་སྣམ་བུའི་སྟེང་དུ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཆོད་ཅིང་སྐོར་བ་མཛད་པ། ཕྱི་རོལ་འཇིག་རྟེན་སྐྱོང་བའི་ཁོར་ཡུག་ལ་ཕྱོགས་སྐྱོང་བཅུ་ལ་སོགས་པ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྣམས་དང་སྲུང་མའི་ཚོགས་ཐམས་ཅད་བཞུགས་པ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུཾ་མཐིང་གས་མཚན་པར་གྱུར། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་སོགས་ནི། ཧཱུཾ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །མི་བཟད་བདུད་ཀྱི་དཔུང་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་ཅན་གྱི་ལྷ་ཚོགས་རྣམས། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ། མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་དང་བཅས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་སྤྲིན་


GTD006_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས་པ་བཞིན་དུ་བཞུགས་པར་གྱུར། ཨོཾ་བཛྲ་བི་དཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། རིགས་ལྔའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རིགས་ལྔའི་ལྷ་ཚོགས་ཐམས་ཅད་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས། རང་དང་ལྷ་ཚོགས་ཀྱི་སྤྱི་གཙུག་ནས། ཁྲུས་མཆོག་འདི་ནི་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་པས། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱིཉྩ་ཏ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བས། བདུད་རྩིའི་ཆུ་རྒྱུན་གྱིས་སྨིན་མཚམས། མགྲིན་པ། སྙིང་ག །ལྟེ་བ། གསང་གནས། ཡན་ལག་རིམ་པ་བཞིན་གང༌། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་རིམ་བཞིན་དག །ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་དབུས་སུ་ཕྱག་ན་རྡོ་རྗེ། གཡས་སུ་འཇམ་དཔལ། གཡོན་དུ་སྤྱན་རས་གཟིགས་དང༌། གཞན་རྣམས་ལའང་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། གསུམ་པ་བཟླས་པ་སོགས་ཀྱི་རིམ་པ་ནི། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚེ་དང་བསོད་ནམས་


GTD006_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་སོགས་མི་འདོད་པའི་སྡུག་བསྔལ་ཐམས་ཅད་མེད་པར་བྱས། ཕ་རོལ་གྱི་རིག་སྔགས་བྱད་སྟེམས་སོགས་ཀྱི་ལས་དང༌། གཟའ་དང་རྒྱུ་སྐར་ངན་པ་སོགས་མི་བཟད་པའི་གདོན་གྱི་ཉེར་འཚེ་དང༌། རྨི་ལམ་མཚན་ལྟས་ངན་པ་ཐམས་ཅད་ཞི་བར་བྱས། རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ་ཏེ། དེ་དག་གི་བྱིན་རླབས་དྲངས་ནས་བསྟིམ་པས་རིག་སྔགས་མ་གྲུབ་པ་རྣམས་གྲུབ་ཅིང༌། གྲུབ་ཟིན་རྣམས་བརྟན་པར་བྱས། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་པར་བསམས་ལ་ཡིད་གཞན་དུ་མ་ཡེངས་པར་བཟླས་པ་བྱའོ། །བཟླ་བྱའི་སྔགས་གཟུངས་རིང་ནི་རྩ་སྔགས་ཡིན་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩནྜ་བཛྲ་པཱ་ན་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། ཞེས་པ་ནས། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། ཅེས་པ་སྙིང་པོ་དང༌། ན་མཤྩནྜ་བཛྲ་ཀྲོ་དྷཱ་ཡ། ཞེས་སོགས་ཉེ་སྙིང་ཡིན་ཞིང་དེ་གསུམ་གང་རུང་གིས་ཆོག་གོ །པཎ་གྲུབ་སོ་སོའི་འགྲེལ་པ་དང་སྒྲུབ་ཐབས་རྣམས་སུ་ལྷ་ལྔ། ལྷ་དགུ། ལྷ་བཅུ་གསུམ། བཅུ་དགུ་སོགས་མི་འདྲ་བ་མང་བས་འཁོར་གྱི་སྔགས་ངོས་འཛིན་མི་འདྲའང༌། གྲུབ་ཆེན་གྱི་གསུང་འདི་སངས་རྒྱས་གསང་བ་དང་མཐུན་ཤས་ཆེ་བས། དེ་ལྟར་ན་ཉེ་སྙིང་གི་ཧུ་ལུ་སོགས་བཞི་ནང་གི་ཁྲོ་བོ་བཞི་ལ་བྱས་ནས་དེ་ལྔ་གར་གཙོ་བོའི་ཐ་སྙད་ཀྱང་མཛད་དོ། །སྙིང་པོའི་ཧ་ར་ཧ་ར་བཛྲ་སོགས་བཅུ་ཁྲོ་བཅུའི་སྔགས་ཡིན་ཞིང༌། རྩ་སྔགས་ཀྱི་ནང་དུ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་ཁྲོ་མོ་ཕོ་ཉ་མངག་གཞུག་ཐམས་ཅད་ཀྱི་སྔགས་ཚང་བ་ཡིན་ནོ། །ཡང་ཙུ་རུ་ཙུ་རུ་ཙཎྜ་ཞེས་སོགས་སྔགས་ཚན་བཞིའང་ནང་གི་ཁྲོ་བོ་བཞིའི་སྔགས་ཡིན་ཞིང་སོ་སོར་སྦྱོར་ཚུལ། སངས་རྒྱས་གསང་བས་ཕུར་པ་བེ་ཅོན་ཐོ་བ་གཏུམ་པོ་བཞི་ལ་རིམ་བཞིན་སྦྱར་ཡང༌། སློབ་


GTD006_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་པདྨས་མཛད་ཟེར་བའི་འགྲེལ་པར། གཏུམ་པོ། ཕུར་བུ། བེ་ཅོན། ཐོ་བ་བཞི་ལ་སྦྱར་བ་སྔགས་དང་མཚན་ཟུར་མཐུན་ཞིང་སྒྲུབ་ཐབས་འདིའི་གོ་རིམ་དང་འགྲིག་གོ །བཟླས་པའི་མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང༌། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་བསམས་ལ་སྔར་བཞིན་མཆོད། མཐུ་སྟོབས་རྩེ་བརྒྱ་འབར་བ་ཡིས། །བགེགས་དང་ལོག་འདྲེན་ཀུན་འཇོམས་ཤིང༌། །འཕྲིན་ལས་མ་ལུས་སྒྲུབ་མཛད་པ། །ཁྲོ་རྒྱལ་འཁོར་དང་བཅས་ལ་བསྟོད། །ཅེས་པས་བསྟོད། བོད་ཀྱི་བླ་མ་སྔ་མ་ཕལ་ཆེར་བསྙེན་པ་བྱེད་ཚེ་མདུན་བསྐྱེད་བུམ་པ་ཅི་རིགས་ལ་བརྟེན་དགོས་པར་འདོད་ཀྱང༌། མར་མེ་མཛད་བཟང་པོ་སོགས་ཁུངས་ཐུབ་དུ་མས་མངོན་རྟོགས་ཀྱི་བསྙེན་པ་ལས་ཟུར་དུ་མ་གསུངས་པས་བདག་བསྐྱེད་ཀྱི་སྟེང་ནས་བྱས་ཆོག་པར་སྔགས་རིམ་དུ་གསུང་ངོ༌། །དེས་ན་འདིར་བསྙེན་པ་གཏོང་ཚུལ་ཟུར་ཙམ་འགོད་ན། ཐོག་མར་ཆོས་སྲུང་ལ་གཏོར་འབུལ། ཡུལ་ལྷ་ལ་དཀར་གཏོར། བགེགས་གཏོར་སོགས་བཏང་སྟེ། མཚམས་ཐོ་བསླང་ནས་བསྐྱེད་ཆོག །གདན་ལ་གཡུང་དྲུང་འདྲི་བ། ཡོ་བྱད་ཚོགས་ཤིང་མཆོད་གཏོར་བཤམ་པ། ཁྲུས་དང་བསང་དུད་བྱ་བ་སོགས་སྤྱི་ལྟར་བྱ། བཟླས་པའི་ཚེ་མ་གཡེང་ཞིང་ཐ་མལ་གྱི་ངག་དང་ལྷ་གཞན་གྱི་སྔགས་ཀྱང་མ་འདྲེས་ལ། གླལ་སྦྲིད་འོག་རླུང་གཉིད་སོགས་ཀྱང་མ་ཤོར་བ་བྱེད་ཅིང༌། གལ་ཏེ་བྱུང་ན་ཐུན་བཏང་སྟེ་ཁྲུས་དང་ཉེ་རེག་བྱས་ཏེ་སླར་ཐུན་ལ་འཇུག་དགོས་པས་སྔ་མ་བསྙེན་གྲངས་སུ་མི་གཞུག །སྤྱིར་བྱ་རྒྱུད་ལ་སྔགས་དང་ཕྱག་རྒྱ་རིམ་པ་མང་པོ་ཞིག་ཡོད་ཀྱང༌། འདི་སྙིགས་མའི་གདུལ་བྱ་བརྩོན་འགྲུས་དང་བློའི་མཐུ་ཞན་པ་རྣམས་ལ་ཕན་པའི་ཕྱིར་དུ་འཇིག་པ་བདེ་བའི་ཚུལ་གྱིས་ཡི་དམ་ལྷས་དངོས་སུ་གནང་བ་ཡིན་པས་ཁ་བསྐང་དགོས་པའི་ངེས་པ་མེད་ཀྱང༌། ལས་རུང་གི་སྐབས་སོགས་སུ་ཅུང་ཟད་རྒྱས་པར་བྱས་ན་བཟང་བས། སྐད་ཅིག་དཀྲོང་བསྐྱེད་ཀྱི་


GTD006_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དེར་རྡོ་རྗེའི་རིགས་ཀྱི་དམ་རྒྱ་ཐལ་མོ་བཟློག་སྟེ་སྦྱར་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་སྦྱར་ཏེ་ལྟེ་བའི་ཐད་ཀར་བཞག་ནས། ཨོཾ་བཛྲ་ཨུདྦྷ་ཝ་ཡེ་སྭཱཧཱ། ཞེས་དང༌། མཐེ་བོང་གིས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ་བསྣོལ་ནས་དཔུང་པར་བཞག་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩནྚ་བཛྲ་པཱ་ཎི་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་རྒྱས་བདག་དང་གནས་ཐམས་ཅད་བསྲུང༌། མཚམ་འགོར་འཕྲེང་བ་སྙིམ་པར་བཟུང་སྟེ། ཨོཾ་ཀཱི་རི་ཀཱི་རི་རོ་ཏྲི་ཎི་སྭཱཧཱ། ཞེས་པ་ལན་བརྒྱ་རྩ་བཟླས་ནས་འཕྲེང་བ་བསྒྲུབ། རྒྱུན་དུ་བཟླས་པའི་འགོར། ཨོཾ་བཛྲ་ཡ་ཛ་ཏན་ཛ་ཡེ་སྭཱཧཱ། ཞེས་པ་ལན་བདུན་བཟླའོ། །ཕྲེང་བ་ནི་རུ་རཀྴ་མཆོག་ཡིན་ལ། བོ་ཏི་ཙིས་ཀྱང་རུང༌། བཟླས་པ་བྱེད་ཚུལ་དཔུང་བཟང་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང༌། །སྒྲ་ཆེར་མི་བྱ་ཧ་ཅང་ཆུང་བ་མིན། །སྨྲ་ཞིང་མ་ཡིན་གཞན་དུ་གཡེང་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚེག་རྣམས་ཉམས་པ་མིན། །ཞེས་སོགས་དམན་ལྷག་མྱུར་བུལ་སོགས་ཀྱི་སྐྱོན་དང་བྲལ་བ་བྱ། ཐོག་མར་ཤུབ་བུའི་བཟླས་པ་དང༌། ཅུང་ཟད་བརྟན་པ་ཐོབ་ནས་ཡིད་བཟླས་བྱ་བར་གསུང༌། གྲངས་ལེགས་གྲུབ་ལས། བཅོ་ལྔ་མན་ཆད་གྲངས་རྣམས་ལ། །སྤྱིར་ན་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་ཡི་གེ་མང་པོ་ལ། །སྔོན་དུ་བསྙེན་པ་ཁྲི་བྱ་འོ། །ཞེས་གསུངས་པས། ཉེ་སྙིང་ལ་བྱེད་ན་སུམ་འབུམ་བཟླ་དགོས་ཤིང༌། སྙིང་པོའམ་རྩ་སྔགས་ལ་བྱེད་ན་ཁྲིས་ཆོག་གོ །འདིའི་གཟུངས་མདོར། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་


GTD006_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །ཞེས་པ་བི་མ་ལ་མི་ཏྲ་སོགས་ཀྱིས་ཁྲུས་ཀྱི་ཚེ་རྒྱལ་པོ་དང་འབངས་ལ་ཁྱད་ཕྱེ་བ་ཡིན་པར་བཤད་ཀྱང༌། སངས་རྒྱས་གསང་བ་དང་ཡེ་ཤེས་རྡོ་རྗེས་རྩ་སྔགས་དང་སྔགས་ཐུང་ལ་སྦྱར་ཞིང༌། སྨྲྀ་ཏིས་ཐུན་རེ་ལ་རྩ་སྔགས་ཉེར་གཅིག །སྔགས་ཐུང་བརྒྱ་རྩ་བརྒྱད་ཡན་ཆད་བཟླ་བའི་དོན་དུ་བཤད་པས་དེ་ལྟར་བྱ། ཡེ་ཤེས་འབེབ་སྔགས་ནི་ཉེ་སྙིང་གི་མཐར། ཨོཾ་བཛྲ་པྲ་བེ་ཤ་ཡ་ཧཱུཾ། ཞེས་བཏགས་པ་ཡིན་ལ། སྤྱི་འགྲོ་ལྟར་ཧཱུཾ་ཧཱཿ ཨ་ཛྷེཿ ཞེས་བཏགས་ཀྱང་ཆོག་ཅེས་ཀུན་མཁྱེན་འཇིགས་མེད་དབང་པོས་གསུངས། བཟླ་ཚུལ་ཐུན་ཐམས་ཅད་ལ་ཆ་བགོ་བའམ། གཙོ་བོའི་སྔགས་གྲངས་རྫོགས་ནས་བཟླ་བ་གང་བྱས་ཀྱང་ཆོག་ལ། གྲངས་ཁྲི་ཕྲག་གཅིག་བཟླ། བསྙེན་གྲངས་གནས་དང་མཚམས་རྒྱུན་གཅིག་ལ་འགྲོ་དགོས་ཤིང་ཁ་སྐོང་གི་སྦྱིན་སྲེག་སླར་ནམ་འགྲིག་ཏུ་བྱའོ། །གཉིས་པ་དཀྱིལ་འཁོར་བསྒྲུབས་ཏེ་མཆོད་ཅིང་དབང་བསྐུར་བ་ནི། བདག་བསྐྱེད་སྔོན་དུ་བཏང༌། དཀྱིལ་འཁོར་འགྲེམ་པའི་གཞི་དེར་མནྜལ་ལ་ཚོམ་བུ་དགོད། མདུན་དུ་སྐད་ཅིག་གིས་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་མོ། གཡས་དཔང་པོར་ཁས་ལེན་པའི་ཕྱག་རྒྱ་དང་གཡོན་བུམ་པ་འཛིན་ཅིང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་མངོན་སུམ་དུ་བཞུགས་པར་གྱུར། ཨོཾ་པྲྀ་ཐཱི་བི་དེ་བཱི་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ལན་གསུམ། དགྱེས་བཞིན་དུ་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། རས་བྲིས་ལ་བརྟེན་ཚེ་ས་བརྟག་བསླང་སྦྱང་བ་རྣམས་མི་དགོས་ཤིང༌། ལྷ་སྟ་གོན་མ་བྱས་ཀྱང་ཆོག །བུམ་པ་སྟ་གོན་ནི།


GTD006_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་གྱིས་བླ་མ་ཕྱག་ན་རྡོ་རྗེར་བསྐྱེད་པ། ཡི་དམ་ཕྱག་ན་རྡོ་རྗེར་བསྐྱེད་པ་ཞེས་གསུངས་པའི་སྔ་མ་བུམ་བསྐྱེད་ཡིན་པ་གཞུང་དུ་གསལ་ལ། ཕྱི་མ་མདུན་བསྐྱེད་ཡིན་པ་གཏོར་མ་འབུལ་ཚུལ་སོགས་ཀྱིས་ཤེས་ཤིང༌། མངོན་རྟོགས་མུན་སེལ་སྒྲོན་མེར་བདག་མདུན་བུམ་གསུམ་བྱས་ནས་གསུངས་སོ། །བློས་ལྕོགས་ན་བདག་བསྐྱེད་དང་གསུམ་ག་མཉམ་དུ་སྒྲུབ་ཆོག་པར་གསུངས་ཀྱང་བདག་བསྐྱེད་སྔོན་དུ་བཏང་ན་བདེ་བས། འདིེར་བུམ་པ་དང་མདུན་བསྐྱེད་ལྷན་དུ་སྒྲུབ་ཚུལ་ནི། རས་བྲིས་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་གྲུ་གསུམ། ཞེས་པ་ནས། སྟོང་གསུམ་གཡོ་བ་ལྟ་བུར་གྱུར། དེའི་དབུས་སུ་བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཞེས་པ་ནས། ཟླ་བའི་གདན་རེ་རེ། དེ་ནས་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། ཁ་གཡེལ་བ། མཆུ་འཕྱང་བ། མགྲིན་པ་ཕྲ་བ་ལ་ལྷ་རྫས་ཀྱི་གོས་ཀྱིས་དཀྲིས་པ། ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་ཕྱི་ནང་ཀུན་གསལ་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ལན་གསུམ། ནང་དུ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ། དབུས་སུ་པདྨ་འདབ་བརྒྱད་ཟླ་ཉི་སོ་སོའི་གདན་དང་བཅས་པར་གྱུར། གཞལ་ཡས་ཁང་གཉི་གའི་དབུས་དང་ཕྱོགས་ཀྱི་པད་འདབ་བཞི་རྩིབས་བཅུ་རྣམས་ལ་ཧཱུཾ་ཡིག་དང༌། མཚམས་ཀྱི་འདབ་མ་བཞི་ལ་ཧཱུཾ་ཏྲཱཾ་ཧྲཱིཿ ཏཱཾ། མདུན་བསྐྱེད་ཀྱི་སྒོ་བཞིར་ཛཿ ཧཱུཾ་བཾ་ཧོཿ བཞི་རྣམས་ཡོངས་སུ་གྱུར་


GTD006_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ཀྱི་སྐུར་བཞེངས་པ་ནི། གཉི་གའི་དབུས་སུ་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཅེས་པ་ནས། འབར་བའི་ཀློང་ན་བཞུགས་པ། ཤར་དུ་རྡོ་རྗེ་གཏུམ་པོ་ཞེས་སོགས་དང༌། ལྷོར་རྡོ་རྗེ་ཕུར་བུ་ཞེས་སོགས་སྦྱར། གཡོན་བརྐྱངས་ནས་བཞུགས་པ། ཤར་ལྷོར་སངས་རྒྱས་སྤྱན་ཞེས་པ་ནས། ཕྱོགས་ཏེ་བཞུགས་པ། རྩིབས་བཅུ་ལ་ཤར་དུ་རྣམ་པར་རྒྱལ་བ་ཞེས་པ་ནས། བརྐྱང་བསྐུམ་གྱི་ཚུལ་གྱིས་བཞུགས་པའོ། །མདུན་བསྐྱེད་ཀྱི་སོ་སོའི་ཕྱི་རིམ་གྱི་མུ་ཁྱུད་ལ་ཞེས་པ་ནས། སྲུང་མའི་ཚོགས་ཐམས་ཅད་བཞུགས་པ། ཞེས་པའི་བར་བདག་བསྐྱེད་ལྟར་ལ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་ཞེས་སོགས་བསྒྱུར། ལས་བུམ་གྱི་ནང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཁྲོ་འཛུམ་སྒེག་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཅིང༌། གཡོན་སྣ་ཚོགས་རྡོ་རྗེ་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། དར་གྱི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཁྲོ་བོའི་ཉམས་ཐམས་ཅད་དང་ལྡན་ཞིང་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། ཞེས་པ་ནས། རྒྱས་གདབ་ཀྱི་བར་བདག་བསྐྱེད་ལྟར་ལ་རང་སྒྲ་དོར། མཆོད་པ་སྔར་ལྟར་བྱིན་གྱིས་བརླབ། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོའི་


GTD006_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། །ཨོཾ་བཛྲ་བི་དཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་མཆོད་ཡོན་གྱི་གནས་སུ་ཞབས་བསིལ་སོགས་དང༌། ཨརྒྷཾ་གྱི་གནས་སུ་པཱདྱཾ་སོགས་བཅུག་སྟེ། ཤཔྟའི་བར་གྱིས་མཆོད། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་བཛྲ་བི་དཱ་ར་ས་པ་རི་ཝཱ་ར་རཱུ་པ་པྲ་ཏཱིཙྪ་སྭཱཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཡིད་འོང་སྒྲ་སྙན་ཞེས་སོགས་ཀྱིས་འདོད་ཡོན་ལྔ་དབུལ། ཕུན་ཚོགས་ཆོས་ཀྱི་སྲིད་ལ་འདོད་དགུ་རུ། །དབང་སྒྱུར་བྱེད་པའི་རྒྱལ་སྲིད་རིན་ཆེན་བདུན། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་བཛྲ་བི་དཱ་ར་ས་པ་རི་ཝཱ་ར་མཧཱ་སཔྟ་རཏྣ་པྲ་ཏཱིཙྪ་སྭཱཧཱ། མཐོང་ཐོས་དྲན་དང་རེག་པ་ཙམ་གྱིས་ཀྱང༌། །དགེ་ལེགས་དཔལ་སྟེར་བཀྲ་ཤིས་རྟགས་རྫས་བརྒྱད། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་བཛྲ་བི་དཱ་ར་ས་པ་རི་ཝཱ་ར་ཨཥྚ་མངྒ་ལ་པྲ་ཏཱིཙྪ་སྭཱཧཱ། བསྟོད་པ་ནི། དབུས་ཕྱོགས་རྣམ་དག་དྲག་པོའི་དཀྱིལ་འཁོར་དུ། །ཆོས་ཉིད་རྣམ་དག་དབྱིངས་ལས་བཞེངས་པའི་དཔལ། །སྐུ་མདོག་མཐིང་ནག་མཁའ་ལྟར་དག་པའི་འོད། །ཚོགས་གཉིས་མཐར་ཕྱིན་ཉོན་མོངས་སྤོང་ལ་བསྟོད། །ཞལ་གཅིག་ཕྱག་གཉིས་གཡས་པ་རྒྱ་གྲམ་འཛིན། །


GTD006_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་སྡིགས་མཛུབ་གདེངས་པས་ལོག་འདྲེན་གཟིར། །ཞལ་གདངས་མཆེ་གཙིགས་ཧཱུཾ་གི་འབྲུག་སྒྲ་འབྱིན། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་བགྲད་ལ་བསྟོད། །དབུ་སྐྲ་གྱེན་བསྒྲེང་མི་བསྐྱོད་དབུ་ལ་བརྒྱན། །བརྐྱང་བསྐུམ་གར་གྱིས་དགྲ་བགེགས་གདུག་པ་བརྫིས། །དུས་མཐའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཉོན་མོངས་རྟོག་པའི་གྲོང་ཁྱེར་འཇོམས་ལ་བསྟོད། །ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་ཀུན་གྱི་གཙོ། །རིགས་ཀྱི་མངའ་བདག་ཁྲོ་རྒྱལ་ཀུན་གྱི་རྗེ། །སྟོབས་བཅུའི་སྟོབས་ལྡན་ཕ་རོལ་ཕྱིན་བཅུའི་བདག །རྡོ་རྗེ་རྒྱན་གྱིས་སྤྲས་ལ་ཕྱག་འཚལ་བསྟོད། །ཕྱོགས་བཞིའི་ཆུ་སྐྱེས་ཉི་མའི་གདན་སྟེང་དུ། །ཧཱུཾ་ལས་སྐྱེས་པའི་ཕྱོགས་ཀྱི་ཁྲོ་རྒྱལ་བཞི། །རིགས་ཀྱི་ཁྲོ་བོ་རྔམ་པའི་ངང་ཚུལ་ཅན། །ལས་བཞིའི་ལས་མཛད་ཁྲོ་རྒྱལ་བཞི་ལ་བསྟོད། །མཚམས་བཞིའི་ཆུ་སྐྱེས་རི་བོང་དཀྱིལ་འཁོར་སྟེང༌། །རིགས་ཀྱི་མདོག་ཅན་རྒྱལ་བའི་ཡུམ་ཆེན་བཞི། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་ཀླུབས། །མཛེས་པའི་ཚུལ་འཆང་རིགས་ཀྱི་ཡུམ་ལ་བསྟོད། །འཁོར་ལོའི་རྩིབས་བཅུར་རཾ་ཡིག་ལས་བྱུང་སྟེང༌། །ཕ་རོལ་ཕྱིན་བཅུའི་མངའ་བདག་ཁྲོ་རྒྱལ་བཅུ། །སྐུ་མདོག་ངེས་མེད་མཚོན་ཆ་སྣ་ཚོགས་ཀྱིས། །ཕྱོགས་བཅུ་འདུལ་མཛད་ཁྲོ་རྒྱལ་བཅུ་ལ་བསྟོད། །ཕྱོགས་བཞི་མཚམས་བཞིར་པདྨའི་གདན་གྱི་སྟེང༌། །སྐུ་མདོག་སྣ་ཚོགས་མཛེས་ཚུལ་གར་སྟབས་ཀྱིས། །འདོད་ཡོན་མཆོད་པའི་སྤྲིན་ཕུང་རྒྱལ་བ་མཆོད། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །རང་རྟགས་ཆས་འཛིན་ལས་ཀྱི་ཕོ་ཉ་དང༌། །འཕྲིན་ལས་བཞི་ལྡན་ཡེ་ཤེས་སྒོ་མ་བཞི། །རྒྱལ་ཆེན་བཞི་དང་ཕྱོགས་


GTD006_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བཅུ་ལ་སོགས། །དྲག་པོའི་ལས་མཛད་སྲུང་མའི་ཚོགས་ལ་བསྟོད། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བུམ་ནང་གི་ལྷ་དང་མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ་ཏེ་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བསྡུས་ཏེ་བསྟིམ་པས། བུམ་ནང་གི་ལྷའི་ཐུགས་ཀའི་སྔགས་འཕྲེང་ལས་ཀྱང་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་བསམས་ལ་གཟུངས་ཐག་གཟུང་སྟེ་སྔགས་གསུམ་བཟླ། གཟུངས་རྡོར་ལས་བུམ་གྱི་ཁར་བཞག་ལ་ཨ་མྲྀ་ཏ་བཟླ། ཉེ་སྙིང་བརྗོད་དེ་དུང་ཆོས་ཀྱི་ཆུ་བུམ་པ་གཉིས་སུ་བླུག་པས་ལྷ་རྣམས་ཟག་པ་མེད་པའི་བདེ་བའི་རང་བཞིན་དུ་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམས། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿ ཧཱུཾ་ཞུ་བ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀ་ནས་ཀྱང་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་གཅིག་ཏུ་འདྲེས་པས་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་རོ་བརྒྱ་དང་ལྡན་པ་གཅིག་ཏུ་བསམས་ལ། སམྦྷ་ར་ལན་གསུམ་གྱིས་བྱིན་གྱིས་བརླབ། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་བི་དཱ་ར་ས་པ་རི་ཝཱ་ར་ཨ་ཀཱ་རོ་ཞེས་སོགས་ལན་གསུམ་གྱིས་དབུལ། མཆོད་བསྟོད་མདོར་བསྡུས་བྱ། བསྙེན་པའི་སྐབས་ལྟ་བུར་བདག་བསྐྱེད་ཀྱི་མཇུག་ཏུ་གཏོར་མ་འབུལ་ཚེ་བྱིན་རླབས་ཀྱི་རྗེས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་སྤྱན་


GTD006_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ། ཞེས་སོགས་སྦྱར་དགོས། སྟ་གོན་གྱི་ཉིན་བུམ་པ་ཙམ་སྒྲུབ་ཚེ། གདན་དང་བཅས་པར་གྱུར་པའི་དབུས་དང་ཕྱོགས་ཀྱི་འདབ་མ་བཞི་རྩིབས་བཅུ་རྣམས་ལ་ཧཱུཾ་ཡིག་དང༌། མཚམས་ཀྱི་འདབ་མ་བཞི་ལ་ཧཱུཾ་ཏྲཱཾ་ཧཱིཿ ཏཱཾ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ཀྱི་སྐུར་བཞེངས་པ་ནི། དབུས་སུ་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་སྦྱོར་ཞིང༌། བརྐྱང་བསྐུམ་གྱི་ཚུལ་གྱིས་བཞུགས་པའོ། །ཞེས་པའི་འཕྲོར་ལས་བུམ་བསྒྲུབ་ཅིང་མདུན་བསྐྱེད་ཅེས་པ་བཞག་པའི་ལྷག་མ་ཐམས་ཅད་འདྲ་སྟེ། གྲུབ་ཆེན་གྱིས་རྣམ་རྒྱལ་དུ་ལྷ་བཅུ་དགུ་ལས་མ་གསུངས་སོ།། ༈ དེ་ནས་སློབ་མ་སྟ་གོན་ནི། སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ་ནས་མདུན་དུ་འཁོད་པ་ལ། དེའང་འདི་ཉིད་ཀྱི་གཟུངས་མདོ་ལས། དེ་ནས་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་མཉན་པར་གྱིས། །གང་དག་ཡིད་དགེ་སེམས་དྭངས་ཤིང༌། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཞེས་པས་སློབ་མ་སྟ་གོན་གྱི་རིམ་པ་དང༌། ནོར་བུ་ཡུངས་ཀར་དུརྦ་དང༌། །ཞེས་པ་མན་ཆད་ཀྱིས་བུམ་ཆོག་བསྟན་པར་སློབ་དཔོན་ཞི་འཚོའི་འགྲེལ་པར་གསུངས་ལ། བུམ་ཆོག་བསྟན་པའི་ཤུགས་ཀྱིས་དཀྱིལ་འཁོར་གྱི་ཆོ་ག་འགྲུབ་པར་ཡེ་ཤེས་རྡོ་རྗེའི་འགྲེལ་པར་གསུངས། སྔ་མས་སྟ་གོན་གྱི་རིམ་པ་བསྟན་ཚུལ་ནི། རབ་བཀྲུས་གཙང་མ་ཞེས་པ་སློབ་དཔོན་བདེ་བའི་མྱུ་གུའི་རྣམ་འཇོམས་ཀྱི་འགྲེལ་པ་ལས། ཕྱིའི་ཁྲུས་ཀྱིས་ཉོན་མོངས་སྦྱངས་ཏེ་ཉན་ཐོས་ཀྱི་བྱང་ཆུབ་འགྲུབ་པ། ནང་གི་ཁྲུས་ཀྱིས་ལྷའི་རྣལ་འབྱོར་གྱིས་རང་རྒྱལ་གྱི་བྱང་ཆུབ་འགྲུབ་པ།


GTD006_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཁྲུས་ཀྱིས་སེམས་ཙམ་དུ་རྟོགས་པ། དེ་ཁོ་ན་ཉིད་ཀྱི་ཁྲུས་ཀྱིས་སྤྲོས་བྲལ་རྟོགས་པར་བཤད་པ་ལྟ་བུ་དོན་ལ་གནས་མི་གནས་ཀྱི་བཤད་ཚུལ་མང་པོ་ཡོད་ཀྱང༌། རྒྱུད་རྡོ་རྗེ་རྩེ་མོ་ལས་ཁྲུས་བཞི་དང་གོས་གསུམ་གསུངས་པའི་དོན་ཚང་དགོས་པས། མདོར་བསྡུ་ན་ཀུན་སློང་རྣམ་པར་དག་པ། དམ་ཚིག་དང་སྡོམ་པ་གཟུང་བ། ལྷའི་རྣལ་འབྱོར་ལ་བརྩོན་པ་སྟེ་སྣོད་རུང་དུ་བྱེད་པའི་རིམ་པ་བསྟན་པ་ཡིན། དང་པོ་ཀུན་སློང་འཆོས་ཚུལ་ནི་གསང་བ་སྤྱི་རྒྱུད་ལས། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡིས། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུའང་རྒྱས། །ཞེས་གསུངས་པ་ལྟར། ཀུན་སློང་དམན་པ་འདི་དང་ཕྱི་མའི་མངོན་མཐོ་ཙམ་དོན་དུ་གཉེར་བ་ལྟ་བུ་མ་ཡིན་པར། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ཆོས་ཟབ་མོ་འདི་ཉིད་གསན་སྙམ་པ་བྱེད་དགོས། གསན་བྱའི་ཆོས་ནི་རྒྱལ་བས་ཆོས་ཕུང་ཇི་སྙེད་ཅིག་བཀའ་སྩལ་པ་རྣམས་ཀྱི་མཆོག་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞིར་ཡོད་པ་ལས་བྱ་བའི་རྒྱུད། དེ་ལ་དེ་བཞིན་


GTD006_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས་ཏེ་འཇིག་རྟེན་ལས་འདས་པའི་རིགས་གསུམ། འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་ཡོད་པའི་རྡོ་རྗེའི་རིགས། དེ་ལའང་སྡེ་ཚན་འགའ་ཡོད་པས། ཁ་ཅིག་རྡོ་རྗེའི་རིགས་ཀྱི་ཁྲོ་བོར་འདོད་ཀྱང༌། རང་ལུགས་རྡོ་རྗེའི་རིགས་ཀྱི་བདག་པོར་འཇོག་པ་ཡིན། གསུང་བའི་གནས་ཀྱང་གཟུངས་ཀྱི་འགོར། རྡོ་རྗེ་ལ་བཞུགས་ཏེ་ཞེས་པ་ལ་བརྟེན་ནས་རྡོ་རྗེ་གདན་དུ་གསུང་བར་འདོད་མཁན་མང་ཡང༌། སློབ་དཔོན་སངས་རྒྱས་གསང་བས་རྡོ་རྗེ་གདན་ནི་འཚང་རྒྱ་བའི་གནས་ཡིན་གྱི། ཆོས་གསུང་བའི་གནས་མ་ཡིན་པར་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་པ་དྲངས་ཏེ་བཀག་ནས། གཟུངས་འདི་རི་རབ་ཀྱི་ཤར་ལྷོ་རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཟོམ་ཞེས་བྱ་བར་གསུངས་པ་ཡིན། དེར་མ་ཟད། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་པས་རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཟོམ་གྱི་རྒྱུད་དེ་ལ་ལེའུ་བརྒྱ་དང་བརྒྱད་ཡོད་པས། ལེའུ་དང་པོ་མདོར་བསྟན་ལྟ་བུ་འདི་ཡིན་པས་འོག་མ་ཐམས་ཅད་ཀྱི་རྩ་བར་བསྟན་པ་ཡིན། འདི་ལ་འཕགས་ཡུལ་གྱི་འགྲེལ་པ་བདུན་བརྒྱད་ཙམ་དང༌། གཟུངས་ཀྱི་ཚིག་རེ་རེ་ལ་བརྟེན་པའི་ལས་སྦྱོར་རེ་རེ་བྱས་པས། ལས་སྦྱོར་བརྒྱ་རྩ་སོགས་བཤད་སྒྲུབ་གཉི་གའི་སྒོ་ནས་དར་རྒྱས་ཆེ་བ་བྱུང༌། སྤྲོ་ན་གོང་གི་ལོ་རྒྱུས་ཀྱང་འདིར་སྦྱོར། ཁྱད་པར་དུ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཞེས་པ་དཔལ་གསང་བའི་བདག་པོ་མིའི་གཟུགས་སུ་ཤར་པ་ཡིན་པས་ཡི་དམ་ལྷ་དང་ངོ་བོ་དབྱེར་མ་མཆིས་ཤིང༌། ཐུན་མོང་སྣང་ཚོད་ལའང་ཡི་དམ་ལྷས་ཞལ་དངོས་སུ་བསྟན་ཏེ་ཟབ་ཅིང་རྒྱ་ཆེ་བའི་སྙན་བརྒྱུད་ཀྱི་གདམས་པ་མཐའ་ཡས་


GTD006_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྩོལ་བར་མཛད་པའི་ནང་ཚན་རྡོ་རྗེ་རྣམ་འཇོམས་མཐིང་གའི་དབང་གསན་པར་བྱེད་པ་ལ། ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་སྤྱི་བྱེ་བྲག་ཐམས་ཅད་གསལ་བཏབ་སྟེ་གསན་པར་ཞུ། ཞེས་བརྡ་སྤྲད། དེ་ནས་ཆུ་དང་ཡུངས་ཀར། འབྲས་ཆང༌། ཆང་བུ་ལག་པ་གཉིས་ཀྱིས་བཟུང་སྟེ་གཡས་དང་གཡོན་དུ་བསྐོར་ཞིང༌། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱཧཱ། ཞེས་བརྗོད་ཅིང་བྱུར་ཐམས་ཅད་བསལ་བར་བསམ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་ཏུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་བགྱི། །ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ། སེམས་བསྐྱེད་པའི་ཆོ་ག་ཡན་ལག་བདུན་པ་བྱ་བ་ལ། མདུན་དུ་ཚོགས་ཞིང་ནམ་མཁའ་གང་བ་བཞུགས་པའི་མོས་པ་བྱས་ཏེ། དེའི་དྲུང་དུ་སྔོན་འགྲོ་སྡིག་པ་བཤགས་ཤིང་སྐྱབས་སུ་འགྲོ་བ། དངོས་གཞི་བདག་འབུལ་བ་དང་སེམས་བསྐྱེད་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བ། རྗེས་ཀྱི་ཡན་ལག་བསྐུལ་གསོལ་བསྔོ་བ་རྣམས་ཚུལ་བཞིན་དུ་བྱེད་སྙམ་པས་འདིའི་རྗེས་ཟློས་གྱིས་བྱས་ལ། འཁོར་བ་ཐོག་མ་མེད་པ་ནས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །སངས་རྒྱས་བྱང་སེམས་སྤྱན་སྔར་ནི། །དུས་རྣམས་ཀུན་ཏུ་བཤགས་པར་བགྱི། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །སངས་རྒྱས་ཆོས་དང་


GTD006_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སངས་རྒྱས་ཀུན་དང་དེ་ཡི་སྲས། །ཤེས་རབ་ཅན་ལ་བདག་འབུལ་གྱི། །ཁྱེད་རྣམས་ཀྱིས་ནི་བདག་བཞེས་ལ། །འབྲས་བུ་རྒྱ་ཆེན་སྩལ་ཏུ་གསོལ། །སྡུག་བསྔལ་ཆུ་བོའི་ནང་གནས་པའི། །སྐྱེ་བོ་ཡུན་གནས་བསྐྱངས་པ་དང༌། །རྒྱལ་བའི་བཞེད་པ་སྒྲུབ་པའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་སྙིང་པོར་ཉེར་གནས་ཏེ། །གང་རྣམས་བྱང་ཆུབ་མཆོག་རྟོགས་པའི། །བདག་གིས་གསོལ་བས་རྒྱལ་བ་ཀུན། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བྱ་བ་ཐམས་ཅད་སྔོན་བྱས་ནས། །སངས་རྒྱས་མྱ་ངན་འདའ་རྣམས་ལ། །བདག་གིས་གསོལ་བས་རྒྱལ་བ་ཀུན། །སངས་རྒྱས་མྱ་ངན་མི་འདར་གསོལ། །ཕྱག་འཚལ་མཆོད་སོགས་བསོད་ནམས་གང༌། །ཚད་མེད་བདག་གིས་བསགས་པ་རྣམས། །ཇི་ལྟར་མགོན་པོས་མཁྱེན་པ་བཞིན། །བྱང་ཆུབ་ཏུ་ནི་དེ་བཞིན་བསྔོ། །ཞེས་ལན་གསུམ་གྱིས་བྱང་སྡོམ་འབོག །དེས་བྱང་སྡོམ་ཐོབ་པ་ཡིན་པས་བྱང་སྡོམ་གྱི་བསླབ་བྱ་མཐའ་དག་ལ་སློབ་དགོས་ཤིང༌། འདི་ལ་སྔགས་སྡོམ་ལེན་རྒྱུ་མེད་ནའང་སྔགས་ཀྱི་དམ་ཚིག་བསྲུང་དགོས་པ་མང་དུ་ཡོད་པས་འདི་དག་ཀྱང་གསན་པར་ཞུ། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །རིགས་ལྔའི་ཚོགས་རྣམས་མ་ལུས་པར། །དད་པ་རབ་ཏུ་བསྟེན་པར་བྱོས། །ཁྱད་པར་ཐེག་པ་ཆེན་པོ་ལ། །རྟག་པར་རབ་ཏུ་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ནི་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་རྟག་ཏུ་མཆོད་པར་


GTD006_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པ་ཡིས། །རབ་ཏུ་བརྟན་པས་ཉེ་བར་བཞག །ཐེག་པ་ཆེ་ལ་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་སྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལ་བརྟེན་པ་ཡི། །དམ་ཚིག་རྣམས་ནི་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་སྦྱིན་མི་བྱ། །གསང་སྔགས་རྒྱུད་ནས་ལེགས་གསུངས་པ། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་པའི་བར་བརྗོད། སྡོམ་པ་འབོག་པའི་སྐོར་འདི་རྣམས་ནི། གང་དག་ཡིད་དགེ་སེམས་དང་ཞིང༌། །ཞེས་དགེ་བའི་བསམ་པ་ཁྱད་པར་ཅན་བསྐྱེད་པ་དང༌། ཡུལ་ཁྱད་པར་ཅན་ལ་སེམས་དང་བར་བྱེད་ཚུལ་ནི། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་ཟབ་ཅིང་གསང་བར་བསྟན་པས་སྣོད་དུ་རུང་མི་རུང་དང་བར་ཆད་ཡོད་མེད་སོགས་ཞིབ་ཏུ་བརྟག་དགོས་པར་བསྟན་པ་དེ་རྟོག་ཚུལ་སོ་ཤིང་དང་རྨི་ལམ་གྱི་སྒོ་ནས་བརྟག །ཁྱོར་ཆུ་དང་དཔུང་སྐུད་ཀྱིས་དྲི་མ་བཀྲུ་ཞིང་སྲུང་བར་བྱེད་པ་ཡིན་པས་འདི་རྣམས་ཚིག་རྐང་དེས་བསྟན་པ་ཡིན། སོ་ཤིང་གི་རྩེ་གྱེན་ནམ་བླ་མ་ལ་བསྟན་ན་མཆོག་དང༌། ཤར་ལྷོ་ནུབ་བྱང་ཞི་རྒྱས་དབང་དྲག་དང༌། མཚམས་སུ་འཇིག་རྟེན་པ་དང༌། ཐུར་དུ་བལྟས་ན་འོག་གི་དངོས་གྲུབ་ཐོབ་པར་བརྡ་སྦྱར་ཏེ། སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་བཅིངས་པ། ཨོཾ་བཛྲ་ཡཀྵས་བསངས་ནས་ལག་པར་གཏད་དེ་འདོར་དུ་གཞུག །ལས་བུམ་གྱི་ཆུ་སྦྱིན་ཞིང༌། ཨོཾ་ཧྲཱིཿ བི་ཤུདྡྷ་དྷརྨཱ་སརྦྦ་བ་པི་ནི་ཙ་ཨ་སྱ་ཤོ་དྷྱ་


GTD006_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སརྦྦ་བི་ཀལྤཱ་ན་ཨ་བ་ན་ཡ་ཧཱུཾ། ཞེས་བརྗོད། ཧུབ་གསུམ་བཏུང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསམ། ལྷག་མ་ཅུང་ཟད་རྒྱབ་ཏུ་དོར། སྲད་བུ་དམར་པོ་སུམ་སྒྲིལ་ལ་མདུད་པ་གསུམ་བྱས་པ་ལ་ཡང་སྙིང་བཟླས་པ་དཔུང་པ་གཡོན་ལ་བཅིངས་ཏེ། ཨོཾ་ལོ་ཙཱ་ན་ཡ་ཐ་ཏ་ཏྲཾ་སཾ་པྲ་ཌི་མི་བ་ཤུ་ཏི་ཏ་རཏྣ་ཏྲཱ་ཡ་སད་ཏི་ན་བིར་དར་ཤ་ཡ་སྭཱཧཱ། བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་གནོད་བྱེད་སྲུངས་ཤིག །ཅེས་བརྗོད། ཀུ་ཤ་བཛྲ་ཡཀྵས་བསངས་ཏེ། ཆུང་བ་དྷཱིཿ ཞེས་གཡས་དང༌། ཆེ་བ་ཧ་ཞེས་གཡོན་དུ་གཏད། ཆུང་བ་སྔས་དང་ཆེ་བ་སྟན་དུ་བྱས་ཏེ་རྨི་ལམ་བརྟག་དགོས་པར་བརྡ་སྤྲད། གཏང་རག་གི་མཎྜལ་འབུལ་དུ་གཞུག །འདིར་འགའ་ཞིག་ཏུ་སྦྱིན་སྲེག་གི་སྟ་གོན་ཞིག་ཀྱང་བཤད། གྲུབ་ཆེན་གྱིས་གཏོར་མ་ལྷག་གནས་བྱ་བར་གསུངས་པས། སང་དབང་བསྐུར་བྱེད་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་ཡི་དམ་ཆོས་སྲུང་ལ་གཏོར་འབུལ་དང་ཆ་བཞི་སོགས་བསྔོ། སྟ་གོན་ཡོངས་གྲགས་ཀྱི་ཁྱད་པར་མ་ཚང་བ་རྣམས་ཁ་བསྐང་དགོས་པའི་ངེས་པ་མེད་དོ། །དངོས་གཞིའི་ཉིན་བདག་བསྐྱེད་སྔོན་དུ་བཏང༌། །བུམ་པ་དང་མདུན་བསྐྱེད་ལྷན་དུ་བསྒྲུབ། བུམ་ལྷ་བཞུས་ནས་མདུན་བསྐྱེད་ལ་གཏོར་མ་དབུལ། ཤུགས་འཇུག་མི་དགོས། འོག་ཏུ་དབང་བསྐུར་ཚུལ་བཤད་པ་འདོར་ལེན་ཅུང་ཟད་དང༌། སློབ་མ་ཞེས་པ་རྣམས་སུ་བདག་སྒྲ་སྦྱོར་བ་མ་གཏོགས་ཇི་ལྟ་བ་བཞིན་དུ་བདག་འཇུག་བླངས། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་དག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་


GTD006_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དག་འབྱུང༌། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་བདེན་སྟོབས་བརྗོད། སློབ་མ་ཁྲུས་བྱས་མདུན་དུ་འཁོད་ནས་མནྜལ་ཕུལ། རྨི་ལམ་དྲིས་ནས་བར་ཆད་ཟློག་པའི་ཕྱིར་ལས་སྔགས་ཀྱིས་བསངས། ཀུན་སློང་བཅོས་ཏེ། དགའ་ཆེན་ཁྱོད་བདག་ཅེས་སོགས་ཀྱིས་གསོལ་བ་ལན་གསུམ་བྱ། ལས་བུམ་གྱི་ཆུ་བྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་རྒྱུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ཀྱང༌། །བདུན་བརྒྱུད་རིགས་རྣམས་རླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང༌། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་པ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང༌། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང༌། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་པའི་ལས་རྣམས་གང་ཡིན་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང༌། །དེ་ཡི་གྲིབ་མའང་འགོམ་


GTD006_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨོད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཐེ་ཚོམ་ཡིད་གཉིས་སྤངས། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་དམ་ཚིག་བསྒྲགས་ནས་དབང་བསྐུར་བ་ལ། དཀྱིལ་འཁོར་དུ་གཞུག་པའི་རིམ་པ་དང༌། ཞུགས་པ་ལ་དབང་དངོས་གཞི་བསྐུར་བ་གཉིས་ལས། དང་པོ་ལའང་བྱིན་གྱིས་བརླབས་པ་ནས་བཀྲུ་བྱབས་སྲུང་བའི་བར་མང་དུ་ཡོད་པས་སོ་སོར་སྤྱན་དམིགས་མ་ཡེངས་པ་མཛོད་ཅེས་བརྡ་སྤྲད་ལ། སློབ་མའི་སྤྱི་བོར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿ ལས་པདྨ་ཨཱཿ ས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ལྟེ་བ་དང་གསང་གནས་སུའང་ཧཱུཾ་རེ་རེས་མཚན་པར་གྱུར། མ་ཏིསྠི་རཱ་ཡ་སྭཱཧཱ། ཞེས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ། དེ་ནས་མིག་དར་བཅིང༌། བླ་མ་རྡོ་རྗེ་འཛིན་པ་ཀྱཻ། །གཙོ་འཁོར་བཅས་པ་དགོངས་སུ་གསོལ། །མི་ཤེས་མུན་པས་བསྒྲིབས་པ་ལ། །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ལམ་ཆེན་འདི་ནི་བསྟན་པར་བྱ། །ཁྱོད་ཀྱིས་ལམ་འདི་བསྒྲུབ་པར་བགྱི། །ལམ་མཆོག་སྒྲུབ་པར་རབ་ཏུ་དཀའ། །ཉེས་པ་དག་གིས་མ་གོས་པར། །འབྲས་བུ་མྱུར་དུ་འབྱིན་པར་ངེས། །དམ་ཚིག་འདས་ན་དམྱལ་བར་ལྟུང༌། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩནྜ་བཛྲ་པཱ་ཎཱ་ཡེ། ན་ར་ཀན་ཧཱུཾ། ཞེས་མནའ་ཆུ་བླུད། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡི་གེ་ཧཱུཾ་གི་རྣམ་པར་སློབ་མའི་ལུས་


GTD006_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་ལ་ཐིམ་པར་གྱུར་པར་བསམ་ཞིང༌། ཨོཾ་བཛྲ་པྲ་བེ་ཤ་ཡ་ཧཱུཾ། ཞེས་རོལ་མོའི་སྒྲ་དང་བཅས་ལན་མང་དུ་བརྗོད། དེ་ནས་དཀྱིལ་འཁོར་ལ་ཕྱོགས་ཏེ་དྲིལ་གསིལ་དང་བཅས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །ཅེས་བདེན་སྟོབས་བརྗོད། སློབ་མའི་ལག་ཏུ་མེ་ཏོག་གཏད་དེ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ་པཱུ་ཛ་ཧོཿ ཞེས་དཀྱིལ་འཁོར་ལ་མེ་ཏོག་འདོར་དུ་གཞུག །མེ་ཏོག་བླངས་ཏེ་སློབ་མའི་མགོར་བཞག་པས་མེ་ཏོག་འཕྲེང་བའི་དབང་ཐོབ་པའི་མོས་པ་བྱེད་དུ་གཞུག །མི་ཤེས་མུན་པས་བསྒྲིབས་པ་ལ། །དཀྱིལ་འཁོར་འདི་ནི་བསྟན་པར་བྱ། །མཎྜལ་ཕཊ། ཅེས་གདོང་གཡོགས་བསལ། སྲུང་བའི་འཁོར་ལོ་མེ་རི་དང་བཅས་པའི་ནང་དུ་གཞལ་ཡས་ཁང་ཆེན་པོ་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་ན་བཞུགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཐམས་ཅད་ཀྱི་བདག་པོ་ཡིན་ནོ། །པདྨ་འདབ་བརྒྱད་ཀྱི་ཤར་དུ་རྡོ་རྗེ་གཏུམ་པོ། ལྷོར་རྡོ་རྗེ་ཕུར་པ། ནུབ་ཏུ་རྡོ་རྗེ་བེ་ཅོན། བྱང་དུ་རྡོ་རྗེ་ཐོ་བ་སྟེ་ཐུགས་ཀྱི་ཁྲོ་བོ་ཆེན་པོ་བཞི་དང༌། ཤར་ལྷོར་སངས་རྒྱས་སྤྱན། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་སྒྲོལ་མ་སྟེ་ཡུམ་བཞི་དང༌། དེའི་ཕྱི་རོལ་གྱི་འཁོར་ལོ་རྩིབས་བཅུ་པའི་ཤར་དུ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེའི་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་


GTD006_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་འཁྱིལ་བ། ཤར་ལྷོར་དབྱུག་པ་སྔོན་པོ། ལྷོ་ནུབ་ཏུ་ཁྲོ་གཉེར་ཅན། ནུབ་བྱང་དུ་དོན་ཡོད་ཞགས་པ། བྱང་ཤར་དུ་རྡོ་རྗེ་འཁོར་ལོ། སྟེང་དུ་འཁོར་ལོས་སྒྱུར་རྒྱལ། འོག་ཏུ་སྟོབས་པོ་ཆེ་སྟེ་ཁྲོ་བོ་བཅུ་དང༌། དེའི་ཕྱི་ལ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དང༌། ཁྱམས་ལ་ཕོ་ཉ་དྲུག་ཅུ་རྩ་བཞི་ཕྱོགས་རེ་རེ་ལ་བཅུ་དྲུག་བཅུ་དྲུག་དང་བཅས་པ་དེ་དག་ཁྱེད་རྣམས་ཀྱི་ཡི་དམ་གྱི་ལྷ་ཡིན་ནོ། །གཞན་ཡང་ཤར་སྒོ་ན་ཡུལ་འཁོར་སྲུང༌། ལྷོ་སྒོ་ན་འཕགས་སྐྱེས་པོ། ནུབ་སྒོ་ན་མིག་མི་བཟང༌། བྱང་སྒོ་ན་རྣམ་ཐོས་སྲས། སྒོའི་ནང་ན་སྒོ་མ་བཞི་དང༌། འཁོར་ཡུག་ལ་ཕྱོགས་སྐྱོང་བཅུ་དང་བཅས་བཞུགས་པ། འདི་རྣམས་ཁྱེད་ཅག་གི་སྲུང་མ་ཡིན་པས་དེང་ཕྱིན་ཆད་མཆོད་པ་དང་གཏོར་མས་མཉེས་པར་གྱིས་ཤིག །དེ་ནས་ཡི་དམ་ཆོས་སྲུང་དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་བགེགས་ཐམས་ཅད་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་པར་མོས་ལ། སྔོན་ཚེ་བདེ་གཤེགས་ཕོ་བྲང་སྤྱན་སྔ་རུ། །གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི། །རྗེས་མཐུན་ཁྱད་པར་འཕྲིན་ལས་གང་བསྒོ་བ། །དམ་བཅས་འཕྲིན་ལས་དེ་ནི་དེ་དགོངས་ལ། །ཕྱིར་རྒོལ་བགེགས་དང་ལོག་འདྲེན་ཚར་ཆོད་ཅིག །འགྲོ་བ་འདི་ལ་རྗེས་སུ་གཟུང་བའི་ཕྱིར། །སྡུག་བསྔལ་ངེས་བསལ་བདེ་མཆོག་སྦྱོར་བ་འོ། །ཁྲོ་རྒྱལ་ཁྱོད་ཀྱིས་དེང་འདིར་བྱིན་རླབས་མཛོད། །ན་མཿ ས་མནྟ་ཀཱ་ཡ་ཝ་ཀྩིཏྟ་བཛྲ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾཥྚོཏ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ། པ་ར་ཤུ་པ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊཱ་ཡ་བི་སྥོ་ཊཱ་ཡ།


GTD006_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་བིགྷྣཱན། བི་ན་ཡ་ཀ་ན། མཧཱ་ག་ཎ་པ་ཏི་ཛི་བི་ཏཱནྟ་ཀ་རཱ་ཡ། སརྦ་དུཥྚ་ཨུ་ཙ་ཏ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མར་དང་བུ་རམ་གུ་གུལ་བསྲེགས་པས་བདུགས། རྡོ་རྗེ་ཁུ་ཚུར་གནས་གསུམ་དུ་གཏུག་ཅིང༌། ཨོཾ་བཛྲ་ད་མ་ད་མ་ཧཱུཾ་སྥོ་ཊ་ཡ་བྷསྨི་ཀུ་རུ་ཧཱུཾ་སྭཱཧཱ། ཞེས་བརྗོད། དེ་ནས། ཨོཾ་པྲ་ཙ་ཏ་ཀུ་པི་ཏ་ས་ས་ཏི་ཨུཀྵི་པི་དྷ་ན་དྷ་ར་ཎི་དྷ་ར་དྷ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བརྗོད་ལ་ཡུངས་ཀར་གྱིས་བྲབས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་ཀྲོ་དྷ་ཡ། མཧཱ་བིདྡྷ་སྱ་མཧཱ་བིདྡྷ་ར་ཙ་ཡ། ཏདྱ་ཐཱ། དྷ་ར་དྷ་ར། མཧཱ་ཀྲོ་དྷ། མུ་རུ་མུ་རུ། སརྦ་བིགྷྣཱན་བི་ནཱ་ཡ་ཀ་ན་མ་ཐ་མ་ཐ། པྲ་ཧ་ར་པྲ་ཧ་ར། སརྦ་དུཥྚཾ་ཡནྟ་ཀ །བ་ཏ་ན་བི་ནཱ་ཤ་ཡ་བྷསྨི་ཀུ་རུ། ད་ཧ་ད་ཧ། ཧཱུཾ་ཧཱུཾ་ཕཊ་ཕཊ། ནིརྨ་ཐ་ནིརྨ་ཐ། མཧཱ་ཀྲོ་དྷ། ཛ་ཡ་ཛ་ཡ། སརྦ་དུཥྚཾ་པ་རི་ཀ །ཛྭ་ལ་ཛྭ་ལ་སྭཱཧཱ། ཞེས་ལན་གསུམ་བརྗོད། སླར་ཡང་སློབ་མའི་དོན་དུ་ལྷ་ལ་གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་མ་འདི་དག་རྣམས། །ཚེ་འདིར་ནད་མེད་བདེ་བ་དང༌། །གདོན་རྣམས་ཀུན་ལས་ཐར་པ་དང༌། །དགྲ་རྣམས་ཀུན་ལས་རྒྱལ་བའི་ཕྱིར། །མགོན་པོ་ཁྱོད་ལ་སྐྱབས་སུ་མཆི། །བསམ་པ་གང་ཡིན་རྫོགས་པར་མཛོད། །བཅོམ་ལྡན་ཁྱོད་ལ་ཐུགས་རྗེ་མངའ། །འདི་ལ་སྐྱབས་གནས་མ་མཆིས་པས། །དེས་ན་འགྲོ་བ་གུས་པ་འདི། །ཁྱོད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བརྗོད། དེ་ནས་བུམ་པ་སློབ་མའི་སྤྱི་བོར་གཟུང་སྟེ། ཧཱུཾཿ ཁྲུས་མཆོག་འདི་ནི་དཔལ་དང་ལྡན། །ཐུགས་རྗེའི་ཁྲུས་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩལ་ཏུ་གསོལ། །ཡེ་


GTD006_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཆུ་བོ་ཁྲུས་ཀྱི་རྫིང༌། །བུམ་པའི་ཁ་རྒྱན་དཔག་བསམ་ཤིང༌། །བཀྲ་ཤིས་བུམ་པས་སྤྱི་བླུགས་ནས། །དབང་བསྐུར་ཐམས་ཅད་འདིར་སྩོལ་ཅིག །ཡང་སྙིང་སྔོན་དུ་བཏང་སྟེ། ཨོཾ་བཛྲ་པཱ་ཎ་ཡེ་ཆེ་གེ་མོའི་སརྦ་བིགྷན་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་བཞིན་དུ། སརྦ་བྱཱ་དྷི་བྷྱཿ ཤཱནྟིཾ། ༝ སརྦ་ཨུ་པ་དྲ་བེ་བྷྱཿ ༝ སརྦ་ཨ་ཀཱ་ལ་མྲྀཏྱུ་བྷྱཿ ༝ སརྦ་གྲ་ཧེ་བྷྱཿ ༝ སརྦ་ཛྭ་རེ་བྷྱཿ ༝ སརྦ་དུར་སྭསྣེ་བྷྱཿ ༝ སརྦ་དུརྣི་མི་ཏེ་བྷྱཿ ༝ སརྦ་ཙིཏྟ་བྱཱ་ཀུ་ལེ་བྷྱཿ ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་ཁྲུས་བྱ། རྨ་བྱའི་སྒྲོའི་སྟེང་དུ་ཧཱུཾ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་ཏེ་བཀྲུས་པས་མ་དག་པའི་དྲི་མ་རྣམས་བྱབས་པར་བསམ་ཞིང༌། གོང་གི་ཤཱནྟིཾ་ཀུ་རུ་ཡེ་ཞེས་པའི་ཚབ་ཏུ། ཨ་པ་ན་ཡེ་སྭཱཧཱ། ཞེས་པ་བཅུག་སྟེ་བྱབས་ནས་ཁྲུས་ཆུ་རྒྱང་རིང་དུ་དོར། ཨ་པ་ནའི་ཚབ་ཏུ་རཀྵ་རཀྵ་ཞེས་པ་བཅུག་སྟེ་གནས་ལྔར་རྡོ་རྗེ་རྒྱ་གྲམ་དུ་བཞག །ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། མཛུབ་མོ་གཉིས་དང་གུང་མོ་གཉིས་བཀུག་སྟེ། མཐེ་བོང་གཉིས་དང་སྲིན་ལག་མཐེའུ་ཆུང་བསྒྲེང་བ་ནི་སྲུང་བ་ཆེན་མོའི་ཕྱག་རྒྱ་ཞེས་བྱ་བ་སྟེ། སྙིང་ག་དང་དཔུང་པ་གཡས་དང་རྒྱབ་དཔུང་པ་གཡོན་དུ་གཏུག་སྟེ། གནས་དེ་རྣམས་སུ། ཙ། པ། ས། ཀྵ་བཞི་ལས་མི་འཇིགས་པ་གསེར་གྱི་མདོག་ཅན་དཀར་མོ་གོས་དཀར་པོ་གྱོན་པ་དབྱུག་ཏོ་ཅན། འཇིག་པ་ཐམས་ཅད་མེད་པར་བྱེད་པ་སྐུ་མདོག་དང་ན་བཟའ་དཀར་པོ་ཅན་རལ་གྲི་འཛིན་པ། གདུལ་དཀའ་མ་དམར་མོ་གོས་དམར་ཅན་འཛུམ་པས་དཀྱིལ་འཁོར་ལ་བལྟ་བ། མི་ཐུབ་པ་ནག་མོ་ཁྲོ་གཉེར་མ་སྨད་གཡོགས་ནག་པོ་ཅན་དབྱུག་ཏོ་འཆང་བ། ཀུན་ཀྱང་ཐོར་ཚུགས་ཅོད་པན་དང་རིན་པོ་ཆེའི་རྒྱན་དང་ལྡན་པ། འཇིག་རྟེན་གྱི་ཁམས་འོད་ཀྱིས་


GTD006_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འགེངས་པ་རེ་རེ་བཞུགས་པར་གྱུར། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏདྑཾ་ཨུདྒ་རཀྵ་མཧཱ་བ་ལེ། སརྦ་ཏ་ཐཱ་ག་ཏེ་པུརྞ་ཎི་ར་ཛ་ཏེ་ཧཱུཾ་ཧཱུཾ་ཏྲ་ཐ་ཏྲ་ཐ། ཨ་པྲ་ཏི་ཧ་ཏ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་བྱིན་གྱིས་བརླབ། བུམ་ཆུ་མགོ་ལུས་ལ་བྱུགས་ཤིང༌། བ་སྤུའི་བུ་ག་ཐམས་ཅད་ལྷ་མོའི་ཚོགས་དང་ཁྲོ་བོ་རྡུལ་ཕྲ་རབ་ཀྱིས་གང་བར་བསམ། ཧཱུཾཿ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ། །དྲེགས་པ་ཀུན་འདུལ་གདུག་པའི་ཚོགས་འཇོམས་པ། །ཕྱག་ན་རྡོ་རྗེའི་སྔགས་བཟླས་དྲག་པོའི་མཐུས། །ཀླུ་ཡི་གདུག་པའི་ནད་གདོན་དག་གྱུར་ཅིག །མཐུ་སྟོབས་བདག་པོས་གདུག་བྱེད་གཉེན་པོ་མཛོད། །ལས་དང་རྐྱེན་འཛོམ་སྐྱེས་བུ་འདི་དག་གི །དུས་གསུམ་རྣམ་སྨིན་གདུག་པའི་ནད་ཆེན་འདི། །ཕྱག་ན་རྡོ་རྗེའི་མཐུ་ཡིས་དག་གྱུར་ཅིག །རླུང་མཁྲིས་བད་ཀན་འདུས་ལས་གྱུར་པ་ཡིས། །མཛེ་དང་སྐྲན་དང་སྐྱ་རྦབ་ཕོལ་འབྲས་སོགས། །གང་ཞིག་ས་བདག་ཀླུ་གཉན་གདུག་པ་ཡིས། །ཟིན་པའི་གདོན་དང་ནད་རྣམས་དག་གྱུར་ཅིག །ཅེས་བརྗོད། སློབ་མའི་ལག་ཏུ་མདའ་དར་བཞག་སྟེ། ཚེ་དང་བསོད་ནམས་འཕེལ་བར་གྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཅེས་དེ་ལྟར་བསམ་ཞིང་བརྗོད་དུ་གཞུག །སླར་ཡང་རྡོ་རྗེ་གནས་གསུམ་དུ་གཏུག་ཅིང༌། བི་ཤ་བཛྲ་ཀཱ་ཡ་ཝཱཀྩིཏྟ་རཀྵ་རཀྵ་སྭཱཧཱ། སློབ་མའི་ལུས་ངག་ཡིད་གསུམ་ལ་རྡོ་རྗེའི་གོ་ཆ་བགོས་པར་གྱུར། གོང་གི །རྡོ་རྗེ་སློབ་མ་འདི་དག་རྣམས། །ཞེས་པ་ནས། འདིའི་བར་གྱི་བཀྲུ་བྱབས་སྲུང་བའི་སྐོར་བདག་འཇུག་


GTD006_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་དགོས། ༈ གཉིས་པ་དབང་དངོས་གཞི་ལ། བུམ་དབང༌། རིགས་གཏད། རྗེས་གནང་གསུམ། དང་པོ་ནི། གདན་དཀར་ལ་འཁོར་ལོ་རྩིབས་བཅུ་པ་བྲིས་པའི་སྟེང་དུ་སློབ་མ་འདུག་ཏུ་བཅུག་སྟེ། བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་བཀྲ་ཤིས་ཀྱི་ལྷ་མོ་བདུད་རྩིས་གང་བའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་སྤྱི་བོ་ནས་དབང་བསྐུར་བར་གྱུར། ལས་ཀྱི་རྡོ་རྗེས་རྣམ་བུམ་བཏེག་པ། ཕུན་སུམ་ཚོགས་པ་མངའ་བ་ཞེས་སོགས་མཆོག་གསུམ་གྱི་ཤིས་བརྗོད་དང༌། ཡོན་ཏན་རྒྱས་པ་སྐུ་མདོག་བཙོ་མའི་གསེར་དང་མཚུངས། །ཤེས་རབ་རྟགས་སུ་ཤེར་ཕྱིན་པུས་ཏི་རལ་གྲི་བསྣམས། །འཕགས་པ་འཇམ་དཔལ་དབྱངས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐུགས་རྗེའི་རྟགས་སུ་སྐུ་མདོག་སྟོན་ཀའི་ཟླ་བའི་འོད། །མ་ཆགས་སྐྱོན་གྱིས་མ་གོས་ཕྱག་ན་པདྨ་བསྣམས། །འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཆོས་ཉིད་མི་འགྱུར་རྟགས་སུ་སྐུ་མདོག་མཐིང་ནག་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་རྟགས་སུ་རྡོ་རྗེ་འཛིན། །དཔལ་ལྡན་ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་རིགས་གསུམ་གྱི་ཤིས་པ་བརྗོད། ལེགས་གྲུབ་ལས་ཀྱང་བྱ་རྒྱུད་ལ་སྐབས་ཀུན་ཏུ་མཆོག་གསུམ་དང་རིགས་གསུམ་ལ་ཕྱག་བྱ་བར་གསུངས་ཤིང༌། བླ་མེད་ལ་རིགས་ལྔའི་ཤིས་པ་བརྗོད་པ་ལྟར། འདིར་རིགས་གསུམ་གྱི་ཤིས་པ་བརྗོད་ན་སྐབས་དང་འབྲེལ་ཞིང༌། འདིའི་གོང་གི་ཚིགས་


GTD006_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་མང་པོ་ས་ཝ་རི་བའི་དཀྱིལ་ཆོག་ནས་བླངས་འདུག་པ་ལྟར། དེར་གསུངས་པའི་ཤིས་བརྗོད་འདིའང་བྱས་ན་ལེགས། ཇི་ལྟར་བལྟམས་པའི་དུས་ཀྱི་ཚེ། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་ལྷ་ཡི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ཁྲུས་བྱས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ནས་ལུས་ལྷའི་སྐུར་གྱུར། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། གཉིས་པ་རིགས་གཏད་ལ་སྐུའི་རིགས་གཏད་ནི་བྲིས་སྐུ་སྦྱིན་ཞིང༌། དུས་གསུམ་བདེ་བར་གཤེགས་པའི་སྐུ་ཡི་མཆོག། །སྐུ་དང་ཡོངས་སུ་རྒྱས་པའི་སྐུ། །སྐུ་མདོག་འདི་ནི་ཁྱོད་ཀྱིས་ཟུངས། །ལུས་ཀྱི་མི་དགེ་སྤང་བར་བྱ། །སརྦ་ཏ་ཐཱ་ག་ཏ་སུ་ཏིསྠཱི་ར་བཛྲ་ཨོཾ། གསུང་གི་རིགས་གཏད་ནི་འཕྲེང་བ་སྦྱིན་ཞིང༌། དུང་དང་པདྨ་རཱ་ག་དང༌། །མུ་ཏིག་ལས་ཀྱང་བྱ་བ་ཡིན། །བྱུ་རུ་རིན་ཆེན་བཟང་པོ་ཡི། །འཕྲེང་བ་རབ་ཏུ་གཟུང་བར་བྱ། །ཨོཾ་རུ་ཙི་ར་མ་ཎི་པྲ་ཝ་རྟ་ཡེ་ཧཱུཾ་ཕཊ་སྭཱཧཱ། གླེགས་བམ་སྦྱིན་ཞིང༌། མི་འབྲལ་གཟུངས་ཀྱི་བདག་ཉིད་ཆེ། །མུ་ཏིག་རིན་ཆེན་ཕྲེང་བ་འདི། །སྐུ་དང་ཡེ་ཤེས་མི་འབྲལ་བས། །ངག་གི་ཉེས་སེལ་ཕྲེང་བ་གཟུང༌། །སརྦ་ཏ་ཐཱ་ག་ཏ་པྲ་ཏིསྠཱིར་བཛྲ་ཨཱཿ མི་བསྐྱོད་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་པ་ལྟ་བུ་མེ་ཏོག་གང་ལ་ཕོག་པའི་གསང་མཚན་གདགས། ཐུགས་ཀྱི་རིགས་གཏད་ནི་རྡོར་དྲིལ་བསྣོལ་ཐབས་སུ་སྙིང་གར་འཛིན་ཞིང༌། དུས་གསུམ་བདེ་བར་གཤེགས་པའི་ཐུགས་ཀྱི་མཆོག །ཐུགས་དང་འཕྲིན་ལས་


GTD006_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་ཐུགས། །ཡེ་ཤེས་འདི་ནི་ཁྱོད་ཀྱིས་ཟུངས། །ཡིད་ཀྱི་ལས་དག་མི་བྱ་འོ། །སརྦ་ཏ་ཐཱ་ག་ཏ་མ་ཏིསྠཱི་ར་བཛྲ་ཧཱུཾ། ཞེས་བརྗོད། གསུམ་པ་རྗེས་གནང་ལ་གསུམ་ལས། སློབ་མ་རྣམས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གྱུར། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བས། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །མཧཱ་ས་མ་ཡ་ཧཱ་ན་ཧཱུཾ་ཕཊ། གཉིས་པ་སྔགས་བཟླ་བའི་རྗེས་གནང་ནི། བླ་མས། རིག་སྔགས་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལྷ་ལ་གནང་བ་ཞུ། སློབ་མ་རྣམས་ཀྱིས། རིག་སྔགས་བདག་གིས་གཟུང་ལགས་ཀྱི། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ། གཟུངས་རིང་སྙིང་པོ་ཉེ་སྙིང་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ། དེང་ཕྱིན་ཆད་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་སྟེ་མཆོད་དགོས་པས་མཆོད་པ་འབུལ་བར་ཞུ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏྱ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏདྑཾ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་མཆོད་པ་དབུལ། དེ་ནས་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་སྣ་བདུན་རྣམས་ཀྱི་དབང་བསྐུར་ཞིང་ཤིས་པས་མཐའ་བརྒྱན་པ་ནི། དེ་དག་བསང་སྦྱངས། སྟོང་པའི་ངང་ལས་རང་


GTD006_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མིང་ཡིག་དང་པོ་ཞུ་བ་ལས་སྲིད་ཞིའི་དགེ་མཚན་སྤེལ་བའི་མཐུ་དང་ལྡན་པར་གྱུར་པར་བསམ་སྟེ། རྒྱས་པར་བྱེད་ན། བཀྲ་ཤིས་གང་ཞིག་དབང་གི་ལྷ་རྣམས་ཀྱིས། །ཕྱག་ན་གདུགས་དཀར་གསེར་གྱི་ཡུ་བ་ཅན། །ཐོགས་ནས་སློབ་མ་རྣམས་ལ་དབང་བསྐུར་བས། །དབུ་ལ་གདུགས་ཀྱི་བཀྲ་ཤིས་འཁོར་གྱུར་ཅིག །བཀྲ་ཤིས་གང་ཞིག་དབང་གི་ལྷ་རྣམས་ཀྱིས། །ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །ཐོགས་ནས་སློབ་མ་རྣམས་ལ་དབང་བསྐུར་བས། །སྤྱན་ལ་ཉ་ཡི་བཀྲ་ཤིས་གསལ་གྱུར་ཅིག །བཀྲ་ཤིས་གང་ཞིག་དབང་གི་ལྷ་རྣམས་ཀྱིས། །ཕྱག་ན་གསེར་གྱི་པདྨ་ཡིད་འོང་བ། །ཐོགས་ནས་སློབ་མ་རྣམས་ལ་དབང་བསྐུར་བས། །ལྗགས་ལ་པདྨའི་བཀྲ་ཤིས་རྒྱས་གྱུར་ཅིག །བཀྲ་ཤིས་གང་ཞིག་དབང་གི་ལྷ་རྣམས་ཀྱིས། །ཕྱག་ན་གསེར་གྱི་བུམ་པ་ཡིད་འོང་བ། །ཐོགས་ནས་སློབ་མ་རྣམས་ལ་དབང་བསྐུར་བས། །མགུལ་ལ་བུམ་པའི་བཀྲ་ཤིས་མཛེས་གྱུར་ཅིག །བཀྲ་ཤིས་གང་ཞིག་དབང་གི་ལྷ་རྣམས་ཀྱིས། །ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོགས་མཛད་པ། །ཐོགས་ནས་སློབ་མ་རྣམས་ལ་དབང་བསྐུར་བས། །གསུང་དབྱངས་དུང་གི་བཀྲ་ཤིས་སྙན་གྱུར་ཅིག །བཀྲ་ཤིས་གང་ཞིག་དབང་གི་ལྷ་རྣམས་ཀྱིས། །ཕྱག་ན་གསེར་གྱི་དཔལ་བེའུ་ཡིད་འོང་བ། །ཐོགས་ནས་སློབ་མ་རྣམས་ལ་དབང་བསྐུར་བས། །ཐུགས་ལ་དཔལ་བེའུའི་བཀྲ་ཤིས་འཁྱིལ་གྱུར་ཅིག །བཀྲ་ཤིས་གང་ཞིག་དབང་གི་ལྷ་རྣམས་ཀྱིས། །ཕྱག་ན་གསེར་གྱི་


GTD006_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་ཡིད་འོང་བ། །ཐོགས་ནས་སློབ་མ་རྣམས་ལ་དབང་བསྐུར་བས། །སྐུ་ལ་རྒྱལ་མཚན་བཀྲ་ཤིས་བསྒྲེང་གྱུར་ཅིག །བཀྲ་ཤིས་གང་ཞིག་དབང་གི་ལྷ་རྣམས་ཀྱིས། །ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན། །ཐོགས་ནས་སློབ་མ་རྣམས་ལ་དབང་བསྐུར་བས། །ཕྱག་ཞབས་འཁོར་ལོའི་བཀྲ་ཤིས་མཛེས་གྱུར་ཅིག །ཅེས་དང༌། མེ་ལོང་ཡེ་ཤེས་རྒྱ་མཚོ་ཞེས་སོགས་དང༌། ལྷ་རྫས་ལས་བྱས་ལྟེ་བ་ཞེས་སོགས་ཚིགས་བཅད་དང་སྔགས་སོ་སོ་བའི་སྒོ་ནས་བྱེད་ལ། བསྡུ་ན། གང་ཞིག་རེག་ཅིང་མཐོང་ཐོས་དྲན་པས་ཀྱང༌། །མི་ཤིས་ཀུན་སེལ་ཕུན་ཚོགས་མཆོག་སྩོལ་བར། །རྒྱལ་བས་བྱིན་བརླབས་བཀྲ་ཤིས་རྟགས་བརྒྱད་ཀྱི། །དབང་བསྐུར་དགེ་ལེགས་སྣང་བ་འབར་གྱུར་ཅིག །ཨོཾ་ཨཥྚ་མངྒ་ལ་ཨ་བྷི་ཥཱིཉྩ་མཱཾ། རྟགས་བརྒྱད་ལ་རྫས་བརྒྱད་ཅེས་བསྒྱུར་ཏེ། ཨོཾ་ཨཥྚ་མངྒ་ལ་བྷ་བ་ཨ་བྷི་ཥཱིཉྩ་མཱཾ། མི་དབང་རིན་ཆེན་བདུན་གྱི་དབང་བསྐུར་བས། །བྱང་ཆུབ་ཡན་ལག་བདུན་ལྡན་ལམ་བཟང་གིས། །ཐེག་མཆོག་ཆོས་ཀྱི་སྲིད་ལ་དབང་འབྱོར་ཏེ། །མ་ལུས་འགྲོ་བའི་མགོན་དང་དཔལ་གྱུར་ཅིག །ཨོཾ་མཧཱ་སཔྟ་རཏྣ་ཨ་བྷི་ཥཱིཉྩ་མཱཾ། མི་འགྱུར་ལྷུན་པོ་ཞེས་སོགས་དང༌། མཆོག་གསུམ་གྱི་ཤིས་པ་བརྗོད་དེ་མེ་ཏོག་གི་ཆར་དབབ་ཅིང༌། སངས་རྒྱས་སྐུ་གསུམ་བརྙེས་པའི་ཞེས་སོགས་བདེན་པས་བྱིན་གྱིས་བརླབ་བོ། །སློབ་མ་རྣམས་ཀྱིས་གཏང་རག་གི་མཎྜལ་དབུལ་ཞིང༌། བླ་མས་མཇུག་གི་མཆོད་བསྟོད། ནོངས་པ་བཟོད་གསོལ། ཡེ་ཤེས་པ་གཤེགས་ཏེ་དམ་ཚིག་པ་རང་ལ་བསྟིམ་པ། བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་སོགས་བྱའོ། །༈ གསུམ་པ་ཞར་བྱུང་


GTD006_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་མཁོ་བའི་ལས་ཚོགས་གཞན་བསྟན་པ་ལ། སྦྱིན་སྲེག་ནི། ཐབ་ཀྱི་དབུས་སུ་རྡོ་རྗེ་ལ་ཧཱུཾ་གིས་མཚན་པ་བྲི། དམ་རྒྱ་རྡོ་རྗེའི་རིགས་ཀྱི་དམ་རྒྱ་གོང་དུ་བཤད་པ་བཞིན་བྱེད། དགང་བླུགས་ཀྱི་ཁ་ལ་ཧཱུཾ་གསལ་འདེབས་ཤིང༌། མེ་ལྷའི་ཐུགས་ཀར་མེ་གྲུ་གསུམ་རབ་ཏུ་འབར་བའི་དབུས་སུ་པད་ཉི་ལ་གཙོ་བོ་མངོན་རྟོགས་བཞིན་བསྐྱེད་ནས་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་རྒྱས་གདབ་བྱ། འཁོར་རྣམས་གསལ་འདེབས་མི་དགོས་ཆོ་གའི་གཞུང་ནི་བྱ་རྒྱུད་ཀྱི་སྦྱིན་སྲེག་ཚད་ལྡན་གང་རིགས་ཤིག་དང་བསྟུན་ན་ཆོག་གོ །གཞན་ཡང་འདིའི་སྔགས་སོ་སོ་དང༌། མདོ་ཚིག་རེ་རེ་བཞིན་ལ་བརྟེན་པའི་ལས་སྦྱོར་བརྒྱ་རྩ་བརྒྱད་ཡེ་ཤེས་རྡོ་རྗེ་སོགས་ཀྱིས་མཛད་ཅིང༌། སློབ་དཔོན་པདྨས་མཛད་པར་གྲགས་པའི་ཐེམ་ཡིག་དང་བཅས་པ་ཡོད། དེ་དག་བསྡུས་ནས་ལས་མཐའ་བཅོ་བརྒྱད་དུ་ཕྱེ་ཞིང༌། དེའང་ཞི་བའི་འཁྲུལ་འཁོར་གསུམ། རྒྱས་པའི་བཞི། དབང་གི་གཉིས། མངོན་སྤྱོད་ཀྱི་བརྒྱད། ཁྲུས་ཀྱི་ཆོ་ག་དང་བཅས་ལས་བཞིའི་འཁྲུལ་འཁོར་དུ་བསྡུ་ཚུལ་སྨྲྀ་ཏིའི་མན་ངག་ལས་འབྱུང་ཞིང༌། སྨྲྀ་ཏིའི་འགྲེལ་པར་དེ་དྲང་དོན་གྱི་སྒྲུབ་ཚུལ་དུ་བྱས་ཏེ། ངེས་དོན་སྟོང་ཉིད་བཅོ་བརྒྱད་རྟོགས་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲིས་པ་བཅོ་བརྒྱད་དུ་སྒྲུབ་ཚུལ་ཞིག་ཀྱང་གསུངས་ཏེ། མདོར་ན་ལྷ་གཅིག་མི་གཅིག་གི་ཚུལ་དུ་ཡི་དམ་འདི་ཉིད་ཁོ་ན་ལ་རྩལ་དུ་བཏོན་ན་འདིའི་སྒོ་ནས་ཀྱང་མཆོག་ཐུན་གྱི་ལས་རབ་འབྱམས་ཅི་འདོད་སྒྲུབ་པར་ནུས་པས་ནོར་བུའི་གཏེར་


GTD006_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ལྟ་བུར་ཡོད་དོ། །འདིེར་དེ་དག་གི་ནང་ནས་ཉེར་མཁོ་ཉུང་ཤས་ཤིག་ཐོ་ཙམ་འགོད་ན། ༈ ནོར་ལོངས་སྤྱོད་སྤེལ་བར་འདོད་པས་རང་རྣམ་འཇོམས་སུ་བསྐྱེད། བུམ་པའི་ནང་དུ་སྔགས་འཕྲེང་གསལ་བཏབ་སྟེ་གཟུངས་བཟླས་ལ་བུམ་པའི་ཆུ་དང་དབྱེར་མེད་དུ་བསྟིམ། མདུན་གྱི་ནམ་མཁར་སྐད་ཅིག་གིས་སྟོན་པ་ཐུབ་པའི་དབང་པོ་དང༌། དེའི་འོག་ཙམ་དུ་སྐད་ཅིག་གིས་ཛཾ་ལྷ་དཀར་པོ་གཡུ་འབྲུག་ལ་ཞོན་པའམ། སེར་པོ་གཏེར་ལ་གནས་པ། ནག་པོ་ནོར་སྦྱིན་སེར་པོའི་སྟེང་ན་བཞེངས་ཏེ་བཞུགས་པ་གང་རིགས་ཤིག་ཀྱང་ཕྱག་མཚན་རྒྱན་དང་བཅས་པ་ཡོངས་སུ་རྫོགས་པ་གསལ་བར་གྱུར་པར་བསམས་ཏེ། སྔར་སྒྲུབ་པའི་བུམ་ཆུས་སྤྱི་བོ་ནས་ཁྲུས་གསོལ་ཞིང་ཞལ་དུ་ཕུལ་བར་བསམས་ཏེ་ཛཾ་ལྷའི་སྔགས་འདོན་ཞིང་ཆུ་སྦྱིན་བྱ། ཐུབ་པའི་དབང་པོ་དཔང་པོའི་ཚུལ་དུ་བཞུགས་པ་འདི་བཞིན་དུ་གནོད་སྦྱིན་ཆེན་པོ་ཁྱེད་ཀྱིས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་བཀའ་ལས་མ་འདའ་བར་རྣལ་འབྱོར་པ་བདག་གིས་ཆོས་སྒྲུབ་པའི་དཔལ་འབྱོར་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་རྒྱས་པའི་སྡོངས་གྲོགས་མཛོད་ཅིག །ཅེས་འཕྲིན་ལས་བཅོལ། ༈ ཆར་འབེབས་པར་འདོད་པས། རང་ཉིད་སྒྲུབ་གྲོགས་དགེ་སློང་བཞི་དང་བཅས་པས་ནངས་སྔ་བར་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས་ཏེ། རང་གིས་རྣམ་འཇོམས་གཙོ་རྐྱང་ངམ་གཙོ་འཁོར་གྱི་བདག་བསྐྱེད་བུམ་བསྐྱེད་གཞུང་བཞིན་བྱ། སྒྲུབ་གྲོགས་བཞིའི་གཉིས་ཀྱིས་འདིའི་གཟུངས་མདོ་དང་སྤྲིན་ཆེན་པོའི་མདོ་བཀླག །གཉིས་ཀྱིས་ཀླུ་རྣམས་ཀྱི་སྙིང་


GTD006_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཟླ་ཞིང་ཀླུ་གཏོར་བསྔོ། སྔགས་ཀྱི་མཇུག་ཏུ། ཆར་གྱི་རྒྱུན་ཕུན་སུམ་ཚོགས་པ་འབབ་བར་བྱིན་གྱིས་རློབས་ཤིག །ཅེས་སྤེལ་ཚིག་སྦྱོར་ཞིང༌། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཀླུ་རྣམས་ཀྱི་རྒྱུད་བསྐུལ་ནས་ཆར་ཕབ་པའི་དམིགས་པ་དང༌། བུམ་ལྷ་འོད་ཞུ་བྱས་ནས་ཆུ་མིག་སོགས་སུ་བླུགས་པས་བྱིན་རླབས་ཀྱི་བདུད་རྩིའི་རྒྱུན་གྱིས་ཀླུ་རྣམས་ཚིམ་སྟེ་ཆར་ཕབ་པའི་དམིགས་པ་བྱེད། དེས་མ་བབ་ན་སྙིང་པོ་དྲག་ཏུ་བཟླ་ཞིང་ཁྲོ་བཅུའི་ལྷ་ཚོགས་རང་འདྲ་དཔག་མེད་འཕྲོས་ཏེ་ཀླུ་རྣམས་ཀྱི་མགྲིན་པ་ནས་བཅིངས་ཤིང་བསྡིགས་ཏེ་དྲག་ཤུལ་གྱི་སྒོ་ནས་འབེབ་ཏུ་བཅུག་པར་བསམས། ༈ སེར་བ་བསྲུང་ན། སྔོན་ནས་ཕུར་པ་བཅུ་ཁྲོ་བོ་བཅུར་བསྐྱེད་ནས་ཡུན་རིང་དུ་བསྒྲུབས། དངོས་གཞིའི་དུས་རང་ཉིད་རྡོ་རྗེ་རྣམ་འཇོམས་ཕྱག་མཚན་རྒྱན་སོགས་གཞུང་ལྟར་ལ་སྐུ་མདོག་དམར་པོར་བསྒོམས་ཏེ་སྙིང་པོ་དང་ཉེ་སྙིང་བཟླ། སེར་བ་འོང་བའི་ཕྱོགས་ཕྱོགས་སུ་ཕུར་བུ་རྣམས་གདབ་ཅིང་སྔགས་བཟླས་པའི་ཡུངས་ཀར་གཏོར། རང་གི་ཁ་ནས་སྔགས་ཕྲེང་མེ་འོད་འབར་བ་དཔག་མེད་འཕྲོས་པའི་མེ་དཔུང་གིས་ནམ་མཁའ་ཁེངས་ཤིང་དྲག་པོའི་རླུང་གིས་སྤྲིན་རྣམས་ཕྱོགས་ཕྱོགས་སུ་གཏོར་བར་བསམས་ཏེ་ནམ་མཁར་སྡང་མིག་དང་མཛུབ་རིས་བྱ། ༈ གཞན་གྱི་ངན་སྔགས་གཅོད་པར་བྱེད་ན། བདག་བསྐྱེད་སྔོན་དུ་བཏང༌། རང་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་བ་སྤུའི་བུ་ག་ཚུན་ཆད་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་ཤིང༌། དེ་ལས་མེའི་ཚ་ཚ་དཔག་མེད་འཕྲོ་


GTD006_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམས། རོ་རས་ལ་ངན་སྔགས་བྱེད་པ་པོའི་མིང་རུས་བྲི་བ་དང༌། སྲད་བུ་ནག་པོ་མདུན་དུ་བཞག་སྟེ་བདེན་བརྗོད་སྔོན་དུ་འགྲོ་བས་ཕ་རོལ་གྱི་བྱད་མའི་རྣམ་ཤེས་བཀུག་པ་ལིངྒ་ལ་བསྟིམ་ཞིང༌། དེའི་ངན་སྔགས་ཀྱི་ནུས་པ་ཐམས་ཅད་སྲད་བུ་ལ་བསྟིམ་པར་བསམ་ཞིང་དགུག་གཞུག་ལན་མང་དུ་བྱ། དེ་ནས། ཨོཾ་ས་ར་ས་ར་མཱ་ར་ཡ་བཛྲ་བིནྡཱ་ར་ཡཱ་སྭཱཧཱ། ཞེས་བརྗོད་ཅིང་ལིངྒ་གྲིས་གཏུབས་ནས་དུར་ཁྲོད་དུ་རླུང་ལ་བསྐུར། སྲད་བུ་དུམ་བུར་གཏུབས་ཏེ་མེར་བསྲེག་གོ །ཡང་ན་དུར་ཁྲོད་ཀྱི་གཡམ་པ་སྔོན་པོ་ལ་དུག་ཁྲག་གིས་སྣ་ཚོགས་རྡོ་རྗེ་བྲིས་ཏེ་ལྟེ་བ་ལ། ཕ་རོལ་གྱི་རིག་སྔགས་ནན། ཞེས་པ་དང༌། རྭ་རྣམས་ལ་ལཾ་ནན་ཞེས་པ་བྲི། མཐའ་སྐོར་དུ། ཕ་རོལ་གྱི་མཐུ་གཏད་ངན་སྔགས་ཐམས་ཅད་སྟམྦྷ་ཡ་ནན། ཞེས་པ་བྲིས་ཏེ། རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས་ཕ་རོལ་གྱི་ནུས་པ་ཐམས་ཅད་མནན་པར་བསམ་ཞིང༌། ཨོཾ་ཨ་མོ་གྷ་བཛྲ་ནན། ཨོཾ་ལཾ། ཨཱཿ ལཾ། ཧཱུཾ་ལཾ། ཞེས་པ་ཁྲི་ཕྲག་གསུམ་བཟླ། དེ་ནས་ལམ་རྒྱ་གྲམ་དུ་མནན་ན་བྱད་ཕུར་དེ་དག་ལྡང་མི་ནུས་སོ། ། ༈ མིག་ནད་སེལ་བར་འདོད་པས། ལྷའི་རྣལ་འབྱོར་སྔོན་དུ་བཏང༌། རང་གི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་དཔག་མེད་འཕྲོས་ཏེ་རྒྱལ་བ་སྲས་བཅས་ལ་གཟུགས་ཀྱི་མཆོད་པ་སྣ་ཚོགས་པ་དང་སྣང་གསལ་ལ་སོགས་པ་ཕུལ། དེ་དག་གི་ཡེ་ཤེས་ཀྱི་སྤྱན་གྱི་བྱིན་རླབས་བསྡུས་ཏེ་བུམ་ཆུ་དང་བྱུགས་པའི་རྫས་ལ་ཐིམ་པར་བསམས་ནས་སྔགས་ཅི་མང་བཟླ། དེ་ནས་ཁྲུས་ཀྱི་ཆོ་ག་སྤྱི་ལྟར་བྱས་པའི་མཇུག་ཏུ་སྔགས་བཟླ་བཞིན་པར་


GTD006_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བྱིན་གྱིས་བརླབས་པའི་རྫས་ཀྱིས་བྱུགས་ཏེ། དེའང་མིག་ནད་སྤྱི་ལ་ཨུཏྤལ་སྔོན་པོ་དང་སྐྱེར་པའི་ཁནྜ། རབ་རིབ་ཅན་ལ་ཨ་རུ་རའི་ཁུ་བ། ལིང་ཏོག་ཅན་ལ་མཚལ་དང་ཅོང་ཞིའི་ཁུ་བ་ལ་བཟླས་ཏེ་བྱུགས་ན་ཕན་ནོ། ། ༈ གཞན་ལ་སྲུང་བ་གདགས་པར་འདོད་པས། རས་དཀར་པོ་གཙང་མ་ལ་གུར་ཀུམ་སོགས་ཀྱིས་འཁོར་ལོ་རྩིབས་བརྒྱད་བྲིས། ལྟེ་བར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎཱ་ཡ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ་ཆེ་གེ་མོ་རཀྵ་རཀྵཿ ཞེས་པ་བྲི། རྩིབས་རྣམས་ལ། ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཆེ་གེ་མོ་ལ་རཀྵ་རཀྵཿ ཞེས་པ་དང༌། མུ་ཁྱུད་ལ་སྙིང་པོ་སྟེ་ཐམས་ཅད་ཡིག་མགོ་ཕྱིར་བསྟན་ནས་བྲི། རང་ལྷའི་རྣལ་འབྱོར་ལ་གནས་པས་འཁོར་ལོའི་ལྟེ་བར་རྡོ་རྗེ་རྣམ་འཇོམས་བསྐྱེད་དེ་བསྙེན་པ་གནད་དུ་འགྲོ་ངེས་བྱ། མཐར་མཆོད་བསྟོད་བྱས་ཏེ་འོད་དུ་ཞུ་བ་སྲུང་འཁོར་ལ་ཐིམ་པར་བསམ། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ་རང་སྔགས་དང་དཀོན་མཆོག་གསུམ་གྱི་ཤིས་པ་བརྗོད་པ་སོགས་ཀྱིས་རབ་ཏུ་གནས་པར་བྱ། ལེགས་པར་བལྟེབས་ཏེ་དར་སྔོན་པོས་དྲིལ་ནས་གདགས་ཤིང་འགོམ་ཡུག་མ་ཤོར་བར་བྱས་ན་སྲུང་བའི་མཆོག་ཏུ་འགྱུར་རོ། །དེང་དུས་ཕལ་མོ་ཆེ་རང་ངོས་ནས་རྒྱུ་ཚོགས་མ་ཚང་བ་མི་ཤེས་པར། ལྷའི་ངོས་ནས་ལས་སྦྱོར་དང་བྱིན་རླབས་ཀྱི་སྒོ་མ་ཚང་བ་ལྟ་བུར་བལྟ་མོད་ཀྱང༌། སྔགས་རིམ་ལས། དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་བཟླས་པ་དང་བསྒོམ་པ་ཚད་དུ་ཕྱིན་ན། དེ་ནས་ལྷའི་རྣལ་འབྱོར་དེ་


GTD006_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་སྒྱུར་ལུགས་རེ་བྱས་པས་ནད་དང་བགེགས་ཞི་བ་དང༌། ཚེ་དང་ཤེས་རབ་འཕེལ་བ་དང༌། བསྟན་པ་ལ་མི་དད་པ་ལ་སོགས་པ་དབང་དུ་བྱ་བ་དང༌། དྲག་པོ་མིན་པས་མི་འདུལ་བ་རྣམས་མངོན་སྤྱོད་ཀྱིས་ཚར་གཅོད་པ་ལ་སོགས་པ་གང་ཡང་བྱས་པས་ཆོག་པས། ཚེ་སྒྲུབ་དང་བློ་འཕེལ་སོགས་ཀྱི་གདམས་པ་རྣམས་ཟུར་ནས་བཙལ་མི་དགོས་སོ། །ཞེས་པ་ལྟར་ཡིན་པས། བསྙེན་སྒྲུབ་ཀྱིས་རྨང་གཞི་ཟིན་ངེས་པ་ཞིག་བྱས་ན་རྟ་ཕྱག་ཁྱུང་གསུམ་སོགས་ཀྱི་ལས་ཚོགས་གང་ལའང་ལྷ་སྔགས་ཀྱིས་ཁ་བསྒྱུར་ནས་སྦྱར་ཆོག་སྟེ། དེ་ཉིད་བསྡུས་པ་ལས། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །དུམ་བུ་ལས་བཤད་རང་བྱས་པའམ། །སྒྲུབ་པ་འདིར་ནི་ཐམས་ཅད་དོ། །ཞེས་པའི་དགོངས་པའོ། །སྨྲས་པ། བླ་མ་ལྷ་ཡི་ཞབས་མཐིལ་བཀྲ་ཤིས་མཚན། །བདག་གི་གཙུག་རྒྱན་རྩིབས་བརྒྱད་འཁོར་ལོ་སྟེ། །གང་གི་གསུང་གསང་འགག་མེད་ཆོས་ཀྱི་དུང༌། །རིན་ཆེན་འཁྱིལ་བས་བདག་གི་སྙན་ཤལ་མཛེས། །དེ་ཕྱིར་མཚན་ཙམ་དྲན་པས་རྒུད་པ་ཀུན། །རྣམ་པར་འཇོམས་པ་ཡེ་ཤེས་རྡོ་རྗེ་ཡི། །སྒྲུབ་དཀྱིལ་ཆ་ལག་དང་བཅས་གྲུབ་ཆེན་གྱི། །བཞེད་དགོངས་དབང་གི་རྒྱལ་པོའི་འཕྲེང་བར་སྤེལ། །དགེ་བས་ལག་ན་རྡོ་རྗེའི་གནས་ཐོབ་སྟེ། །བདུད་བཞི་སྡེ་དང་བཅས་པའི་དཔུང་བཅོམ་ནས། །ནམ་མཁའི་མཐས་གཏུགས་མར་གྱུར་འགྲོ་བ་རྣམས། །བདེ་བ་ཆེན་པོའི་གནས་ལ་འགོད་གྱུར་ཅིག །ཅེས་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ་མཆོག་ཐུན་དངོས་


GTD006_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གཏེར་མཛོད་ཅེས་བྱ་བ་འདི་ནི། ཨོར་དུ་སུ་ཨོ་ཐོག་ཤོག་ནས་གཞན་ཕན་གྱི་ལྷག་བསམ་དང་མཁྱེན་དཔྱོད་རྨད་དུ་བྱུང་བ་སྨན་པ་བླ་ཟུར་བློ་བཟང་ཡོན་ཏན་གྱིས་རིན་པོ་ཆེ་སྣ་ཚོགས་པའི་མནྜལ་དང་བཅས་ནན་ཆེན་བསྐུལ་བའི་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འདིའི་རྒྱ་གཞུང་རྣམས་གུང་བསྒྲིགས་ཏེ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousརྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་དཀྱིལ་ཆ་ལག་དང་བཅས་པ།next