Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་དཔའ་བོ་གཅིག་སྒྲུབ་སོགས་ལྷག་ལྷ་དུ་མའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་དཔའ་བོ་གཅིག་སྒྲུབ་སོགས་ལྷག་ལྷ་དུ་མའི་སྒྲུབ་ཐབས། next

འཇམ་དཔལ་དཔའ་བོ་གཅིག་སྒྲུབ་སོགས་ལྷག་ལྷ་དུ་མའི་སྒྲུབ་ཐབས།


GTD006_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དཔའ་བོ་གཅིག་སྒྲུབ་སོགས་ལྷག་ལྷ་དུ་མའི་སྒྲུབ་ཐབས་ཀྱི་སྐོར་མཆོག་ཐུན་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


GTD006_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་བྷེ་ར་ཝཱ་ཡ། དཔའ་བོ་གཅིག་པའི་ཆོ་ག་སྐད་ཅིག་དཀྲོང་བསྐྱེད་ནས་བདག་བསྐྱེད་མཆོད་པའི་བར་གཞུང་བཞིན་དང༌། གྲུབ་ན་རྡོར་སེམས་བསྒོམ་བཟླས་ཀྱང་བྱ་ལ། རང་གི་དྲིན་ཅན་རྩ་བའི་བླ་མས་གཙོ་མཛད་དེ་དངོས་བརྒྱུད་ཀྱི་བླ་མའི་ཚོགས་སྤྱི་བོར་བཞུགས་པའི་རྡོ་རྗེ་འཇིགས་བྱེད་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་ནས་བྱོན་པར་བསམས་ཏེ། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཞེས་པ་ནས། ཤཔྟ་ཨཱཿ ཧཱུཾ་གི་བར་དང༌། ཨོཾ་གུ་རུ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་རཱུ་པ་ནས། སྤརྴ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཝཱ་རའི་མཇུག་ཏུ་ཨོཾ་ཨཱཿ ཧཱུཾ་བཏགས་པས་ནང་མཆོད། ཡང་ས་པ་རི་ཝཱ་རའི་མཇུག་ཏུ། མུ་ཏྲ་པཱུ་ཛ་མེ་གྷ་ས་མཱུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཞེས་པས་གསང་མཆོད། མུ་ཏྲའི་ཚབ་ཏུ་ཡུ་གཿ ནཱ་ད་བཅུག་པས་དེ་ཁོ་ན་ཉིད་ཀྱི་མཆོད་པ་དབུལ། ས་གཞི་སྤོས་བྱུགས་མས་མཎྜལ་འབུལ། ཡོན་ཏན་ཀུན་གྱི་གཞིར་གྱུར་ཅེས་


GTD006_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས། མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཁྱོད་ནི་བླ་མ་ཞེས་སོགས་ཀྱིས་ཕུར་ཚུགས་གསོལ་འདེབས་ལན་གསུམ། ཐུན་མོང་ལམ་སྦྱངས་ནས། འཇུག་པར་བྱིན་གྱིས་རློབས། །དེ་ལྟར་གདུང་ཤུགས་དྲག་པོས་གསོལ་བཏབ་མཐུས། །བླ་མའི་སྐུ་གསུང་ཐུགས་ཀྱི་གནས་རྣམས་ལས། །ཞེས་པ་ནས། བྱིན་གྱིས་བརླབ་པར་གྱུར། །ཅེས་དབང་བཞི་བླངས། དེ་ཚེ་དངོས་གྲུབ་ནས། བསྲུང་བར་བྱིན་གྱིས་རློབས། །སྡིག་པ་རྣམས་ནི་བཤགས་པར་བྱ། །ཞེས་པ་ནས། མྱ་ངན་འདས་ལ་འགོད། །སེམས་ཅན་ཐམས་ཅད་ནས། བཏང་སྙོམས་ལ་གནས་པར་བྱའོ། །དེ་ནས་རྒྱུད་སྡེའི་སྙིང་པོ་ནས། མྱུར་ཐོབ་ཤོག །དེ་ནས་ཚོགས་ཞིང་རྣམས་རིམ་གྱིས་བསྡུས་ཏེ་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་རང་གི་སྤྱི་བོ་ནས་མར་བྱོན། རང་གི་སྙིང་གར་ཤིན་ཏུ་ཕྲ་བའི་རླུང་སེམས་དང་དབྱེར་མེད་དུ་འདྲེས་པར་བསམས་ལ། རང་སེམས་དགའ་བདེ་ཁྱད་


GTD006_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་གྱིས་ཟིན་པས་སྣང་བ་བན་བུན་དུ་གྱུར་པ་དེའི་ངང་དུ་རེ་དོགས་བཅས་བཅོས་སོགས་ཀྱི་རྣམ་རྟོག་གང་གིས་ཀྱང་མ་བསྐྱོད་པར་སེམས་ཀྱི་ངོ་བོ་ནམ་མཁའ་ལྟར་དྭངས་ཤིང་གསལ་ལ་ཧྲིག་གེ་བ་རྒྱར་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བ་དེའི་ངོ་བོ་ལྷན་གྱིས་བཞག་སྟེ་རྣལ་དུ་གནས་པར་བྱ། དེ་ནས་སེམས་དེའང་དྭངས་ཆ་དང་གསལ་ཆ། ཡུལ་རིག་པའི་ཆ། དུས་སྔ་ཕྱིའི་ཆ་སོགས་སོ་སོར་བསལ་ན། དེ་དག་ཚོགས་ཙམ་ལ་མ་ལྟོས་པར་རང་གིས་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་ལ། དེའི་རིགས་འགྲོས་ཀྱིས་གཟུགས་སོགས་འདུས་བྱས་ཀྱི་ཆོས་གཞན་རྣམས་དང༌། འདུས་མ་བྱས་རྣམས་ཀྱང་གདགས་གཞི་ཅི་རིགས་ལ་རྣམ་རྟོག་གིས་ཕར་བཏགས་པ་ཙམ་ལས་དོན་དམ་པར་གྲུབ་པ་ཅུད་ཟད་ཀྱང་མེད་པ། དངོས་པོ་མེད་པས་སྒོམ་པ་མེད། །ཅེས་སོགས་ཀྱི་ཚིགས་བཅད་བརྗོད་དེ་ཡང་དག་པའི་ལྟ་བ་ལེགས་པར་གསལ་གདབ། ངེས་འབྱུང་བྱང་སེམས་གཉིས་ནི་བྱིན་རླབས་སྤུང་ཞུས་སུའང་གསལ། ཡང་དག་པའི་ལྟ་བ་འདིར་བསྒོམས་པས་ལམ་གྱི་གཙོ་བོ་གསུམ་ཡང་ཚང་བ་ཡིན། དེ་ནས་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་བསྡུས་པ་རང་དང་རང་ཡང་ས་བོན་གྱི་ནཱ་དའི་བར་རིམ་གྱིས་བསྡུས་ཏེ་འོད་གསལ་དུ་བཅུག་པས་ལྷན་སྐྱེས་ཀྱི་བདེ་ཆེན་དྲངས་པར་བསམ་ཞིང་དེ་དང་སྔ་མའི་སྟོང་པ་ཉིད་སྦྱར་ནས། སྭ་བྷཱ་ཝ་སོགས་ཀྱི་སྔགས་དོན་དྲན་པ་འཆི་བ་ཆོས་སྐུའི་ལམ་འཁྱེར་མན་ཆད་དཀྱུས་བཞིན་བྱ། བཟླས་པའི་སྐབས་སུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་དྷཱིཿ ཡིག་དང་རལ་གྲིའི་འཁོར་ལོའི་རྩིབས་སོ་སོ་ལ་ཞི་བའི་སྔགས་བཀོད་དེ་ཨ་ར་པ་ཙ་བཟླ། དྷཱིཿ ཧཱུཾ་དང་མཐར་གྲི་གུག་གིས་བསྐོར་བར་ཡ་མ་རཱ་ཛ་སོགས་བཀོད་ནས་སྦྲགས་སྒྲུབ་ཀྱི་དམིགས་པ་གཞན་དུ་གསལ་


GTD006_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་བཟླ། གཏོར་འབུལ་གྱི་ཚེ་ཡེ་ཤེས་པའི་དཀྱིལ་འཁོར་མགོན་ཆོས་རྒྱལ་ལྷ་མོ་རྣམ་སྲས་ལྕམ་སྲིང་ཕྱོགས་སྐྱོང་དང་བཅས་པ་སྤྱན་དྲངས། ཡེ་ཤེས་པ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཆོས་སྐྱོང་རྣམས་ཤར་སྒོའི་རྟ་བབས་ཀྱི་ནང་དང༌། ཕྱོགས་སྐྱོང་རྣམས་ཕྱོགས་མཚམས་སོ་སོར་འཁོད་པར་གྱུར་པར་བསམས་ལ། མགྲོན་རྣམས་ནས། ཨ་དྷི་པ་ཏི། ཤྲཱི་དྷརྨཱ་པ་ལ་ས་པ་རི་ཝཱ་ར་ཨི་མཾ་བ་ལིཾ། སོགས་ཀྱིས་གཏོར་མ་དབུལ། ནང་མཆོད་སྐབས་སུའང་ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཞེས་སྦྱོར། ལྷག་མ་འདྲ། འཇམ་དབྱངས་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །གཞི་ཡི་འཆི་བ་བར་དོ་སྐྱེ་བ་གསུམ། །ལམ་དང་འབྲས་བུའི་དུས་ཀྱིས་སྐུ་གསུམ་དུ། །སྒྱུར་བྱེད་བསྐྱེད་རིམ་ཕྲ་རགས་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་དྲུངས་ནས་འབྱིན་པར་ཤོག །རླུང་སེམས་དབུ་མར་ཞུགས་གནས་ཐིམ་པ་ཡིས། །རིམ་པར་ཤར་བ་དཔེ་དོན་འོད་གསལ་ལས། །སྒྱུ་མའི་སྐུར་བཞེངས་སྤྱོད་པ་མཐར་ཕྱིན་ཏེ། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །དེར་མ་སོན་པའི་ཚེ་རབས་ཕྲེང་བར་ཡང༌། །དགའ་ལྡན་བདེ་བ་ཅན་སོགས་ཞིང་མཆོག་གམ། །དལ་འབྱོར་ཚང་བའི་རྟེན་བཟང་རིམ་བརྒྱུད་དེ། །ཡང་དག་ལམ་ལ་གེགས་མེད་སློབ་གྱུར་ཅིག །ཅེས་སོགས་བསྔོ་བས་མཚམས་སྦྱར་ལ། ཉེར་བསྡུ་དང་ཤིས་པ་བརྗོད་པ་སོགས་དཀྱུས་ལྟར་བྱའོ། །ཞེས་པ་འདི་ནི་ཧལ་ཧའི་ཤོག་ནས་ལྷག་བསམ་རྣམ་དཔྱོད་ཡངས་པ་སློབ་དཔོན་


GTD006_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཟང་ཤེས་རབ་ཀྱིས་བསྐུལ་བའི་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ།། །།༈ མདུན་དུ་སྣ་ཚོགས་པད་ཉིར་འཇིགས་བྱེད་དང༌། །དུས་མཚན་བསྣོལ་བའི་གདན་ལ་ཧཱུཾ་ཡིག་ལས། །འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས། །རྡོ་རྗེ་ཕག་མོས་སྐུ་ལ་འཁྱུད་པ་ཡི། །ཐུགས་ཀའི་ཧཱུཾ་གིས་དག་པ་མཁའ་སྤྱོད་ནས། །འཁོར་ལོ་སྡོམ་པའི་ལྷ་ཚོགས་སྤྱན་དྲངས་ཏེ། །གཙོ་བོ་གཙོ་བོར་ཐིམ་ཞིང་འཁོར་ཚོགས་ཀྱིས། །རང་གི་ལུས་གནས་ཀུན་བསྲུང་ཁྱད་པར་དུ། །སྒོ་མཚམས་མ་རྣམས་དབང་པོའི་སྒོར་བཞུགས་པས། །དམན་པར་འཕོ་བའི་ལམ་ཀུན་བཀག་པར་གྱུར། །དེ་དག་འོད་ཟེར་འཐབ་པའི་རང་གི་ལུས། །ཤེལ་གོང་ལྟ་བུར་དྭངས་ཤིང་གསལ་བའི་དབུས། །དབུ་མ་སྨད་ཕྲ་སྟོད་ཡངས་ཐ་ལེ་བ། །ལྟེ་གསང་དམར་ཆའི་ཕག་མོ་སྙིང་གའི་དཔྱིད། །ཀེ་རུ་ཀ་དང་ཕྲད་དེ་དགྱེས་རོལ་བས། །གཉུག་མའི་སྒོ་གསུམ་ལྷ་དང་དབྱེར་མེད་གྱུར། །མི་འགྱུར་བདེ་བ་མཆོག་གི་འཁོར་ལོ་ཡིས། །འཁོར་འདས་སྟོང་པར་འཕེན་པའི་ཧེ་རུ་ཀཿ །དགའ་མཆོག་མྱུར་བའི་རྩལ་འབྱིན་ཕག་མོ་དང༌། །མི་ཕྱེད་མཉམ་པར་སྦྱོར་བས་རྗེས་སུ་སྐྱོངས། །སྲིད་པར་འཁྱེར་བའི་ལས་རླུང་དགག་ཏུ་གསོལ། །འོག་ཏུ་ལྟུང་བའི་ལམ་ངན་བཅད་དུ་གསོལ། །བདེ་མཆོག་འཁོར་ལོའི་ཐུགས་ཀར་དྲང་དུ་གསོལ། །མཁའ་སྤྱོད་རྡོ་རྗེའི་གྲོང་དེར་ཁྲིད་དུ་གསོལ། །དེ་ལྟར་གསོལ་བཏབ་ཐུགས་ཀའི་འོད་ཟེར་གྱི། །ལྕགས་ཀྱུས་རང་སེམས་བདེ་མཆོག་ཐུགས་ཀར་དྲངས། །འཁོར་ཚོགས་ཀུན་


GTD006_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱ་བརྒྱ་འཕུར་འདྲ་ཡིས། །བསྐོར་ཏེ་མཁའ་སྤྱོད་གནས་སུ་གཤེགས་པར་གྱུར། །འདི་ནི་ལས་ལ་སྦྱོར་བ་དུས་ཐ་མའི་དབང་དུ་བྱས་པ་ཡིན་ཞིང༌། ཐོག་མར་སྦྱོང་བའི་ཚེ་ཅུང་ཟད་རེ་གྱེན་དུ་སྤར་ཞིང་ཕྱིར་འབེབས་པའི་དམིགས་པས་ཧིཀ་དང་ཀ་སྤེལ་མར་བྱ་ལ། སྤྱི་གཙུག་ནས་ཕྱིར་ཐོན་པའི་དམིགས་པ་ཆེར་མི་བྱེད། མཐར་ཡང་མདུན་གྱི་འཁོར་ལོ་བདེ་མཆོག་སྙིང་གའི་བདེ་མཆོག་ལ་ཐིམ། འཁོར་ལོ་ལྔའི་ལྷ་ཚོགས་རྣམས་ཀྱང་རང་རང་གི་གནས་སུ་ཐིམ་པས་བྱིན་གྱིས་བརླབ་པར་བསམས་ལ། ངག་འདོན་ཡང༌། ལྕགས་ཀྱུས་རང་སེམས་གྱེན་དུ་དྲངས་པར་གྱུར། །ཅེས་དང༌། མཇུག་ཏུ། གཙོ་བོ་སྙིང་གར་ཐིམ་ཞིང་འཁོར་ཚོགས་རྣམས། །རང་རང་གནས་ཐིམ་བྱིན་གྱིས་བརླབས་པར་གྱུར། །ཅེས་བྱའོ། །ཞེས་འཁོར་ལོ་བདེ་མཆོག་ལ་བརྟེན་པའི་འཕོ་བའི་མན་ངག་འདི་ནི་ཆོས་དོན་རྣམ་པར་འབྱེད་པའི་མཁྱེན་དཔྱོད་ཡངས་པ་ཏཱ་བླ་མ་གུ་ཤྲི་བཀྲ་ཤིས་རབ་བརྟན་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ བླ་མ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འདིར་༸རྒྱལ་དབང་བདུན་པའི་གསུང་གི་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་འབྲེལ་བར་འཇིགས་བྱེད་ཀྱི་བསྐང་བཤགས་བྱ་བར་འདོད་ན་དཀྱུས་ཀྱི་མཆོད་པ་བཞི་རྫོགས་ཏེ། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། ཅེས་པའི་འཕྲོར་ཡབ་གཅིག་བློ་བཟང་རྒྱལ་བའི་དབང་པོ་དང༌། །དབྱེར་མེད་རྡོ་རྗེ་འཇིགས་མཛད་ལྷ་ཚོགས་ཀྱིས། །བརྩེ་བས་དགོངས་ཏེ་ཐུགས་རྗེ་བྱིན་རླབས་ཆུས། །བདག་གིས་ཉེས་ལྟུང་ལྷག་མེད་བྱང་བར་མཛོད། །དངོས་གྲུབ་འབྱུང་གནས་རྗེ་བཙུན་བླ་མ་རྣམས། །སྐུ་བཞིའི་བདག་ཉིད་མཆོག་ཏུ་མ་རྟོགས་པར། །ཉོན་མོངས་


GTD006_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་ཐ་མལ་རང་བཞིན་དུ། །ཞེན་ཅིང་ལོག་ལྟ་བགྱིས་རྣམས་མཐོལ་ལོ་བཤགས། །འཇམ་དཔལ་དཔའ་བོའི་རིམ་གཉིས་གྲུ་རྫིངས་ལ། །བརྟེན་ནས་སྐུ་གསུམ་རིན་ཆེན་ལེན་པའི་གེགས། །དཔལ་ལྡན་རྡོ་རྗེ་ཐེག་པའི་དམ་ཚིག་ཚོགས། །ཇི་སྙེད་འགལ་བ་མ་ལུས་མཐོལ་ལོ་བཤགས། །འཁྲུལ་བྲལ་ཚང་ལ་མ་ནོར་ཁྱོད་ཀྱི་བསྟན། །ཟབ་ཅིང་རྒྱ་ཆེའི་དེ་ཉིད་མ་རྟོགས་པར། །ལྟར་སྣང་ལམ་གྱི་རྗེས་སུ་ཞུགས་པ་སོགས། །རྨོངས་པས་སྤྱི་བརྟོལ་བགྱིས་རྣམས་མཐོལ་ལོ་བཤགས། །མདོར་ན་སྔོན་ཚེ་འཁོར་བ་ཐོག་མེད་ནས། །ཞེས་པ་མན་ཆད་དཀྱུས་ལྟར་བྱ། དེ་ཁོ་ན་ཉིད་ཀྱི་མཎྜལ་གྲུབ་སྟེ་གསོལ་འདེབས་ཀྱི་འགོར། རྟེན་འབྱུང་ལྟ་བ་འགོག་མེད་འཛིན་མའི་གཞིར། །སྔགས་དང་ཏིང་འཛིན་ཆར་གྱིས་བྲན་པ་ལས། །མཆོད་རྫས་རབ་འབྱམས་སྙེ་མ་གཡུར་ཟ་བས། །བླ་མ་ཡི་དམ་དགྱེས་པ་སྐྱེད་གྱུར་ཅིག །རཀྟའི་མཆོད་ཡོན་ཞབས་བསིལ་མཁྲིས་པའི་དྲི། །དབང་པོའི་མེ་ཏོག་གསུར་ཆེན་བདུག་སྤོས་དང༌། །ཞུན་ཆེན་མར་མེ་དོན་ལྔའི་ཞལ་ཟས་ཚོགས། །སྙན་བརྗིད་རོལ་མོའི་སྒྲ་དང་བཅས་པ་ཡིས། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༌། །ཡི་དམ་རྡོ་རྗེ་འཇིགས་མཛད་ཐུགས་དམ་བསྐང༌། །ཡེ་ཤེས་སྒྱུ་འཕྲུལ་འཁོར་ཚོགས་ཐུགས་དམ་བསྐང༌། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ཞིང་ཉམས་ཆག་སོས་གྱུར་ནས། །བར་ཆད་ཀུན་སེལ་མཐུན་རྐྱེན་མ་ལུས་སྒྲུབས། །རི་རབ་གླིང་བཞི་ཉི་ཟླར་བཅས་པའི་ཞིང༌། །འདོད་ཡོན་རྣམ་ལྔ་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་


GTD006_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་རྟགས་རྫས་ལྷ་མིའི་ལོངས་སྤྱོད་ཚོགས། །མ་ཚང་མེད་པས་ཕྱུར་བུར་གཏམས་པ་འདིས། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༌། །ཡི་དམ་རྡོ་རྗེ་འཇིགས་མཛད༌༝ ༝ ༝ ༝། །གཏི་མུག་སྲོག་རྩ་གཅོད་པའི་གྲི་གུག་སོགས། །བརྡེག་ཅིང་འཇོམས་པའི་མཚོན་ཆ་སྣ་ཚོགས་དང༌། །བདེ་ཆེན་དམར་གྱིས་ཡོངས་གང་ཐོད་ཁྲག་སོགས། །རོལ་ཅིང་སྟོབ་པའི་མཚན་མའི་ཚོགས་རྣམས་ཀྱིས། །རྩ་བརྒྱུད་བླ་མ་རྣམས་ཀྱི༌༝ ༝ ༝ ༝། དངོས་གྲུབ་བརྒྱད་ཀྱི་སྣང་བ་མེ་དང་གླང༌། །མ་ཧེ་ལུག་སོགས་སྲོག་ཆགས་སྣ་ཚོགས་དང༌། །དབང་ཕྱུག་སྒྱུ་འཕྲུལ་བྱ་རྒོད་ལ་སོགས་པ། །མཁའ་ལ་རྒྱུ་བའི་འདབ་ཆགས་སྣ་ཚོགས་ཀྱིས། །རྩ་བརྒྱུད་བླ་མ་རྣམས་ཀྱི༌༝ ༝ ༝ ༝། །ཕ་རོལ་ཕྱིན་དྲུག་དག་པ་རུས་པའི་རྒྱན། །ཉོན་མོངས་དགྲ་བཅོམ་སྦྲུལ་གྱི་མཆོད་ཕྱིར་ཐོགས། །ཡེ་ཤེས་ལྔ་ཡི་ཐོད་སྐམ་དབྱངས་གསལ་གྱི། །བདག་ཉིད་ཁྲག་འཛག་མི་མགོའི་འཕྲེང་བ་ཡིས། །རྩ་བརྒྱུད་བླ་མ་རྣམས་ཀྱི༌༝ ༝ ༝ ། །ཡངས་ཤིང་རྒྱ་ཆེའི་མཚན་ལྡན་ཀ་པཱ་ལར། །ན་ར་གླང་སོགས་ཤ་ལྔ་རིར་སྤུངས་ཤིང༌། །ཁྲག་སོགས་བདུད་རྩི་རྣམ་ལྔ་མཚོར་བསྐྱིལ་ཏེ། །སྦྱངས་རྟོགས་སྦར་བྱས་མཆོད་གཏོར་དམ་པ་འདིས། །རྩ་བརྒྱུད་བླ་མ་རྣམས༌༝ ༝ ༝ ༝། །བླ་མ་ཡི་དམ་དབྱེར་མེད་མོས་གུས་བཅས། །དབང་དུས་ཁས་བླངས་དམ་ཚིག་ཚུལ་བཞིན་བསྲུངས། །བསྐྱེད་རིམ་ཕྲ་རགས་རྫོགས་རིམ་རྣལ་འབྱོར་བཞིས། །འཇམ་དཔལ་བསྒྲུབས་པ་བླ་མེད་རྟེན་མཆོག་འདིས། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་
བསྐང༌། །ཡི་དམ་རྡོ་རྗེ་འཇིགས་མཛད་ཐུགས་དམ་བསྐང༌། །ཡེ་ཤེས་སྒྱུ་འཕྲུལ་འཁོར་ཚོགས་ཐུགས་དམ་བསྐང༌། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ཞིང་ཉམས་ཆག་སོས་གྱུར་ནས། །བར་ཆད་ཀུན་སེལ་མཐུན་རྐྱེན་མ་ལུས་སྒྲུབས། །ཞེས་བཅུག་ན་རུང་སྟེ། སྔར་ཡང་འཇིགས་བྱེད་ཀྱི་བསྐང་བཤགས་ཞེས་མིང་ཟུར་དུ་མ་བཏགས་པ་ཙམ་ལས། བཤགས་པའི་སྐབས་བླ་མ་ཡི་དམ་ལ་ཆེད་དུ་བྱས་པ་མང་ཞིང༌། བསྐང་བའམ། བླ་མ་ཡི་དམ་འཁོར་བཅས་ཐུགས་དམ་བསྐང༌། །ཞེས་ཀུན་གྱིས་འདོན་བཞིན་པ་ཡིན་པས་ཀླན་ཀའི་སྐབས་མེད་དོ། །ཞེས་པ་འདི་ནི་ཏ་རི་གང་གའི་ཤོག་ནས་འཇམ་མགོན་བསྟན་པའི་གསལ་བྱེད་དམ་པ་ཨེར་ཏི་ནི་མེར་གེན་ཧུ་ཐོག་ཐུ་བློ་བཟང་འཇིགས་མེད་རྡོ་རྗེས་བསྐུལ་བའི་བཞེད་པ་བཞིན་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའ་འོ།། །།


previousའཇམ་དཔལ་དཔའ་བོ་གཅིག་སྒྲུབ་སོགས་ལྷག་ལྷ་དུ་མའི་སྒྲུབ་ཐབས། next