Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   


 
previousགཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ། next

གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།


GTD006_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་འཆི་མེད་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨུཥྞཱི་ཥ་བི་ཛ་ཡེ། གང་གི་མཚན་ཙམ་དྲན་པའི་ཟླ་ཟེར་གྱིས། །འཆི་བདག་མུན་པའི་སྨག་རུམ་མཐར་མཛད་པ། །བཅོམ་ལྡན་རྣམ་པར་རྒྱལ་མའི་ཞབས་པད་ལ། །གུས་པས་འདུད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ངེས་གསང་རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་ཀུན། །མངོན་རྟོགས་གཅིག་གི་པར་དུ་རྒྱས་འདེབས་པའི། །ལུགས་སྲོལ་དོར་ཏེ་ཡབ་རྗེའི་དགོངས་པ་བཞིན། །མ་ནོར་དོན་ཚང་གསལ་བའི་ཆོ་ག་བྲི། །དེ་ལ་འདིར་གཙུག་ཏོར་རྣམ་པར་རྒྱལ་མའི་བསྒོམ་སྒྲུབ་ཉམས་སུ་ལེན་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་བྲིས་འབུར་གྱི་སྐུ་ལ་སོགས་པ་དང༌། བུམ་པ་མཚན་ཉིད་ཚང་བའི་སྟེང་དུ་མཆོད་


GTD006_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཚད་དང་ལྡན་པ་བཞུགས་སུ་བཅུག་པའི་མཐར་གཙང་ཞིང་གྱ་ནོམ་པའི་མཆོད་པ་ཚར་གཉིས་ཡན་ཆད་དང༌། འབུལ་གཏོར་དཀར་རྒྱན་ཅན་ཆ་གསུམ་སོགས་བཀོད་པ་མཛེས་པར་བཤམས། སྐྱབས་སེམས་སྔོན་དུ་བཏང༌། ལག་པ་གཉིས་བཀན་པ་ལས་མཛུབ་མོ་ཅུང་ཟད་བཀུག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སྭཱཧཱ ཞེས་བརྗོད། ཨོཾ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བདག་དང་གནས་བསྲུང་བ་བྱས་ལ། ཨོཾ་ཏྲཾ་བནྡྷ་སྭཱཧཱ། ཛི་ན་ཛིཀ །ཅེས་པ་ལན་བདུན་བཟླས་བའི་བསང་ཆུས་མཆོད་རྫས་ལ་བྲན་ཏེ་བགེགས་བསངས། ཨོཾ་ཏེ་ཛཿ ས་ནི་སིདྡྷི་ས་དྷ་ཡ་ཧཱུཾ་ཕཊ། མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཙནྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་བ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྔྷ་བནྔྷ། ཧ་ན་ཧ་ན། ཨམྲྀ་ཏེ་ཧཱུཾ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་མཆོད་པ་བྱིན་གྱིས་བརླབ། དངོས་གཞི་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་བྷྲུཾ་སྭཱཧཱ་ཞེས་པའི་སྔགས་ཀྱི་གདངས་ནམ་མཁར་གྲགས་པ་དེ་ཉིད་བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མེད་པའི་རང་གི་སེམས་ཉིད་ཟླ་བའི་སྟེང་དུ་ཡིག་འབྲུ་བྲིས་པའི་རྣམ་པར་གནས་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཨོཾ་བྷྲུཾ་སྭཱཧཱ་ཞེས་པའི་སྔགས་ཀྱིས་མཚན་པར་གྱུར། དེ་ལས་འོད་འཕྲོས། དོན་གཉིས་བྱས། གཅིག་ཏུ་འདུས་པ་ལས་རང་ཉིད་བཅོམ་ལྡན་འདས་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་དཀར་སེར་སྔོ་བའི་ཞལ་གསུམ་པ། ཞལ་རེ་རེ་ལ་སྤྱན་


GTD006_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསུམ་དང་ལྡན་ཞིང་གཡོན་ཞལ་ཡིད་ཙམ་ཁྲོས་པའི་ཉམས་ཅན། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་བརྒྱད་ཀྱི་གཡས་དང་པོས་སྣ་ཚོགས་རྡོ་རྗེ། གཉིས་པར་པདྨའི་སྟེང་དུ་བཞུགས་པའི་སངས་རྒྱས་འོད་དཔག་མེད། གསུམ་པས་མདའ་འཛིན་ཞིང༌། བཞི་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོ་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། གཉིས་པ་མི་འཇིགས་པའི་ཕྱག་རྒྱ། གསུམ་པ་ན་གཞུ། བཞི་པ་མཉམ་གཞག་གི་ཕྱག་རྒྱའི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་གྱི་ན་བཟའ་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ་གཡོན་པདྨ་དཀར་པོ་བསྣམས་པ། གཡོན་དུ་གསང་བདག་སྔོན་པོ་གཡོན་ཨུཏྤལའི་སྟེང་ན་རྡོ་རྗེ་བསྣམས་པ། གཉིས་ཀའང་ཞི་བའི་ཉམས་ཅན་གཡས་རྔ་ཡབ་འཛིན་ཅིང་བཞེངས་སྟབས་སུ་གནས་པ། གཙོ་མོའི་ཤར་དུ་མི་གཡོ་བ་གཡས་རལ་གྲི །ལྷོར་འདོད་རྒྱལ་གཡས་ལྕགས་ཀྱུ་ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ། བྱང་དུ་སྟོབས་པོ་ཆེ་གཡས་རྩེ་གསུམ་བསྣམས་པ། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ་ཁྲོ་བོའི་ཉམས་ཅན། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་ཞིང་མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། སྟེང་གི་གཡས་གཡོན་དུ་གནས་གཙང་མའི་ལྷའི་བུ་སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་


GTD006_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་གསོལ་བ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དཔྲལ་བར་ཏྲཾ་སེར་པོ། ལྟེ་བར་ཧྲཱིཿ དམར་པོ། བརླ་གཉིས་ལ་ཨཾ་ཨ་ལྗང་གུས་མཚན་པར་གྱུར། སྔར་གྱི་དམ་རྒྱ་ཐུགས་ཀ་སྨིན་མཚམས་མགྲིན་པ་དཔུང་འགོ་རྣམས་སུ་རེག་ལ། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སྭཱཧཱ། ཞེས་གནས་རྣམས་བྱིན་གྱིས་བརླབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཐུགས་རྗེའི་གཏེར་དང་གསང་བའི་བདག །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །བདུད་རྩིའི་རྒྱུན་འབེབས་གཞོན་ནུ་ཟུང་གཅིག་ལ། །མཆོག་ཏུ་དད་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀ་ནས་འཆི་མེད་ཚེའི་བདུད་རྩི་དང༌། གཞན་ཡང་སྣོད་བཅུད་ཀྱི་བཀྲག་མདངས་ཡོན་ཏན་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་གང༌། ཚེ་དང་བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་བསམ་ལ་སྤྲོ་ན་གཟུངས་རིང་དང༌། ཨོཾ་བྷྲུཾ་སྭཱཧཱ།


GTD006_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྙིང་པོ་ཅི་མང་དང༌། ཨོཾ་ཨ་མི་ཏེ་ཨ་མི་ཏོདྦྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་གཱ་དྲེ། ཨ་མི་ཏ་གཱ་མི་ནི། ཨ་མི་ཏ་ཨ་ཡུརྡ་ཏེ། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ །ཀྵ་ཡཾ་ཀ་རཱི་ཡེ་སྭཱཧཱ། ཞེས་ཕྲེང་སྔགས་བཟླས་ཏེ་མཐར་ཡིག་བརྒྱས་ལྷག་ཆད་བསྐང༌། སྔར་བཞིན་མཆོད་བསྟོད་བྱ། བུམ་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། དེའི་སྟེང་དུ་བྷྲུཾ་ལས་བྱུང་བའི་མཆོད་རྟེན་རིན་པོ་ཆེའི་ཁྲིའི་སྟེང་དུ་རིམ་པ་བཞིན་བང་རིམ་ཟླུམ་པོ་གསུམ། བུམ་རྟེན་བུམ་པ་པྲེ། གདུགས་བཅུ་གསུམ་ཆར་ཁེབས་ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དང་དར་གྱི་ལྡ་ལྡིས་མཛེས་པར་བྱས་པའི་དབུས་སུ་ཟླ་བའི་གདན། གཡས་གཡོན་དང་སྟེང་གི་ལོགས་གཉིས་ཏེ་བཞི་ལ་ཟླ་གདན་དང༌། ཕྱོགས་བཞིར་ཉི་མའི་གདན་རེ་རེ་སྟེ་ཐམས་ཅད་ཀྱང་སྣ་ཚོགས་པདྨ་ལ་གནས་པ། དབུས་ཀྱི་ཟླ་བའི་སྟེང་དུ་ཨོཾ་བྷྲུཾ་སྭཱཧཱ་ཞེས་པའི་སྔགས་ཀྱི་གདངས་ནམ་མཁར་གྲགས་པ་དེ་ཉིད་ཡིག་འབྲུ་བྲིས་པའི་རྣམ་པར་གནས་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཨོཾ་བྷྲུཾ་སྭཱཧཱ་ཞེས་པའི་སྔགས་ཀྱིས་མཚན་པར་གྱུར། དེ་ལས་འོད་འཕྲོས། དོན་གཉིས་བྱས། གཅིག་ཏུ་འདུས་པ་ལས་བཅོམ་ལྡན་འདས་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་དཀར་སེར་སྔོ་བའི་ཞལ་གསུམ་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་གཡོན་ཞལ་ཡིད་ཙམ་ཁྲོ་བའི་ཉམས་ཅན། མཆེ་བ་ཅུང་ཟད་


GTD006_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་པ། ཕྱག་བརྒྱད་ཀྱི་གཡས་དང་པོས་སྣ་ཚོགས་རྡོ་རྗེ། གཉིས་པར་པདྨའི་སྟེང་དུ་བཞུགས་པའི་སངས་རྒྱས་འོད་དཔག་མེད། གསུམ་པས་མདའ་འཛིན་ཞིང༌། བཞི་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོ་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། གཉིས་པ་མི་འཇིགས་པའི་ཕྱག་རྒྱ། གསུམ་པ་ན་གཞུ། བཞི་པ་མཉམ་གཞག་གི་ཕྱག་རྒྱའི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་གྱི་ན་བཟའ་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ་གཡོན་པདྨ་དཀར་པོ་བསྣམས་པ། གཡོན་དུ་གསང་བདག་སྔོན་པོ་གཡོན་ཨུཏྤ་ལའི་སྟེང་ན་རྡོ་རྗེ་བསྣམས་པ། གཉིས་ཀའང་ཞི་བའི་ཉམས་ཅན་གཡས་རྔ་ཡབ་འཛིན་ཅིང་བཞེངས་སྟབས་སུ་གནས་པ། གཙོ་མོའི་ཤར་དུ་མི་གཡོ་བ་གཡས་རལ་གྲི། ལྷོར་འདོད་རྒྱལ་གཡས་ལྕགས་ཀྱུ། ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ། བྱང་དུ་སྟོབས་པོ་ཆེ་གཡས་རྩེ་གསུམ་བསྣམས་པ། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ་ཁྲོ་བོའི་ཉམས་ཅན། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་ཞིང་མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། སྟེང་གི་གཡས་གཡོན་དུ་གནས་གཙང་མའི་ལྷའི་བུ་སྐུ་མདོག་སེར་པོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་བཅོམ་ལྡན་འདས་མ་ལ་སྐུ་ཁྲུས་


GTD006_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཨོཾ་ཏ་ཐཱ་ག་ཏ་ཨུདྦྷ་ཝ་ཡེ་སྭཱཧཱ། ཤཾ་ཀ་རེ་ས་མ་ཡེ་སྭཱཧཱ། ཛི་ན་ཛིཀ །མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྤྲོ་ན་རྒྱལ་བ་རྒྱ་མཚོ་མ་སོགས་ཚིགས་བཅད་ཅི་རིགས་སྦྱོར། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཐུགས་རྗེའི་གཏེར་དང་གསང་བའི་བདག །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །བདུད་རྩིའི་རྒྱུན་འབེབས་གཞོན་ནུ་ཟུང་གཅིག་ལ། །མཆོག་ཏུ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་པས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་ཞིང༌། ལྷའི་སྐུའི་ཆ་ཐམས་ཅད་ནས་ཀྱང་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། པར་བསམ་ལ་བཟླས་པ་གོང་བཞིན་བྱ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང་ཞིང་དགེ་རྩ་འབུལ་བ་ནི། བདག་ཅག་གི་དགེ་བའི་རྩ་བ་འདི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་པ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུར་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་ལྷ་ཚོགས་ལ་འབུལ་ལོ། །མགོན་པོ་ཁྱོད་ཀྱིས་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་པ་ལ་སོགས་པའི་དངོས་གྲུབ་བདག་


GTD006_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྩོལ་ཅིག །ཅེས་པས་མཚོན་ཏེ་རྒྱལ་བའི་བསྟན་པ་འཕེལ་ཞིང་རྒྱས་པའི་དངོས་གྲུབ་ཀྱི་རྒྱུར་རམ། འཇིག་རྟེན་ཁམས་སུ་ནད་མུག་འཁྲུག་རྩོད་ལ་སོགས་པ་ཞི་བའི་དངོས་གྲུབ་ཀྱི་རྒྱུར་རམ། རྣལ་འབྱོར་བ་བདག་གིས་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་མ་ལུས་པ་འགྲུབ་པའི་དངོས་གྲུབ་ཀྱི་རྒྱུར་སོགས་སྐབས་སུ་གང་བབ་ཀྱི་ཚིག་ཕྲད་བསྒྱུར། གཏོར་མ་ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབ་ལ། ཨོཾ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་སོགས་ཀྱིས་དབུལ། ཆ་གསུམ་ཡང་ཨོཾ་ཨཱཿ ཧཱུཾ་གིས་བྱིན་གྱིས་བརླབ་ལ། བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །འཇིག་རྟེན་འདས་དང་འཇིག་རྟེན་གྱི །མགྲོན་རྣམས་ཀུན་ལ་གུས་འབུལ་ན། །བཞེས་ནས་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་བསྔོ། དེ་ནས་མཆོད་བསྟོད་གོང་བཞིན་བྱས་ལ་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་མཛོད་རིགས། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ནོངས་པ་བཟོད་པར་གསོལ། སྐུ་བརྙན་ནམ་མཆོད་རྟེན་སོགས་དང་དབྱེར་མེད་དུ་བསྟིམ་ལ། སུ་པྲ་ཏིཥྛས་བརྟན་པར་བྱ། གཙོ་རྐྱང་བྱེད་པར་འདོད་ན། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་ཞེས་པའི་མཇུག་ཏུ་དེའི་སྤྱི་བོར་ཨོཾ་སོགས་སྦྱོར། ཨུཥྞཱི་ཥ་བི་ཛ་ཡ་ཨརྒྷཾ་སོགས་སུ་སྦྱར་ཏེ་ས་པ་རི་ཝཱ་ར་ཞེས་པ་དོར། བསྟོད་པའི་མཇུག་གི་ཤླཽ་ཀ་གཉིས་པ་ཡང་མི་དགོས། བུམ་པའི་སྐབས་སུ་ལྡི་ལྡིས་མཛེས་པར་བྱས་པའི་དབུས་སུ་སྣ་


GTD006_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པདྨ་ལ་གནས་པའི་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་བྷྲུཾ་སྭཱཧཱ་ཞེས་སོགས་སྦྲེལ་ཞིང་ཚིག་ཕྲད་ལྷག་མ་གོང་དང་འདྲ། བདག་བསྐྱེད་རྐྱང་པ་བྱེད་ན་དེའི་བཟླས་པའི་མཇུག་གི་མཆོད་བསྟོད་ཀྱི་རྗེས་སུ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མས་བདག་སོགས་འཁོར་དང་བཅས་པ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་འདེབས་ཤིང་ནོངས་པ་བཟོད་པར་གསོལ་བ་སོགས་སྔར་དང་འདྲ། མཇུག་ཏུ། དུས་མིན་འཆི་བའི་མཚན་མ་བྱུང་བ་ན། །དེ་ཡི་མོད་ལ་རྣམ་པར་རྒྱལ་མའི་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །སྨྲས་པ། འཆི་མེད་དཔལ་སྟེར་རྣམ་པར་རྒྱལ་མ་ཡི། །སྒྲུབ་ཐབས་རྒྱུད་སྡེའི་རྒྱ་མཚོ་བསྲུབས་པའི་བཅུད། །ལེགས་སྦྱར་དགེ་བས་བསྟན་འཛིན་སྐྱེས་བུ་རྣམས། །ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག །དེ་ཡི་མཐུ་ལས་རྣམ་འདྲེན་རྒྱལ་བའི་བསྟན། །ཕྱོགས་མཐར་རྒྱས་ཤིང་མཐའ་ཡས་འགྲོ་བ་རྣམས། །ཆོས་བཞིན་བསྒྲུབས་ཏེ་བདེ་ལྡན་ཞིང་མཆོག་ཏུ། །འོད་དཔག་མེད་པའི་ཞལ་བཟང་མཐོང་བར་ཤོག །ཅེས་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་འཆི་མེད་དགའ་སྟོན་ཞེས་བྱ་བ་འདི་ནི། སྒོམ་སྒྲུབ་སོགས་ལ་གཅིག་ཏུ་གཞོལ་བ་དཀའ་བཅུ་ནོར་བུ་རྒྱལ་མཚན་གྱིས་བསྐུལ་ངོར་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་འདུ་ཁང་ཆེན་མོའི་ཡང་རྩེར་སྦྱར་བའོ།།


previousགཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ། next