Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་གྱོན་མའི་རིལ་སྒྲུབ་བྱེད་ཚུལ་ཕན་བདེའི་དགའ་སྟོན།
   
   
   
   
   
   
   
   
   
   
   
   


 
previousལོ་གྱོན་མའི་རིལ་སྒྲུབ་བྱེད་ཚུལ་ཕན་བདེའི་དགའ་སྟོན། next

ལོ་གྱོན་མའི་རིལ་སྒྲུབ་བྱེད་ཚུལ་ཕན་བདེའི་དགའ་སྟོན།


GTD006_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མ་གྱོན་མའི་རིལ་སྒྲུབ་བྱེད་ཚུལ་ཕན་བདེའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་འོད་རྣོན་གྱིས། །ལུས་ཅན་རྒུད་པའི་མུན་པ་མཐར་བྱེད་པ། །བཅོམ་ལྡན་རི་ཁྲོད་ལྷ་མོ་རིགས་གསུམ་དང༌། །དབྱེར་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །དེ་ཡི་འཕྲིན་ལས་བདུད་རྩིའི་གཟེགས་མ་ཡིས། །སྙིགས་མའི་གདུང་བ་བཅིལ་བའི་ཆོ་ག་གསར། །རྫོགས་ལྡན་ཀུན་དགའི་མགྲོན་དུ་བསྟར་བ་ལ། །སྐལ་བཟང་སྐྱེ་བོ་དགའ་བས་འཇུག་པར་རིགས། །དེའང་པརྞ་ཤ་བ་རིའི་མདོ་རི་ཁྲོད་མའི་གཟུངས་སོགས་རྒྱུད་སྡེ་དུ་མ་ལས་གསུངས་ཤིང༌། དཔལ་ལྡན་སྲད་རྒྱུད་པའི་བླ་མ་གོང་མ་རྣམས་ཀྱིས་ཐུགས་ཀྱི་གཅེས་ནོར་དུ་མཛད་པ་ཤིན་ཏུ་གསང་བའི་མན་ངག་གི་གནད་དུ་མ་དང་བཅས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་གསལ་བར་མཛད་པའི་དོན་བཞིན་རི་ཁྲོད་ལོ་མ་གྱོན་མ་རིགས་གསུམ་གྱི་སྒོམ་སྒྲུབ་ཉམས་སུ་ལེན་པ་ལ་བུམ་སྒྲུབ་དང་བརྒྱད་ཐོད་ལ་བརྟེན་པ་སོགས་མང་དུ་ཡོད་པ་ལས། འདིར་སྤྱི་འཛོམས་རིལ་བུ་སྒྲུབ་ཚུལ་གྱི་དབང་དུ་བྱས་ཏེ་བཤད་པར་བྱའོ། །དེ་ལ་ཐོག་མར་རིལ་བུའི་སྡེབ་སྦྱོར་ནི། སྨན་ཆེན། གླ་རྩི། ཤུ་དག །ཨ་རུ་ར་གསེར་མདོག །ཤ་བོ་རུ་རྟ། ཤ་ཆེན། དྲི་ཆེན༌། གྷི་ཧང། ཅུ་གང༌། བྱི་ཏང་ཀ། ལི་ཤི །སུག་སྨེལ། སྡིག་སྲིན། སྟག་ཤ །བུ་རམ། ཤིང་ཀུན། གུ་གུལ། ཐར་ནུ། ཆུ་རྩ། མ་ནུ་འདི་རྣམས་ཞིབ་པར་བཏགས་ལ་དགེ་སློང་གཙང་མའི་དྲི་ཆུས་རིལ་བུ་སྲན་མ་ཆུང་ཤོས་ཙམ་དུ་སྒྲིལ། རིན་པོ་ཆེའི་སྣོད་དུ་རིལ་ཆགས་བྱས་ལ་མཚལ་གྱི་ན་བཟའ་གསོལ་ཏེ་བུམ་པར་བླུག །སྟེགས་མཐོན་པོར་བཞག་དར་གཙང་མས་ཁ་བཅད་དེ་སྟེང་དུ་གཟུངས་རྡོར་བཞག །མདུན་དུ་འབུལ་གཏོར་ཟླུམ་པོ་གསུམ་མམ་གཅིག་དང༌། བདག་མདུན་གྱི་མཆོད་པ་སོགས་ལེགས་པར་བཤམས། དེ་ནས་སྒྲུབ་པ་པོ་སྔགས་ཀྱི་དབང་ཐོབ་ཅིང་དམ་ཚིག་གཙང་བ། ཁྱད་པར་དུ་འདིའི་སྨིན་བྱེད་ཀྱི་རྗེས་གནང་སོགས་ལེགས་པར་མནོས་པའི་གང་ཟག་གིས་


GTD006_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་གྱི་དོན་དུ་བསྒོམ་སྒྲུབ་ཉམས་སུ་ལེན་པ་ལ། ཐོག་མར་སྐྱབས་སེམས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་ཉིད་ཀྱི་རྣམ་པར་ཤེས་པ་པཾ་ཡིག་གསེར་གྱི་མདོག་ཅན་དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་གསེར་གྱི་མདོག་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་དཀར་པོས་དཀྲིས་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ། གཉིས་པས་དགྲ་སྟ་འདེབས་པའི་ཚུལ་དུ་མཛད་པ། གསུམ་པས་མདའ་གསོར་ཞིང་འཛིན་པ། གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། གཉིས་པས་ཤིང་ལོ་གསར་བའི་སྦྲང་གཡབ་གཡོབ་པ། གསུམ་པས་གཞུ་བསྣམས་པ། ཞབས་གཡས་ཀྱི་རྟིང་པས་འོག་ཕྱོགས་བརྟེན་ཅིང་པུས་མོ་གདན་དུ་བཙུགས་པ། གཡོན་བཞེངས་སྟབས་སུ་བཞུགས་པ། དར་དཀར་པོའི་སྟོད་གཡོགས་དང༌། ཤིང་ལོ་གསར་པའི་སྨད་གཡོགས་ཅན། སྦྲུལ་དཀར་པོའི་འཕྲེང་བས་སེ་རལ་ཁ་བྱས་པ། དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་


GTD006_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྗེ་བཙུན་མ་ནག་མོ། མགྲིན་པར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རྗེ་བཙུན་མ་དམར་མོ། གཉིས་ཀའང་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་རྩེ་ལྔ་པ། གཡོན་ཞགས་པ་དང་བཅས་པས་ཐུགས་ཀར་སྡིགས་མཛུབ་མཛད་དེ་གར་སྟབས་སུ་བཞུགས་པ། རིགས་གསུམ་གའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་པ་ནས། ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་པརྞ་ཤ་བ་རི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཛཿ ཛཿ ཛཿ ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས་ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་རིགས་གསུམ་ག་ལ་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་


GTD006_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་ནས་ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས་རང་གི་སྙིང་ག་ནས་མཆོད་ལྷ་སྤྲོས་ཏེ། ཨོཾ་པརྞ་ཤ་བ་རི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡིས། །ཆོ་འཕྲུལ་རྣམ་པར་འཕྲུལ་ལས་ཤ་བ་རི། །ལྷ་མོ་གང་གིས་བསྒྲུབ་པས་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རིགས་སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ས་བོན་གྱི་མཐར་རང་རང་གི་སྐུ་མདོག་དང་མཚུངས་པའི་སྔགས་ཕྲེང་གིས་བསྐོར་བའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་རང་འདྲའི་སྤྲུལ་བ་བསམ་གྱིས་མི་ཁྱབ་པ་འཕྲོས། ནད་བདག་གི་ལྷ་མོ་ནད་དང་བཅས་པ་རྣམས་སྐུའི་འོད་ཟེར་གྱིས་བསྲེགས། ཞལ་དུ་གསོལ། ཕྱག་མཚན་གྱིས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག །ཡང་སྐུ་ལས་འོད་ཟེར་འཕྲོས། ལྷག་མའང་བསྲེགས་པའི་ཐལ་བ་རྣམས་རླུང་གིས་གཏོར། སླར་ཡང་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས་པའི་རྩེ་ལས་བདུད་རྩིའི་རྒྱུན་བབས་པས་དྲི་མ་བག་ཆགས་ཙམ་ཡང་མ་ལུས་པར་དག་པར་གྱུར་པར་བསམས་ལ། ཨོཾ་པི་ཤ་ཙི་པརྞ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱཧཱ། ཨོཾ་ཐིཾ་ཐ་ར་ཏི་ས་ཏུནྟེ་ཛྭ་ལ་སཾ་བྷ་རཾ་སྭཱཧཱ། ཨོཾ་ཀུན་དྷེ་ཀུན་བྷན་ལཾ་ཀྲུཾ་ཤལ་ཤལ་དུག་སོད། རྒྱུ་གཟེར་ལ་སྭཱཧཱ །ཞེས་ཅི་མང་བཟླ། མཇུག་ཏུ། ཨོཾ་དཾ་བྷྱོཿ ཡག་བྷྱོཿ འབྲས་གཟེར་བྷྱོཿ འབྲུཾ་གཟེར་བྷྱོཿ སྙིང་གཟེར་བྷྱོཿ ལྷོག་གཟེར་བྷྱོཿ རྒྱུ་གཟེར་བྷྱོཿ མ་ར་ཡ་ཁ་ཐཾ། ཞེས་པ་དང༌། ཡང་ཨོཾ་ཚི་རྡུལ་རྡུལ། རྨུགས་ཤིག་


GTD006_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཧྲི་རཾ་ཙ་ཀ་ཏྲི་སད། རྦད་མ་ལ་ཡ་རྦད། སརྦ་མ་ལ་རྦད་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་གཉིས་ཀྱང་ཅི་ནུས་རེ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང་ཞིང་མཆོད་བསྟོད་གོང་བཞིན་བྱ། དེ་ནས་མདུན་བསྐྱེད་བསྒྲུབ་པ་ནི། བུམ་པ་རིལ་བུ་དང་བཅས་པ་ལ་ཨ་མྲྀ་ཏའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། ལྗོན་ཤིང་སྣ་ཚོགས་ཀྱི་ནགས་ཚལ་དང༌། མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པའི་དབུས་སུ་རིལ་བུ་རྣམས་རེ་རེ་ནས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རི་ཁྲོད་ལོ་མ་གྱོན་མ་ཞེས་པ་མན་ཆད་བདག་བསྐྱེད་ལྟར་དང༌། འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་དང༌། དབང་གི་ལྷ་རྣམས་དེ་ཉིད་ལ་ཐིམ་པར་གྱུར། ཅེས་ཚིག་ཕྲད་བསྒྱུར། མཆོད་པ་བྱིན་གྱིས་བརླབས་ཏེ་མཆོད་བསྟོད་གོང་བཞིན་བྱ། བཅོམ་ལྡན་འདས་མའི་ཐུགས་རྗེའི་སྤྲིན་སྔོན་ལས། །བྱིན་རླབས་ཟད་མི་ཤེས་པའི་ཆར་རྒྱུན་གྱིས། །ནད་རིམས་རྒུད་པའི་ཚ་གདུང་ཀུན་བཅིལ་ཏེ། །ཕན་བདེའི་དགའ་སྟོན་དཔལ་ལ་སྦྱོར་བར་མཛོད། །བདག་ཅག་དཔོན་སློབ་ཡོན་མཆོད་སྡེ་དང་བཅས། །ཕྱི་ནང་ཉེར་འཚེའི་གཡུལ་ལས་རྣམ་རྒྱལ་ཏེ། །རྣམ་དཀར་བཤད་སྒྲུབ་གོང་དུ་འཕེལ་བ་ཡི། །འདོད་དོན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཅེས་འཕྲིན་ལས་བཅོལ། བཟླས་པའི་དམིགས་


GTD006_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་སྔགས་བཟླ་ཚུལ་སོགས་གོང་བཞིན་བྱས་ལ་ཁྱད་པར་ཐུན་གྱི་མཇུག་རྣམས་སུ། རྗེ་བཙུན་མ་སེར་མོའི་སྐུ་ལས་རང་འདྲའི་སྐུ་དང་འཁོར་ལོ་དང་འོད་དཀར་པོའི་ཚོགས་སྤྲོས་ཏེ་བསྲུང་བྱ་རྣམས་ཀྱི་ཕྱི་རོལ་ནས་ར་བ་རིམ་པ་གསུམ་གྱི་ཚུལ་དུ་བསྐོར་ཞིང༌། དེ་བཞིན་དུ་དམར་མོའི་སྐུ་ལས་རང་འདྲའི་སྐུ་དང་པདྨ་དང་འོད་དམར་པོའི་ཚོགས་སྤྲོས་པས་སྔ་མའི་ནང་དུ་ར་བ་རིམ་པ་གསུམ། ཡང་དེའི་ནང་དུ་རི་ཁྲོད་མ་ནག་མོའི་སྐུ་ལས་རང་འདྲ་དང་རྡོ་རྗེ་དང་འོད་སྔོན་པོའི་ཚོགས་སྤྲོས་པའི་ར་བ་རིམ་པ་གསུམ་སྟེ་དགུ་ཕྲུགས་སུ་བསྐོར་བས་ཉེར་འཚེ་གང་གིས་ཀྱང་མི་ཚུགས་པར་བྱིན་གྱིས་བརླབ་པར་བསམས། མཇུག་ཏུ་ཐུན་སྔ་མ་རྣམས་ཀྱི་ཚེ་མཆོད་བསྟོད་མདོར་བསྡུས་རེ་དང༌། རྗེས་མའི་སྐབས་གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭད་ཨོཾ་ཨཱཿ ཧཱུཾ་ཕཊ་སྭཱཧཱ། ལན་གསུམ་བརྗོད་ལ་བྱིན་གྱིས་བརླབས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་པི་ཤ་ཙི་པརྞ་ཤ་བ་རི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ། མཆོད་བསྟོད་སྔར་བཞིན་བྱ། གྲོལ་ཁའི་ཚེ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་དམ་ཚིག་པ་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པར་བསམས་ལ་བསྔོ་སྨོན་དང༌། བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །བཅོམ་ལྡན་འདས་མ་རི་ཁྲོད་མའི། །བསྙེན་སྒྲུབ་བཀོད་པའི་དགེ་བ་ཡིས། །འགྲོ་བའི་སྡུག་བསྔལ་ཀུན་ཞི་ཞིང༌། །ཕན་བདེའི་དཔལ་
ལ་རོལ་གྱུར་ཅིག །ཅེས་པ་འདིའང་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་དཔལ་ལྡན་སྲད་རྒྱུད་ཀྱི་ཕྱག་བཞེས་བཞིན་ལོ་གྱོན་མའི་རིལ་སྒྲུབ་ཅིག་བྱེད་སྐབས་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཀུན་མཁྱེན་བླ་མའི་གསུང་ལ་གཞི་བྱས་ཏེ་ངག་འདོན་གྱི་རིམ་པར་བསྒྲིགས་པའོ།།


previousལོ་གྱོན་མའི་རིལ་སྒྲུབ་བྱེད་ཚུལ་ཕན་བདེའི་དགའ་སྟོན། next