Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐིག་ལེ་བཅུ་དྲུག་གི་བསྒོམ་བཟླས་ཉམས་སུ་ལེན་ཚུལ།
   
   
   
   
   
   
   
   
   
   
   


 
previousཐིག་ལེ་བཅུ་དྲུག་གི་བསྒོམ་བཟླས་ཉམས་སུ་ལེན་ཚུལ།next

ཐིག་ལེ་བཅུ་དྲུག་གི་བསྒོམ་བཟླས་ཉམས་སུ་ལེན་ཚུལ།


GTD006_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་བཅུ་དྲུག་གི་བསྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་བཞུགས་སོ། །མཉམ་མེད་ཇོ་བོ་ཡབ་སྲས་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་བཅས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱང་ཆུབ་བར་དུ་རྗེས་སུ་གཟུང་དུ་གསོལ། དེའང་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་སྙིང་པོར་དྲིལ་ཏེ་ལག་ཏུ་བླང་བའི་ཚུལ་ནི། ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་ལས་གསུང་རབ་མཐའ་དག་གི་ཉམས་ལེན་ཐིག་ལེ་བཅུ་དྲུག་ཏུ་འདུ་བ་དང༌། དེ་རྗེས་དྲན་ལྔར་འདུ་ཞིང༌། དེའང་བསྡུ་ན་ཐབས་ཤེས་གཉིས་སུ་འདུ་བར་གསུངས་པས་རྗེས་དྲན་ལྔའི་གདམས་པ་ནི་རྗེ་བཙུན་སྒྲོལ་མས་སྩལ་བ་ཡིན་ཏེ། ནོར་བུའི་ཕྲེང་བའི་ལེའུ་གཉིས་པ་ལས། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱེད་ཀྱི་རྗེས་འབྲང་ཁོ་མོས་སྐྱོང༌། །ཁོ་མོའི་གདམས་པ་འདི་ལོང་ལ། །རྗེས་སུ་འབྲང་ལ་བསྟན་པར་གྱིས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲོ་བ་མ་ལུས་ཕ་མར་སོམས། །སེམས་ཀྱི་གནས་ལུགས་སྟོང་པར་སྤྱོད། །ལྔ་པོ་དེ་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པ་དེ་ཡིན་ལ། འདིའི་ཐོག་མཐར་སྦྱོར་རྒྱུ་གཉིས་ཀྱང་སྔ་མའི་འཕྲོ་དེ་མ་ཐག་ཏུ། དེ་ཡི་སྔོན་དུ་གཟུངས་འདི་སྦྱོར། །བྱེ་བ་འགྱུར་དུ་རྒྱལ་བས་གསུངས། །སྲས་མཆོག་དེ་ནི་འདི་ལྟ་སྟེ། །ཨོཾ་སམྦྷ་ར་སམྦྷ་ར་བྷི་མ་ན་ས་ར་མཧཱ་ཛམྦྷ་པ་ཧཱུཾ་ཕཊ་སྭཱཧཱ། སྲས་ཀྱི་ཐུ་བོ་དེང་ཡང་ཉོན། །དེ་ནི་གོང་དུ་སྤེལ་བྱེད་ཡིན། །སྒྱུར་བར་བྱེད་པ་བསྔོ་བ་མཆོག །དུས་གསུམ་དགེ་རྩ་མཆོག་བསགས་


GTD006_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

པས། །མཆོག་རབ་མཆོག་གི་ལམ་ཉིད་ལ། །མཆོག་གི་སེམས་ཀྱིས་མཆོག་ཏུ་བསྔོ། །དེ་ནི་སྒྱུར་བྱེད་བསྔོ་བ་ཡིན། །ཞེས་ཐུན་གྱི་མཐར་འགྱུར་སྔགས་བཟླ་བ་དང༌། མཇུག་ཏུ་བསྔོ་བ་བྱེད་ཚུལ་བཅས་གསུངས་སོ། །ཡང་དེ་དག་ཐབས་ཤེས་གཉིས་སམ་ཟབ་རྒྱས་ཀྱི་ལམ་གཉིས་སུ་བསྡུས་ཏེ་ཉམས་སུ་ལེན་ཚུལ་ལེའུ་ཉི་ཤུ་པ་ལས། ངས་ཆོས་ཐམས་ཅད་ཧྲིལ་ཏེ་དྲིལ་བ་ཞིག་ཁྱེད་ལ་སྦྱིན། བདག་ཐོང་གཞན་ལོང་འོད་གུར་བཞུགས། །སྣང་ལྟོས་གཞི་ཆོད་ངོ་བོས་སྟོང༌། །དཔྱད་ནས་མ་རྙེད་ལམ་དུ་སོང༌། །ལམ་དེ་མི་ལྡོག་པ་ཡིན་ནོ། །གནས་ལུགས་ཚད་མེད་རྒྱུད་ལ་དྲིལ། །འཁོར་བའི་སྡུག་བསྔལ་རྩད་ནས་ཆོད། །ཅེས་པ་ནས། སྣང་བའི་ཐབས་ཀྱིས་འགྲོ་བ་དྲོངས། །ཤེས་རབ་དབྱིངས་སུ་གཟིམས་ལ་བཞུགས། །ཧྲིལ་ཏེ་དྲིལ་ན་འདི་ཉིད་ཡིན། །ཞེས་གསུངས་པའི་དགོངས་པ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་བཀའ་གདམས་གླེགས་བམ་གྱི་སྙིང་པོའི་མན་ངག་བདུད་རྩིའི་བུམ་བཟང་དུ་གསུངས་པ་བཞིན་ཡིན་ཏེ། མདོར་བསྡུས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལས་མ་འདས་པས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཉིད་ཡིན་ནོ། །འདིར་རྗེས་དྲན་ལྔའི་ཆིངས་དང་སྦྱར་ཏེ་ཉམས་སུ་ལེན་པ་ལ། མདུན་གྱི་ནམ་མཁར་དངོས་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བ་སྲས་བཅས་བཞུགས་པར་བསམས་ཏེ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །གངས་རིའི་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས། །རྒྱལ་ཡུམ་སྒྲོལ་མ་བཅོམ་ལྡན་མི་གཡོ་མགོན། །བཀའ་གདམས་ལྷ་མཆོག་བཞི་ལ་གསོལ་བ་འདེབས། །བྱམས་པ་ཐོགས་མེད༌༝ འཇམ་དབྱངས་ཡོད་མེད་ཕྱོགས་འཇིག༌༝ ༝ ༝ ། །ཐུགས་རྗེ་ཆེན་པོ་བདེ་གཤེགས༌༝ ༝ ༝ ། །ལམ་བཟང་གསལ་མཛད་མགོན་པོ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་རྒྱལ་བ་


GTD006_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོམ། །ལེགས་པའི་ཤེས་རབ་རྒྱལ་མཚན་བཞི་ལ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྲིད་ལ་ཞེན་ལོག་རྐྱེན་ངན་གྲོགས་སུ་ཤར། །བདག་གཞན་མཉམ་བརྗེས་རླབས་ཆེན་སྤྱོད་ལ་ཞུགས། །སྲིད་རྩ་དྲུངས་འབྱིན་ལྟ་བས་རྒྱས་བཏབ་སྟེ། །ཐུན་མོང་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །གསང་སྔགས་སྒོར་ཞུགས་དམ་ཚིག་ཚུལ་བཞིན་བསྲུང༌། །ཟབ་གསལ་གཉིས་མེད་ལྷ་ཡི་རྣལ་འབྱོར་གྱིས། །ཟུང་འཇུག་སྙིང་གི་ཐིག་ལེ་མངོན་གྱུར་ནས། །འགྲོ་ཀུན་མགོན་དུ་འགྱུར་བར་བྱིན་གྱིས་རློབས། །སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། སྐྱབས་ཡུལ་རྣམས་རིམ་གྱིས་བསྡུས་ཏེ་རང་ལ་ཐིམ་པར་བསམ། རང་ཉིད་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པ་ནོར་བུའི་འཕྲེང་བ་དང་ཤེལ་གྱི་འཁར་བ་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། མཉམ་པའི་སྟབས་ཀྱིས་བཞེངས་པའི་སྐུར་གྱུར། མཆོད་པ་བསང་སྦྱངས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ཨོཾ་ཨརྒྷཾ་ནས། སྤརྴ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབ། འོད་གསལ་སྟོང་པའི་དབྱིངས་ལས་སེམས་ཀྱི་མདངས། །འཇའ་ཚོན་གུར་ནང་པད་དཀར་ལྟེ་བ་ལ། །སྟེང་དང་ཕྱོགས་བཞི་འོག་རྣམས་ཡིག་དྲུག་གི །རང་བཞིན་གཞལ་ཡས་མཚན་ཉིད་རྫོགས་པའི་དབུས། །ཧྲཱིཿ ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི། །རྒྱལ་བ་རྒྱ་མཚོ་ཕྱག་སྟོང་


GTD006_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྟོང་ལྡན། །མཐའ་ཀླས་རྒྱལ་བའི་ཞིང་ཀུན་སྐུ་ལ་གནས། །སྤྲུལ་བའི་གར་གྱིས་མཁའ་མཉམ་འགྲོ་བ་འདྲེན། །དེ་ཡི་ཐུགས་ཀར་སྟོང་གསུམ་མི་མཇེད་ཀྱི། །ཐིག་ལེ་སྔར་དང་མཚུངས་པའི་གཞལ་ཡས་དབུས། །ཐུབ་ཆེན་རྣམ་སྣང་སྐྱབས་སྦྱིན་མཉམ་གཞག་ཅན། །ཐེག་གསུམ་འཕགས་ཚོགས་མཆོག་ཟུང་བཅས་ཏེ་བཞུགས། །གསུམ་པ་ཁ་བ་ཅན་གྱི་ཐིག་ལེ་ཡི། །གཞལ་ཡས་དབུས་སུ་འཕགས་མཆོག་བཅུ་གཅིག་ཞལ། །གནས་ཁང་ཐིག་ལེར་འཕགས་མཆོག་ཕྱག་གཉིས་པ། །སངས་རྒྱས་སྟོང་གིས་མཚན་པའི་མཁར་བ་བསྣམས། །དེ་ཡི་ཐུགས་ཀར་ཡུམ་ཆེན་ཕྱག་བཞི་མ། །སྐྱབས་སྦྱིན་མཉམ་གཞག་རྡོ་རྗེ་གླེགས་བམ་འཛིན། །དེ་ནང་བདུད་འདུལ་ཐུབ་པའི་དབང་པོ་ནི། །ས་བཅུའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར། །ཐིག་ལེ་བདུན་པར་འཕགས་མཆོག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་ཤེལ་ཕྲེང་པད་དཀར་འཛིན། །ཐུགས་ཀར་རྒྱལ་ཡུམ་སྒྲོལ་མ་མརྒད་མདོག །ཕྱག་གཡས་སྐྱབས་སྦྱིན་གཡོན་པས་ཨུཏྤལ་བསྣམས། །དེ་ནང་སྒྲོལ་མ་ལྗང་ནག་དྲག་མོའི་གཟུགས། །གྲི་ཐོད་ཌཱ་མ་རུ་དང་ཁ་ཊྭཱཾ་འཛིན། །ཐིག་ལེ་བཅུ་པར་ཁྲོ་རྒྱལ་མི་གཡོ་མགོན། །གཡོན་གྱི་པུས་བཙུགས་རལ་གྲི་ཞགས་པ་འཛིན། །ཐུགས་ཀར་རྡོ་རྗེ་འཆང་གི་རྣམ་པ་ཅན། །ཇོ་བོ་ཆེན་པོ་ལྷ་བཞི་སོགས་ཀྱིས་བསྐོར། །དེ་ནང་འབྲོམ་རྗེ་པད་དཀར་དྲིལ་བུ་བསྣམས། །ཕྱི་ནང་གསང་གསུམ་སྤྲུལ་བའི་ཚོགས་བཅས་བཞུགས། །ཐིག་ལེ་བཅུ་གསུམ་པ་ལ་བྱམས་པ་མགོན། །སྟེང་དུ་རྒྱ་ཆེན་སྤྱོད་བརྒྱུད་ཚོགས་བཅས་དང༌། །དེ་ཡི་ཐུགས་ཀར་མགོན་པོ་འཇམ་པའི་དབྱངས། །ཟབ་


GTD006_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྟ་བའི་བླ་མ་བརྒྱུད་པར་བཅས། །འཇམ་མགོན་ཐུགས་ཀར་ཁྱབ་བདག་རྡོ་རྗེ་འཆང༌། །ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མས་བསྐོར། །དེ་ནང་ཆོས་སྐུ་ཟག་མེད་ཡེ་ཤེས་དངོས། །རྣམ་པ་ལོངས་སྐུ་མཉམ་གཞག་ཕྱག་རྒྱ་ཅན། །ཆོས་དབྱིངས་ངང་ལས་འགྲོ་དོན་མཁའ་ཁྱབ་ཏུ། །མཛད་པའི་སྙིང་དབུས་བྱང་ཆུབ་ཐིག་ལེ་ནི། །ཁྱོན་ཡངས་གསལ་འཚེར་དབུས་སུ་རང་གི་སེམས། །ཐིག་ལེ་སེར་པོ་འོད་འབར་རྒྱ་སྲན་ཙམ། །མེར་མེར་འཇུ་ཞིང་ཤིན་ཏུ་རྒྱས་པ་ཡི། །བཙོ་མའི་གསེར་མདོག་ཐིག་ལེའི་རྒྱ་མཚོར་གྱུར། །ཀུན་གྱིས་གནས་གསུམ་ཡི་གེ་གསུམ་མཚན་པའི། །ཧཱུཾ་ཡིག་འོད་ཀྱིས་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །བསྟིམ་ཞིང་དབང་བསྐུར་ས་བོན་གྱིས་མཚན་གྱུར། །དེ་ནས་གཞལ་ཡས་ཁང་ཐམས་ཅད་ཀྱི་སྒོ་ཅིག་ཅར་ཕྱེ་སྟེ་སོ་སོར་ཡན་ལག་བདུན་པ་དང་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པའི། །གྲངས་མེད་འདྲེན་ལ་རྗེས་ཡི་རང༌། །སྨོན་དང་མཚན་མས་སྟོང་པ་ཡི། །འཁོར་ལོ་དབྱིངས་སུ་བསྐོར་དུ་གསོལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁོར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །


GTD006_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་དུ་འདྲོངས་གྱུར་ཏེ། །གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། །གནས་སྐབས་ཀྲི་ཡའི་ལྷ་ལྔ་བཞིན། །པད་དཀར་སྟོང་ལྡན་ལྟེ་བ་ལ། །ཟླ་བ་ཞུན་མའི་གདན་སྟེང་དུ། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྐྱེད་རྫོགས་མཆོག་ཏུ་བསྔགས་པར་ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་གསུམ་གཙང་མ་ལས། །གཡོས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་ཡན་ལག་བདུན་པ་ཕུལ། རྒྱལ་བ་རྒྱ་མཚོ་མ་སོགས་ཚིགས་བཅད་དང་སྦྲགས་པའམ། བསྡུ་ན། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྟ། རཱུ་པ། ཤཔྟ། གནྡྷེ། ར་ས། སྤརྴ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་རྣམས་དབུལ། རབ་འབྱམས་རྒྱལ་དང་རྒྱལ་སྲས་རྒྱལ་བའི་ཡུམ། །རྒྱལ་བའི་བསྟན་སྲུང་ཀུན་འདུས་ལྷ་མཆོག་བཞི། །མི་ཡི་རྣམ་རོལ་ཇོ་བོ་ཡབ་སྲས་སོགས། །བསླུ་མེད་སྐྱབས་མཆོག་རྣམས་ལ་གུས་པས་བསྟོད། །ཁྱད་པར་ཆོས་སྐུའི་སྙིང་པོར་ཐབས་ཤེས་ཟུང༌། །ཐིག་ལེའི་རྣམ་པར་ཤར་ལ་བདག་བསྟོད་ན། །ལྷ་ཆོས་བདུན་གྱི་སྙིང་ཁུ་ཐིག་ལེའི་བཅུད། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ནས་ཡང་རང་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་རྣམ་པ་ལོགས་སུ་ཕྱེ་བས་སྣ་དྲངས་ཏེ་མར་གྱུར་སེམས་ཅན་ཐམས་ཅད་ཀྱིས་རྒྱལ་བ་རྒྱ་མཚོ་སོགས་ཕྱི་མ་རྣམས་ལ་ཕྱག་དང་སྐོར་བ་བྱས་ཏེ་གསོལ་བ་བཏབ། ཁྱད་པར་རང་གི་དུས་གསུམ་


GTD006_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསགས་པའི་དགེ་ཚོགས་ཐམས་ཅད་ཀྱང་འགྲོ་བ་མགོན་དང་སྐྱབས་མེད་པ་རྣམས་ལ་ཕན་པ་དང་བདེ་བའི་རྒྱུ་གང་ལ་གང་འཚམས་ཀྱི་ཉེར་འཚོའི་རྟེན་དུ་འགྱུར་བའི་ཕྱིར་ལྷ་ཚོགས་རྣམས་ལ་མཆོད་པའི་སྤྲིན་དང་བཅས་ཏེ་ཕུལ་བས་ཟག་མེད་ཀྱི་བདེ་བས་དགྱེས། གནས་གསུམ་གྱི་ཡི་གེ་གསུམ་དང་ཁྱད་པར་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་དང་བདུད་རྩིའི་རྒྱུན་བྱུང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། ཐུགས་ཀ་ཕྱེ་ནས་ནང་མ་ནང་མར་ཕྱག་དང་སྐོར་བ་མཆོད་པ་སོགས་གོང་བཞིན་བྱས་པས་ཐམས་ཅད་ཀྱི་བྱིན་རླབས་ཐོབ་པར་བསམས་ལ། སོ་སོའི་སྔགས་སྒྲུབ་དཀྱིལ་རྣམས་སུ་འབྱུང་བ་ལྟར་བཟླ་བའམ། ཐམས་ཅད་ལ་ཡིག་དྲུག་བཟླས་ཀྱང་ཆོག་པར་བཀའ་གདམས་གླེགས་བམ་གྱི་ཆ་ལག་ཏུ་གསུང༌། དེར་མ་ཟད་ཐུགས་རྗེ་ཆེན་པོའི་སྐུའི་བ་སྤུའི་བུ་ག་རེར་ཡང་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་བཅས་བཞུགས་ཚུལ། ཡི་གེ་དྲུག་པའི་བཟླས་བརྗོད་བྱེད་ཚུལ་ཟབ་ཤོས་ལ་དམིགས་རྣམ་འདི་འདྲ་ཞིག་དགོས་ཚུལ་ཟ་མ་ཏོག་བཀོད་པའི་མདོ་ལ་ཞིབ་ཏུ་བརྟག་ན་གསལ་ཞིང༌། མགོན་པོ་གསེར་གླིང་པས་ཀྱང་དེ་ལྟར་གསུངས་ཡོད་པས་བཟླས་པ་ཡིག་དྲུག་གཅིག་པུར་རྩལ་འདོན་བྱས་ན་ལེགས་ལ། ཐིག་ལེ་ཐམས་ཅད་ཀྱི་ནང་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཕྱག་མཆོད་སོགས་དུས་མཉམ་དུ་བྱེད་པའི་དམིགས་པ་བསྐྱངས་ནའང་ཆོག་གོ །དེ་ནས་ལྷག་ཆད་སྐོང་བའི་ཕྱིར་ཡིག་བརྒྱ་ཅི་མང་བཟླ། མཆོད་བསྟོད་གོང་བཞིན་བྱ། བརྒྱུད་པ་གསུམ་ལྡན་བླ་མ་ཐམས་ཅད་དང༌། །ཡི་དམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༌། །ཇོ་བོ་ཡབ་སྲས་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་གི་སྨོན་པའི་གནས་


GTD006_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འགྲུབ་པར་མཛོད། །འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །བརྒྱུད་པ་གསུམ་ལྡན་བླ་མ་དམ་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་གཟུང་སྟེ། །བཀའ་གདམས་རྣམ་ཐར་གཙང་མ་མཐར་ཕྱིན་ཤོག །སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཀུན། །བསྡུས་ཏེ་ཉམས་སུ་བླངས་པས་རྒྱུད་སྦྱངས་ནས། །གསང་ཆེན་སྒོར་ཞུགས་དམ་ཚིག་ཚུལ་བཞིན་བསྲུང༌། །ཟུང་འཇུག་སྙིང་གི་ཐིག་ལེ་འགྲུབ་པར་ཤོག །ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲོ་ཀུན་སྒྲོལ་བ་ལ། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །གསང་ཆེན་སྙིང་གི་ཐིག་ལེའི་གདམས་པ་མཆོག །དབེན་པའི་གནས་སུ་ཉམས་སུ་ལེན་པ་ལ། །ཇོ་བོའི་བཀའ་སྲུང་དགུ་བཅུ་རྩ་གཉིས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །རང་གི་ཐུགས་ཀའི་བྱང་ཆུབ་ཀྱི་ཐིག་ལེའི་འོད་ཟེར་གྱིས་སྣོད་བཅུད་མཐའ་དག་བསྡུས་ཏེ་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེ་ལ་ཐིམ། ཐིག་ལེ་ཕྱི་མ་བཅོ་ལྔ་པོ་རང་རང་གི་གཙོ་བོའི་མདོག་ཅན་གྱིས་ཐིག་ལེའི་རྣམ་པར་གྱུར་ཏེ། ནང་མ་ནང་མ་ལ་ཐིམ་ཞིང༌། བདག་ཉིད་སངས་རྒྱས་ཆོས་ཀྱི་སྐུའང་ཡི་གེ་གསུམ་དང༌། དེའི་ཨོཾ་ཨཱཿ ལ་ཐིམ། ཨཱཿ ཧཱུཾ་ལ་ཐིམ། ཧཱུཾ་བྱང་ཆུབ་ཀྱི་ཐིག་ལེ་ལ་ཐིམ་སྟེ་ཐབས་ཤེས་ཟུང་འཇུག་གི་ངོ་བོར་གྱུར། དེའི་ངང་ལས་སླར་ཡང་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པར་གྱུར། ལེགས་ཚོགས་ཀུན་གྱི་འབྱུང་གནས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྐུ་གསུམ་


GTD006_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །བསླབ་གསུམ་རྣམ་པར་དག་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །བདག་གཞན་མཉམ་བརྗེ་རིན་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །ཐབས་ཤེས་ཟུང་འཇུག་རིམ་གཉིས་རྣལ་འབྱོར་ཟབ་མོའི་བཀྲ་ཤིས་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །འགྲོ་ཀུན་ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གསུང་རབ་ཀུན་གྱི་དགོངས་པའི་མཐིལ། །ཇོ་བོ་ཡབ་སྲས་ཐུགས་ཀྱི་བཅུད། །སྙིང་གི་ཐིག་ལེའི་རྣལ་འབྱོར་གྱིས། །འགྲོ་ཀུན་སྨིན་ཅིང་གྲོལ་གྱུར་ཅིག །ཅེས་ཐིག་ལེ་བཅུ་དྲུག་གི་བསྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་འདི་ནི་མང་དུ་ཐོས་པའི་དོན་ཡང་དག་པའི་སྒྲུབ་པ་ལ་གཞོལ་བའི་རི་ཁྲོད་པ་ཡོན་ཏན་རྒྱ་མཚོས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།༈ རང་གི་སྤྱི་བོར་ཡིད་འོང་སེང་ཁྲིའི་སྟེང༌། །པད་ཟླའི་གདན་ལ་ཨོཾ་དང་འཁོར་ལོ་ལས། །རྣམ་སྣང་དཀར་པོ་ཞལ་བཞི་ཕྱག་གཉིས་པ། །མཉམ་གཞག་ཕྱག་རྒྱས་རྩིབས་བརྒྱད་འཁོར་ལོ་བསྣམས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །ངོ་བོ་དབྱེར་མེད་མཚན་དང་དཔེ་བྱད་རྫོགས། །དར་ཟབ་རྒྱན་སྤྲས་སྐྱིལ་མོ་ཀྲུང་གིས་བཞུགས། །ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ་ཡི། །གནས་གསུམ་ཡི་གེ་མཚན་པའི་ཧཱུཾ་ཡིག་གིས། །ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་གྱུར། །ཆོས་དབྱིངས་ཡེ་ཤེས་བདག་ཉིད་ཐམས་ཅད་རིག །


GTD006_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟད་ངན་སོང་སྡུག་བསྔལ་ཡོངས་སུ་སྦྱོང༌། །མ་ལུས་འགྲོ་བའི་སྐྱོབ་པ་བླ་ན་མེད། །བླ་མ་རྣམ་པར་སྣང་མཛད་ལ་ཕྱག་འཚལ། །ཀུན་བཟང་མཆོད་པའི་སྤྲིན་གྱིས་ལེགས་མཆོད་ཅིང༌། །སྔོན་བསགས་སྡིག་ལྟུང་མ་ལུས་སྙིང་ནས་བཤགས། །བཅོམ་ལྡན་ཐུགས་རྗེ་ཆེ་ལྡན་ཁྱེད་རྣམས་ཀྱིས། །ནོར་བུ་དྲི་མ་མེད་པ་བསྐྱབས་པ་བཞིན། །བདག་སོགས་ངན་སོང་སྡུག་བསྔལ་རྒྱུ་བཅས་ལས། །བསྐྱབས་ཏེ་བྱང་ཆུབ་སྤྱོད་ལ་བཞག་ཏུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་མཛོད་སྤུ་ལས། །འོད་ཟེར་འཕྲེང་བ་སྟོང་གསུམ་ཁྱབ་པར་སྤྲོས། །ངན་སོང་ཀུན་སྦྱངས་སྲས་བཅས་རྒྱལ་རྣམས་ཀྱི། །བྱིན་རླབས་བསྡུས་ཏེ་རང་ལ་ཐིམ་པར་གྱུར། །དེ་ནས། ཨོྃ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦཱ་པཱ་པཾ། བི་ཤོ་དྷ་ནེ། ཤུདྡྷེ། བི་ཤུདྡྷེ། སརྦྦ་ཀརྨྨ་ཨཱ་ཝ་ར་ཎ་བི་ཤོདྷ་ནེ་སྭཱཧཱ། ཞེས་བཟླ། ཡང་ན། ཨོཾ་སརྦྦ་བིད་སརྦཱ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཡ་ཧ་ན་ཧཱུཾ་ཕཊ། ཅེས་སྙིང་པོ་དང༌། དེའང་མི་ཤེས་ན། ཨོཾ་སརྦྦ་བིད་ཨོཾ། ཞེས་ཉེ་སྙིང་ངམ་སྐྱེད་སྔགས་བཟླས་པས་ཆོག་ལ། གསུམ་ག་བཟླས་ནའང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་ཡིག་བརྒྱས་ལྷག་ཆད་བསྐང་ལ། འདིས་མཚོན་རང་གཞན་དགེ་ཚོགས་བསྡོམས་པའི་མཐུས། །ཕ་མ་ཉེ་འབྲེལ་རིགས་དྲུག་སེམས་ཅན་དང༌། །རྒྱུ་སྦྱོར་ཡོན་བདག་བཀོལ་སྤྱད་དུད་འགྲོ་སོགས། །འབྲེལ་ཐོགས་གསོན་གཤིན་འགྲོ་བ་མ་ལུས་པ། །མི་ཁོམ་ངན་སོང་སྐྱེ་བའི་རྒྱུན་བཅད་དེ། །ཐུན་མོང་ལམ་སྦྱངས་སྔགས་ཀྱི་སྒོར་ཞུགས་ནས། །ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་གྱིས། །


GTD006_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་མོང་གོལ་ཅིན་ཤོག་ནས་དད་བརྩོན་ལྡན་པ་ཆོས་མཛད་དཀོན་མཆོག་བཟང་པོས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་གུ་རུ་བཛྲ་ག་རུ་ཌཱ་ཡ། འདིར་ཁྱུང་ནག་མེའི་སྤུ་གྲིའི་བསྒོམ་བཟླས་ཉམས་སུ་ལེན་པར་འདོད་པས། སྐུ་བྲིས་འབུར་ཅི་རིགས་ཀྱི་མདུན་དུ་ཟླུམ་གཏོར་འདབ་མ་བཞི་པ་ཆུ་གཉིས་ཉེར་སྤྱོད་སོགས་བཤམ་ལ། རང་བཞིན་སྤྲོས་བྲལ་སྟོང་པའི་ངང་ཉིད་ལས། །དུག་གི་རྒྱ་མཚོ་རྦ་ཀློང་འཁྲུག་པའི་དབུས། །དུག་རིགས་མཐའ་དག་ཚོགས་པའི་ལྷུན་པོའི་སྤོར། །པད་ཉིད་གདོན་གསུམ་བརྩེགས་པའི་གདན་ཁྲི་ལ། །རང་སེམས་ཧཱུཾ་ཡིག་མཐིང་ནག་འཕྲོ་འདུ་ལས། །རྡོ་རྗེ་མཁའ་ལྡིང་ནག་པོ་ཕྱག་གཉིས་ཀྱིས། །གདུག་པའི་སྦྲུལ་ནག་བཟུང་ནས་ཞལ་དུ་གསོལ། །གནམ་ལྕགས་འབར་བའི་རྭ་དང་མཆུ་སྡེར་ཅན། །ནོར་བུས་གཙུག་མཛེས་གསེར་མིག་ཉི་ལྟར་འབར། །དུང་སོ་ཚར་དངར་རྡོ་རྗེའི་སྒྲོ་གཤོག་ལས། །ཁྱུང་དང་གནམ་ལྕགས་མེ་ཡི་ཚ་ཚ་འབུམ། །སྤྲོས་པས་འོག་གདོན་མ་ལུས་སྔངས་པར་བྱེད། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གི །འོད་ཀྱིས་ཡེ་ཤེས་པ་དང་དབང་གི་ལྷ། །སྤྱན་དྲངས་དམ་ཡེ་དབྱེར་མེད་གཅིག་གྱུར་ནས། །དབང་བསྐུར་མི་བསྐྱོད་རྒྱལ་བས་རྒྱས་བཏབ་གྱུར། །མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ། ཨོཾ་བཛྲ་ག་རུ་ཊ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། སྲིད་གསུམ་ཆེམ་ཆེམ་གཡོ་བའི་འཐོར་རླུང་ཅན། །རྡོ་རྗེའི་སྒྲོ་གཤོག་བརྡབ་པའི་མེ་ཆར་གྱིས། །


GTD006_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་ཀླུ་གཉན་ཐལ་བར་རློག་མཛད་པ། །བཅོམ་ལྡན་མཁའ་ལྡིང་དབང་པོར་ཕྱག་འཚལ་བསྟོད། །སྙིང་གར་ཉི་དཀྱིལ་སྟེང་དུ་ཁྲོཾ་ཡིག་མཐར། །འཁོད་པའི་སྔགས་འཕྲེང་འོད་ཀྱིས་རྒྱལ་ཀུན་མཆོད། །འགྲོ་བའི་སྒྲིབ་སྦྱངས་གདོན་གསུམ་སྲེག་བྱེད་པ། །སྟོང་གསུམ་མེ་ཡི་རྭ་གུར་གཅིག་ཏུ་གྱུར། །ཨོཾ་མ་ཎི་ཁྱུང་ཁྱུང་ཐུཾ་ཐུཾ་རྦད་རྦད་སྭཱཧཱ། ཞེས་ཞི་བའི་སྔགས་སྔོན་དུ་བཟླས་ལ། ནག་པོ་ཀཱ་ལ་རཀྵ་རྦད་རྦད། སོད་སོད། ཕྱུང་ཕྱུང༌། སྤུ་གྲི་ཟང་ཟང༌། ལྕགས་ཀྱི་སྡེར་མོས་སྙིང་ཕྱུངས། གནོད་བྱེད་གདུག་པའི་ཤ་ལ་ཟོ། ཨོཾ་ལྷང་ལྷང༌། ཙེར་ཙེར། འུབ་འུབ་སོད། ཅེས་དྲག་སྔགས་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། དགེ་བ་འདི་ཡིས་མྱུར་དུ་བདག །མཁའ་ལྡིང་ནག་པོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་བ་བྱ། གཏོར་མ་འབུལ་བར་འདོད་ན། བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་བཛྲ་ག་རུ་ཌ་ཨི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ། མཆོད་བསྟོད་གོང་བཞིན་བྱ། འདིའི་སྒོ་ནས་ནད་པ་གསོ་བ། འཛག་བསྲུང༌། སེར་བ་འགོག་ཚུལ་སོགས་ཁྱུང་ཁྲས་རྒྱས་བཀབ་ཆོག་པས་ཐུའུ་བཀྭན་རིན་པོ་ཆེའི་གསུང་ལས་འབྱུང་བ་བཞིན་བྱ། བྱབས་ཁྲུས་བྱེད་ན་བུམ་པ་ཨ་མྲི་ཏས་བསང༌། དེ་ལ་དམིགས་ཏེ། རང་བཞིན་སྤྲོས་བྲལ་ཞེས་པ་ནས། བཟླས་པའི་བར་གོང་བཞིན་ལ། རང་སེམས་ཞེས་པ་དོར་ཏེ། ཧཱུཾ་ཡིག་མཐིང་ནག་འོད་ཀྱི་འཕྲོ་འདུ་ལས། །ཞེས་སྒྱུར། བཟླས་པའི་མཇུག་ཏུ། བུམ་ལྷ་ཡེ་ཤེས་པ་རྣམས་དབྱིངས་སུ་


GTD006_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །དམ་ཚིག་པ་དང་བུམ་ཆུ་རོ་གཅིག་གྱུར། །བྱབས་ཁྲུས་དངོས་གཞི་སྔགས་ཀྱི་ཁྱད་ཙམ་མ་གཏོགས་ཁྱུང་ཁྲའི་བྱབས་ཁྲུས་ཁོ་བོས་བཀོད་པ་བཞིན་བྱས་པས་འཐུས། ཞེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཀོན་མཆོག་རབ་གསལ་གྱིས་འདིའི་མངོན་རྟོགས་ལག་ཏུ་བླང་བདེ་བ་ཞིག་དགོས་ཞེས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་མཉྫུ་ཤྲི་ཡེ། སྐྱབས་སེམས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་དྷཱིཿ ཡིག་མཐིང་ནག །དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་སོགས་ཀྱིས་མཆོད། རབ་འབྱམས་རྒྱལ་བའི་ཡེ་ཤེས་སྤྲིན་སྔོན་ལས། །བྱིན་རླབས་གྲུ་ཆར་


GTD006_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

འཇོ་བས་ཉེས་ཚོགས་ཀུན། །སྦྱོང་ཞིང་ཕན་དང་བདེ་བའི་མཆོག་སྦྱིན་པ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་དྷཱིཿ ཡིག་མཐིང་ནག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། གདོན་གསུམ་གྱི་གནོད་པ་དང་གྲིབ་དང་མི་གཙང་བ་ལ་སོགས་པའི་ཉེར་འཚེ་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ་པར་གྱུར། ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། སྙིང་མགོ་ལ་ཆོད། ཁ་ལ་ཛཿ ཀཾ་ཤཾ་ཏྲཾ། རྦད་ཕཊ་སྭཱཧཱ། ཡིག་བརྒྱས་ལྷག་ཆད་བསྐང༌། མཇུག་ཏུ་མཆོད་བསྟོད་སྔར་བཞིན་དང༌། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་དཔའ་བོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བྱའོ། །ཞེས་པ་འདིའང་དད་ལྡན་རབ་འབྱམས་པ་དཀོན་མཆོག་བྱམས་པས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རང་བཞིན་རྣམ་དག་འོད་གསལ་ཀློང་ཡངས་ནས། །ཡིད་བཞིན་འཁོར་ལོའི་ལྷ་ཚོགས་འཁོར་དང་བཅས། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཉེར་དགོངས་ཏེ། །བདག་ཅག་བསོད་ནམས་ཞིང་དུ་གཤེགས་སུ་གསོལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ཞིང༌། །མ་ཚང་མེད་པ་མཆོད་པའི་སྤྲིན་གྱིས་མཆོད། །མི་དགེ་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །སྐུལ་ཞིང་གསོལ་གདབ་དགེ་ཚོགས་མཆོག་ཏུ་བསྔོ། །འཕགས་མ་ཡིད་བཞིན་འཁོར་ལོ་ཐུགས་རྗེའི་གཏེར། །ཁྱོད་ཞབས་གུས་པས་བསྙེན་ཅིང་གསོལ་འདེབས་ན། །ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད་ལ་སོགས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། །ཞེས་
གསོལ་བ་བཏབ་པས་ཐུགས་ཀའི་སྔགས་འཕྲེང་ལས་འོད་དང་བདུད་རྩིའི་རྒྱུན་བྱུང༌། འོད་ཟེར་རང་གི་ལུས་ཀྱི་ཕྱི་ནས་གུར་ཁང་དྲུག་སྦྲགས་ཀྱི་རྣམ་པ་དང༌། བདུད་རྩི་སྤྱི་བོ་ནས་ཞུགས་པས་ལུས་གང་སྟེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ལ་སྔགས་སྤེལ་ཚིག་དང་བཅས་པའི་བཟླས་པ་བྱ། དེ་ནས། འཇིགས་འཕྲོག་ལྟ་བས་མི་ངོམས་མཚན་དཔེའི་སྐུ། །གདངས་སྙན་འགག་པ་མེད་པ་ཚངས་པའི་དབྱངས། །དཔག་ཡས་མཁྱེན་བརྩེ་ཟུང་དུ་འཇུག་པའིཐུགས། །ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ལ་བསྟོད། །ཚེ་རབས་ཀུན་ཏུ་བཅོམ་ལྡན་འདས་མ་ཡིས། །འབྲལ་བ་མེད་པར་བརྩེ་བས་ཡོངས་བཟུང་སྟེ། །ཕྱི་ནང་ཉེར་འཚེ་མ་ལུས་ཞི་བ་དང༌། །ལུང་རྟོགས་ཡོན་ཏན་མཐའ་དག་རྒྱས་པར་མཛོད། །ཁྱད་པར་དུས་མིན་འཆི་བའི་གཡུལ་བཅོམ་སྟེ། །རྣམ་དག་དམ་ཆོས་སྒྲུབ་པ་མཐར་ཕྱིན་ཅིང༌། །བདེ་བ་ཅན་དུ་པདྨོ་ལས་སྐྱེས་ནས། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་དད་ལྡན་དགེ་སློང་ངག་དབང་ནོར་འཕེལ་གྱིས་གསེར་གྱི་མེ་ཏོག་དང་བཅས་བསྐུལ་བའི་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousཐིག་ལེ་བཅུ་དྲུག་གི་བསྒོམ་བཟླས་ཉམས་སུ་ལེན་ཚུལ།next