Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་མོ་ཤྲ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ།
   
   
   
   
   
   
   
   
   
   


 
previousལྷ་མོ་ཤྲ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ།next

ལྷ་མོ་ཤྲ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ།


GTD006_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ཤྲ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཐུགས་རྗེ་བྱིན་རླབས་སྤོ་མཐོའི་རི་བོ་ནས། །ལུང་བསྟན་དཔྱིད་ཀྱི་ཕོ་ཉའི་གླུ་དབྱངས་ཀྱིས། །དགེ་མཚན་གསར་པའི་དུས་སྟོན་འདྲེན་མཛད་པ། །ལྷག་པའི་ལྷ་མོ་ཤྲ་མ་ཎ་ལ་འདུད། །སྔོན་བྱས་དགེ་དང་མི་དགེའི་རི་མོ་བཞིན། །ལེགས་ཉེས་རྣམ་པར་བཀྲ་བ་བཞིན་


GTD006_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མདངས། །ཇི་བཞིན་སྣང་བར་བྱེད་པའི་ཨ་དརྴ། །རྨི་ལམ་བསྒྲུབ་པའི་གདམས་པ་འདིར་བཤད་བྱ། །དེའང་འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ཀྱི་རྒྱུད་ནས་གསུངས་པའི་ལྷ་མཆོག་ཁྱད་པར་ཅན་འདི་ཉིད་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པ་ལ། དང་པོ་སྔོན་འགྲོའི་རིམ་པ་དང༌། དངོས་གཞི་བསྙེན་ཅིང་བསྒྲུབ་སྟེ་ལས་ལ་སྦྱར་བ་གཉིས། དང་པོ་ནི། ཤིན་ཏུ་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་ཕྱག་དར་བྱས་ལ་སྤོས་ཆུའི་ཆག་ཆག་བཏབ། སྦྱོར་བ་རྩོམ་པའི་སྔོན་གྱི་ཉིན་གཉིས་གསུམ་ཙམ་ལ་དཀར་གཏོར་གཙང་ཞིང་གྱ་ནོམ་པ་དཀར་གསུམ་སོགས་ཟས་སྣ་དུ་མ་དང་བཅས་གཞི་བདག་རྣམས་ལ་དགུང་རེ་བཞིན་བསྔོས་ཏེ་ལས་བཅོལ། དེ་ནས་བགེགས་གཏོར་བཏང་གུ་གུལ་གྱིས་བདུག་མཚམས་ཐོ་བསླང་སྟེ་འཕགས་སྐྱེས་པོར་གསལ་བཏབ་ནས། མཚམས་ནང་དུ་བགེགས་མི་འཇིག་པའི་འཕྲིན་ལས་བཅོལ། མཆོད་པ་གཙང་ཞིང་བཀོད་པས་མཛེས་པར་བཤམས། ཁྲུས་དང་གཙང་སྦྲ་ལེགས་པར་བྱ། འོག་ཏུ་ས་དཀར་གྱི་གཡུང་དྲུང་བྲིས་པའི་འབོལ་སྟན་སོགས་ལ་ཚུལ་དང་མཐུན་པར་འཁོད་དེ། སྐྱབས་སེམས་སྔོན་དུ་བཏང༌། ཁྱད་པར་བདག་གིས་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རང་གཞན་གྱི་དོན་རླབས་པོ་ཆེ་བདེ་བླག་ཏུ་འགྲུབ་པའི་ཐབས་མཁས་པའི་གདམས་པ་ཟབ་མོ་ཉམས་སུ་བླང་བར་བྱའོ། །སྙམ་དུ་བསམ། དེ་ནས་སྲུང་འཁོར་བསྒོམ་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཧཱུཾ་ཡིག་མཐིང་ག །དེ་ལས་འོད་ཟེར་ཕྱོགས་བཅུར་སྤྲོས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་རྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ་སྟེ་བསྲུང་བའི་འཁོར་ལོ་དུམ་བུ་གཅིག་ཏུ་


GTD006_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཕྱི་རོལ་ཏུ་ཡེ་ཤེས་ལྔའི་རང་བཞིན་གྱི་མེ་དཔུང་འབར་བས་ཡོངས་སུ་བསྐོར་བར་གྱུར་པར་བསམ་ལ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་རཀྵ་རཀྵ་སྭཱཧཱ། ཞེས་པ་ཅི་མང་བཟླ། འདིའི་སྒྲུབ་པའི་བོགས་འདོན་གྱི་མཆོག་ཏུ་གྱུར་པ་ནི་དམ་ཚིག་དང་སྡོམ་པ་དག་པར་བྱེད་པ་ཡིན་པས། རྡོར་སེམས་སྒོམ་བཟླས་ལ་འབད་དགོས་ཤིང༌། དེ་ནི་ཆོ་ག་གཞན་ནས་འབྱུང་བ་ལྟར་གྱི་རྒྱས་པའམ། མདོར་བསྡུ་ན། རང་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་སེམས་དཔའ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩིའི་རྒྱུན་བབ། ལུས་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་མཐའ་དག་སྦྱང་སྟེ་རྒྱུད་བྱིན་གྱིས་བརླབས་པར་གྱུར། པར་བསམས་ལ་ཡིག་བརྒྱ་བཟླ། མཇུག་ཏུ་སྤྱི་བོའི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། དེའང་ཡིག་བརྒྱ་འབུམ་ཕྲག་བཟླ་བར་གསུང་བ་བཞིན་བྱུང་ན་ལེགས་ཤིང༌། མ་མཐའ་འང་ཉིན་བདུན་ལ་ཐུན་བཞིར་བཅད་དེ་ཡིག་བརྒྱ་གཙོར་འདོན་དང༌། ཨོཾ་བཛྲ་སཏྭ་ཨཱཿ ཞེས་


GTD006_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྣན་ཏེ་འབུམ་གྱི་གྲངས་གསོག །དེའི་ཞར་ལ་ཕྱག་སྦྱང་དང་དཀོན་མཆོག་གི་མཆོད་པ་ཁྲུས་དང་གཙང་སྦྲ་སོགས་ནན་ཏན་ཤིན་ཏུ་ཆེ་བར་བྱའོ། །གཉིས་པ་དངོས་གཞི་ནི། རང་གི་སྔས་མགོར་སྟེགས་བུ་གྲུ་བཞི་པའི་སྟེང་དུ་རྡུལ་ཚོན་ནམ་རས་གཞི་ལ་པདྨ་འདབ་བརྒྱད་བྲིས། དེའི་དབུས་སུ་བུམ་པ་གཙང་མ་བྱ་རྒྱུད་ཀྱི་བུམ་རྫས་དང༌། དཀར་གསུམ་སོགས་བསྒོས་པའི་ཆུ་གཙང་གིས་བཀང་བ་ཤུག་པ་ལྟ་བུའི་ཁ་རྒྱན་ལ་ཙཀ་ལི་བཏགས་པའི་སྟེང་ནས་དར་སྔོན་པོའི་གུར་ཕུབ། མཐའ་མཆོད་པས་བསྐོར། ཕྱོགས་གཅིག་ཏུ་སྒྲོལ་དཀར་གྱི་སྐུ་བྲིས་འབུར་ཅི་རིགས་མཆོད་པ་དང་བཅས་པ། ཐུན་མཐར་འབུལ་རྒྱུའི་དཀར་གཏོར་གསུམ་བཅས་བཤམས། ཨ་མྲྀ་ཏའི་སྔགས་བཟླས་ཏེ་ཆབ་ཀྱིས་བྲན། དྲི་བཟང་གི་ཆུས་ཁ་དག་པར་བྱས། དྲི་བཟང་པོས་བསྒོས་པའི་མེ་ཏོག་ལག་ཏུ་བཟུང་ཞིང༌། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས་བསྡུས་པ་བྱ་རྒྱུད་ལྟར་གྱི་མཆོད་པ་བྱིན་རླབས་བཅས་སྔོན་དུ་བཏང༌། བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པ། དར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ དབང་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ་སོགས་ཀྱིས་མཆོད།


GTD006_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་གཟུངས་སྤོབས་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པར་གྱུར། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱཧཱ། ཞེས་པ་ཅི་ནུས་བཟླས་ལ་ཡིག་བརྒྱས་ལྷག་ཆད་བསྐངས། མདུན་བསྐྱེད་ནི་སྭ་བྷཱ་ཝ་ནས། ཀོ྅ཧཾ། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ། རྩེ་མོར་དཔག་བསམ་གྱི་ལྗོན་པ་ཆེན་པོ་ལོ་མ་དང་མེ་ཏོག་རབ་ཏུ་རྒྱས་པས་མཚན་པ། རི་རབ་ཀྱི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ལྷ་མོ་ཤྲ་མ་ཎ་སྐུ་མདོག་སྔོན་མོ། སྐེད་པ་ཕྲ་བ། ནུ་མ་རྒྱས་པ། མཛེས་ཤིང་ཡིད་དུ་འོང་བའི་ཆ་བྱད་ཅན་རི་རབ་ལ་སྟེགས་འདུག་གི་ཚུལ་དུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། གཡས་མེ་ལོང་དང་རྔ་ཡབ། གཡོན་དཔག་བསམ་གྱི་ཤིང་གི་ཡལ་ག་འཛིན་པ། ཤིན་ཏུ་དགྱེས་ཤིང་འཛུམ་པའི་ཉམས་ཅན། བླང་དོར་མཐའ་དག་གསལ་བར་ལུང་སྟོན་པའི་ཚུལ་གྱིས་རང་ལ་གཟིགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ལྷ་མོ་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཛཿ ཛཿ ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་


GTD006_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གྱུར། ཨོཾ་དེ་བི་ཤྲ་མ་ཎ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད། རྒྱལ་ཀུན་ཏིང་འཛིན་བྱེ་བའི་འཇུག་ལྡང་གི །སྒྱུ་འཕྲུལ་མངོན་པར་ཤེས་པའི་ག་བུར་ཟེར། །སྐལ་བཟང་ཀུནྡའི་གཉེན་དུ་ཤར་བའི་ལྷ། །བཅོམ་ལྡན་འདས་མའི་ཞབས་ལ་ཕྱག་འཚལ་ལོ། །མ་རིག་མུན་པར་འཐོམ་པའི་འགྲོ་བ་ལ། །བརྩེ་ཆེན་ཐུགས་རྗེའི་འོད་ཀྱི་སྒྲོན་མ་ཡིས། །འཕྲལ་ཡུན་ལེགས་ཉེས་བླང་དོར་མ་ལུས་པ། །གསལ་བར་སྟོན་ཅིག་འཕགས་མ་ཐུགས་རྗེའི་གཏེར། །བཅོམ་ལྡན་འདས་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ཀྱིས་བདག་ལ་དོན་འདི་དང་འདི་ཞེས་བྱ་བའི་བླང་དོར་མཐའ་དག་བསླུ་བ་མེད་པར་གསལ་བར་ལུང་བསྟན་དུ་གསོལ་ཞེས་གསོལ་བ་ལན་གསུམ་བཏབ་ལ་ལག་པའི་མེ་ཏོག་རྣམས་ལྷའི་མེ་ཏོག་སྣ་ལྔ་པའི་ཕྲེང་བར་བསམ་ཞིང་ལྷ་མོའི་དབུ་ལ་བཅིང་བར་མོས་ཏེ་བུམ་པའི་ནང་དུ་གཞུག །ལྷ་མོའི་ཐུགས་ཀར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པར་དམིགས་ཏེ་ཡིད་གཞན་དུ་མ་ཡེངས་པའི་སྒོ་ནས་ཨོཾ་ཤྲ་མ་ཎ་པི་ཤ་ཙི་ནི་མུཎྜེ་སྭཱཧཱ། ཞེས་ཅི་ནུས་བཟླ། ཐུན་མཐར་ཡིག་བརྒྱས་ལྷག་ཆད་བསྐང་ཞིང༌། ཐུན་ཐ་མ་གཏོར་མ་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཆ་གཅིག་མཚན་སྔགས་ལ་བ་ལིང་ཏ་བཏགས་པས་བླ་མ་དང་ཤྲ་མ་ཎ་ལ་འབུལ། ཆ་གཅིག་ཨ་ཀཱ་རོས་ཆོས་སྐྱོང་ལ། ཆ་གཅིག་སམྦྷ་རས་གཞི་བདག་ལ་བསྔོ། ཐུན་གྱི་ཚེ་ཐ་མལ་བའི་གཏམ། གཉིད་དང་འོག་རླུང༌། ལྷ་གཞན་གྱི་བཟླས་པ་སོགས་ཀྱང་མ་ཤོར་བ་བྱ་ལ། གལ་ཏེ་བྱུང་ན་ཐུན་བཏང་སྟེ་ཁྲུས་བྱས་ནས་སླར་སྡོམ་ཞིང་སྔ་མ་སྔགས་ཀྱི་གྲངས་སུ་མི་གཞུག་གོ །ཐུན་མཚམས་སུ་སྒྲོལ་མ་དང༌། ཡིག་བརྒྱ་འབད་པ་དང་ལྷ་མོའི་སྔགས་རྒྱུན་པར་བཟླ་ཞིང་ལྷག་པར་ཉལ་ཁ་གང་མང་འདོན་ལ། ཉལ་བའི་ཚེ་ལྷ་


GTD006_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་པང་དུ་མགོ་བཞག་པར་མོས་ནས་སྔས་བྱང་དུ་བསྟན། གཡས་འོག་ཏུ་བཅུག་ནས་སྔགས་བགྲང་བཞིན་པར་གཉིད་དུ་འགྲོ་བ་བྱ། མཚམས་ཀྱི་སྐབས་མི་ཁྱི་སོགས་དང་མི་འཕྲད་ཅིང༌། ཤ་ཆང་སྒོག་བཙོང་ལ་ཕུག་སོགས་སྔོ་རྔད་ཀྱི་རིགས། དཀོར་ཟས་དང་གྲིབ་ཅན་གྱི་ཟས་སོགས་ལ་འཛེམ། འཚོ་བ་དཀར་གསུམ་ལ་བརྟེན་ཅིང་ཕྱི་དྲོའི་ཁ་ཟས་སྤང༌། ཟས་ཀྱི་ཕུད་བླ་མ་དང་ལྷ་མོ་ལ་འབུལ། ཟས་ཀྱི་མཇུག་དང༌། ཟག་པ་དོར་རྗེས་ཁྲུས་བྱ་བ་སོགས་གཙང་སྦྲ་ལ་འབད། དེ་ལྟར་འབད་པས་ཞག་བདུན་ནས་མ་གྲུབ་ན། སྒྲིབ་པ་དང་གྲིབ་ཤས་ཆེ་བ་ཡིན་པས་བཤགས་བསྡམ་དང་རྣམ་འཇོམས་ཀྱི་གཟུངས་ཆུས་ཁྲུས་སོགས་ནན་ཏན་བྱས་ཏེ་སླར་སྒྲུབ་ཅིང༌། བདུན་ཕྲག་གསུམ་གྱིས་མི་འགྲུབ་མི་སྲིད་པར་གསུངས། གྲུབ་པའི་མཚན་མ་བྱུང་བ་ན་ཐོག་མར་བསྟན་པའི་བྱ་བའམ་སྐྱེ་བ་ཕྱི་མའི་དོན་ལྟ་བུ་འགང་ཆེ་བ་རེ་རེ་ཙམ་ལ་བརྟག །མི་གསལ་ན་བསྐྱར་ནས་བརྟག་སྟེ་རིམ་གྱིས་དོན་གཉིས་གསུམ་སོགས་མང་དུ་གཏོང་ཞིང༌། བརྡ་དོན་མྱོང་སྟེང་ནས་དཔྱད་ཤེས་པ་གལ་ཆེ་ལ། ལྷག་པའི་ལྷར་གཟུང་སྟེ་ཡུན་དུ་བསྟེན་ན་སླར་མངོན་སུམ་དུ་ལུང་སྟོན་པར་འགྱུར་རོ། །ཀུན་རྫོབ་རྫུན་པ་རྒྱུ་འབྲས་བྱ་བྱེད་ཀུན། །ཉིང་འཁྲུལ་རྫུན་པ་རྨི་ལམ་གྱིས་བསྟན་བཞིན། །ལེགས་ཉེས་བདེན་པ་བླང་དོར་ལ་འབད་པས། །ཆོས་ཉིད་བདེན་པ་མངོན་སུམ་རྟོགས་གྱུར་ཅིག །ཅེས་ལྷ་མོ་ཤྲ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་འདི་ནི་དད་བརྩོན་ལྡན་པ་འཇམ་དབྱངས་བཟོད་པས་བསྐུལ་ངོརྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ མདུན་དུ་རྨ་བྱས་བཏེག་པའི་རིན་ཆེན་ཁྲིར། །པད་ཟླའི་གདན་ལ་མགོན་པོ་འོད་དཔག་མེད། །བྱི་རུའི་མདོག་ཅན་མཚན་དཔེའི་དཔལ་


GTD006_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང༌། །མཉམ་གཞག་ཕྱག་རྒྱས་བདུད་རྩིའི་ལྷུང་བཟེད་བསྣམས། །སྤྱན་རས་གཟིགས་སོགས་རྒྱལ་སྲས་རྒྱ་མཚོས་བསྐོར། །ནུབ་ཕྱོགས་བདེ་བ་ཅན་ནས་སྤྱན་དྲངས་པའི། །ཡེ་ཤེས་པ་དང་དབྱེར་མེད་གཅིག་གྱུར་ཏེ། །བདག་སོགས་མགོན་དུ་དགྱེས་བཞིན་བཞུགས་པར་གྱུར། །བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་སྟེ། །དག་པའི་ཞིང་དུ་འཁྲིད་པའི་དེད་དཔོན་མཆོག །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །གང་གི་སྲས་ཀྱི་ཐུ་བོའི་ཚུལ་བཟུང་སྟེ། །བདེ་ལྡན་ཞིང་དུ་འཁྲིད་པའི་ས་མཁན་མཆོག །སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས་མགོན་སོགས། །རྒྱལ་སྲས་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །ཉེས་ལྟུང་སྡིག་སྒྲིབ་མ་ལུས་སྦྱང་དུ་གསོལ། །མི་ཁོམ་ངན་སོང་འཇིགས་ལས་བསྐྱབ་ཏུ་གསོལ། །ཞིང་མཆོག་བདེ་བ་ཅན་དུ་ཁྲིད་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེ་གཟིགས། །ཞེས་དད་པ་ཤུགས་དྲག་པོ་གསལ་བཏབ་ལ། འོད་དཔག་མེད་ཀྱི་དམ་བཅའི་གཟུངས་དང་ཚེ་གཟུངས། ཐུགས་རྗེ་ཆེན་པོའི་གཟུངས་རིང་ཐུང་ཅི་མང་བཟླ། བདུད་རྩི་འབེབ་སྦྱང་གིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་སྦྱངས་ཏེ། འོད་དཔག་མེད་མགོན་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པར་བསམས། དེ་ནས་འོད་དཔག་མེད་མགོན་འཁོར་དང་བཅས། །འོད་ཞུ་རང་གི་སྙིང་གར་རང་སེམས་དང༌། །དབྱེར་མེད་ཧྲཱིཿ ཡིག་རྣམ་པར་གྱུར་པ་ཡི། །འོད་ཀྱིས་རང་ལུས་སྟོང་པར་སྦྱངས་པ་ལས། །རང་ཉིད་ཁྲོ་རྒྱལ་རྟ་མགྲིན་དབང་གི་མདོག །དམར་
ལྗང་དཀར་བའི་ཞལ་གསུམ་རྟ་མགོས་མཚན། །ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རལ་གྲི་དང༌། །གཡོན་པ་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་འཛིན། །དྲག་པོའི་ཉམས་ལྡན་ཁྲོ་བོའི་རྒྱན་གྱིས་སྤྲས། །བརྐྱང་བསྐུམ་བཞི་བཞིའི་ཞབས་ཀྱིས་ཀླུ་ཆེན་མནན། །དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ་རྣམས་དང༌། །དབྱེར་མེད་གྱུར་བའི་གནས་གསུམ་ཡི་གེ་གསུམ། །སྙིང་གར་ས་བོན་སྔགས་ཀྱིས་བསྐོར་བ་ལས། །འབར་བའི་ཁྲོ་ཆུང་སྤྲོས་པས་བགེགས་དཔུང་བཅོམ། །འོད་ཀྱི་ལྕགས་ཀྱུས་རྒྱལ་ཀུན་བྱིན་རླབས་བསྡུས། །སྔགས་ཀྱི་འབྲུག་སྒྲས་ས་གསུམ་ཁྱབ་པར་གྱུར། །ཅེས་པའི་དོན་བསམ་ཞིང་རྟ་མགྲིན་གྱི་སྔགས་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། འདིས་མཚོན་དགེ་བས་ཚེ་རབས་ཐམས་ཅད་དུ། །མགོན་པོ་འོད་དཔག་མེད་དང་སྤྱན་རས་གཟིགས། །ཁྲོ་རྒྱལ་རྟ་མགྲིན་རྣམས་ཀྱིས་རྗེས་གཟུང་སྟེ། །ས་ལམ་བགྲོད་པ་གེགས་མེད་མཐར་ཕྱིན་ཤོག །ཅེས་པ་འདི་ནི་མཁར་སྔོན་ཤོག་ནས་ལྷག་བསམ་རྣམ་དཔྱོད་ཡངས་པ་ཆོས་རྗེ་དཀོན་མཆོག་ཟླ་བས་བསྐུལ་ངོརྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousལྷ་མོ་ཤྲ་མ་ཎའི་སྒྲུབ་ཚུལ་གསལ་བར་བཀོད་པ།next