Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་གཅིག་ཞལ་གྱི་མངོན་རྟོགས་མདོར་བསྡུས།
   
   
   
   
   
   
   
   


 
previousབཅུ་གཅིག་ཞལ་གྱི་མངོན་རྟོགས་མདོར་བསྡུས།next

བཅུ་གཅིག་ཞལ་གྱི་མངོན་རྟོགས་མདོར་བསྡུས།


GTD006_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་ཞལ་གྱི་མངོན་རྟོགས་མདོར་བསྡུས་བཞུགས་སོ། །ཆོས་སྐུ་སྟོང་པའི་ངང་ཉིད་ལས། །འགྲོ་བའི་དོན་དུ་བཞེངས་པའི་སྐུ། །ཞི་བའི་ཞལ་བཞི་ཁྲོ་ཞལ་བདུན། །བཅུ་གཅིག་ཞལ་ལ་ཕྱག་འཚལ་ལོ། །རྩ་བའི་ཞི་ཞལ་


GTD006_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་གསུམ། །རབ་ཏུ་འཛུམ་ཞིང་མཛེས་པ་སྟེ། །ལས་དང་ཉོན་མོངས་ཞི་མཛད་པ། །ཆོས་སྐུའི་ཞལ་ལ་ཕྱག་འཚལ་ལོ། །དེ་སྟེང་བཙོ་མའི་གསེར་མདོག་ཅན། །རྔམ་ཞིང་བཞད་པའི་ཞལ་གསུམ་པོས། །ཚེ་དང་བསོད་ནམས་དཔལ་འབྱོར་གསུམ། །རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །དེ་སྟེང་བྱི་རུ་ལྟར་དམར་བ། །དབང་གི་ལས་མཛད་ཞལ་གཉིས་པོ། །རྣམ་པར་གཙིགས་པའི་ཁྲོ་གཉེར་ཅན། །ལོངས་སྐུའི་ཞལ་ལ་ཕྱག་འཚལ་ལོ། །དེ་སྟེང་དྲག་པོའི་ལས་མཛད་པ། །དུད་སྤྲིན་མདོག་འདྲ་ཞལ་གཉིས་པོ། །འཇིགས་ཤིང་རྔམ་པའི་སྤྱན་གསུམ་བགྲད། །སྤྲུལ་སྐུའི་ཞལ་ལ་ཕྱག་འཚལ་ལོ། །དེ་སྟེང་བླ་མ་སྤྲུལ་བའི་སྐུ། །སངས་རྒྱས་ཀུན་འདུས་ལི་ཁྲིའི་མདོག །འོད་དཔག་མེད་མགོན་རྒྱལ་བ་ཡིས། །གཙུག་རྒྱན་མཛད་ལ་ཕྱག་འཚལ་ལོ། །པདྨའི་འདབ་འདྲ་དང་པོ་ཡི། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ནས། །སངས་རྒྱས་ཀུན་གྱི་ཐུགས་རྗེ་རྣམས། །བསྐུལ་བར་མཛད་ལ་ཕྱག་འཚལ་ལོ། །གཡས་ཀྱི་ཕྱག་བཞི་རིམ་པ་བཞིན། །བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་དང༌། །དུས་གསུམ་སངས་རྒྱས་འོད་དཔག་མེད། །ལེགས་པར་བསྣམས་ལ་ཕྱག་འཚལ་ལོ། །གཡོན་གྱི་ཕྱག་བཞི་རིམ་པ་བཞིན། །པད་དཀར་སྤྱི་བླུགས་རིན་པོ་ཆེ། །ཐབས་ཤེས་ཟུང་འཇུག་མདའ་དང་གཞུ། །ལེགས་པར་བསྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་བ་རིན་པོ་ཆེ། །ཐབས་མཁས་ཐུགས་རྗེ་ལྡན་པ་ཁྱོད། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །འགྲོ་བ་དུ་


GTD006_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐྱབས་གནས་ཁྱེད། །སྡུག་བསྔལ་དུ་མས་རྣམ་གཙེས་པའི། །ཉམ་ཐག་ཕོངས་པའི་སེམས་ཅན་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་བའི་སེམས་ཅན་རྣམས། །ལས་ངན་བསགས་པས་ལུས་ངན་བླངས། །ངན་སོང་གསུམ་དུ་ལྷུང་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ཞེས་པ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་སའི་ཐུགས་རྗེ་ཆེན་པོའི་མདུན་དུ་མཛད་པ་ཡིན་ལ། དང་པོར་རང་བྱོན་དུ་ཕེབས་དུས་རྩ་ཕྱག་བཅུ་པ་ཡིན་པས་དེ་དང་བསྟུན་པའི་གསོལ་འདེབས་འདི་བཞིན་བྱ། དེ་ནས། འཕགས་མཆོག་སྤྱན་རས་གཟིགས་མགོན་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །ཞེས་པ་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་པ་བྱ། དེ་ནས་ཡིག་དྲུག་ཅི་མང་བཟླས་ལ་ཡིག་བརྒྱས་ལྷག་ཆད་བསྐང། དེ་ནས། འཕགས་མཆོག་སྤྱན་རས་གཟིགས་མགོན་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ཞེས་པ་ནས། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དམིགས་ཡུལ་མ་རྒན་པོ་ཆོག་གིས་མཚོན་པའི། །ཕ་མ་གཉེན་བཤེས་ཡོན་མཆོད་གྱུར་པ་དང༌། །བཀོལ་སྤྱད་ཤ་ཁྲག་ཟོས་སོགས་འབྲེལ་ཐོགས་ཀྱི། །འགྲོ་བ་རིགས་དྲུག་མཁའ་མཉམ་སེམས་ཅན་ཀུན། །ལས་ཉོན་སྡིག་སྒྲིབ་དྲི་མ་ཀུན་བྱང་སྟེ། །མི་ཁོམ་ངན་སོང་སྐྱེ་གནས་ལས་ཐར་ཅིང༌། །དག་པའི་ཞིང་མཆོག་པོ་ཏ་ལར་སྐྱེས་ནས། །སྤྱན་རས་གཟིགས་ཀྱིས་འབྲལ་མེད་རྗེས་འཛིན་ཤོག །ཅེས་སྨོན་པས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་མ་རྒན་གྱི་དགེ་
རྩར་དམིགས་དགོན་གསར་དགའ་ལྡན་རབ་རྒྱས་གླིང་དུ་ལོ་ལྟར་དགུ་བའི་ཉེར་གཉིས་ལ་དུས་བཟང་ཐོག་མ་ཎི་བྱེ་བ་རེ་སྒྲུབ་རྒྱུ་དང༌། དེའི་དམིགས་རྟེན་དུ་རང་བྱོན་ལྔ་ལྡན་གྱི་སྐུ་བརྙན་བཅས་བསྒྲུབ་སྐབས་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྒྲིགས་པའོ།།


previousབཅུ་གཅིག་ཞལ་གྱི་མངོན་རྟོགས་མདོར་བསྡུས།next