Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲ་མི་སྙན་གྱི་ཚེ་སྒྲུབ་ལག་ཏུ་ལེན་ཚུལ་ཚེ་དཔལ་མཆོག་སྦྱིན།
   
   
   
   
   
   
   


 
previousསྒྲ་མི་སྙན་གྱི་ཚེ་སྒྲུབ་ལག་ཏུ་ལེན་ཚུལ་ཚེ་དཔལ་མཆོག་སྦྱིན།next

སྒྲ་མི་སྙན་གྱི་ཚེ་སྒྲུབ་ལག་ཏུ་ལེན་ཚུལ་ཚེ་དཔལ་མཆོག་སྦྱིན།


GTD006_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་མི་སྙན་གྱི་ཚེ་སྒྲུབ་ལག་ཏུ་ལེན་ཚུལ་ཚེ་དཔལ་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །འཆི་མེད་ཚེ་ཡི་དཔལ་སྟེར་བ། །ཚེ་དཔག་མེད་མགོན་ལ་བཏུད་ནས། །ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཚུལ། །གདམས་པའི་སྙིང་པོ་བསྡུས་ཏེ་འགོད། །འདིར་སྒྲ་མི་སྙན་གྱི་ཚེ་སྒྲུབ་ལག་ཏུ་ལེན་ཚུལ་རྒྱས་པར་བྱེད་ན་ཚོགས་ཞིང་བཅས་པ་རྗེའི་གསུང་ལས་འབྱུང་བ་བཞིན་བྱ་ལ། བསྡུས་ཏེ་བྱེད་ཚུལ་ཡང་དེ་ཉིད་ལས་ཟུར་ཙམ་གསུང་བ་བཞིན་བྱས་ཏེ་འགོད་པ་ནི་སྐྱབས་སེམས་སྔོན་དུ་བཏང་ཤཱུ་ནྱ་ཏའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་ལྕགས་ཀྱི་པདྨ་འདབ་བརྒྱད། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་སེམས་ཧྲཱིཿ ཡིག་དམར་པོ། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། རྒྱལ་བ་སྲས་བཅས་མཆོད་པས་མཉེས་པར་བྱས་ཏེ་དེ་དག་གི་བྱིན་རླབས་དང་སྲིད་ཞིའི་ཚེ་དཔལ་མཐའ་དག་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་བུམ་པ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བསྣམས་པ། དར་དམར་པོའི་ཆོས་གོས་རྣམ་གསུམ་གསོལ་ཞིང༌། འོད་དམར་པོའི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཕྲག་གོང་གཡས་གཡོན་ནས་ཉི་ཟླ་འཆར་བ། དེའི་སྤྱི་


GTD006_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཁོང་བའི་ནང་གི་རྒྱབ་ལ་ཉེ་བར་ལྕགས་ཀྱི་སྲོག་རྩ་སྦ་དབྱུག་ཙམ། ཡར་སྣེ་སྤྱི་གཙུག་དང་མར་སྣེ་གསང་གནས་སུ་ཟུག་པ། དེའི་ནང་དུ་རྩ་དབུ་མ་མདའ་སྙུག་ཙམ་ཁ་དོག་སྔོ་དམར་ནང་འོད་གསལ་གྱི་རླུང་དམར་ལྗང་གིས་གང་བ། དབུ་མའི་ཕྱོགས་བཞིར་ཡར་སྣེ་ནས་བརྩམས་ཏེ་སྔགས་འཕྲེང་འགོ་གྱེན་བསྟན་བཞི་དང༌། མཚམས་གཞིར་མར་སྣེ་ནས་བརྩམས་པའི་སྔགས་འཕྲེང་བཞི་སྟེ་བརྒྱད་ཀྱིས་དབུ་མའི་སྟེང་རྫོགས་པར་ཁེབས་པ། དབུ་མའི་མར་སྣེའི་ནང་དུ་རང་འདྲའི་ཚེ་དཔག་མེད་དམར་པོ། ཡར་སྣེའི་ནང་དུ་ཚེ་དཔག་མེད་དཀར་པོ། སྙིང་གའི་རྩ་འཁོར་གྱི་དབུས་སུ་ཚེ་དཔག་མེད་དམར་ལ་སྔོ་བའི་མདངས་ཅན། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་བདུད་རྩིས་གང་བའི་བུམ་པ། དེའི་ནང་ཟླ་བ་ལ་གནས་པའི་གསེར་གྱི་རྡོ་རྗེ་ལྔ་པ། དེའི་ལྟེ་བའི་ཐད་དུ་ཟླ་གདན་ལ་འོད་ཀྱི་གའུ་ཁ་སྦྱོར། དེའི་ནང་དུ་ཧྲཱིཿ ཡིག་དམར་པོ་དང་ཧཱུཾ་ཡིག་སྔོན་པོ་ཕན་ཚུན་འཁྲིལ་ཞིང་འོད་ཟེར་ལྔ་འཕྲོ་བ་ཡེ་ཤེས་ལྔའི་བདག་ཉིད་ཅན། ནང་གི་ཧྲཱིཿ དང་དམ་ཚིག་སེམས་དཔའི་ཐུགས་ཀའི་ཧཱུཾ་གཉིས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། སྟེང་ཕྱོགས་ཡོན་ཏན་བཀོད་པའི་ཞིང་ནས་ཚེ་དཔག་མེད་ཡེ་ཤེས་པ་སྤྱན་དྲངས། རང་གི་སྤྱི་གཙུག་གི་རྒྱབ་ངོས་སུ་བཞུགས་པར་གྱུར། ཨོཾ་ཨ་པ་ར་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཨོཾ་ཨ་པ་ར་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་


GTD006_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འདྲེན་པའི་གཙོ་བོ་ཞེས་སོགས་ཀྱིས་བསྟོད། ཧཱུཾ་སྐྱེ་འཆི་རབ་སྤངས་རྡོ་རྗེ་ཚེ། །བདག་ལ་ཚེ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །ཨོཾ་ཨ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རི་ཧཱུཾ་ཕཊ། ཅེས་ལན་གསུམ་གསོལ་བ་བཏབ་པས་སྟེང་གི་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། རང་གི་ཚེ་བསོད་ནམས་སོགས་ཡར་བ་ཉམས་པ་འཐོར་བ་ཐམས་ཅད་བདུད་རྩིའི་རྣམ་པར་བཀུག་སྟེ། དེའི་ཕྱག་གི་བུམ་ནང་དུ་ཐིམ། བདུད་རྩི་ཁོལ་ཏེ་ཕྱིར་ལུད་པ་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་རྩ་ནང་ཐམས་ཅད་གང་བས་ཚེ་དང་བསོད་ནམས་ཉམས་པ་རྣམས་གསོས། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། སླར་ཡང་སྟེང་གི་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་གྲུབ་པ་དང་རིག་པ་འཛིན་པ་ཀུན་གྱི་བྱིན་རླབས་ནུས་མཐུ་སྣོད་བཅུད་ཀྱི་བཀྲག་མདངས་ནུས་པ་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིའི་རྣམ་པར་བསྡུས་ཏེ་དེའི་ཕྱག་གི་བུམ་ནང་དུ་ཐིམ། བདུད་རྩི་ཁོལ་ཏེ་ཕྱིར་ལུད་པ་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་རྩ་ནང་ཐམས་ཅད་གང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པ་ལ་གེགས་བྱེད་མཐའ་དག་དབང་པོའི་སྒོ། བ་སྤུའི་བུ་ག །སེན་མོ་ཉི་ཤུའི་བར་སོགས་ནས་ནག་ཉིལ་གྱིས་ཕྱིར་དེང༌། བདུད་རྩི་རྣམས་སེན་མོ་ཉི་ཤུའི་བར་ནས་ནང་དུ་ལོག་པས་མཁྲིག་མ་ཕན་དང་བརླ་རྩ་མན་ཆད་གང་བར་བསམས་ལ་སྟེང་རླུང་ཐུར་དུ་མནན། འོག་རླུང་རྣམས་གྱེན་དུ་དྲངས་ནས་ཁ་སྦྱར་ཏེ་བུམ་པ་ཅན་ཚར་གཅིག་གཟུང༌། དེ་ནས་གྲུ་མོ་དང་ལྟེ་བའི་བར་གང་བར་བསམས་ལ་ཚར་གཅིག །ཕྲག་པ་དང་སྙིང་གའི་བར་གང་


GTD006_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམས་ལ་ཚར་གཅིག །མགྲིན་པ་མན་ཆད་གང་བར་བསམས་ལ་ཚར་གཅིག །སྣ་བུག་མན་ཆད་གང་བར་བསམས་ལ་ཚར་གཅིག །སྤྱི་གཙུག་མན་ཆད་གང་བར་བསམས་ལ་ཚར་གཅིག །ལུས་ཀྱི་ཆ་ཤས་ཐམས་ཅད་གང་བར་བསམས་ལ་ཚར་གཅིག་སྟེ་བུམ་པ་ཅན་ལན་བདུན་གཟུང༌། ཕྱི་ནང་གཉིས་དང་སྤྱི་བོའི་ཚེ་དཔག་མེད་གསུམ་གའི་སྐུ་ལས་འོད་ཟེར་སྤྲོ་བསྡུའི་སྒོ་ནས་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། སྙིང་གའི་ཧྲཱིཿ ཡིག་གི་མཐར་འཁོད་པའི་སྔགས་འཕྲེང་ཀློག་པའི་ཚུལ་གྱིས་དམིགས་པ་གཏད་ཅིང། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མ་ཿ སངྒྷཱ་ཡ། ཏདྱ་ཐཱ། ཨོཾ་ཨཏ་དེ། བྷད་དེ། བྷིད་དེ། བྷི་ནན་ཏེ། ཀུ་ནན་ཏེ། ཧ་ཀེ། ཐ་ཀེ། ཏ་ར་ཀེ། ཧཱུ་རུ་མ་ཏེ། ཧི་ལི་ཧི་ལི། མི་ལི་མི་ལི། སཾ་བྷཀྵ། བྷི་བྷཀྵ། བྷ་མུ་ན། ཛི་ཛཱ་བ་ནཱཾ། སི་ནནྶ་དྷཱུ། བྷནྔྷ་སྭཱཧཱ། ཞེས་བཟླ། མཇུག་ཏུ་མཆོད་བསྟོད་བྱས་ལ། སྟེང་གི་ཚེ་དཔག་མེད་གདན་བཅས་རང་གདན་དང་བཅས་པ་ལ་སོ་སོར་ཐིམ་པས་བྱིན་གྱིས་བརླབས་ཤིང་དངོས་གྲུབ་བརྟན་པར་བསམས་ལ་བུམ་པ་ཅན་ཅི་ནུས་སུ་བཟུང༌། དེ་རྗེས་ཚེ་གཟུངས་ཚར་བདུན་བཟླས་ཏེ་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །རྒྱུན་འཁྱེར་ལ་གལ་ཏེ་དམིགས་པ་དེ་ཙམ་མ་ལྕོགས་ན་དམིགས་མེད་ཀྱི་ངང་ནས་སྔགས་ཚར་ཉེར་གཅིག་རེ་བཟླས་པས་ཀྱང་གོ་ཆོད་པར་གསུང་ལ། གདོན་པའི་དུས་རབ་ཐོ་རངས་བྱ་རོག་གི་སྐད་མ་གྲག་པའི་གོང་དང༌། དེ་མ་བྱུང་ཡང་མི་ལ་ངག་མ་འདྲེས་པའི་སྔོན་དུ་བྱེད་དགོས་པ་ཕྱག་ལེན་ཡིན་ནོ། །སྙན་བརྒྱུད་མན་ངག་གསང་བའི་གནད། །འཇམ་མགོན་བླ་མའི་དགོངས་པའི་བཅུད། །བསྡུས་ཏེ་བཀོད་པའི་དགེ་བ་ཡིས། །ཚེ་དཔག་མེད་མགོན་
གནས་ཐོབ་ཤོག །ཅེས་པ་འདི་ནི་ཙཱུན་སུ་ཉིད་ཤོག་ནས་ལྷག་བསམ་རྣམ་དཔྱོད་ཡངས་པ་དཀའ་བཅུ་དཀོན་མཆོག་ཉི་མས་བསྐུལ་ངོརྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousསྒྲ་མི་སྙན་གྱི་ཚེ་སྒྲུབ་ལག་ཏུ་ལེན་ཚུལ་ཚེ་དཔལ་མཆོག་སྦྱིན།next