Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོ་བཅུའི་མངོན་རྟོགས་མདོར་བསྡུས།
   
   
   
   
   
   


 
previousཁྲོ་བཅུའི་མངོན་རྟོགས་མདོར་བསྡུས།next

ཁྲོ་བཅུའི་མངོན་རྟོགས་མདོར་བསྡུས།


GTD006_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བཅུའི་མངོན་རྟོགས་མདོར་བསྡུས་བཞུགས་སོ། །ན་མོ་གུ་རུ་ཀྲོ་དྷ་རཱ་ཛཱ་ཡ། འདིར་ཁྲོ་བོ་བཅུ་བསྒོམ་པར་འདོད་པས་རྒྱས་པར་ན་བདུད་ལས་རྣམ་རྒྱལ་སོགས་སུ་འབྱུང་བ་ལྟར་བྱས་པས་འཐུས་ལ། འཇུག་པ་བདེ་བའི་ཕྱིར་ཟུར་དུ་བཀོལ་ཏེ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་ལེན་ལུགས་ནི། སྐྱབས་སེམས་སྔོན་དུ་བཏང་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། དེའི་ལྟེ་བའི་དབུས་དང་རྩིབས་རྣམས་ཀྱི་སྟེང་དུ་པདྨ་དང་ཉི་མའི་གདན་རེ་རེ། དེའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། དབུས་སུ་གནོད་མཛེས་རྒྱལ་པོ། ཤར་དུ་གཤིན་རྗེའི་གཤེད། ལྷོར་གཞན་གྱིས་མི་ཐུབ་པ། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ། ཤར་ལྷོར་འདོད་པའི་རྒྱལ་པོ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན། ནུབ་བྱང་དུ་སྟོབས་པོ་ཆེ། བྱང་ཤར་དུ་མི་གཡོ་བ། སྟེང་དུ་གཙུག་ཏོར་འཁོར་སྒྱུར། འོག་ཏུ་རྡོ་རྗེ་ས་འོག །ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། རང་རང་གི་རིགས་ཀྱི་བདག་པོའི་དབུ་རྒྱན་ཅན། རབ་ཏུ་ཁྲོས་ཤིང་རྔམས་པ། འབར་བའི་ཕྱག་མཚན་དང་ཁྲོ་བོའི་རྒྱན་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཧཱུཾ་རང་བཞིན་རྣམ་དག་ཆོས་དབྱིངས་ངང་ཉིད་


GTD006_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བདག་ཏུ་འཛིན་པ་བདུད་སྡེའི་དཔུང་འཇོམས་ཕྱིར། །བདག་མེད་ཡེ་ཤེས་དྲག་པོའི་རྣམ་རོལ་བ། །བཅོམ་ལྡན་ཁྲོ་བོའི་ཚོགས་རྣམས་གཤེགས་སུ་གསོལ། །ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མཆོད་པ་བསངས་སྦྱངས། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ་ཞུ་བ་ལས་བྱུང་བའི་ཟག་པ་མེད་པའི་མཆོད་རྫས་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་སོགས་ཀྱིས་བྱིན་གྱིས་བརླབས། ཨོཾ་མཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿ ཧཱུཾ་བཏགས་ལ་ནང་མཆོད་དབུལ། ཤེས་བཅུ་རྣམ་པར་དག་པའི་བདག་ཉིད་ཅན། །སྟོབས་བཅུ་མེ་དཔུང་འབར་བའི་གཟི་བྱིན་གྱིས། །ཕྱོགས་བཅུའི་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །ཁྲོ་བཅུའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །རང་རང་གི་ཐུགས་ཀར་ཧཱུཾ་ཡིག་ལ་སྔགས་འཕྲེང་གིས་བསྐོར་བ་ལས་རང་འདྲའི་ཁྲོ་བོའི་ཚོགས་དང་མེའི་ཚ་ཚ་དུ་མ་ཕྱོགས་བཅུར་སྤྲོས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་བསྐལ་པ་འཇིག་དུས་ཀྱི་མེ་ལྟ་བུ་ཡེ་ཤེས་ཀྱི་མེའི་ཕུང་པོ་གཅིག་ཏུ་གྱུར་ཏེ་གདོན་བགེགས་གདུག་པ་ཅན་ཐམས་ཅད་བསྲེགས་ཤིང་ཚར་བཅད་པར་གྱུར། ན་མཿ ས་མནྟ་བུདྡྷ་ནཱཾ། ཞེས་སོགས་གུར་ནས་གསུངས་པའི་སྤྱི་སྔགས་བཟླ། ཡིག་བརྒྱས་ལྷག་ཆད་བསྐང་ཞིང་མཆོད་བསྟོད་སྔར་བཞིན་བྱ། གཏོར་མ་འབུལ་འདོད་ན་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཁྲོ་བོ་བཅུའི་ལྷ་ཚོགས་


GTD006_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། མཚན་སྔགས་ཀྱི་མཇུག་ཏུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་གསུམ་མམ་བདུན་གྱིས་དབུལ། མཆོད་བསྟོད་གོང་བཞིན་བྱ། ཟློག་པ་བྱེད་པར་འདོད་ན་བཟླས་པའི་འཕྲོར་ཁྲོ་བོ་རྣམས་ཞལ་ཕྱིར་བསྒྱུར་ཏེ་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་སྤྱི་དང༌། ཁྱད་པར་ཕ་རོལ་གྱི་བྱད་མ་རྦད་འདྲེ་རྦོད་གཏོང་ཐམས་ཅད་རྩ་ཕྱག་གཉིས་ཀྱི་ཐལ་མོ་ཉི་ཟླས་མཚན་པའི་བར་ལ་འཐག་སྟེ་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་ཞིང༌། ཧཱུཾ། བླ་མ་ཡི་དམ་མཆོག་གསུམ་ལྷ། །དམ་ཅན་ཆོས་སྲུང་རྒྱ་མཚོའི་ཚོགས། །ཀུན་དང་ཁྱད་པར་ཁྲོ་བོ་བཅུའི། །མཐུ་དང་བདེན་སྟོབས་བྱིན་རླབས་ཀྱིས། །མི་འདོད་ཉེར་འཚེ་ཐམས་ཅད་བཟློག །བཞི་བརྒྱ་རྩ་བཞིའི་ནད་རིགས་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །སྟེང་གདོན་གཟའ་ཡི་གནོད་པ་བཟློག །བཙན་དང་རྒྱལ་བསེན་ཆོ་འཕྲུལ་བཟློག །ཀླུ་དང་ས་བདག་འཚེ་བ་བཟློག །མི་འདོད་ཁ་སྨྲས་གླེང་གཞི་བཟློག །ལོ་ཟླ་ཞག་དང་དུས་སྐག་བཟློག །རྨི་ལམ་མཚན་ལྟས་ངན་པ་བཟློག །ཕ་རོལ་གདུག་པའི་བསམ་སྦྱོར་བཟློག །ཁྲམ་དང་གཏད་ལ་བཅུག་པ་བཟློག །མདོར་ན་བྱད་ཁ་ཕུར་ཁའི་རིགས། །བཟློག་གོ་བྱད་མ་ཉིད་ལ་བཟློག །བསྒྱུར་རོ་བྱད་མ་ཉིད་ལ་བསྒྱུར། །མི་ཤིགས་རྡོ་རྗེའི་གོ་ཆ་ཡིས། །ཕ་རོལ་བྱད་ཕུར་མཚམས་བཅད་དེ། །ཆོས་ལྡན་ལེགས་ཚོགས་སྨོན་པ་བཞིན། །གྲུབ་པར་མཛོད་ཅིག་ཁྲོ་བོའི་ཚོགས། །ཞེས་བརྗོད་ཅིང་སྲུང་བའི་དོན་དུ་ཞལ་ནང་དུ་བསྒྱུར་བར་བསམས། མན་ངག་གི་གནད་


GTD006_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་པར་གཞན་ལས་ཤེས་པར་བྱ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐངས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམས་ནས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཁྲོ་བཅུའི་མངོན་རྟོགས་བསྒོམ་པའི་ཚུལ། །ཤིན་ཏུ་མདོར་བསྡུས་བཀོད་པའི་དགེས། །ནག་པོའི་གཡུལ་ལས་རྣམ་རྒྱལ་ཏེ། །བཤད་སྒྲུབ་བྱ་བ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཀོན་མཆོག་རྣམ་རྒྱལ་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ལོ་མ་གྱོན་མའི་རྒྱུན་འཁྱེར་མདོར་བསྡུས་བྱེད་ན། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་དང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང༌། །རང་སེམས་བཾ་ཡིག་འོད་ཀྱི་འཕྲོ་འདུ་ལས། །རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་སེར། །སེར་དཀར་དམར་བའི་ཞལ་གསུམ་རེ་རེ་ཡང༌། །སྤྱན་གསུམ་དང་ལྡན་དབུ་སྐྲ་གྱེན་དུ་བརྗེས། །གཡས་ཀྱི་ཕྱག་གསུམ་རྡོ་རྗེ་དགྲ་སྟ་མདའ། །གཡོན་ན་ཞགས་པ་ཤིང་ལོའི་སྦྲང་ཡབ་གཞུ། །བསྣམས་ཤིང་གཡས་པ་པུས་བཙུགས་སྟབས་ཀྱིས་བཞུགས། །དར་དཀར་སྟེང་གཡོགས་ཤིང་ལོའི་སྨད་གཡོགས་དང༌། །བྲང་འགྲོ་དཀར་པོས་སེ་རལ་ཁ་བྱས་ཤིང༌། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་གིས། །རང་འདྲའི་ཡེ་ཤེས་པ་དང་དབང་གི་ལྷ། །སྤྱན་དྲངས་ཛཿ ཧཱུཾ་བཾ་ཧོཿ དབྱེར་མེད་བསྟིམ། །དབང་ལྷས་དབང་བསྐུར་མི་བསྐྱོད་རྒྱས་བཏབ་གྱུར། །མཆོད་པ་ཨོཾ་ཨཱཿ ཧཱུཾ་གིས་བྱིན་གྱིས་བརླབས་ལ། ཨོཾ་པརྞྞ་ཤ་བ་རི་ཨརྒྷཾ་སོགས་


GTD006_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཞེས་སོགས་ཀྱིས་བསྟོད། ཐུགས་ཀར་ཉི་མའི་སྟེང་དུ་བཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ནད་བདག་འཁོར་བཅས་བསྲེགས་པར་བསམས་ལ། ཨོཾ་པི་ཤ་ཙི་པརྞ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡ་སྭཱཧཱ། ཞེས་ཅི་འགྲུབ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། མཆོད་བསྟོད་གོང་བཞིན་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ལོ་མ་གྱོན་མ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་བས་མཚམས་སྦྱར་བར་བྱའོ། །ཞེས་པ་འདིའང་རྣམ་དཔྱོད་མཆོག་ཏུ་དགེ་བ་ཆོས་རྗེ་བློ་གྲོས་ཕུན་ཚོགས་ཀྱི་རྒྱུན་འཁྱེར་དུྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་གུ་རུ་བཛྲ་པཱ་ཎཱ་ཡེ། ཚོགས་བདག་དམར་ཆེན་སྒྲུབ་པར་འདོད་པས་འབུལ་གཏོར་ལ་ཕུག་དང་ཁ་ཟས་གཙང་མས་བསྐོར་བ། དཀར་གསུམ་མངར་གསུམ་འབྲས་བུ་གསུམ་རྣམས་ཟན་དང་སྦྱར་ཏེ་རིལ་བུ་བྱས་པའི་ལ་དུ་སོགས་མཆོད་པ་གཙང་མ་བཤམ། སྐྱབས་སེམས་སྔོན་དུ་བཏང་སྟེ། འཁོར་འདས་ཆོས་ཀུན་གདོད་ནས་མི་དམིགས་པ། །རང་བཞིན་སྤྲོས་བྲལ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་སྲུང་བའི་འཁོར་ལོའི་དབུས། །པད་ཉིའི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས། །རང་ཉིད་འབྱུང་པོ་འདུལ་བྱེད་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་བཞི་གཡས་ཀྱི་དང་པོ་ཡིས། །བ་དན་རྩེ་གསུམ་གྱིས་མཚན་རྡོ་རྗེ་འཕྱར། །གཡོན་གྱི་དང་པོས་ཐོད་ཁྲག་ཐུགས་ཀར་འཛིན། །འོག་མ་གཉིས་ཀྱིས་མདའ་གཞུ་རྒྱབ་ནས་འགེངས། །སྤྱན་གསུམ་སྨ་ར་སྨིན་མ་མེ་ལྟར་འབར། །ཐོད་སྐམ་དབུ་རྒྱན་མི་མགོའི་དོ་ཤལ་དང༌། །སྦྲུལ་དང་རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །སྟག་ཤམ་གསོལ་ཞིང་གཡོན་བརྐྱང་སྟབས་ཀྱིས་གཞུགས། །


GTD006_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱུཾ་ཡིག་འོད་ཀྱི་ཡེ་ཤེས་པ། །དབང་ལྷར་བཅས་ཏེ་སྤྱན་དྲངས་དབྱེར་མེད་བསྟིམ། །དབང་བསྐུར་མི་བསྐྱོད་རྒྱལ་བས་རྒྱས་བཏབ་གྱུར། །མདུན་དུ་བཻ་ཌཱུརྻ་ཡི་བྲག་རིའི་སྟེང༌། །འདབ་བརྒྱད་པདྨ་དམར་པོའི་ལྟེ་བ་ལ། །རིན་ཆེན་སྐྱུག་པའི་ནོར་བདག་བྱི་བའི་སྟེང༌། །གཿ ཡིག་དམར་པོ་ཡོངས་སུ་གྱུར་པ་ལས། །ཚོགས་ཀྱི་བདག་པོ་གླང་པོའི་གདོང་པ་ཅན། །རྣོ་ཞིང་དཀར་བའི་མཆེ་བ་རབ་ཏུ་གཙིགས། །བཅུ་གཉིས་ཕྱག་གི་གཡས་ལ་རིམ་པ་བཞིན། །དགྲ་ལྟ་མདའ་དང་ལྕགས་ཀྱུ་རྡོ་རྗེ་དང༌། །རལ་གྲི་འཕང་མདུང་འཛིན་ཞིང་གཡོན་པ་ན། །གཏུན་ཤིང་གཞུ་དང་ཁ་ཊྭཱཾ་ཐོད་ཁྲག་དང༌། །ཤ་ཆེན་ཕུབ་དང་ལྷན་ཅིག་མདུང་དར་འཛིན། །གནས་གསུམ་འབྲུ་གསུམ་ཐུགས་ཀར་གཿ ཡིས་མཚན། །རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །སུམ་ཅུ་རྩ་གསུམ་གནས་ནས་ཚོགས་ཀྱི་བདག །སྤྱན་དྲངས་དེ་དང་དབྱེར་མེད་བསྟིམ་པར་གྱུར། །དབང་ལྷའི་ཚོགས་ཀྱང་སྤྱན་དྲངས་དབང་བསྐུར་ཏེ། །སྤྱི་བོར་འོད་དཔག་མེད་ཀྱིས་བརྒྱན་པར་གྱུར། །མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་ག་ཎ་པ་ཏི་ཨརྒྷཾ་སོགས་ཀྱིས་མཆོད། རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཚོགས་རྗེ་ཚོགས་དབང་ཚོགས་ཀྱི་བདག །བགེགས་ཀྱི་གཙོ་ལ་མཆོད་ཅིང་བསྟོད། །རང་གི་ཐུགས་ཀར་ཧཱུཾ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བའི་འོད་ཀྱི་སྤྲོ་བསྡུས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་བསྟིམ། ཚོགས་བདག་འཁོར་བཅས་ཀྱང་དབང་དུ་བྱས་པར་བསམས་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་


GTD006_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཅེས་ཅི་མང་བཟླས་ལ། དེ་ནས་ཚོགས་བདག་གི་ཐུགས་ཀར་གཿ ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བར་བསམ་ཞིང༌། དེའི་འོད་ཟེར་གྱི་ལྕགས་ཀྱུས་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས་པའི་དམིགས་པ་བྱས་ཏེ། ཨོཾ་ཨཱཿ གཿ ཧཱུཾ་སྭཱཧཱ། ཞེས་བཟླས་པ་བྱ། གཏོར་མ་བྱིན་གྱིས་བརླབས་ཏེ་མཚན་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ། མཆོད་བསྟོད་གོང་བཞིན་བྱ། གོང་འོག་ཏུ་བདག་བསྐྱེད་ལ་མཆོད་བསྟོད་བྱ་བར་འདོད་ན་ཨོཾ་བྷུ་ཏ་ཌཱ་མ་ར་ཨརྒྷཾ་ཞེས་སོགས་དང༌། དུས་གསུམ་རྒྱལ་བ་མ་ལུས་པའི། །མཐུ་སྟོབས་ནུས་པ་གཅིག་བསྡུས་ཏེ། །ཁྲོ་བོའི་རྒྱལ་པོའི་སྐུར་བཞེངས་པ། །གསང་བའི་བདག་པོ་ལ་ཕྱག་འཚལ། །ཞེས་པས་བསྟོད། མཇུག་ཏུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྟིམ། ཚོགས་བདག་ཀྱང་རྟེན་ཡོད་ན་དེ་ལ་བསྟིམ་ཞིང༌། མེད་ན་རང་གནས་སུ་གཤེགས་ཏེ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་ནི་ཆ་ཧར་ཤོག་ནས་དད་ལྡན་དགེ་སློང་ཡེ་ཤེས་བཟང་པོས་བསྐུལ་ངོརྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ཕུན་ཚོགས་འདོད་དགུའི་མཆོག་སྦྱིན་པ། །བསླུ་མེད་རིན་ཆེན་རྣམ་གསུམ་དང༌། །ནོར་སྦྱིན་ལྷ་ཚོགས་ལ་བཏུད་ནས། །གཡང་སྐྱོབ་མདོ་སྡེ་འདོན་ཐབས་བྲི། །དེའང་གསེར་འོད་གཡང་སྐྱོབ་ཏུ་གྲགས་པའི་མདོ་སྡེ་འདི་ནི་ཕུན་སུམ་ཚོགས་པའི་དཔལ་སྐྱེད་པའི་ཐབས་མཆོག་ཏུ་དམ་པ་དུ་མས་གསུངས་ཤིང་ཕྱོགས་ཀུན་ལ་དར་སོ་དང་ཕན་པའི་འཕྲིན་ལས་ཀྱང་ཆེ། གཡང་འགུག་གི་ཆོ་ག་ཐམས་ཅད་ཀྱང་ཁུངས་


GTD006_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བརྟེན་པས་ལག་ལེན་རྒྱས་པ་བྱེད་ན་བཅའ་གཞི་འདོན་ཐབས་ཐམས་ཅད་དེ་བཞིན་བྱས་པས་འཐུས་ལ། འདིར་མདོ་ཀློག་པ་གཙོ་བོར་བྱས་ཏེ་ཞར་བྱུང་དུ་གཡང་འགུག་བྱེད་ཚུལ་མདོར་བསྡུས་ཙམ་བྱེད་པར་འདོད་ན། སྟོན་པའི་སྐུ་རབ་གནས་ཅན་དང༌། རྣམ་སྲས་སོགས་ནོར་ལྷའི་སྐུ་བྲིས་འབུར་ཅི་རིགས་དགྲམ། མཆོད་པ་ཚར་གཉིས་འབུལ་གཏོར་ཟླུམ་པོ་བཅས་བཤམ། སྐྱབས་སེམས་སྔོན་དུ་བཏང༌། དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང༌། ཆོས་དབྱིངས་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི་སྟོབས་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གཏིབས་ཤིང༌། སྟོན་པ་ཐུབ་པའི་དབང་པོ་རྒྱལ་བ་རིགས་ལྔ་ཡུམ་བཞི་སེམས་དཔའ་བརྒྱད་ལ་སོགས་པ་སྐྱབས་ཡུལ་དམ་པ་རྣམས་སྔོན་གྱི་ཐུགས་བསྐྱེད་ཀྱིས་བསྐུལ་ནས་དགྱེས་བཞིན་བཞུགས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོགས་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱང་དགྱེས་བཞིན་བྱོན་ནས་སྟོན་པའི་བཀའ་ལུང་ནོད་ཅིང་བཞུགས་པར་གྱུར། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །རིགས་ལྔ་ཡུམ་བཞི་གཙུག་ཏོར་ལྷ་མོའི་ཚོགས། །གསང་བའི་བདག་པོ་ལ་སོགས་རྒྱལ་བའི་སྲས། །རྒྱལ་ཆེན་རྣམ་སྲས་གནོད་སྦྱིན་ནོར་ལྷའི་ཚོགས། །ཕྱག་བྱ་ཀུན་ལ་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་ཡིས། །སྐྱབས་ཡུལ་འཁོར་བཅས་དགྱེས་པ་བསྐྱེད་གྱུར་ནས། །ཐུབ་དབང་བདེན་པའི་དབྱངས་ཀྱིས་བཀའ་སྩལ་ཏེ། །ནོར་ལྷའི་


GTD006_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཀྱིས་འཕྲིན་ལས་སྐྱོང་གྱུར་ཅིག །ཅེས་པ་སྔོན་དུ་བཏང་ནས་མདོ་ཆ་ཚང་བ་ཚར་ཅི་ཙམ་ནུས་པ་བཀླག །མཇུག་ཏུ། ཐུབ་པའི་དབང་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྒྱལ་ཆེན་རྣམ་ཐོས་སྲས་འཁོར་དང་བཅས་པའི་སྤྱི་བོ་ནས་ཞུགས་ཏེ་བྱིན་གྱིས་བརླབས་པས་ཟག་པ་མེད་པའི་བདེ་དགའ་ཁྱད་པར་ཅན་སྐྱེས། དེ་རྣམས་ཀྱིས་ཀྱང་སྤྲུལ་བའི་ཕོ་ཉ་དཔག་ཏུ་མེད་པ་ཕྱོགས་བཅུ་ཀུན་ཏུ་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་མཁོ་དགུའི་དཔལ་འབྱོར་ཕྱྭ་གཡང་ཐམས་ཅད་བསྡུས་ཏེ་རང་གི་ཡུལ་འཁོར་གནས་ཁང་ཐམས་ཅད་ཁེངས་པར་བསམས་ལ། ཨོཾ་བཻ་ཤྲ་མ་ཎཱ་ཡ་རཏྣ་སིདྡྷི་ས་མ་ཡ་ཧཱུཾ་ཧྲཱིཿ ཋཱ། ཞེས་པ་ཅི་འགྲུབ་བཟླ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་སོགས་མདོའི་ནང་གི་གཡང་འབོད་ཀྱི་གཟུངས་རིང་ཡང་ཇི་ལྟར་འཚམ་པ་རེ་བཟླས་ན་ལེགས། གཏོར་མ་ཨོཾ་ཨཱཿ ཧཱུཾ་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ། བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་འདོད་དོན་མ་ལུས་པ། །ལྷུན་གྱིས་གྲུབ་པའི་སྡོངས་གྲོགས་མཛོད། །ཐུབ་དབང་གདུལ་བྱའི་སྐལ་བ་དང༌། །འཚམ་པར་ཕན་པ་ཀུན་མཛད་པའི། །བདེན་པ་དེ་ཡིས་འཇིག་རྟེན་གྱི། །དཔལ་འབྱོར་མ་ལུས་འདུ་བར་ཤོག །དམ་ཆོས་སྒྲུབ་པའི་མཐུན་པའི་རྐྱེན། །མ་ཚང་མེད་པ་ལ་བརྟེན་ནས། །བཤད་སྒྲུབ་བྱ་བ་མཐར་ཕྱིན་ཏེ། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག ། ཅེས་པ་འདི་ནི་ལྷག་བསམ་དང་རྣམ་དཔྱོད་མཆོག་ཏུ་ཡངས་པ་རབ་འབྱམས་པ་བློ་བཟང་ཆོས་འཕེལ་གྱིས་མདོ་འདིའི་འདོན་ཐབས་ནོར་སྒྲུབ་དང་བཅས་པ་ཞིག་དགོས་ཚུལ་བྱུང་བ་ལྟར། རྒྱུན་ཆགས་གསུམ་པ་ལ་གཡང་འགུག་
གི་དམིགས་པས་ཟུར་བརྒྱན་པ་དང་བཅས་པ་འདི་ནིྋདཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousཁྲོ་བཅུའི་མངོན་རྟོགས་མདོར་བསྡུས།next