Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ཚེ་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ།
   
   
   
   
   


 
previousམགོན་པོ་ཚེ་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ།next

མགོན་པོ་ཚེ་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ།


GTD006_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཚེ་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ་བཞུགས་སོ། །ཕུན་སུམ་ཚོགས་པ་མཚན་དཔེའི་འོད་སྟོང་གིས། །དུས་མིན་འཆི་བའི་མུན་པ་མཐར་བྱེད་པ། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡི། །ཞབས་སེན་འབྲལ་མེད་གཙུག་ན་མཛེས་གྱུར་ཅིག །གང་གི་མཚན་ཙམ་རྣ་བར་སོན་པས་ཀྱང༌། །འཆི་བདག་གཤིན་རྗེའི་འཇིགས་ལས་གྲོལ་གྱུར་ན། །བརྒྱ་ཕྲག་སྟོང་དུ་ཕྱག་མཆོད་མཚན་སྨོས་པས། །སྨོན་བཞིན་འགྲུབ་པར་ངེས་པར་འདིར་ཞུགས་ཤིང༌། །དེའང་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སྟོང་མཆོད་འབུལ་བར་འདོད་པས། ཆོ་གའི་གཞུང་ཀུན་མཁྱེན་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱིས་མཛད་པའི་ཚེ་ཆོག་འཆི་མེད་བུམ་བཟང་ཉིད་གཙོ་བོར་པཎ་ཆེན་གྱི་གསུང་དང་བསྟུན་ཞིང་དེར་མི་གསལ་བ་རྣམས་ཁ་བསྐངས། སྐྱེད་ཚུལ་སོགས་སྤྱི་འགྲོས་དང་བསྟུན་ཏེ་འཇུག་པ་བདེ་བས། འདིར་དེ་ཉིད་གཞིར་བཞག་ནས་སྟོང་མཆོད་བྱེད་ཚུལ་འགོད་པ་ལ། ཕྱོགས་གཙང་མར་དྲི་བཟང་གིས་ཆག་ཆག་གདབ། སྟེགས་མཐོན་པོའི་དབུས་སུ་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བ་ལ་ཚེ་བུམ་ཁ་རྒྱན་ལ་དཔག་བསམ་གྱི་ལྗོན་པའི་ནང་དུ་ཚེ་དཔག་མེད་ཀྱི་སྐུ་བཞུགས་པའམ། ཡང་ན་རིན་པོ་ཆེ་སོགས་ཀྱི་བུམ་པ་སྐྱོན་མེད་པ་ཆུ་གཙང་མས་སུམ་གཉིས་བཀང་ཞིང་བྱ་རྒྱུད་ཀྱི་བུམ་རྫས་བཏབ་པའི་སྟེང་དུ་ཚེ་དཔག་མེད་ཀྱི་སྐུ་བཞུགས་སུ་བཅུག །མཐར་ཆུ་དང་ཉེར་སྤྱོད་སོགས་རེ་རེ་ནས་སྟོང་ཚང་བའམ། དེ་མ་འབྱོར་ན་མར་མེ་དང་ལྷ་བཤོས་སྟོང་རེ། མ་མཐའ་འང་ཚེའི་རྟེན་འབྲེལ་ཡིན་པས་ལྷ་བཤོས་སྟོང་ཚང་ངེས་པ་དང༌། དེ་བཞིན་བཅུད་ལེན་གྱི་སྨན་དང་མེ་


GTD006_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་སྣ་ཚོགས་པའི་ཕྱེ་མ་སྙིང་པོ་ལྔ་དང་བཟང་དྲུག་སོགས་བསྲེས་པའི་རིལ་བུ་སྟོང༌། དཀྱུས་ལྟར་གྱི་འབུལ་གཏོར་རྣམས་དང་དཀར་གསུམ་མངར་གསུམ་རྣམས་སྦྱར་བའི་གཏོར་རིལ་སྟོང་དང་ཆ་གསུམ་སོགས་སྤྱི་དང་མཐུན་པར་བཤམ། ཡར་ཚེས་ལྟ་བུའི་དུས་ཁྱད་པར་ཅན་གྱི་ཐོ་རངས་ལག་རིས་མཐོང་བའི་ཚོད་ཙམ་ལ་བླ་མའམ་རྟེན་གྱི་དྲུང་ནས་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་བླངས། བདག་བསྐྱེད་གཞུང་བཞིན་ལྷ་དགུའམ། ཡང་ན་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དམར་པོ། ཞེས་པ་ནས། རང་ཉིད་སངས་རྒྱས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞེས་སྦྲེལ་ཞིང༌། མཆོད་པའི་སྐབས་སུ་ས་པ་རི་ཝཱ་ར་ཞེས་པ་དོར་ཏེ་གཞན་རྣམས་འདྲ། མདུན་གྱི་བུམ་པ་སྟེང་གི་སྐུ་དང་བཅས་པ་ལ་དམིགས་ཏེ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ། ཞེས་པ་ནས། དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་པཾ་ལས་པདྨ་དམར་པོ། ཞེས་པ་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཞེས་པ་ནས། ལྷ་དགུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། ཞེས་པ་མན་ཆད་འདྲ་ཞིང༌། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་སོ་སོ་ལ་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་གོང་བཞིན་བྱིན་གྱིས་བརླབ། ན་མཿ སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱ། སརྦ་ཐཱ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་མཆོད་པ་འབྱུང་བའི་སྔགས་བརྗོད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོའི་བར་དང༌། སྣོད་བཅུད་འཇིག་རྟེན་སྙིང་


GTD006_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཅུད་བསྡུས་པ། །འཆི་མེད་བདུད་རྩིས་སྨན་དང་བཅུད་ལེན་རྫས། །ལེགས་པར་སྦྱར་བའི་ཟས་མཆོག་འདི་འབུལ་གྱི། །ཚེ་དཔལ་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝ་རྟ་ཡ་ཨཱ་ཝ་རྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཞེས་ཕུལ་བ་ལེགས་ཏེ། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འབྱུང་བར་འགྱུར། །གསུངས་པ་བཞིན། ཞིང་ཁྱད་པར་ཅན་ལ་དངོས་པོ་གང་ཕུལ་ཡང་རྟེན་འབྲེལ་གྱིས་དེ་ཉིད་དངོས་གྲུབ་ཀྱི་ཐོག་མར་འབྱུང་བར་གསུངས་པས། འདིར་ཡང་ཚེའི་རྫས་ཕུལ་ན་ཚེའི་དངོས་གྲུབ་འབྱུང་བའི་གནད་ཁྱད་པར་ཅན་ཡོད་དོ། །དེ་ནས། ན་མཿ སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། སརྦ་ཏྲ་སཾ་ཀུ་རུ་མི་ཏ་ཨ་བྷི་ཛྙཱ་རཱ་ཤི་ནི་ན་མཿ སྟུ་ཏེ་སྭཱཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས་ཀྱིས་ཐོག་དྲངས། གང་གི་ཐུགས་རྗེའི་བདུད་རྩིའི་གཟེགས་མ་ཡིས། །དུས་མིན་འཆི་བའི་ཚ་གདུང་འཕྲོག་བྱེད་ཅིང༌། །བདེ་ལེགས་ཀུནྡའི་དགའ་ཚལ་རྒྱས་མཛད་པ། །ཚེ་དཔག་མེད་མགོན་ལྷ་ཚོགས་རྣམས་ལ་འདུད། །རྣམ་འདྲེན་ཀུན་གྱི་སོར་རྟོག་ཡེ་ཤེས་ཀྱི། །རང་མདངས་འོད་མཚན་དྲ་བས་འཁྱུད་པའི་སྐུར། །བཞེངས་པ་ཚེ་དཔག་མེད་མགོན་ཞབས་པད་ལ། །སྒོ་གསུམ་མི་ཕྱེད་དད་པས་མཆོད་ཅིང་བསྟོད། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད། མགོན་པོ་ཚེ་དང་ཡེ་


GTD006_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། བདག་ཅག་དཔོན་སློབ་ཡོན་མཆོད་དང་བཅས་པའི་ཚེ་ཡར་བ་ཉམས་པ་འཐོར་བ་རྣམས་ཚུར་བསྡུས། འཇིག་རྟེན་ཁམས་ཀྱི་འབྱུང་བ་ཆེན་པོའི་བཀྲག་མདངས་དང༌། འཇིག་རྟེན་ཆེ་དགུ་རྣམས་ཀྱི་ཚེ་བསོད་ནམས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མཐའ་དག་བསྡུས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་སྐུ་ལུས་ཀྱི་ནང་ཐམས་ཅད་དང་འོག་གི་བུམ་པ་ཡོངས་སུ་གང༌། བདུད་རྩིའི་གཟེགས་མས་རང་དང་བསྒྲུབ་བྱ་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་ཀྱང་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། དེ་ནས་གཟུངས་རིང་ཚར་རེ་དང་མཆོད་པ་རེ་སྦྲགས་ཏེ་འདོན་བཞིན་པར་སྐོར་བ་བྱེད་ཅིང༌། རྟེན་གྱི་མདུན་དངོས་སུ་སླེབ་པ་ན་སྐོར་བ་གཅིག་གི་ཡུན་ལ་གཟུངས་ཅི་ཙམ་སོང་བའི་གྲངས་ཀྱི་བསྟོད་པ་ཚིགས་བཅད་རེ་ཕྱག་དང་སྦྲགས་པར་བྱེད། སྐོར་བ་གྲངས་མ་འདང་བ་རྣམས་གཞན་གྱིས་བསབ་ཀྱང་རུང༌། གཟུངས་ཀྱི་འགོར། ཨོཾ་ན་མོ་བྷ་ག་ཝ་ཏེ་ཞེས་བརྗོད་པ་ན་ལྷ་ཚོགས་ཡིད་ངོར་འཆར་བ་བྱས་ཏེ་ཐལ་མོ་སྦྱར་ནས་མགོ་དུད་པ་རེ་བྱེད། དེ་ལྟར་སྟོང་གི་གྲངས་ཚང་བ་ན་གཏོར་རིལ་རྣམས་བཅུ་ཚན་དུ་བྱེད་པའམ་སྤུང་གཏོར་བྱས་ལ་བྱིན་གྱིས་བརླབས། བླ་མ་ཡི་དམ་ལྷ་ཚོགས་དང༌། །རྒྱལ་དང་རྒྱལ་སྲས་སློབ་མར་བཅས། །དཔའ་བོ་མཁའ་འགྲོ་ཆོས་སྲུང་རྣམས། །ཡུལ་ལྷ་གཞི་བདག་རིགས་དྲུག་ཚོགས། །གདོན་བགེགས་དང་བཅས་མཆོག་དམན་གྱི། །མགྲོན་རྣམས་མ་ལུས་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་ཨརྒྷཾ་སོགས་


GTD006_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད། སྒྲུབ་པ་པོའི་གྲངས་ཀྱིས་ཨ་ཀཱ་རོ་སྟོང་གིས་གྲངས་བསགས་ཏེ་བསྔོ། མཆོག་དམན་བར་མའི་མགྲོན་རྣམས་ཀུན། །ཟག་མེད་བདུད་རྩིས་ཚིམ་བྱས་པས། །བདག་སོགས་མཁའ་མཉམ་འགྲོ་ཀུན་གྱི། །སྒྲིབ་བྱང་ཚོགས་གཉིས་རྫོགས་གྱུར་ཅིག །བརྒྱ་ཚན་སོ་སོར་བསྔོ་ན་རྗེས་མ་བཤམས་ཏེ། ཨོཾ་ཨཱཿ ཧཱུཾ་གིས་བྱིན་གྱིས་བརླབས་ནས་མཆོད་པ་མན་ཆད་སྔར་བཞིན་བྱ། གཙོ་བོའི་གཏོར་མ་ཆོས་སྐྱོང་གི་གཏོར་མ་སོགས་ཕྱོགས་གཅིག་ཏུ་བྱིན་གྱིས་བརླབས་ལ་མདུན་བསྐྱེད་ཀྱི་མཇུག་ཏུ་འབྱུང་བ་བཞིན་དབུལ། གཞི་བདག་གཏོར་མའི་མཇུག་ཏུ་ཆ་གསུམ་སྤྱི་ལྟར་བསྔོ། འོན་ཀྱང་འབྲེལ་ཁྱད་པར་ཅན་གྱི་ཚེ་ཡི་དྭགས་ནི་བསོད་ནམས་ཤིན་ཏུུ་དམན་པས་དངོས་གྲུབ་སྒྲུབ་པའི་རྟེན་འབྲེལ་ལ་ཅུང་ཟད་འཛེམ་སྟེ་དེའི་གཏོར་མ་མཇུག་ཏུ་མི་སྦྱོར་བ་ཕྱག་ལེན་ཡིན་པས། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་པའི་མཚམས་སུ་འཇོག །གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ་ཚིགས་བཅད་དང་བཅས་པས་གོང་བཞིན་དབུལ། ཉི་གཞོན་འཆར་ཀ་མ་སོགས་བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་དུས་མ་ཡིན་པའི་འཆི་བ་བརྒྱད་སོགས་ཀྱི་འཇིགས་པ་ལས་བསྐྱབས་ཏེ་འཆི་མེད་ཚེའི་རིག་འཛིན་ཐོབ་ཅིང༌། དེ་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་སོགས་རྣམ་དཀར་གྱི་འདོད་


GTD006_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐའ་དག་ཡིད་ཀྱིས་སྨོན་པ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། ཡིག་བརྒྱས་ལྷག་ཆད་བསྐང་ཞིང་ནོངས་པ་བཟོད་པར་གསོལ། སྐུ་དང་དཀྱིལ་འཁོར་སོགས་ཡོད་ན། སྤྱན་དྲངས་པའི་ལྷ་ཚོགས་རྣམས་རྟེན་དང་དབྱེར་མི་ཕྱེད་པར་གྱུར། ཅེས་སུ་པྲ་ཏིཥྛས་བརྟན་བཞུགས་བྱ། མེད་ན། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར། ཅེས་འོད་ཞུ་བྱེད་ཅིང་བཀྲ་ཤིས་པའི་མེ་ཏོག་གིས་ཆར་དབབ་བོ། །དགེ་འདིས་བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང༌། །ས་དབང་སྐུ་ཚེ་ཆབ་སྲིད་དར་བ་དང༌། །ཡུལ་ལྗོངས་དགེ་བཅུའི་དཔལ་གྱིས་འཚོ་བ་ཡིས། །དགེ་ལེགས་སྣང་བས་ནོར་འཛིན་ཁྱབ་གྱུར་ཅིག །ཅེས་མགོན་པོ་ཚེ་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ་འདི་ནི་ས་སྐྱོང་མིའི་དབང་ཕྱུག་ཨོ་ཐོག་ཇོ་ནོང་ཏཱ་པཻ་ལི་བསོད་ནམས་རབ་རྒྱས་དགེ་འདུན་གྱིས་ལྷ་རྫས་མཛོད་བཏགས་གོས་ཆེན་ཡུག་བཅས་བསྐུལ་བ་བཞིན་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རྨད་བྱུང་ཐུགས་རྗེའི་གངས་ཀྱི་རི། །དད་པའི་ཉི་གཞོན་གྱིས་བཞུས་པས། །བྱིན་རླབས་ཆུ་བོའི་རྒྱུན་འབེབས་པ། །སྤྱན་རས་གཟིགས་མགོན་དེ་ཡིས་སྐྱོངས། །འདིར་རང་ཅག་ཁ་བ་ཅན་པ་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་གཅིག་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་བུམ་སྒྲུབ་བྱེད་ཚུལ་ལ་ཐོག་མར་བདག་བསྐྱེད་ནི། སྐྱབས་སེམས་སྔོན་དུ་བཏང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦྦ་དྷརྨྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿ དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས།


GTD006_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་དང༌། གཡོན་འོག་མས་པདྨ་དཀར་པོ་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་ཞིང༌། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་བཛྲ་ས་མ་ཛཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པ་བདུད་རྩིས་གང་བ་ཐོགས་ནས་ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿ ཧཱུཾ། ཞེས་དབང་བསྐུར། ལུས་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་


GTD006_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དྭངས་ཤིང་ཐོགས་པ་མེད་པ་ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ་རྣམ་པ་རང་རང་གི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར། ཨོཾ་ཨཱཿ ཧཱུཾ་གིས་བྱིན་གྱིས་བརླབས་ལ། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧྲཱིཿ དཀར་པོ་གྱེན་དུ་ལངས་པ། དེའི་མཐའ་སྐོར་དུ་ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས། རིགས་དྲུག་གི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཁྱད་པར་དུ་ཨོཾ་ལས་འོད་ཟེར་འཕྲོས་ལྷའི་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། མ་ལས་འོད་ཟེར་འཕྲོས་ལྷ་མ་ཡིན་གྱི་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། ཎི་ལས་འོད་ཟེར་འཕྲོས་མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། པད་ལས་འོད་ཟེར་འཕྲོས་དུད་འགྲོའི་གླེན་ལྐུག་གི་སྡུག་བསྔལ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། མེ་ལས་འོད་ཟེར་འཕྲོས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། ཧཱུཾ་ལས་འོད་ཟེར་འཕྲོས་དམྱལ་བའི་ཚ་གྲང་བཙོ་བསྲེག་གི་སྡུག་བསྔལ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་ནུས་བཟླ། ཡིག་བརྒྱས་ལྷག་ཆད་བསྐངས་ཏེ་མཆོད་


GTD006_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་མདོར་བསྡུས་བྱ། དེ་ནས་བུམ་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བུམ་པའི་ནང་དུ་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་ཧྲཱིཿ དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞེས་པ་ནས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་སོགས་ནས། ཤཔྟའི་བར་གྱིས་མཆོད་ཅེས་པའི་བར་གོང་བཞིན་ནོ། །སྤྲོ་ན་རྒྱལ་བ་རྒྱ་མཚོ་མའི་མཇུག་ཏུ། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་སོགས་སྦྱར་ཏེ་དབུལ། བསྟོད་པ་ནི། དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །ཞེས་པ་ནས། སྙིང་ནས་གཟིགས་ཤིག་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་པའི་བར་རམ། བསྡུ་ན། སྐྱོན་གྱིས་མ་གོས་ཞེས་སོགས་ཀྱིས་བསྟོད། བུམ་པའི་ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿ ཡིག་དཀར་པོ་གྱེན་དུ་ལངས་པ། དེའི་མཐའ་སྐོར་དུ་ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་


GTD006_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་ཡུལ་ལྗོངས་དང་བཅས་པ་ལ་གནོད་པའི་ཕ་རོལ་གྱི་བསམ་ངན་སྦྱོར་རྩུབ། ནད་མུག་འཁྲུག་རྩོད། སད་སེར་ཐན་པ་སོགས་མི་འདོད་ཉེར་འཚེའི་རིགས་མཐའ་དག་དང༌། དེའི་རྒྱུ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ་ཞིང༌། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར་པར་བསམས་ལ། བཟླས་པའི་སྐྱོན་དང་བྲལ་བའི་སྒོ་ནས་མ་ཎི་ཅི་འགྲུབ་བཟླ། ཡིག་བརྒྱ་དང་མཆོད་སྟོད་མདོར་བསྡུས་བྱ། ཐུན་རྗེས་མའི་ཚེ། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཞེས་དང༌། བུམ་པའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་སོགས་སྦྱར་ཏེ་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བྱ། དགུང་ཐུན་ལ་ཡིག་བརྒྱའི་མཇུག་ཏུ། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ། ཨརྒྷཾ་སོགས་ཀྱིས་མཆོད་ཅིང༌། སྐྱོན་གྱིས་མ་གོས་ཞེས་སོགས་ཀྱིས་བསྟོད། རྒྱལ་ཀུན་སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས། །ཁྱོད་མིན་རེ་


GTD006_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱབས་གཞན་མ་མཆིས་པས། །འདི་ཕྱི་བར་དོའི་འཇིགས་པ་ཀུན་བསལ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །ཁྱད་པར་སྔོན་ཚེ་སྲོག་གཅོད་རྐུ་འཕྲོག་སོགས། །བྱས་པའི་འབྲས་བུ་ནད་རིམས་འཁྲུག་རྩོད་དང༌། །སྣོད་བཅུད་གཡང་ཉམས་དབུལ་ཞིང་ཕོངས་པ་སོགས། །རྒུད་པའི་ཉེས་པ་མཐའ་དག་ཞི་བར་མཛོད། །མདོར་ན་ལས་ཉོན་དྲི་མ་ཀུན་བྱང་ནས། །གནས་སྐབས་ཆོས་འབྱོར་ཕུན་སུམ་ཚོགས་པ་དང༌། །མཐར་ཐུག་ངེས་ལེགས་རྒྱལ་བའི་གནས་ཐོབ་སྟེ། །མཁའ་མཉམ་འགྲོ་བ་ཀུན་གྱི་དོན་བྱེད་ཤོག །ཅེས་པ་ལྟ་བུས་སྐབས་ཐོབ་ཀྱི་འདོད་དོན་ལ་གསོལ་བ་གདབ། གང་ཡང་བདག་བློ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། གྲོལ་ཁའི་ཐུན་ལ་དེའི་མཚམས་སུ། བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འཕགས་མཆོག་ཐུགས་རྗེའི་བདུད་རྩིའི་ཆུས། །འགྲོ་བའི་ལས་ཉོན་སྡིག་སྒྲིབ་དང༌། །སྙིགས་མའི་ཚ་གདུང་ཀུན་བཅིལ་ཏེ། །བདེ་ཆེན་དཔལ་ལ་འགོད་གྱུར་ཅིག །ཅེས་པ་འདི་ནི་ཐེ་བོ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་ཀྱིས་གཙོས་ཚོ་པའི་གྲྭ་པ་རྣམས་ཀྱིས་བསྐུལ་བ་བཞིན་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེསྋསྐྱབས་མགོན་མཆོག་གི་གསུང་ལ་གཞི་བྱས་ཏེ་བསྒྲིགས་པའོ།། ༈ ན་མ་སྶྭ་ར་སྭ་སྟྱཻ། སྐྱབས་སེམས་སྔོན་དུ་བཏང་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་


GTD006_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་པད་ཟླའི་སྟེང་དུ་རང་སེམས་ཧྲཱིཾཿ ཡིག་དཀར་པོ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་པི་ཝང་ལྷ་མོ་དབྱངས་ཅན་མ་དཀར་མོ་ཞི་ཞིང་འཛུམ་པའི་ཉམས་ཅན། ལང་ཚོ་རྒྱས་ཤིང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཙོག་པུའི་སྟབས་ཀྱིས་བཞུགས་ཏེ་ཕྱག་གཉིས་ཀྱིས་བཻ་ཌཱུརྱའི་རྒྱུད་མངས་བསྒྲེངས་ཤིང་ཟུར་མིག་གཡོ་བ། དེའི་ཐུགས་ཀར་སྲོག་གི་ངོ་བོ་ཨཾ་དཀར་པོའི་ནཱ་ད་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ལྷ་མོ་དབྱངས་ཅན་མའི་ཐུགས་ཀ་ནས་ཤེས་རབ་ཀྱི་འཁོར་ལོ་བཀུག་སྟེ་རང་གི་སྙིང་གའི་ཨཾ་ལ་བསྟིམ། དེ་ཡོངས་སུ་གྱུར་པ་ལས་རང་གི་སྙིང་གའི་ཤེས་རབ་ཀྱི་འཁོར་ལོ་པད་དཀར་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿ ཡིག་དང༌། འདབ་མ་བརྒྱད་ལ་དབྱངས་བཅུ་དྲུག་གིས་མཚན་པ་ལས་འོད་ཟེར་འཕྲོས་ཏེ་ལུས་ཀྱི་ནང་གང༌། མི་ཤེས་པའི་མུན་པ་ཐམས་ཅད་སངས། ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར་པར་བསམས་ལ། ཧྲཱིཾ་ཞེས་ཅི་ནུས་བཟླ། ཡིག་བརྒྱས་ལྷག་ཆད་བསྐངས། རང་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་སྐུར་གྱུར་པར་བསམས་ལ་བསྔོ་བའི་མཚམས་སྦྱོར་བྱ། མཇུག་ཏུ་གཏོར་མ་འབུལ་བར་འདོད་ན། བསང་སྦྱངས། བདུད་རྩིར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་ནས་ལྷ་མོ་དབྱངས་ཅན་མ་སྤྱན་དྲངས་ལ། ཨ་ཀཱ་རོ་ལན་གསུམ་གྱིས་དབུལ། སྭ་ར་སྭ་སྟི་ཨརྒྷཾ་སོགས་ཀྱིས་མཆོད། མ་ལུས་རྒྱལ་བ་སྐྱེད་མཛད་ཅིང༌། །མི་ཟད་ངག་གི་དཔལ་སྟེར་མ། །དབྱངས་
ཅན་ལྷ་མོས་རྗེས་གཟུང་སྟེ། །བློ་གྲོས་སྣང་བ་སྩལ་ཏུ་གསོལ། །ཞེས་གསོལ་བ་བཏབ་སྟེ་མདུན་གྱི་ལྷ་མོ་རང་ལ་ཐིམ་པར་བསམས་ཤིང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདིའང་མཁར་སྔོན་ཐུ་མེད་ཤོག་ནས་དད་ལྡན་འཇིགས་མེད་དར་རྒྱས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousམགོན་པོ་ཚེ་དཔག་མེད་ལ་སྟོང་མཆོད་འབུལ་ཚུལ།next