Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས།
   
   
   
   


 
previousརྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས།next

རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས།


GTD006_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་བཞུགས་སོ། །རང་བཞིན་སྤྲོས་བྲལ་དབྱིངས་སུ་པད་ཉི་ལ། །རང་སེམས་ཧྲཱིཿ ཡིག་འོད་ཀྱི་འཕྲོ་འདུ་ལས། །ཁྲོ་རྒྱལ་རྟ་མགྲིན་དམར་པོ་དབང་གི་ལྷ། །དམར་ལྗང་དཀར་བའི་ཞལ་གསུམ་ཁྲོ་གཉེར་གཡོ། །གསུམ་གསུམ་སྤྱན་གྱི་གློག་དམར་དྲག་ཏུ་འཁྱུག །མཆེ་བ་རབ་དཀར་ཏི་སེའི་གངས་ཀྱི་རིའི། །ཁོངས་ལས་གདུག་པའི་ཁྲག་གི་གངྒཱ་འབབ། །གཡས་ཀྱིས་རྡོ་རྗེ་རྩེ་གསུམ་རལ་གྲི་འབར། །གཡོན་པས་སྡིགས་མཛུབ་མདུང་དང་ཞགས་པ་འཛིན། །སྐམ་རློན་མགོ་འཕྲེང་རུས་པའི་རྒྱན་མང་འཁྲོལ། །སྟེང་ན་ཧ་ཧར་བཞད་པའི་རྟ་ལྗང་གི །ཞལ་གསུམ་ཕྱོགས་སུ་རྔམ་པས་སྲིད་གསུམ་གཡོ། །བརྐྱང་བསྐུམ་ཞབས་བརྒྱད་བརྡབ་པས་ཀླུ་ཆེན་འདུལ། །མེ་རླུང་འཁྲུགས་པའི་ཀློང་ན་བཞུགས་པ་ཡི། །གནས་གསུམ་ཡི་གེ་གསུམ་མཚན་ས་བོན་གྱིས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །དམ་ཡེ་གཅིག་གྱུར་དབང་ལྷས་དབང་བསྐུར་ཅིང༌། །ཆུ་ཡི་ལྷག་མ་སྤྱི་བོར་འཁྱིལ་པ་ལས། །ཆོས་སྐུ་ཡེ་ཤེས་འོད་མཐའ་ཡས་པའི་ངང༌། །ལོངས་སྐུ་དབང་ཆེན་ལྷ་དང་དབྱེར་མེད་པའི། །རྩ་བའི་བླ་མ་སྤྲུལ་སྐུའི་རྣམ་པ་ཅན། །མཉམ་


GTD006_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ཕྱག་རྒྱས་བདུད་རྩིའི་ལྷུང་བཟེད་བསྣམས། །སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པས་དབུ་བརྒྱན་ཅིང༌། །དེ་ཡི་ཐུགས་ཀར་ཧྲཱིཿ ལ་སྔགས་གསུམ་གྱིས། །བསྐོར་བ་ལས་བབས་བདུད་རྩིའི་ཆུ་རྒྱུན་གྱིས། །སྡིག་སྒྲིབ་ནད་གདོན་ཚེ་ཡི་བར་ཆད་སོགས། །ཉེས་ཀུན་ལྷག་མེད་བྱང་ཞིང་བླ་མ་ལྷའི། །བྱིན་རླབས་དངོས་གྲུབ་མ་ལུས་ཐོབ་པར་གྱུར། །ཅེས་བསམ་ཞིང་ཚེ་གཟུངས་རིང་ཐུང༌། རྟ་མགྲིན་གྱི་སྔགས། བླ་མའི་མཚན་སྔགས་རྣམས་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། མདུན་དུ་བདེ་སྟོང་ཡེ་ཤེས་རང་བཞིན་གྱི། །མཆོད་རྫས་ཟག་མེད་བདེ་སྟེར་སྤྲིན་འཁྲིགས་པས། །པདྨ་དབང་གི་ལྷ་མཆོག་དགྱེས་གྱུར་ཏེ། །དོན་གཉིས་དངོས་གྲུབ་མ་ལུས་སྩོལ་གྱུར་ཅིག །ཉེར་ཞིའི་དབྱིངས་སུ་ཁྲོ་བ་མི་མངའ་ཡང༌། །ཁྲོས་པའི་གར་གྱིས་བདུད་སྡེ་ཕྱེ་མར་བརླག །རྣལ་འབྱོར་དམ་ཚིག་ལྡན་པའི་སྐྱབས་ཀྱི་མཆོག །བཅོམ་ལྡན་ཁྲོ་བོའི་དབང་པོ་ཁྱོད་ལ་བསྟོད། །བདག་གིས་ཁྱོད་ཞབས་པདྨོ་གུས་བསྟེན་ནས། །རྩེ་གཅིག་རེ་བའི་ཡིད་ཀྱིས་གསོལ་འདེབས་ན། །དམ་ཆོས་སྒྲུབ་པའི་བར་ཆད་ཀུན་སེལ་ཞིང༌། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། །དེ་ནས་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས། །རང་སྒྲ་འབྲུག་ལྟར་སྒྲོགས་ཤིང་འོད་ཟེར་དང༌། །ཞི་ཁྲོ་སྤྲུལ་པ་དཔག་མེད་འཕྲོ་བ་ཡིས། །དོན་གཉིས་ལས་བཞི་མཐའ་དག་སྒྲུབ་པར་གྱུར། །ཅེས་རྩ་སྔགས་བཟླ་ཞིང་དེའི་ཚེ་རེ་ཞིག་བར་དུ་རྒྱལ་བ་སྲས་བཅས་མཆོད་ནས་བྱིན་རླབས་བསྡུས་ཏེ་ཞུགས་པས་ཉེས་ཚོགས་མཐའ་དག་བྱང་ཞིང༌། དེ་དག་གི་བྱིན་


GTD006_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ནུས་མཐུ་ཐམས་ཅད་ཐོབ་པར་བསམ་པ་རང་དོན་བྱིན་རླབས་བསྡུ་བའི་དམིགས་པ་གཙོ་བོར་བྱ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་གཞན་དོན་འཕྲིན་ལས་ཀྱི་དམིགས་པ་བྱ། དེ་ནས་ཁྲོ་ཆུང་དང་མེ་དཔུང་སྤྲོས་ཏེ་གདོན་བགེགས་ཐམས་ཅད་བསྲེག་པ་གནོད་བྱེད་ཚར་གཅོད་པའི་དམིགས་པ་བྱའོ། །སྤྱིར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞི་དང༌། བསྙེན་སོགས་བཞི། ལས་བཞི་སོགས་བསྙེན་དམིགས་མང་དུ་བཤད་ཀྱང་རྩ་བ་འདི་གསུམ་དུ་འདུས་སོ། །ཐུན་གྱི་མཐར། ཨོཾ་བཛྲ་ཏུན་བྷྱོཿ ཏྲིག་ནན་ཛཿ ཛཿ ས་མ་ཡ་སྟྭཾ། ཞེས་སྡེ་བརྒྱད་དབང་སྡུད་དམ། གཤེད་འབེབས་ཀྱི་སྔགས་ཉེར་གཅིག་ཙམ་རེ་བཟླ་ཞིང༌། དེའི་ཚེ་རང་ཉིད་ལྷའི་ང་རྒྱལ་ལྷག་པར་ཤུགས་དྲག་ཏུ་བསྐྱེད་ལ། རང་གི་སྙིང་ག་ནས་འོད་ཟེར་དྲག་ཅིང་རྩུབ་པ་དཔག་ཏུ་མེད་པ་སྤྲོས་ཏེ་སྡེ་བརྒྱད་སོ་སོའི་མཐུ་སྟོབས་ནུས་པ་རྣམས་རང་རང་གི་ས་བོན་གྱི་རྣམ་པར་སྡུད་ཅིང༌། དེའང་ལྷའི་ཨ་དཀར་པོ། གཤིན་རྗེའི་ཡ། མ་མོའི་མ། བདུད་ཀྱི་དུ་གསུམ་ནག་པོ། གཟའི་རུ་ཁྲ་བོ། བཙན་དང་རྒྱལ་པོའི་ཙ་དམར་པོ། གནོད་སྦྱིན་དང་སྲིན་པོའི་ཤ་སེར་པོ། ཀླུ་དང་ས་བདག་གི་ན་སྔོ་སྐྱ་དང༌། གནོད་བྱེད་རིགས་གང་ཡིན་ངོས་མི་ཟིན་པ་ལ་སྤྱིའི་སྲོག་ཡིག་པྲེ་ཡིག་གི་རྣམ་པར་བསྡུས་ཏེ་རང་གི་ཞབས་འོག་ཏུ་གདན་ལ་སིབ་སིབ་ཐིམ་པར་བསམས། ཡང་གནོད་བྱེད་ཤིན་ཏུ་རྩུབ་པ་རྣམས་ཀྱི་སྙིང་ག་ནས་རང་རང་གི་དྭངས་མའི་ཚེ་སྲོག་ས་བོན་གྱི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པར་བསམ་པས་གནོད་བྱེད་སྒྲོལ་བ་དང༌། དེའི་ཚེ་བཅུད་རང་གིས་ཐོབ་པའི་དགོས་པ་ཁྱད་པར་ཅན་ཡོད་པར་གསུང༌། ལས་སྔགས་མི་འདྲ་བ་ཅི་རིགས་འབྱུང་བས། ༸རྒྱལ་དབང་གི་གསུང་ལྟར་ན། ས་མ་ཡ་ཛཿ ས་མ་ཡ་བཟློག །ས་མ་ཡ་བྷྱོཿ ས་མ་ཡ་གཏུབས། ས་མ་ཡ་བྱེར།


GTD006_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་རྦད། ས་མ་ཡ་རྦད་རྦུད། ཕཊ་ཡ་འབྱུང་པོ་མཱ་ར་ཡ་ཛཿ ཛཿ ཞེས་པ་འདི་ཡིན་ལ། རྒྱལ་བ་དགེ་འདུན་རྒྱ་མཚོས། ཨོཾ་ཧ་ཤ་ཏྲིག་ཏྲིག་ནན། ཏྲིག་ཧུར་ཐུཾ་ཛཿ མཱ་ར་ཡ་ཕཊ། ཨོཾ་རུ་ཏྲིག་ཏྲིག །རུ་ཏྲིག་ཏྲིག་ནན། ཏྲིག་ཧུར་ཐུཾ་ཛཿ མཱ་ར་ཡ་ཕཊ། ཅེས་པ་འདི་ལས་སྔགས་སུ་མཛད་པས་རང་གི་མོས་པ་དང་བསྟུན་ཏེ་རྩ་སྔགས་དང་སྡུད་སྔགས་ཀྱི་བསྙེན་པའི་རྗེས་སུ་འདི་གཉིས་གང་རུང་བཟླ་ཞིང༌། དེའི་ཚེ་དམིགས་པ་ནི་གནོད་བྱེད་དེ་ཉིད་རང་གི་མདུན་དུ་བཀུག་པའི་སྙིང་གར་བྷྲུཾ་དམར་པོ་ལས་མཚོན་ཆའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཁ་དོག་དམར་པོ་རྣོ་ངར་དང་ལྡན་པ་གཅིག་ཏུ་གྱུར་ཏེ་གཡོན་སྐོར་དུ་དྲག་ཏུ་འཁོར་བས་གནོད་བྱེད་ཀྱི་སྲོག་རྩ་ནང་ཁྲོལ་དང་བཅས་པ་ཐམས་ཅད་ཉལ་ཉིལ་བཅད་ཅིང་གཏུབས་ནས་ཐལ་བར་བརླག་པར་བསམས། བྱད་ཕུར་གྱི་ལྟས་སོགས་ལ་བཟློག་པ་གཙོ་བོར་བྱེད་དགོས་པ་བྱུང་ན། རྩ་སྔགས་ཀྱི་མཇུག་ཏུ། ཕ་རོལ་གྱི་བྱད་མ་རྦོད་གཏོང་དང་བཅས་པ་ཝ་ར་ཡ་ཕཊ། ཅེས་སྤེལ་ཚིག་བཏགས་ནས་བཟླ་ཞིང་ཐལ་མོ་བརྡེབ། བླ་མ་ཡི་དམ་མཆོག་གསུམ་དང༌། །པདྨ་དབང་ཆེན་བདེན་སྟོབས་ཀྱིས། །རྣལ་འབྱོར་བདག་ཅག་ཡོན་མཆོད་ལ། །གནོད་ཅིང་འཚེ་བ་ཐམས་ཅད་བཟློག །གདོན་དང་བགེགས་ཀྱི་དཔུང་ཚོགས་བཟློག །ནད་རིམས་དུས་མིན་འཆི་བ་བཟློག །འཐབ་རྩོད་ཁ་སྨྲས་གླེང་གཞི་བཟློག །རྨི་ལམ་མཚན་ལྟས་ངན་པ་བཟློག །ཕ་རོལ་བྱད་ཁ་ཕུར་ཁ་བཟློག །རྒྱལ་འགོང་དམ་སྲིའི་ཆོ་འཕྲུལ་བཟློག །མདོར་ན་འགལ་རྐྱེན་བར་ཆད་ཚོགས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ །ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ །མཐུན་པའི་དངོས་
གྲུབ་མ་ལུས་པ། །ནས། རྒྱས་པར་མཛོད་ཅིག་ཁྲོ་བོའི་རྒྱལ། །དེ་ནས་རང་གི་སྤྱི་བོའི་བླ་མ་ལྷ། །འོད་ཞུ་རང་གི་སེམས་དང་དབྱེར་མེད་གྱུར། །ཡེ་ཤེས་སེམས་དཔའ་རང་བཞིན་གནས་སུ་གཤེགས། །རང་ཉིད་རྟ་མགྲིན་ཕྱག་གཉིས་རྣམ་པར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །རྟ་མཆོག་རོལ་པ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཟློག་པ་མི་བྱེད་ན་བཟླས་པའི་འཕྲོར་སྤྱི་བོའི་བླ་མ་བསྟིམ་པ་སོགས་བྱས་ཏེ་བསྔོ་བས་རྒྱས་གདབ་བོ། །ཞེས་པ་འདི་ནི་དུར་པིན་ཁུའུ་ཁེང་རཱ་ཝང་གི་ཤོག་ནས་ལྷག་བསམ་རྣམ་དཔྱོད་ཡངས་པ་གུ་ཤྲཱི་བློ་བཟང་ཆོས་གྲགས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousརྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས།next