Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཁོར་ཆེན་མངོན་རྟོགས།
   
   
   


 
previousའཁོར་ཆེན་མངོན་རྟོགས།next

འཁོར་ཆེན་མངོན་རྟོགས།


GTD006_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཆེན་མངོན་རྟོགས་བཞུགས་སོ། །སྟོབས་བཅུ་མངའ་བ་ཀུན་གྱི་མཐུ་དང་སྟོབས། །ཆེས་ཆེར་གཏུམ་པོའི་གར་མཛད་ཁྲོ་བོ་ཆེ། །རྣམ་ཀུན་གཙུག་གིས་བསྟེན་ནོ་བདག་སོགས་རྣམས། །རྗེས་ཆགས་སྙིང་རྗེས་འབྲལ་མེད་རྗེས་སུ་སྐྱོངས། །དེའང་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་མངོན་རྟོགས་མདོར་བསྡུས་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས་སྐྱབས་སེམས་སྔོན་དུ་བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཚངས་པ་དཀར་པོ་མགོ་གཡས་སུ་བསྟན་ཏེ་ཁ་སྦུབ་ཏུ་བསྒྱེལ་བའི་སྲོག་ཕྲག་ཏུ་ཉི་མ། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ནག །དེ་ལས་འོད་ཟེར་འཕྲོས། བདུད་དང་


GTD006_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འདྲེན་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་བཅས་ཀྱི་མཐུ་སྟོབས་ནུས་པ་མ་ལུས་པ་གཅིག་ཏུ་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་མཐིང་ག །གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། ཁྲོ་གཉེར་སྨིན་ཕྲག་ཏུ་བསྡུས་ཤིང༌། སྤྱན་རྣམས་དམར་ལ་ཟླུམ་པ། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་མི་བསྐྱོད་པའི་དབུ་རྒྱན་ཅན། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང༌། གཡོན་དང་པོས་སྡིགས་མཛུབ་མཛད་པ། བར་པ་གཉིས་ཐལ་མོའི་སྒྲ་བསྒྲག་ཅིང་ཡུམ་ལ་འཁྱུད་པ། ཐ་མ་གཉིས་ཀྱིས་ཀླུ་སྟོབས་རྒྱུ་དང་རིགས་ལྡན་ནག་པོའི་རྐེད་པ་ནས་བཟུང་སྟེ་མགོ་བོ་ཞལ་དུ་གསོལ་ཞིང་མཇུག་མ་ཞབས་འོག་ཏུ་མནན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་རིགས་བཞིས་སྐུ་ལ་བརྒྱན་པ། དེའི་པང་ན་ཡུམ་ལྷ་མོ་མཛེས་ལྡན་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། རལ་པ་ཁམ་སེར་ཕྱེད་བཅིངས་སུ་བྱས་ཤིང༌། དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་ཅིང༌། ཞབས་གཡས་བརྐྱང་ཞིང་གཡོན་པས་ཡབ་ལ་འཁྱུད་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་


GTD006_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་སྤྱན་མ་ལ་སོགས་པའི་དབང་གི་ལྷ་རྣམས་སྤྱན་དྲངས། བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་བསང་སྦྱངས། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པའི་ནང་དུ་ཧཱུཾ་ཞུ་བ་ལས་རང་བཞིན་བདེ་སྟོང༌། རྣམ་པ་མཆོད་རྫས་སྣ་ཚོགས་པ། བྱེད་ལས་ཟག་མེད་ཀྱི་བདེ་བ་སྟེར་བའི་ཁྱད་པར་གསུམ་དང་ལྡན་པར་གྱུར། ཨོཾ་ཨཱཿ ཧཱུཾ། ལན་གསུམ་དང༌། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ། ནས་ཨོཾ་ཤཔྟ་ཨཱཿ ཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། ཨོཾ་བཛྲ་པཱ་ཎི་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད། ཨོཾ་ཨཱཿ ཧཱུཾ་བཏགས་ལ་ནང་མཆོད་དབུལ། ཐབས་དང་ཤེས་རབ་གཉིས་མེད་པའི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པའི། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། །རང་གི་ཐུགས་ཀར་ཧཱུཾ་ཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས་འོད་ཟེར་དུས་མཐའི་མེ་འོད་ལྟ་བུ་འཕྲོས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། གདོན་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མ་ལུས་པར་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམས་ལ། ཨོཾ་ནཱི་ལཱཾ་བ་ར་དྷཱ་ར་བཛྲ་


GTD006_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཎི་ཧྲྀ་ད་ཡ་མཧཱ་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་སྙིང་པོ་ཡི་གེ་ཉེར་གཅིག་པ་གཙོ་བོར་བཟླ། ཤེས་ཤིང་སྤྲོ་ན། ཏདྱ་ཐཱ། བྷོ་བྷོ་བན་ཞེས་སོགས་རྩ་སྔགས་ཀྱང་ཅི་འགྲུབ་བཟླ། ཡིག་བརྒྱས་ལྷག་ཆད་བསྐང༌། གཏོར་མ་འབུལ་བར་འདོད་ན་བསང་སྦྱངས། སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དེའི་སྟེང་དུ་ཨོཾ་ཨཱཿ ཧཱུཾ་གིས་མཚན་པ་ཞུ་བ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿ ཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་འཁོར་ལོ་ཆེན་པོའི་ལྷ་ཚོགས། ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག་དང་བཅས་པ་སྤྱན་དྲངས། མགྲོན་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། སྙིང་པོ་ལ་ཨི་དཾ་བ་ལིཾ་ཏ་བཏགས་པས་ཡི་དམ་དང༌། ཨ་ཀཱ་རོས་ཆོས་སྐྱོང༌། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་སམྦྷ་ར་ཧཱུཾ་གིས་གཞི་བདག་ལ་དབུལ། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨཱཿ ཧཱུཾ་བཏགས་ལ་ནང་མཆོད་དབུལ། གསང་བའི་བདག་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྱི་ནང་བར་ཆད་ཀུན་ཞི་ཞིང༌། །འདོད་དོན་མ་ལུས་གྲུབ་པར་མཛོད། །ཨོཾ་ཨཱཿ ཧཱུཾ་མུཿ གཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། སླར་ཡང་བདག་བསྐྱེད་ལ་མཆོད་བསྟོད་སྔར་བཞིན་དང༌། ཡིག་བརྒྱས་ལྷག་ཆད་བསྐང༌། ནོངས་པ་བཟོད་པར་གསོལ་ཞིང༌། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམས་ཏེ་བསྔོ་བ་དང་བཀྲ་ཤིས་ཀྱིས་མཐའ་
བརྒྱན་པར་བྱའོ། །ཞེས་པ་འདི་ནི་ཧལ་ཧ་ཁུ་རེ་ཆེན་མོའི་གྲྭ་རིགས་དད་བརྩོན་ལྡན་པ་དགེ་སློང་བློ་བཟང་ཚུལ་ཁྲིམས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousའཁོར་ཆེན་མངོན་རྟོགས།next