Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲག་པོ་སུམ་དྲིལ་གྱི་མངོན་རྟོགས།
   
   


 
previousདྲག་པོ་སུམ་དྲིལ་གྱི་མངོན་རྟོགས།next

དྲག་པོ་སུམ་དྲིལ་གྱི་མངོན་རྟོགས།


GTD006_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་སུམ་དྲིལ་གྱི་མངོན་རྟོགས་བཞུགས་སོ། །ན་མོ་གུ་རུ་བཛྲ་པཱ་ཎ་ཡ། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་སེམས་ཧཱུཾ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་རིགས་ཐམས་ཅད་འདུས་པའི་ངོ་བོ་ཕྱག་ན་རྡོ་རྗེ་གཡས་རྡོ་རྗེ་འཕྱར་ཞིང༌། གཡོན་སྡིགས་མཛུབ་གདེངས་པས་སྟེང་གདོན་གཟའི་གནོད་པ་ཐམས་ཅད་ཟློག་པར་མཛད་པ། ཁྲོ་བོའི་ཉམས་ཐམས་ཅད་རྫོགས་ཤིང་བརྐྱང་བསྐུམ་གྱི་སྟབས་ཀྱིས་བཞུགས་པ། དེའི་སྤྱི་བོར་པདྨའི་རིགས་ཐམས་ཅད་ཀྱི་ངོ་བོ་རྟ་ཞལ་ལྗང་ནག་རྔོག་མའི་གསེབ་ནས་མེ་མདག་འཕྲོ་ཞིང་རྟ་སྐད་དྲག་ཏུ་བཞད་པས་བར་གདོན་གཙན་དང་རྒྱལ་པོ་ཐམས་ཅད་བྱེར་བར་མཛད་པ། དེའི་སྤྱི་བོར་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ངོ་བོ་བྱ་ཁྱུང་ག་རུ་ཊ་དཀར་པོ་སྦྲུལ་ཟ་ཞིང་གནམ་ལྕགས་ཀྱི་མཆུ་སྡེར་དང་སྒྲོ་གཤོག་ཅན་འོག་གདོན་ཀླུའི་རིགས་ཐམས་ཅད་འདུལ་བར་མཛད་པ། དེའི་སྤྱི་བོར་ཨོཾ། རྟ་ཞལ་གྱི་མགྲིན་པར་ཨཱཿ ཕྱག་རྡོར་གྱི་ཐུགས་ཀར་ཧཱུཾ། དེ་གསུམ་ལས་འོད་ཟེར་འཕྲོས་པས། རིམ་པ་བཞིན་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་སྤྱན་དྲངས། སྐུའི་ཆ་ཐམས་ཅད་ནས་སིབ་ཀྱིས་ཐིམ་པས་གཉེན་པོ་ལྷ་གསུམ་འདུས་པའི་བདག་ཉིད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་ལྷ་


GTD006_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ཏེ་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་པཱ་ཎི་ཨརྒྷཾ་སོགས་ཀྱིས་མཆོད། དུག་གསུམ་རང་མདངས་གདོན་གསུམ་འདུལ་བའི་ཕྱིར། །རིགས་གསུམ་ལྷ་ཚོགས་སྐུ་གསུང་ཐུགས་གསུམ་གྱི། །གསང་གསུམ་སྒྱུ་འཕྲུལ་གཉེན་པོ་ལྷ་གསུམ་དུ། །ཤར་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །རང་གི་ཐུགས་ཀར་ཉི་མ་ལ་ཧཱུཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་མེའི་ཚ་ཚ་དཔག་ཏུ་མེད་པ་སྤྲོས། གནོད་བྱེད་གདོན་གསུམ་ཚར་བཅད། མེ་དཔུང་འབར་བའི་རྭ་གུར་གྱིས་ཡོངས་སུ་བསྐོར་ཅིང་སྔགས་ཀྱི་རང་སྒྲ་དྲག་པོ་ས་གསུམ་དུ་ཁྱབ་པར་གྱུར། ཨོཾ་བཛྲ་པཱ་ཎི་ཧ་ཡ་གྲཱི་ཝ་ག་རུ་ཎ་ཧཱུཾ་ཕཊ། ཅེས་བཟླ། ཡིག་བརྒྱས་ལྷག་ཆད་བསྐང་ཞིང་མཆོད་བསྟོད་བསྔོ་བ་སྤྱི་ལྟར་བྱ། འདི་ནི་དད་བརྩོན་ལྡན་པ་བདེ་ཚང་དཔོན་པོ་དཀོན་མཆོག་དཔལ་ལྡན་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ རང་བཞིན་སྤྲོས་བྲལ་སྟོང་པའི་ངང་ཉིད་ལས། །སྟོབས་ལྡན་གླང་པོས་གཏེག་པའི་རིན་ཆེན་ཁྲི། །པདྨ་ཟླ་བའི་གདན་དང་བཅས་པའི་སྟེང༌། །རང་གི་སེམས་ཉིད་ཧཱུཾ་དང་རྡོ་རྗེ་ལས། །བཅོམ་ལྡན་མི་འཁྲུགས་མགོན་པོ་སྐུ་མདོག་སྔོ། །ཐུན་མཚམས་གོས་གྱོན་བཻ་ཌཱུར་རི་བོ་བཞིན། །མཚན་དཔེའི་དཔལ་འབར་ས་གནོན་མཉམ་གཞག་གིས། །དྲི་མེད་གསེར་གྱི་རྡོ་རྗེ་རྩེ་ལྔ་བསྣམས། །གནས་གསུམ་ཡི་གེས་མཚན་པའི་ཧཱུཾ་ཡིག་ལས། །འོད་འཕྲོས་ཤར་ཕྱོགས་མངོན་པར་དགའ་བ་ནས། །སྲས་བཅས་རྒྱལ་བས་བསྐོར་བའི་མི་འཁྲུགས་མགོན། །


GTD006_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་མདུན་གྱི་ནམ་མཁའ་བཞུགས་པར་གྱུར། །ཀུན་བཟང་སྨོན་པའི་མཐུ་ལས་བྱུང་བ་ཡི། །ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །རིན་ཆེན་བདུན་སོགས་རབ་འབྱམས་མཆོད་པའི་ཚོགས། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཐོག་མ་མེད་ནས་བསགས་པའི་ཉེས་ཀུན་དང༌། །ཁྱད་པར་སྡོམ་གསུམ་བཅས་འགལ་ལྟུང་བ་ཀུན། །སྙིང་ནས་མཐོལ་ལོ་ལྷག་མེད་བྱང་གྱུར་ཏེ། །ཚུལ་ཁྲིམས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་ཡེ་ཤེས་པ། །མཐའ་དག་རང་ལ་ཐིམ་ཞིང་རང་ཉིད་ཀྱི། །སྙིང་གར་ས་བོན་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ་པར་སྤྲོས། །མ་ལུས་འགྲོ་བའི་ཉེས་ལྟུང་ལྷག་མེད་དུ། །སྦྱངས་ནས་མི་འཁྲུགས་གོ་འཕང་ལ་བཀོད་ཅིང༌། །རྒྱལ་ཀུན་བྱིན་རླབས་སྔགས་འཕྲེང་ལ་བསྡུས་པའི། །བདུད་རྩིའི་རྒྱུན་གྱིས་ལུས་ཀུན་གང་བར་གྱུར། །ཅེས་སྤྲོ་བསྡུའི་དམིགས་པ་དང་བཅས་ཀཾ་ཀ་ནི་བཟླ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང༌། ཚུལ་ཁྲིམས་དག་པའི་རང་འོད་འབར་བའི་སྐུ། །ཚུལ་འཆལ་ཉེས་ལྟུང་དྲི་མ་འཁྲུད་པའི་གསུང༌། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྫོགས་པའི་ཐུགས། །མི་འཁྲུགས་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ། །འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །མངོན་དགའི་ཞིང་ངམ་ནུབ་ཕྱོགས་བདེ་ལྡན་དུ། །འདབ་སྟོང་པདྨའི་སྙིང་པོ་ལས་སྐྱེས་ནས། །རྒྱལ་བ་སྲས་བཅས་དགྱེས་པ་སྐྱེད་གྱུར་ཅིག །གསུང་གི་བདུད་རྩིས་བློ་གྲོས་ལུས་རྒྱས་ཏེ། །མདོ་སྔགས་


GTD006_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །མཐའ་དག་བདུད་བཞིའི་གཡུལ་ངོ་ལས་རྒྱལ་བ། །མི་བསྐྱོད་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་ནམ་མཁས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །། ༈ ན་མོ་མཻ་ཏྲི་ཡ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་མེ་ཡིག་སེར་པོ་དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་བྱམས་པ་མགོན་པོ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་དེ་ཀླུ་ཤིང་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པའི་གཡས་འཁོར་ལོ་དང་གཡོན་སྤྱི་བླུགས་ཀྱིས་མཚན་པ། རིན་པོ་ཆེའི་དབུ་རྒྱན་དང༌། ལྷའི་གོས་ཀྱི་ན་བཟའ་ཅན་མཚན་དཔེས་སྤྲས་ཤིང༌། བཟང་པོའི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དགའ་ལྡན་ནས་བྱམས་མགོན་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར། ཨཱརྱ་མཻ་ཏྲི་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཤྲཱི་ཡེ་ཧཱུཾ། བྱམས་ཆེན་མེ་ཡིས་ཞེས་སོགས་ཀྱིས་བསྟོད། ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ། རང་གི་སྤྱི་བོ་ནས་ཞུགས་པས་སྒོ་གསུམ་གྱི་དྲི་མ་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པར་གྱུར། བྱམས་
པས་དམ་བཅའི་གཟུངས་དང༌། ཨོཾ་མཻཾ་མཻ་ཏྲི་ཡེ་སྭཱཧཱ། ཞེས་ཅི་མང་བཟླ། བསྟོད་པ་རྒྱས་བསྡུས་ཅི་རིགས་ཀྱི་མཐར། རྗེ་བཙུན་བྱམས་པ་མགོན་པོ་ཐུགས་རྗེའི་གཏེར། །མགོན་མེད་ཉམ་ཐག་བདག་གི་མགོན་མཛོད་ལ། །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ནམ་ཡང་འབྲལ་མེད་རྗེས་སུ་གཟུང་དུ་གསོལ། །རྣམ་དག་ཚུལ་ཁྲིམས་ངེས་འབྱུང་བྱང་ཆུབ་སེམས། །རྒྱ་ཆེན་གཞུང་དོན་འབྱེད་པའི་ཤེས་རབ་སོགས། །ལུང་རྟོགས་ཡོན་ཏན་མ་ལུས་ལྷུན་རྫོགས་ཏེ། །ཐོས་བསམ་སྒོམ་པའི་ཕ་རོལ་སོན་པར་ཤོག །ཁྱད་པར་སྐྱེས་བུ་ཚེ་ལོ་བརྒྱད་ཁྲིའི་ཚེ། །བྱམས་མགོན་རྒྱལ་བའི་ཉི་མ་ཤར་བ་ན། །ཐོག་མ་ཁོ་ནར་བདག་བློ་འདབ་བརྒྱའི་ཁ། །ཕྱེ་ནས་ལམ་བཟང་འབྲས་བུ་སྨིན་པར་ཤོག །འདིར་མཚོན་དགེ་བས་བདག་གཞན་འགྲོ་བ་ཀུན། །ཞེས་སོགས་བསྔོ་བས་མཚམས་སྦྱར་ཏེ་རང་ལ་ཐིམ་པར་བསམ་པའམ། ཡང་ན་རྒྱུན་དུ་བཞུགས་ཏེ་རང་གི་སྐྱོར་སྦྱངས་སོགས་བྱེད་པའི་ཚེ་ཡང་བྱམས་མགོན་གྱི་གསུང་ལྷང་ལྷང་འཆད་པའི་རྗེས་སུ་ཟློས་པར་མོས་ན་བྱིན་རླབས་མྱུར་ཤིང༌། ཆོས་ཀྱིས་རྒྱུད་ལ་ཕན་ཆེ་བར་གསུངས་པས་དེ་ལྟར་བྱའོ། །ཞེས་པ་འདི་ནི་དད་ལྡན་དགེ་སློང་དཀོན་མཆོག་ཆོས་བཟང་གིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།


previousདྲག་པོ་སུམ་དྲིལ་གྱི་མངོན་རྟོགས།next