Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དབྱངས་དཀར་པོའི་མངོན་རྟོགས་བློ་གྲོས་མཆོག་སྦྱིན།
   


 
previousའཇམ་དབྱངས་དཀར་པོའི་མངོན་རྟོགས་བློ་གྲོས་མཆོག་སྦྱིན།next

འཇམ་དབྱངས་དཀར་པོའི་མངོན་རྟོགས་བློ་གྲོས་མཆོག་སྦྱིན།


GTD006_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་དཀར་པོའི་མངོན་རྟོགས་བློ་གྲོས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །སྐལ་བཟང་བསོད་ནམས་ཤར་རིའི་རྩེ་མོ་ནས། །ཐུགས་རྗེ་ག་བུར་འོད་ཀྱི་རྩེ་དགའ་ཡིས། །མ་རིག་མུན་སེལ་རྗེ་བཙུན་མཁྱེན་པའི་གཏེར། །འཇམ་དཔལ་དཔའ་


GTD006_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

བོས་གཟུངས་སྤོབས་མཆོག་སྩོལ་ཅིག །འདིར་རྗེ་བཙུན་འཇམ་དབྱངས་དཀར་པོ་ལ་བརྟེན་ནས་མི་བརྗེད་པའི་གཟུངས་དང༌། འཆད་རྩོད་རྩོམ་པའི་སྤོབས་པ་ཕུན་སུམ་ཚོགས་པ་སྒྲུབ་པར་འདོད་པའི་གང་ཟག་གིས་སྐྱབས་སེམས་སྔོན་དུ་བཏང་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་འོ་མའི་རྒྱ་མཚོ་དཀར་ཞིང་དྭངས་པའི་དབུས་སུ་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཨ་ཡིག་དཀར་པོ་དེ་ལས་འོད་འཕྲོས། སེམས་ཅན་རྣམས་ཀྱི་མི་ཤེས་པའི་མུན་པ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དཔལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་དང༌། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་སྡོང་བུའི་རྩ་བ་ཐུགས་ཀར་བཟུང་བ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་ན་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང༌། བཅུ་དྲུག་ལོན་པའི་ལང་ཚོ་ཅན། མཚན་དཔེས་སྤྲས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང༌། །རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །


GTD006_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་སྙིང་རྩེ་མོ་གྱེན་བསྟན་པདྨ་འདབ་བརྒྱད་ཁ་འབུས་རྣམ་པར་ཕྱེ་བའི་དབུས་སུ་རལ་གྲིའི་འཁོར་ལོ་རྩིབས་དྲུག་པ་རྩེ་མོ་རྣོ་བའི་ལྟེ་བར་ཟླ་བ་ལ་ཨ། རྩིབས་དྲུག་ལ་མདུན་ནས་གཡས་སྐོར་གྱིས་ཨོཾ་ཝ་ཀྱཻ་དཾ་ན་མཿ ཞེས་པའི་ཡི་གེ་འབྲུ་དྲུག་འཁོར་ལོ་ལ་མ་རེག་པར་གནས་པ། འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བ། ཡིག་འབྲུ་རྣམས་ཁ་དོག་དཀར་ཞིང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་མི་ཤེས་པའི་མུན་པ་བསལ། སངས་རྒྱས་བྱང་སེམས་རྣམས་ཀྱི་མཁྱེན་རབ་མ་ལུས་པ་བསྡུས་ཏེ་སྔགས་འཕྲེང་ལ་བསྟིམ་པས་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བ་ཐོགས་པ་མེད་པར་རྒྱས་པར་བསམས་ལ། ཨོཾ་ཝ་ཀྱཻ་དཾ་ན་མཿ ཞེས་དཔའ་བོ་འབྲུ་དྲུག་གཙོ་བོར་བཟླས་ལ། ཐུན་འཇོག་ཁར་རང་གི་ལྕེའི་སྟེང་དུ་ཨ་དཀར་པོ་ཞིག་གནས་པར་གྱུར་པ་དེ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་དག་གི་ཐུགས་ཀ་ནས་ཨ་དཀར་པོ་གྲངས་མེད་པ་བྱུང་སྟེ་རང་གི་ལྕེ་སྟེང་གི་ཨ་ལ་ཐིམ། ཐུགས་ཀའི་ཨ་ཡིག་ལས་ཀྱང་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་གསུང་རབ་ཀྱི་ཚིག་དོན་མཐའ་ཡས་པ་དབྱངས་གསལ་གྱི་རྣམ་པར་དྲངས་ཏེ་སྙིང་གི་པདྨའི་འདབ་མ་རྣམས་ཀྱི་ངོས་སུ་བཀོད། སྔགས་ཕྲེང་མར་མེ་ལྟ་བུའི་འོད་ཀྱིས་བཀྲ་ལམ་མེ་གསལ་བར་བྱས་ཤིང༌། མཐར་གྲེ་ཕུག་གི་ཨ་དེ་ཉིད་ལས་རང་འདྲ་མང་དུ་ཆད་པས་སྙིང་གའི་པདྨ་ཁ་ཟུམ་པའི་ཕྱི་རོལ་ནས་གོ་མཚམས་མེད་པར་དཀྲིས་ཤིང་ཁོང་པའི་ནང་ཐམས་ཅད་གང༌།


GTD006_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤུའི་ཁུང་བུ་རྣམས་ཀྱང་ཨ་ཡིག་རེ་རེས་གཏམས་པས་ཚིག་དོན་མཐའ་དག་མི་བརྗེད་པའི་གཟུངས་ཁྱད་པར་ཅན་ཐོབ་པར་བསམས་ལ། ཨ་རྐྱང་པ་བརྒྱ་སྟོང་སོགས་བཟླ། མཇུག་ཏུ་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། ཆོས་ཀུན་ཚིག་དོན་མི་བརྗེད་དྲན་པའི་གཟུངས། །དྲི་བ་ཀུན་གྱི་ལན་ལྡོན་སྤོབས་པ་མཆོག །མྱུར་དུ་བསྐྱེད་ནས་ཆོས་ཀྱིས་ཕོངས་རྣམས་ལ། །ལེགས་བཤད་དགའ་སྟོན་འགྱེད་པར་བྱིན་གྱིས་རློབས། །ཞེས་འདོད་དོན་ལ་གསོལ་བ་གདབ། ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། དཀར་གཏོར་ཟླུམ་པོ་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿ ཧཱུཾ་ཞུ་བ་ལས་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་དཔལ་དབྱངས་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མཿ སརྦ་ཏ་ཐཱ་ག་ཏ་ཨཱརྱ་མཉྫུ་ཤྲཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་དབུལ། མཆོད་བསྟོད་གོང་བཞིན་བྱ། བདག་བསྐྱེད་ཀྱི་ཡེ་ཤེས་པ་རང་ལ་བསྟིམ་སྟེ། བསྔོ་སྨོན་གྱིས་མཐའ་བརྒྱན་པ་སོགས་དཀྱུས་བཞིན་བྱའོ། །དེའང་བརྗེད་ངས་ཤིན་ཏུ་ཆེ་བའི་རྒྱུ་ནི་དཀོར་སྒྲིབ་དང་རིག་པ་རྒྱ་ཡན་དུ་གཡེང་ཆེ་བའི་སྐྱོན་ཡིན་པས། ཕྱག་སྦྱངས་སྒྲིབ་སྦྱོང་དང་རྒྱུན་དུ་བྱ་བ་གང་ལའང་དྲན་ཤེས་བཞིན་བསྟེན་པ་སོགས་གནད་དུ་ཆེའོ།། སྨྲས་པ། བློ་གྲོས་རྭ་བར་ཐོས་པའི་ནོར། །གསོག་ཅིང་མི་ཉམས་སྲུང་བའི་ཐབས། །འདི་བྲིས་དགེ་བས་འགྲོ་བ་ཀུན། །གཟུངས་སྤོབས་མཆོག་ལ་སྤྱོད་གྱུར་ཅིག །ཅེས་པ་འདི་ནི་ཡང་དག་པའི་སྒྲུབ་པ་ལ་བརྩོན་པ་རབ་འབྱམས་


GTD006_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀོན་མཆོག་ཚུལ་ཁྲིམས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ཉམས་སུ་ལེན་པ་ལ། ཐོག་མར་སེམས་ཅན་ཐམས་ཅད་ལ་སྙེང་རྗེ་ཤུགས་དྲག་ཏུ་བསྐྱེད་ཅིང་བླ་མ་འོད་དཔག་མེད་དང་སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས་ལ་དད་པ་ཤུགས་དྲག་སྦྱངས་ཏེ། དངོས་གཞི་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རང་སེམས་ཧྲཱིཿ ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། རིགས་དྲུག་སོ་སོའི་གནས་སུ་སོང་སྟེ་སྡུག་བསྔལ་ལས་ཐར་བར་བྱས། རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། དེ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་བསྡུས་ཏེ་རང་ལ་ཐིམས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་ཟླ་བ་ལྟར་དཀར་ཞིང་ཤིན་ཏུ་ཞི་བའི་ཞལ་འཛུམ་པ་དང་བཅས་པ། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་ཏེ་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་བསྐུལ་ཞིང་གཡས་འོག་མས་ཤེལ་དཀར་གྱི་འཕྲེང་བ་དང༌། གཡོན་འོག་མས་གསེར་གྱི་པདྨ་བསྣམས་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་སྟེ་ལྷའི་གོས་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་དང་འཕགས་པ་སྤྱན་རས་གཟིགས་འཁོར་བཅས་སྤྱན་དྲངས། འཕགས་མཆོག་


GTD006_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་འཁོར་བཅས་རང་ལ་ཐིམ་ཞིང༌། མགོན་པོ་འོད་དཔག་མེད་ཀྱིས་དབང་བསྐུར་ཏེ་སྤྱི་བོར་རིགས་ཀྱི་བདག་པོའི་ཚུལ་དུ་བཞུགས་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མཆོད་པའི་རྫས་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨརྻྻ་ལོ་ཀེ་ཤྭ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཟླ་གདན་ལ་ཧྲཱིཿ ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པ་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་ཟུག་པའི་རྩེ་མོར་མགོན་པོ་སྤྱན་རས་གཟིགས་རེ་རེ་བཞུགས། དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་དམྱལ་བ་པ་རྣམས་ཚ་གྲང་དང༌། ཡི་དྭགས་རྣམས་བཀྲེས་སྐོམ་དང༌། དུད་འགྲོ་རྣམས་བཀོལ་སྤྱད་གཅིག་ལ་གཅིག་ཟ་དང༌། ལྷ་མ་ཡིན་རྣམས་འཐབ་རྩོད་དང༌། མི་རྣམས་སྐྱེ་རྒ་ན་འཆི་དང༌། ལྷ་རྣམས་འཆི་འཕོ་འོག་ལྟུང་སོགས་ཀྱི་སྡུག་བསྔལ་ལས་ཐར་བར་བྱས། འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་བཞེངས་ཏེ་བདེ་བ་ཅན་དུ་གཤེགས། ཡང་སྔགས་འཕྲེང་ལས་འོད་ཟེར་འཕྲོས་པའི་སྣེ་མོར་མཆོད་པའི་ལྷ་མོ་གྲངས་མེད་པ་འཁོད་དེ་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས་རང་གི་སྒོ་གསུམ་བྱིན་གྱིས་བརླབ་པར་གྱུར་པར་བསམས་ལ། གཟུངས་རིང་ཚར་བདུན་དང་ཡིག་དྲུག་ཅི་འགྲུབ་བཟླ།


GTD006_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་དང༌། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་བར་བྱའོ། །ཞེས་པ་འདི་ནི་དད་བརྩོན་ལྡན་པ་དགེ་སློང་དཀོན་མཆོག་ཐབས་མཁས་ཀྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་བིཀྵུ་རཏྣ་ཨཱ་ནནྟའོ།། ༈ རྣམ་དག་འོད་གསལ་དབྱིངས་ལས་པད་ཟླའི་སྟེང༌། །རང་སེམས་ཧྲཱིཿ ཡིག་འོད་ཀྱི་འཕྲོ་འདུ་ལས། །སྤྱན་རས་གཟིགས་དབང་ཞལ་གཅིག་ཕྱག་བཞི་པ། །སྐུ་མདོག་རབ་དཀར་རྩ་ཕྱག་ཐལ་སྦྱར་ཞིང༌། །ལྷག་མས་ཤེལ་འཕྲེང་གསེར་གྱི་པདྨ་བསྣམས། །རིན་ཆེན་རྒྱན་སྤྲས་དར་གྱི་ན་བཟའ་ཅན། །སྐྱིལ་ཀྲུང་གིས་བཞུགས་དཔྲལ་མགྲིན་སྙིང་ག་རུ། །ཡི་གེ་གསུམ་མཚན་ཧཱུཾ་ཡིག་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་པ་དང་དབང་གི་ལྷ། །སྤྱན་དྲངས་ཡེ་ཤེས་པ་རྣམས་དབྱེར་མེད་དུ། །བསྟིམ་ཞིང་དབང་གི་ལྷ་ཡིས་དབང་བསྐུར་ཏེ། །སྤྱི་བོར་འོད་དཔག་མེད་པས་རྒྱས་བཏབ་གྱུར། །དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་ཀུན་འབུལ་ན། །བརྩེ་ཆེན་ཐུགས་རྗེའི་སྟོབས་ཀྱིས་ལེགས་བཞེས་ཤིང༌། །བདག་སོགས་མཁའ་མཉམ་འགྲོ་བའི་སྡིག་ལྟུང་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་འགྲོ་ཀུན་གྱི། །སྤྱི་བོར་བྱོན་ནས་བྱིན་རླབས་བདུད་རྩིའི་ཆུས། །སྒྲིབ་སྦྱངས་སྤྱན་རས་གཟིགས་ཀྱི་སྐུར་བསྒྱུར་ཏེ། །མ་ལུས་མགྲིན་གཅིག་གཟུངས་སྔགས་བསྒྲག་པར་གྱུར། །ཅེས་ཚིག་རིས་ལྟར་གྱི་


GTD006_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་བཅས་པའི་སྒོ་ནས་གཟུངས་རིང་ཅི་འགྲུབ་ཀྱིས་ཐོག་དྲངས་ཏེ་ཡིག་དྲུག་ཅི་ལྕོགས་བཟླ། མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང༌། འདི་ཡི་དགེ་བས་ཚེ་རབས་ཐམས་ཅད་དུ། །སྤྱན་རས་གཟིགས་ཀྱིས་དགེ་བའི་བཤེས་མཛད་དེ། །ཡང་དག་ལམ་བཟང་གེགས་མེད་མྱུར་བགྲོད་ནས། །མཁའ་མཉམ་འགྲོ་ཀུན་སྲིད་ལས་སྒྲོལ་གྱུར་ཅིག །ཁྱད་པར་འདི་སྣང་འགག་པར་རྩོམ་པ་ན། །སྤྱན་རས་གཟིགས་དབང་འཛུམ་ཞལ་མངོན་གྱུར་ཏེ། །བུ་བུ་དག་པའི་ཞིང་འདིར་ཤོག་ཅིག་ཅེས། །བདེ་བ་ཅན་གྱི་ཞིང་དེར་འཁྲིད་གྱུར་ཅིག །ཡེ་ཤེས་མགོན་པོ་འཁོར་དང་བཅས་པས་ཀྱང༌། །ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ཏེ། །སྤྱན་རས་གཟིགས་ཀྱི་གོ་འཕང་སྒྲུབ་པ་ཡི། །འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་མ་ལུས་སྒྲུབས། །ཞེས་པ་འདི་ནི་རབ་འབྱམས་པ་ངག་དབང་ཆོས་འཕེལ་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། ༈ ན་མོ་བཛྲ་སཏྭ་ཡ། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་དམིགས་པ་ནི། མངོན་རྟོགས་ཆོ་ག་གང་ཡང་རུང་བའི་གཞུང་བཞིན་བྱས་ལ་སྔགས་བཟླ་བའི་ཚེ། རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་ཡང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཟུང་རེ་བཞུགས་པ་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ཡིག་ལ་ཡིག་བརྒྱ་དཀར་པོས་བསྐོར་བ། མགྲིན་པར་ཨཱཿ ཡིག་ལ་ཡིག་བརྒྱ་དམར་པོས་བསྐོར་བ། ཐུགས་ཀར་ཧཱུཾ་ཡིག་ལ་ཡིག་


GTD006_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྔོན་པོས་བསྐོར་བ་བསམས་ཏེ་ཡིག་བརྒྱ་བཟླས་པས། དེ་དག་སོ་སོ་ལས་རང་མདོག་གི་བདུད་རྩིའི་རྒྱུན་བབས་པས་སྐུ་ལུས་ཐམས་ཅད་གང༌། དེ་རྣམས་ཀྱི་སྐུ་གསུང་ཐུགས་དང་འགལ་བའི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག །སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་རྡོ་རྗེ་སེམས་དཔའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། སོ་སོའི་སྤྱི་བོ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་ཐོག་མེད་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྦྱངས་ཏེ་རྡོ་རྗེ་སེམས་དཔའི་སྐུར་བསྒྱུར། མཐར་དེ་དག་ཐམས་ཅད་རིམ་གྱིས་བསྡུས་ཏེ་སྤྱི་བོའི་རྡོ་རྗེ་སེམས་དཔའ་ལ་བསྟིམ། དེས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོ་ཞེས་གསུངས་ནས་རང་ལ་ཐིམ་པའི་དམིགས་པ་བྱ། བུམ་སྒྲུབ་སོགས་བྱེད་ན་བུམ་ནང་གི་རྡོ་རྗེ་སེམས་དཔའི་སྐུ་ལས་འོད་ཟེར་སྤྲོ་བ་སོགས་བྱས་ཏེ། མཐར་དེ་ཐམས་ཅད་བསྡུས་ནས་བུམ་པའི་ནང་གི་རྡོ་རྗེ་སེམས་དཔའི་སྐུའི་ཆ་ཐམས་ཅད་དང་ཁྱད་པར་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་བུམ་པའི་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམས་ན་ལེགས་སོ། །ཞེས་དམིགས་རིམ་སྙིང་པོར་དྲིལ་བ་འདི་ཡང་དཀའ་བཅུ་བྱམས་པ་ཆོས་ལྡན་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དགོན་ལུང་དུ་བྲིས་པའོ།། ༈ ན་མོ་གུ་རུ་སྭ་ར་སྭཏྱཻ། དབྱངས་ཅན་མ་དམར་མོ་སྒྲུབ་པར་འདོད་པས་སྐྱབས་སེམས་


GTD006_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་བཏང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་རང་སེམས་ཧྲཱིཿ ཡིག་དམར་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཏེ་ཡེ་ཤེས་ཀྱི་མེ་ལོང་གཅིག་ཏུ་གྱུར། དེ་ཞུ་བ་ལས་རང་ཉིད་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་རིན་པོ་ཆེ་དང་གཡོན་པས་མེ་ལོང་བསྣམས་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། ནུ་འབུར་རྒྱས་ཤིང་ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། བློ་གྲོས་སྣང་བ་རྒྱས་མཛད་ཅིང༌། །མི་ཟད་ངག་གི་དཔལ་སྟེར་བ། །རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །སྒྲ་དབྱངས་ལྷ་མོར་ཕྱག་འཚལ་བསྟོད། །རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧྲཱིཿ ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ལས་ཉོན་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་མ་རིག་པའི་མུན་པ་སངས་ཀྱིས་དག །རྒྱལ་བ་སྲས་བཅས་ཀྱི་མཁྱེན་རབ་མ་ལུས་པ་ཧྲཱིཿ ཡིག་གི་རྣམ་པར་བསྡུས། སྙིང་གར་ཐིམ་པའི་འོད་ཀྱིས་ཁོང་པའི་ནང་ཐམས་ཅད་གང༌། ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་པར་གྱུར་པར་བསམས་ལ། ཨོཾ་སྭ་ར་སྭསྟི་ཧྲཱིཾ་ཧྲཱིཾ་ཧྲཱིཾ་སྭཱཧཱ་ཞེས་བཟླ། ཡིག་བརྒྱས་ལྷག་ཆད་བསྐང་ཞིང་
མཆོད་བསྟོད་གོང་བཞིན་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །སྒྲ་དབྱངས་ལྷ་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་བས་རྒྱས་གདབ་བོ། །ཞེས་པ་འདི་ནི་དད་བརྩོན་ལྡན་པ་དཀོན་མཆོག་བློ་གསལ་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousའཇམ་དབྱངས་དཀར་པོའི་མངོན་རྟོགས་བློ་གྲོས་མཆོག་སྦྱིན།next